Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ།

Posted on 2013-06-232013-06-24 By ཁ་བརྡ་ 12 Comments on རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ།

ཚེ་རིང་འོད་ཟེར་གྱིས་བརྩམས། ཙ་ཡུས་ཕུན་ཚོགས་ཀྱིས་བསྒྱུར།

ཝེ་པོའོ་དང་སྐད་འཕྲིན་སོགས་ཀྱི་སྟེང་བོད་པ་ཧ་ཅང་མང་པོ་ཞིག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་སོང་བའི་ངོས་འཛིན་ཐོག་“གཏམ་བཟང་”ཞེས་གནས་ཚུལ་ཁྱད་མཚར་ཞིག་བརྒྱུད་བསྒྲགས་བྱེད་ཀྱིན་འདུག དེ་ནི་ཉེ་ཆར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལེགས་བཅོས་བྱས་ཚུལ་གྱིས་འཛམ་གླིང་མི་མང་གི་དོ་སྣང་བྱེད་ཀྱིན་ཡོད།
དེ་ནི་དང་པོ། དགོན་སྡེ་ཁག་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་རྒྱུ་རང་དབང་ཡོད་པ།
གཉིས་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་དགོས་པ།
གསུམ་པ། གལ་སྲིད་དགོན་སྡེ་ཁག་ནང་གནས་ཚུལ་ཆེ་ཁག་ཅི་བྱུང་ཡང་དང་པོ་དགོན་པའི་དོ་དམ་མི་སྣར་འབྲེལ་གཏུགས་ཀྱིས་དགོན་པར་དམག་མིས་ཞིབ་བཤེར་བྱེད་རྒྱུ་ལས། དམག་མི་ཐད་གར་དགོན་པའི་ནང་འཛུལ་ཏེ་དྲག་གནོན་མི་བྱེད་པ་སོགས་ཡིན། 

གནས་ཚུལ་འདིའི་འབྱུང་ཁུངས་ནི་ཉིན་གསུམ་གྱི་གོང་ཙམ་སྟེ། རྡ་རམ་ས་ལར་བརྟེན་གཞི་བྱས་པའི་ནོར་ཝེ་རླུང་འཕྲིན་ཁང་གིས་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་ཅིག་གི་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་ཆོག་ཚུལ་སོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེ་ཡིན། འོན་ཀྱང་གནས་ཚུལ་ཁུངས་འཕེར་ཡིན་མིན་གྱི་ཡིག་ཆ་དང་པར་སོགས་གང་ཡང་མེད་པ་མ་ཟད། ས་གནས་མཚོ་ཁུལ་གཅིག་གི་གནས་ཚུལ་ཆེན་པོ་བཟོས་ཏེ་”རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་སྐུ་པར་བཤམས་ཆོག་པ” ཞེས་བསྒྲགས་སྦྱང་གནང་ཚུལ་འདི་མི་འོས་པ་ཞིག་རེད། 

ནོར་ཝེ་རླུང་འཕྲིན་ཁང་གིས་བརྗོད་དོན། “སུད་སི་ནང་གནས་སྡོད་སྤྲུལ་སྐུ་འཕྲིན་ལས་རིན་པོ་ཆེ་མཆོག་གིས་བརྗོད་དོན་ལྟར་ན། རྒྱ་གཞུང་གི་གོ་སྒྲིག་འོག་དགེ་འདུན་པའི་འཐུས་མི་ཚན་ཆུང་ཁག་གིས་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ནང་གོང་བརྗོད་དོན་ཚན་གསུམ་ཅན་གྱི་གཞུང་འབྲེལ་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱེད་ཀྱིན་འདུག” ཅེས་གནས་ཚུལ་ཁྱབ་བསྒྲགས་བྱས་སོང་། ངས་གནས་ཚུལ་མཁོ་སྤྲོད་གནང་མཁན་རིན་པོ་ཆེ་མཆོག་ལ་འདྲི་རྒྱུར། ཁྱོད་ཀྱིས་དོན་ཚན་གསུམ་ཅན་གྱི་གཞུང་འབྲེལ་ཡིག་ཆ་དེ་པར་གྱི་ཐོག་ནས་ང་ཚོའི་མིག་མདུན་དུ་བཤམས་ཏེ་གནས་ཚུལ་ཁུངས་སྐྱེལ་བྱེད་ཐུབ་ཀྱི་ཡོད་དམ། ཅེས་འདྲི་འདོད་བྱུང་། 

