Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རང་བཙན་རེ་བ་མ་བོར་དགོས།

Posted on 2013-06-162013-06-16 By སྤོབས་པ་མཐའ་ཡས། 35 Comments on བོད་རང་བཙན་རེ་བ་མ་བོར་དགོས།

སྤོབས་པ་མཐའ་ཡས།

མཐོན་པོའི་རྭ་མགོ་དམའ་མོའི་རྐང་སྣེ་སོགས།།
གང་ལ་ཕོག་ཀྱང་འཛེམས་ཟོན་མ་མཆིས་པར།།
རང་བཙན་གཏམ་གྱི་སྒྱོགས་ཆེན་འཕེན་ནུས་པའི།།
མི་དེ་གང་ན་བཞུགས་པ་དེར་ཕྱག་འཚལ།།

ཆེན་པོའི་མིང་དང་གཉན་པོའི་གོ་ས་སོགས།།
གང་ཡང་མེད་ཀྱང་རང་དབང་རང་བཙན་གྱི།།
རེ་བ་གཙང་མ་ཁྱེར་ནས་ཤི་བའི་རོའི།།
རུས་ཀོང་དཀར་པོ་ཡང་ཕྱག་བྱའི་ཡུལ།།

རང་བཙན་གཙང་མ་ཤི་བོའི་ཁ་ཆེམས་ཡིན།།
རང་བཙན་གཙང་མ་གསོན་པོའི་རེ་བ་ཡིན།།
རང་བཙན་སྙིང་སྟོབས་གས་ཆག་མེད་པ་དག།
གངས་སེང་དཀར་མོའི་བུ་ཞེས་གཟེངས་བསྟོད་དོ།།

རང་ཡུལ་རྒྱབ་ཏུ་བོར་བའི་སྐྱབས་བཅོལ་བ།།
མི་ཡུལ་དང་དུ་བླངས་པའི་བཙན་བྱོལ་བ།།
སྐྱིད་སྡུག་མི་ཚེའི་བཟང་ངན་ཅི་བྱུང་ཡང་།།
རང་བཙན་རེ་བ་སྙིང་གི་རྒྱན་དུ་ཆོངས།།

རང་བཙན་གླེང་ན་སྡུག་རྒྱུ་མ་མཆིས་ཤིང་།།
དབུ་མ་གླེང་ན་བཟང་རྒྱུ་མ་མཆིས་པར།།
རྒྱ་དམར་བཙན་པོའི་དབྱུག་པས་ལེབ་རྡུང་རེད།།
རང་མགོ་རང་གི་མ་གཡོག་བོད་མི་ཚོ།།

རང་བཙན་ཐོབ་ཐང་སྲིད་པའི་གངས་རི་ཡིན།།
དབུ་མའི་སྲིད་ཇུས་མདངས་སྐྱེས་བ་མོ་ཡིན།།
གངས་སེང་དཀར་མོའི་འཁོར་ཁྱིམ་མ་ནོར་བར།།
བདེན་གཏམ་གད་རྒྱངས་དུས་དང་དུས་སུ་སྒྲོགས།།

རང་བཙན་ཡོད་པ་བོད་ཀྱི་གསོན་ལམ་ཡིན།།
རང་བཙན་མེད་པ་བོད་ཀྱི་འཆི་ལམ་སྟེ།།
བར་མ་དོ་རུ་འགྲོ་ལམ་གསུམ་པ་མེད།།
འདི་ལ་བོད་ཀྱི་སྐྱེ་འཆིའི་རྣམ་བཞག་ཟེར།།

རང་བཙན་ལེན་ལ་རེ་བ་ཆུང་ན་ཡང་།།
དབུ་མའི་ལམ་འདི་དེ་བས་རེ་བ་ཆུང་།།
རང་བཙན་ལེན་ལ་གྲ་སྒྲིག་མེད་ན་ཡང་།།
དབུ་མའི་ལམ་འདིར་དེ་བས་གྲ་སྒྲིག་མེད།།