ཕྱི་ཚེས༢༡ ཉིན་ནས་གནས་ཚུལ་དེ་ཕྱི་རྒྱལ་གྱི་རྒྱུད་ལམ་ཁག་ནང་ཁྱབ་ཏེ། རྒྱ་གཞུང་གི་སྲིད་བྱུས་ལེགས་བཅོས་དང་བོད་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་ཆོག་པའི་རང་དབང་ཡོད་ཚུལ་ཡོངས་སུ་ཁྱབ་སྤེལ་བྱས། མཚོ་ལྷོ་ཁུལ་གྱི་གཞུང་འབྲེལ་ཡིག་ཆ་ཟེར་བའི་གནས་ཚུལ་དེ་བོད་ས་ཡོངས་རྫོགས་ཀྱི་གནས་ཚུལ་གྱི་ངོ་བོར་བསྒྱུར། དོན་དངོས་ཐོག་བོད་རང་སྐྱོང་ལྗོངས་དང་། སུ་ཁྲོན། མཚོ་སྔོན། ཀན་སུའུ། ཡུ་ནན་སོགས་བོད་ས་ཡོངས་ཀྱི་གནས་ཚུལ་གྱི་ངོ་བོར་བསྒྱུར། གནས་ཚུལ་འདི་ཚ་ཚ་འུར་འུར་གྱིས་རྒྱ་ཁྱབ་དུ་སྤེལ་རྒྱུ་ཡིན་ན། འབྲེལ་ཡོད་ཡིག་ཆ་ཁག་མིག་མདུན་དུ་བླངས་ཏེ་ཁྱབ་སྤེལ་གནང་དགོས། 

ཉེ་བའི་ཆར་བརྒྱུད་ལམ་ཁག་ནང་གི་བོད་ཡོངས་རྫོགས་ཟེར་བ་ནི་མཚོ་ལྷོ་ཁུལ་ཁོ་ནའི་ནང་གི་གནས་ཚུལ་ཙམ་ཡིན། དོན་དངོས་ཐོག་ས་ཁུལ་དེའི་ནང་གི་ངོ་མཚར་བའི་ཡིག་ཆ་དེ་མི་སུ་ཞིག་གིས་མཐོང་ཡོད་དམ། དེ་མིན་བོད་ཁུལ་གཞན་དག་གི་གནས་ཚུལ་ཀྱང་དེ་བཞིན་ཡིན། འོན་ཀྱང་བོད་རང་སྐྱོང་ལྗོངས་སུ་དེ་ལྟའི་གནས་ཚུལ་ཐད་ཆོག་མཆན་སྤྲོད་ཕོད་མཁན་དེ་ནི་གནས་ཚུལ་ཆེན་པོ་སློག་པའི་སྔ་ལྟས་རང་ཡིན། དེ་བས་དོན་དངོས་མིག་གིས་མ་མཐོང་གོང་ཧོལ་རྒྱུག་དང་དགའ་སྣང་ཆེན་པོས་འུད་སྒྲོག་གནང་མི་འོས།

གལ་སྲིད་རྒྱ་གཞུང་གིས་བོད་པ་ཚོར༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་རང་དབང་སྤྲད་ཚར་བའི་དབང་དུ་བཏང་ན། རྒྱ་གཞུང་གི་མིག་སྔའི་ཐག་གཅོད་ཚང་མ་བསྒྱུར་བཅོས་བཏང་བ་རེད་ལ། ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་མ་ཡིན་པ་དང་། རྒྱལ་ཁབ་ཀྱི་དགྲ་བོ་མ་ཡིན་པར་འགྲེལ་བརྗོད་བྱས་ཚར་བ་རེད། འོན་ཀྱང་དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། སྤྱི་ལོ༡༩༩༥ ནས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣ་ག་ཚོད་ཅིག་༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་པར་དམ་དྲག་བྱས་པ་ལ་བརྟེན་ནས་པེ་ཅིང་དུ་གོ་གནས་སྤར་ཏེ་དབང་སྤྱོད་ཆེན་པོ་ཐོབ་མྱོང་བ་རེད། དེ་ཚོ་ཡོངས་རྫོགས་རྒྱ་གཞུང་གི་ནོར་འཁྲུལ་དུ་ངོས་འཛིན་དགོས་པ་ཡིན་ནམ། དེ་འདྲ་ཡོང་སྲིད་པ་ཞིག་རེད་དམ། གལ་སྲིད་དེ་འདྲའི་གནས་སྟངས་ཤིག་དོན་དངོས་ཐོག་བྱུང་བ་ཡིན་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལེགས་བཅོས་བྱས་པ་ཙམ་མ་ཡིན་པར། རྒྱ་གཞུང་གི་རྩ་བའི་ཆབ་སྲིད་སྒྲིག་གཞི་ལ་བསྒྱུར་བཅོས་བཏང་བ་རེད། 

བོད་ཁུལ་གྱི་མིག་དཔེ་གཙོ་བོ་འདོན་སའི་ས་ཁུལ་ཏེ་བོད་རང་སྐྱོང་ལྗོངས་སུ་སྔར་ལོའི་ལོ་མཇུག་ནས་ “ཡོད་པ་དགུ”ཞེས་པའི་འཆར་གཞིའི་འོག དགོན་སྡེ་ཁག་དང་གྲོང་སྡེ་སོ་སོར་སྐར་ལྔའི་དར་དམར་བསྒྲེང་དགོས་པ་དང་། དམར་གཞུང་གི་དབུ་ཁྲིད་ཚོའི་འདྲ་པར་བཤམས་དགོས་པའི་བཙན་བཀའ་བཏང་ཡོད། གལ་སྲིད་དེ་བཞིན་མ་བསྒྲུབས་པ་ཡིན་ན་ཆབ་སྲིད་གནད་དོན་གྱི་ངོ་བོར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ལྷག་དོན་ཉེ་བའི་སྐབས་ནི་ཡུལ་དེ་ཁུལ་དུ་དར་དམར་དང་འདྲ་པར་དེ་དག་བཤམས་དངོས་སུ་ཡོད་མེད་ཆེད་རྟོག་ཞིབ་ནན་ཏན་བྱེད་ཀྱིན་པའི་སྒང་ཡིན། འོན་ཀྱང་དུས་ཡུན་སྐད་ཅིག་མའི་ནང་སྲིད་བྱུས་ལེགས་བཅོས་ཀྱིས་དམར་གཞུང་གི་འགོ་ཁྲིད་ཚོའི་འདྲ་པར་དང་༧གོང་ས་མཆོག་གི་སྐུ་པར་གཉིས་བརྗེ་བསྒྱུར་བྱས་པ་རེད་ཟེར། དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། 

ཁ་སང་ང་རང་གིས་འཇར་མན་རླུང་འཕྲིན་ཁང་ལ་འདི་ལྟར་བརྗོད་རྒྱུ་བྱུང་། ཉེ་སྔོན་གྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེན་པོ་འདུག གཞུང་གིས་འགྲོ་གྲོན་རྒྱ་སྒོར་ཁྲི་༢༥༠ བཏང་ནས་༧གོང་ས་མཆོག་གི་སྔོན་མའི་བཞུགས་ཡུལ་ཉམས་གསོ་བྱ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཡང་ཉེ་སྔོན་མཚོ་ལྷོ་ཁུལ་ནང་༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱེད་ཀྱིན་འདུག གནས་ཚུལ་འདི་དག་གིས་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པའི་ངོས་འཛིན་སླེབས་སྲིད་ལ། འདི་ནི་བཙན་བྱོལ་གཞུང་གིས་རྒྱ་གཞུང་དང་གྲོས་མོལ་གྱི་གོ་སྐབས་ཡོང་བའི་རེ་བ་སླེབས་ཆེད་འཆར་འགོད་བྱེད་ཀྱིན་པ་ཞིག་ཡིན། ཅེས་བརྗོད་མྱོང་།

བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཟེར་བའི་གཏན་དཔེ་འདི་ནི་ག་དུས་ཤིག་ནས་བོད་པ་ཚོའི་ངག་རྒྱུན་དུ་དར་མིན་ལ་གསལ་བོ་བརྗོད་རྒྱུ་མེད་ཅིང་། གཏམ་དཔེ་འདིའི་རྒྱབ་ལྗོངས་ཀྱང་གསལ་བོ་མི་ཤེས། འོན་ཀྱང་ངས་ཤེས་པ་ནི་གཏམ་དཔེ་འདི་བོད་པ་ཚོའི་སྐད་ཆའི་ཁྲོད་རྒྱུན་དུ་བརྗོད་ཀྱིན་ཡོད་པ་ཞིག་དང་། སུན་སྣང་མེད་པར་ཡང་བཤད་དང་བསྐྱར་བཤད་ཐེངས་མང་བྱེད་ཀྱིན་པའི་གཏམ་དཔེ་ཞིག་ཡིན་པ་དེ་ཡིན། ད་དུང་འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་གཏམ་དཔེ་འདི་བསྐྱར་ཟློས་ཐེངས་མང་བྱས་མྱོང་ཡོད་དེ། རྒྱུ་མཚན་ནི་གནས་ཚུལ་མང་པོ་ཞིག་གཏམ་དཔེ་འདིའི་བསྟན་དོན་དང་དོན་དངོས་སུ་གྱུར་བས་ཡིན། འོན་ཀྱང་ངའི་རེ་བར་མུ་མཐུད་གཏམ་དཔེ་འདི་དོན་དངོས་སུ་གྱུར་བའི་སྐྱོ་གར་དག་མཐོང་མི་དགོས་པ་དེ་ཡིན། 

གང་ལྟར་གནད་འགག་གི་དུས་སྐབས་སུ། ཁུ་སིམ་པོར་འདུག་པ་ལྟར་མ་ཡིན་པར། རྟོག་དཔྱོད། བཤིབ་བསྡུར་བྱེད་དགོས་པ་ལས། མགོ་འཐོམ་ཧོལ་རྒྱུག་བྱས་པ་ཡིན་ན་འབྲས་བུ་ཅི་ཞིག་འབྱུང་གིན་པ་ནི་འདས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིན་ཏུ་མང་། ཉེ་བའི་ལོ་འགའི་སྔོན་དུ་་རྒྱ་གཞུང་གིས་ཨོ་རྩེད་འགྲན་ཚོགས་གོ་སྒྲིག་ཞུ་སྐབས་རྒྱལ་སྤྱིའི་དོ་སྣང་འདྲེན་པར་ཆེད་དུ་གཉེར་བའི་བོད་རྒྱའི་གྲོས་མོལ་ཐེངས་རེ་རེའི་གྲུབ་འབྲས་ཀྱང་སྟོན་རླུང་གིས་བདས་པ་ལྟར་ལག་པ་སྟོང་བ་ལས་ཅི་ཡང་ལྷག་མེད་པའི་ཉམས་མྱོང་བརྗེད་སོང་བ་ཡིན་ནམ། ངའི་སྙིང་ཉེ་བའི་བོད་ཚོ།

སྒྱུར་པ་པོའི་མཆན། རྩོམ་ཡིག་འདི་ལ་དམིགས་བསལ་ཁ་བྱང་མི་འདུག་མོད། ངས་ནི་རྩོམ་པ་པོ་འོད་ཟེར་ལགས་ཀྱི་སྐད་ཆ། ཞེས་ཁ་བྱང་ཁོ་ནའི་དོད་དུ་བཀོད་པ་ཡིན།

རྩོམ་ཡིག་འདི་འོད་ཟེར་ལགས་ཀྱི་ངོ་དེབ་སྟེང་དེ་རིང་ཕྱི་ཚེས་༢༣ ཉིན་གསར་དུ་བཀོད་བྱུང་བས་དེ་མ་ཐག་བམ་ཀློག་ཙམ་བྱས་ཏེ་དོན་བསྒྱུར་བྱས།