རང་བཙན་གཙང་མ་བླ་མའི་ཞལ་ལུང་མིན།།
རང་བཙན་གཙང་མ་དཔོན་པོའི་བཀས་བཅད་མིན།།
རང་བཙན་གཙང་མ་བོད་མིའི་མངོན་འདོད་ཡིན།།
མངོན་འདོད་བཙན་གྱིས་སྦས་ལ་དགོས་པ་ཆུང་།།

དབུ་མ་ཟེར་བའི་དབུ་ཡོམ་འཁོར་སྤྱད་དང་།།
ཞི་མོལ་ཟེར་བའི་ཞུ་གསོལ་འདེབས་པ་དང་།
གཉིས་སྨན་ཟེར་བའི་གཡང་འབོད་ཁ་སྨོན་དག།
བོད་མི་རེ་བས་ཕུང་བའི་བདེན་དཔང་ཡིན།།

རང་མགོ་མི་ལ་ཤོར་ཡང་སེམས་མ་ཞུམ།།
རང་ཡུལ་དགྲ་ལ་ཤོར་ཡང་བག་མ་འཁུམས།།
རང་བཙན་རེ་བའི་མེ་རོ་མ་འདོར་དང་།།
རླབས་ཆེན་རྒྱལ་ཁབ་ཅིག་གི་ཤུལ་འཛིན་ཡིན།།

སྐྱེ་བ་ཀུན་དུ་རང་བཙན་གཙང་མ་དང་།།
འབྲལ་མེད་སྲིད་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
སྲིད་འབྱོར་རིག་པའི་ཡོན་ཏན་ཡོངས་རྫོགས་ནས།།
འདྲ་མཉམ་ཞི་བདེའི་གོ་འཕངས་མྱུར་ཐོབ་ཤོག།

རྩོམ་རིག

Post navigation

Previous Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང་།
Next Post: གནའ་དེང་ཟུང་འབྲེལ།

Comments (35) on “བོད་རང་བཙན་རེ་བ་མ་བོར་དགོས།”

  1. གཡག says:
    2013-06-16 at 8:28 am

    ཞལ་ནས་རང་བཙན་སྤྱི་དོན་ཡོད་ཁུལ་སྨྲ།།
    ཁོག་ནས་ནང་དཀྲུགས་ཁྲག་གི་འཁོར་ལོ་བསྐོར།།
    ཆགས་སྡང་དུག་གིས་བཟི་བའི་བློ་ཡོན་གང་།།
    བོད་པའི་སྤྱི་དོན་མི་འཛའ་ཁ་རོགས་བཞུགས།།

  2. རྔ་རྒྱལ། says:
    2013-06-16 at 9:02 am

    མཐོན་པོའི་རྭ་མགོ་དམའ་མོའི་རྐང་སྣེ་མ་ཟིན་པའི།
    ཟུར་ཟས་ཚིག་འདུ་དངོས་སུ་མ་གླང་རྒྱབ་ན་ཡོད།
    ཀོ་རྒྱུས་ཚིག་དེ་སྤྱི་འཚོག་ཀྲིག་པའི་རྒྱུ་ཡིན་པའི།
    བསམ་ལྡན་བོད་མའི་དང་ལེན་བྱེད་པ་གང་ན་ཡོད།

  3. ཐུ་བ་རྒྱ་མཚོ། says:
    2013-06-16 at 10:15 am

    རང་བཙན་མི་དྲན་མདང་སྐྱེས་བྱིས་པ་མེད། །
    རང་བཙན་མི་དགོས་དགོང་ཤི་རྒན་ཁོག་མེད། །
    རང་བཙན་མ་ཎི་བཞིན་དུ་སྒྲོག་ན་ཡང་། །
    རང་བཙན་མི་ལེན་ལྐོག་ནས་གླེང་འདི་སྐྱོ། །