མ་རྩོམ། https://www.facebook.com/tsering.woeser/posts/10151683492914802

འགྱུར་རྩོམ།

Post navigation

Previous Post: རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ཚང་འདུག
Next Post: བཟློག་བསྒྱུར།

Comments (12) on “རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ།”

  1. འོད། says:
    2013-06-24 at 12:39 am

    གསར་ཁང་དེ་ཚོར་གནས་ཚུལ་འདི་རིགས་ཁུངས་ལྡན་ཡིན་མིན་ཤེས་རྒྱུའི་ནུས་པ་རྩ་བྲལ་ལ་སོང། གནས་ཚུལ་གང་སྔ་སྒྲོག་ཨེ་ཐུབ་ལྟ་བ་ནི་མ་གཞི་ནས་གནས་ཚད་ཞན་པའི་རྟགས་རེད། མིའི་ཤེས་ཚད་དང་ནུས་བ་གང་ཐད་ནས་མེད་པ་འདི་རིགས་ལ་གསར་ཁང་ཞེས་གང་ནས་ཐོགས་ཞེས་ཤར་ཁུག་གིས་ངོ་དེབ་སྟེང་བྲིས་འདུག

  2. བོད་ཀྱི་རྒྱལ་མཚན། says:
    2013-06-24 at 1:21 am

    བོད་པའི་གསར་ལམ་ཁ་ཤས་དང་སྐབས་འཚོལ་གྱི་སྨྱུག་ཐོག་པ་དག་གིས་འཆལ་གཏམ་འམ་རྨོངས་གཏམ་འདི་བཞིན་སྤེལ་བར་སྤྲོ་སྣང་ཡོད་མཁན་མང་པོ་རེད། རྨོངས་དད་ཀྱིས་ཞིང་ཁམས་སུ་སྐྱེས་པའི་མི་རིགས་འདིར་རྟོག་སེད་ཀྱིས་རྣམ་ཤེས་ཡོད་མཁན་ནི་ཤིན་ཏུ་དཀོན་པས་རེད།

  3. རྔ་རྒྱལ། says:
    2013-06-24 at 2:28 am

    གལ་སྲིད་རྒྱ་གཞུང་གིས་བོད་པ་ཚོར༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་རང་དབང་སྤྲད་ཚར་བའི་དབང་དུ་བཏང་ན། རྒྱ་གཞུང་གི་མིག་སྔའི་ཐག་གཅོད་ཚང་མ་བསྒྱུར་བཅོས་བཏང་བ་རེད་ལ། ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་མ་ཡིན་པ་དང་། རྒྱལ་ཁབ་ཀྱི་དགྲ་བོ་མ་ཡིན་པར་འགྲེལ་བརྗོད་བྱས་ཚར་བ་རེད། འོན་ཀྱང་དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། སྤྱི་ལོ༡༩༩༥ ནས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣ་ག་ཚོད་ཅིག་༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་པར་དམ་དྲག་བྱས་པ་ལ་བརྟེན་ནས་པེ་ཅིང་དུ་གོ་གནས་སྤར་ཏེ་དབང་སྤྱོད་ཆེན་པོ་ཐོབ་མྱོང་བ་རེད། དེ་ཚོ་ཡོངས་རྫོགས་རྒྱ་གཞུང་གི་ནོར་འཁྲུལ་དུ་ངོས་འཛིན་དགོས་པ་ཡིན་ནམ། དེ་འདྲ་ཡོང་སྲིད་པ་ཞིག་རེད་དམ། གལ་སྲིད་དེ་འདྲའི་གནས་སྟངས་ཤིག་དོན་དངོས་ཐོག་བྱུང་བ་ཡིན་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལེགས་བཅོས་བྱས་པ་ཙམ་མ་ཡིན་པར། རྒྱ་གཞུང་གི་རྩ་བའི་ཆབ་སྲིད་སྒྲིག་གཞི་ལ་བསྒྱུར་བཅོས་བཏང་བ་རེད། དེ་ནི་ཡོང་མི་སྲིད་ལ།

  4. གཞོན་ནུ་ཟླ་མེད། says:
    2013-06-24 at 7:35 am

    ཚེ་རིང་འོད་ཟེར་གྱི་བསམ་ཚུལ་ནོར་བ་རེད། ཀྲུང་གོའི་གསར་ལམ་ཁག་དང་དེ་བཞིན་ཀྲུང་གོ་གཞུང་ནས་གསར་འགྱུར་འདི་ལྟར་ག་དུས་ཡིན་ན་ཡང་སྤེལ་བཞིན་པ་རེད། བཙན་བྱོལ་གྱི་ཚོགས་པ་ག་གེ་མོ་ཞིག་གིས་བོད་རང་བཙན་གྱི་ལྟ་བ་བཟུང་ན་ཏཱ་ལེ་བླ་མ་དང་བཙན་བྱོལ་བོད་གཞུང་གིས་རང་བཙན་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཟེར་ནས་བསྒྲགས་གི་འདུག

  5. སྟག་ཚང་རིག་རྒོད། says:
    2013-06-24 at 8:17 am

    ༄༅།།ཁ་ནང་ནས་ཡལ་བའི་གཏམ་བཟང་།།

    དམར་པོ་རྒྱ་ཡིས་གུ་ཡངས་བཏང་སོང་ཞེས།།
    དགའ་དགའ་སྤྲོ་སྤྲོ་བྱེད་པའི་གཏམ་སྙན་དེ།།
    དེ་རིང་གནས་ལུགས་མེད་པའི་འཆལ་གཏམ་ཙམ།།
    དགའ་མ་དགོད་ཀྱི་སེམས་ཚོར་རླབས་བཞིན་འཕྱུར།།

    ཡ་གིའི་དཔོན་དང་མ་གིའི་འཁྱམ་པོ་སོགས།།
    ཀུན་གྱིས་མཛུམ་བཞྀན་གླེང་བའི་བཟང་གཏམ་དེ།།
    འོད་ཟེར་ལགས་ཀྱི་བཀའ་མོལ་ཚིག་གཅིག་གིས།།
    ཡོད་ཚད་ཐལ་བར་བརླགས་དེ་ཅི་ཞིག་ཡིན།།
    དྲྭ་བའི་གསེང་ནས་ཁ་མཁས་གང་མང་གིས།།
    འདི་ནི་དཔའ་བོ་བརྒྱ་ཡི་་མཛད་རྗེས་ཅེས།།
    ཁ་ནས་འུར་འུར་འདོན་པའི་གཏམ་བཟང་དེ།།
    དེ་རིང་རང་ཁ་འགོག་པའི་རྒྱུ་རུ་གྱུར།།
    གནས་ལུགས་རྒྱུ་མཚན་མེད་པར་ཅལ་བསྒྲོགས་བཞིན།།
    གཅིག་རྗེས་གཅིག་གིས་བརྒྱུགས་པའི་མཐའ་མ་དེར།།
    གཞན་ཡུལ་འགྲིམས་པའི་རྟོག་སད་ཡིན་སྣང་ཅན།།
    སྐྱེངས་ངེར་དབུགས་རིང་གཏོང་བའི་ཚུལ་ལ་ལྟོས།།
    འབྱུང་འགྱུར་འཆལ་གཏམ་ཡིན་དང་དོན་དངོས་ཡིན།།
    ལེགས་པར་བརྟགས་ནས་སྒྲོག་པའི་བསླབ་བྱ་འདི།།
    ཚེ་རིང་འོད་ཟེར་ལགས་ཀྱི་སྙིང་གཏམ་རེད།།
    གསར་འགོད་མིང་ཅན་ཚོགས་ཀྱི་ཡིད་ལ་ཟུངས།།
    གཏམ་གྱི་དང་པོ་རྣ་བར་ཐོས་པའི་རྗེས།།
    འདུ་འཛོམས་གང་གསར་ཀུན་གྱིས་གླེང་བཞྀན་པའི།།
    དམར་པོའི་གུ་ཡངས་འཐབ་པའི་འབྲས་བུ་ཟེར།།
    རང་གི་རྒྱབ་ལ་མིག་ཟུང་ནན་གྱིས་ལྟོས།།