  4. འདྲེ་རྐང་ཐོ། says:
    2013-06-16 at 10:48 am

    བླུན་པོ་ཆུ་སྣ་གར་ཁྲིད་འགས། །
    ཐོབ་རྒྱུའི་མེད་པའི་རང་བཙན་དེ། །
    རྩོད་པའི་ཟོལ་གྱིས་གཞུང་དམངས་པར། །
    དཀྲིག་ཤིང་བྱས་པར་བློ་ཕམ་གནས། །

  5. རྒྱང་མིག says:
    2013-06-16 at 10:50 am

    རང་བཙན་བོད་ཀྱི་སྲོག་ཤིང་ཡིན།།
    དབུ་མ་དགྱ་ཚོའི་དགོས་མཁོ་ཡིན།།
    རང་བཙན་བོར་ན་རང་ཉིད་བརླགས།།
    དབུ་ལམ་ཐོབ་ཀྱང་མགོ་ཤོར་ཡིན།།

    དགྱ་དང་མཉམ་འོག་གང་ཡིན་ཡང་།།
    གཤིན་རྗེའི་འཕྲང་ལམ་འབའ་ཞིག་རེད།།
    མཁའ་ལ་སྤྲིན་ཚོགས་གང་འཁྲིགས་ཀྱང་།།
    ཉི་འོད་བསྒྲིབ་པར་ཁྱད་པར་མེད།།

  6. བོད་ཀྱི་རྒྱལ་མཚན། says:
    2013-06-16 at 11:15 am

    རང་བཙན་དཀའ་རྒྱུ་དབུ་མར་སླ་རྒྱུ་སྤུ་ཙམ་མེད།
    རང་བཙན་རྒྱབ་མེད་དབུ་མར་རྒྱབ་སྐྱོར་ངོ་ཐོག་མེད།
    རང་བཙན་རིང་ལམ་དབུ་མར་ཉེར་ལམ་རྒོད་མོའི་གནས།
    རང་བཙན་དོར་ནས་དབུ་ལམ་གླེང་ནས་དམར་པོར་སྒྱུར།

    དབུ་མའི་ལམ་པས་རང་བཙན་པ་ལ་དགྲ་ལས་སྡང་།
    དབུ་མའི་ལམ་པས་བོད་མིའི་དཀའ་སྡུག་དྲག་ཏུ་བཏང་།
    དབུ་མའི་ལམ་པས་དབུ་ལམ་འགྲེལ་བཤད་བོད་ལ་རྒྱབ།
    དབུ་མའི་ལམ་པས་ངན་ཁག་ཡོད་ཚོད་རང་མིར་སྒྱུར།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-06-16 at 11:49 am

    རང་བཙན་དབུ་མའི་སྒྲིག་ལམ་གང་ཡིན་ཡང་།
    བོད་ཀྱི་ལུགས་བཟང་མ་སྣུབ་སྲུང་དགོས་ལགས།
    དེ་ཉིད་སིལ་བུར་གཏོར་ན་འབྱུང་ཐབས་མེད།
    ཐོག་མརསྐད་གཅིག་དགོས་པ་གཙོ་བོ་ཡིན།།

  8. རང་གྲོལ། says:
    2013-06-16 at 12:53 pm

    དེང་སྐབས་རང་བཙན་རེག་ཀྱང་ཁམས་དང་ཨམ་མདོ་གཉིས། །རྒྱ་འོག་ཐར་ཐབས་མེད་པའི་གནད་དོན་རིང་མོ་འདི། །ཉེ་ཆར་གོང་ས་མཆོག་གིས་གསལ་བར་གླེང་མོད་ཀྱང་། །ཆབ་སྲིད་ཉམས་མྱོང་མེད་པའི་གླེན་རྟགས་འདི་མཚར་རོ། །

  9. རྒྱང་མིག says:
    2013-06-16 at 12:56 pm

    དབུ་ལམ་ཅན་ཚོར་རེ་བ་གཏན་མེད་དེ།།
    དབུ