    བྱས་པ་མེད་པར་བྱས་རྗེས་ཆེ་མདོག་དེ།།
    རང་ཉིད་ལྐུག་ཚུལ་སྟོན་ལས་ཅི་ཡང་མེད།།
    དོན་ཆེན་བསྒྲུབ་ལ་དོན་ཆུང་བློས་གཏོང་དགོས།།
    འུར་སྒྲོག་བྱེད་པ་རྣ་བ་ཚ་རོགས་རེད།།

    གསར་འགོད་ཡིན་ན་དོན་དངོས་འཚོལ་དུ་སོང་།།
    ཁུངས་མེད་གཏམ་ལ་ཡིད་སྟོན་གཏན་མ་བྱེད།།
    ཐོས་ཚད་ཀུན་ལ་བསྒྲགས་པའི་གསར་འགོད་པ།།
    དོན་གྱི་མཚན་ཉིད་མེད་པ་ཐུགས་ལ་ཞོག།།

  6. རྒྱང་མིག says:
    2013-06-24 at 9:25 am

    གལ་སྲིད་རྒྱ་གཞུང་གིས་གོང་གསལ་དོན་ཚན་གསུམ་ལྟ་བུ་བསྒྲགས་དབང་དུ་བཏང་རུང་། དེ་ནི་ཁ་དཔེར་”གཤིན་རྗེ་འཛུམ་ཡང་གསོད་པའི་རྟགས་”སུ་གྱུར་ཡོད་པ་དང་། ཡང་ན་”སྤྲིན་པ་ཁ་སེར་གཏིང་ནག ། སད་དང་སེར་བའི་གཞི་མ།། བན་དེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།།”ཞེས་པའི་ཚུལ་ལས་འདས་མེད། གཡོ་སྒྱུའི་ཐབས་ལ་རྩེར་སོན་ཡིན་པའི་རྒྱ་གཞུང་གི་རང་མདོག་དེ་ཉིད་བཙན་བྱོལ་གྱི་ལས་སྣེ་ཚོས་ད་དུང་ཡང་མཐོང་གི་མེད་པ་ནི་ཆེས་ཡ་མཚན་གྱི་གཞི་ཞིག་རེད།

    འོད་ཟེར་ལགས་ཀྱིས་”གལ་སྲིད་དེ་འདྲའི་གནས་སྟངས་ཤིག་དོན་དངོས་ཐོག་བྱུང་བ་ཡིན་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལེགས་བཅོས་བྱས་པ་ཙམ་མ་ཡིན་པར། རྒྱ་གཞུང་གི་རྩ་བའི་ཆབ་སྲིད་སྒྲིག་གཞི་ལ་བསྒྱུར་བཅོས་བཏང་བ་རེད།”ཞེས་བརྗོད་པར་ཡང་མོས་མཐུན་ཡེ་ནས་བྱེད་དཀའ་བ་ཞིག་རེད། དོན་དངོས་སུ་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་མིན་དང་། དེ་འབྲེལ་གྱི་དམ་དྲག་དེ་དག་བོད་ཀྱི་ས་གནས་ཁག་ཚང་མར་ཡོངས་སུ་མི་འདྲ་བ་ཞིག་རེད།

    གང་ལྟར་གཙོ་བོ་དེར་རྒྱ་གཞུང་གིས་རྒྱལ་སྤྱིར་བཅོས་འཛུམ་ཞིག་སྟོན་དགོས་པ་དང་འབྲེལ་ནས། ༧གོང་ས་མཆོག་གི་ཡང་སྲིད་དང་བོད་ཀྱི་གནད་དོན་གཞན་དག་ལ་འདྲེ་ལག་བསྐྱང་འདོད་པ་ཁོ་ནས་ཡིན།

  7. ཚེ་རིང་བསམ་གྲུབ། says:
    2013-06-24 at 10:10 am

    བོད་ཀྱི་དུས་བབ་གསར་འགྱུར་ཁང་འདི་མགོ་སླ་པོ་འདྲ་ཡོད་ས་རེད། བོད་ཡིག་ཤེས་པ་ཙམ་མ་གཏོགས་གསར་འགོད་པའི་སྦྱོང་བརྡར་ཡོད་མཁན་གཅིག་ཀྱང་ཡོད་ས་མ་རེད། ཐབས་སྐྱོ་བ་ལ།

  8. ཡེ་ཤེས་དཔལ། says:
    2013-06-24 at 10:58 am

    ༼གལ་སྲིད་རྒྱ་གཞུང་གིས་བོད་པ་ཚོར༧གོང་ས་མཆོག་གི་སྐུ་པར་མཆོད་བཤམས་བྱེད་ཆོག་པའི་རང་དབང་སྤྲད་ཚར་བའི་དབང་དུ་བཏང་ན། རྒྱ་གཞུང་གི་མིག་སྔའི་ཐག་གཅོད་ཚང་མ་བསྒྱུར་བཅོས་བཏང་བ་རེད་ལ། ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་མ་ཡིན་པ་དང་། རྒྱལ་ཁབ་ཀྱི་དགྲ་བོ་མ་ཡིན་པར་འགྲེལ་བརྗོད་བྱས་ཚར་བ་རེད། འོན་ཀྱང་དེ་ནི་ཡོང་སྲིད་པ་ཞིག་ཡིན་ནམ། ༽ཟེར་བ་བདེན་གཏམ་རེད་སྙམ།

  9. བློ་བཟང་། says:
    2013-06-24 at 12:15 pm

    ༄༅། །ཚེ་རིང་འོད་ཟེར་གྱི་སྐད་ཆ་ཟུར་གཅིག་ཨེ་བདེན་ནམ། དེ་འདྲ་ཡིན་ན་གཞི་རྩའི་སྲིད་ཇུས་འགྱུར་བ་རེད་ཟེར་བ་དང་། གོང་༧ས་མཆོག་གི་སྐུ་པར་མཆོད་གཤོམ་ཆོག་ན་ཞེས་པ་རྣམས་ཐད་ཀར་ལན་མ་སོང་སྟེ། ཁྱབ་བསྒྲགས་ཀྱི་ཡིག་ཆར་ཆོས་ལུགས་པ་ཞིག་ཡིན་ན་གོང་༧ས་སྐུ་འཕྲེང་བཅུ་བཞི་པའི་རྗེས་སུ་འབྲང་བ་དང་དད་མོས་ཞུ་ཆོག འོན་ཀྱང་ཆབ་སྲིད་ཐད་རྗེས་སུ་འབྲང་མི་ཆོག་ཆེས་བཀོད་པས་ན་སོ་སོར་གསལ་པོ་ཕྱེ་བ་མ་རེད་པས། འདི་ནང་འགལ་གྱི་ཚིག་འགལ་ཐལ་བ་ལགས་སོ། དངོས་ཡོད་ཀྱི་ཁྱབ་བསྒྲགས་དེ་འདྲ་ཡོད་མིན་ནི་ཅུང་དོགས་སོ།

  10. གཡག says:
    2013-06-24 at 12:56 pm

    གནས་ཚུལ་འདི་ད་རུང་ཁུངས་དག་བདེན་མིན་མི་ཤེས་པས། རྣམ་པ་ཚོས་དཔྱད་རྒྱུར་གལ་ཆེན་དུ་མཐོང་།

  11. གནམ says:
    2013-06-25 at 1:59 am

    ཧ་ཧ། རྒྱ་སྒྱུ་མ་མཁན་གྱིས་ཡང་དངོས་བདེན་མེད་པའི་མགོ་སྐོར་ཞིག་བོད་པ་དང་བོད་དོན་པ་ཚོར་བཏང་འདུག་གི་ཨ། དེ་འདྲའི་གཡོ་སྒྱུ་ལ། འཆལ་གཏམ་འདི་གང་ནས་ཡོངས་བ་རེད། ཡང་དགོས་ཆི་ཟིག་ཡིན་ན་ཨ། བླ་མ་དཀོན་མཆོག་མཁྱེན།

  12. སྒང་ནེ says:
    2013-06-25 at 11:03 pm

    ཚེ་རིང་འོད་ཟེར་ལགས་སུ་བཀྲིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme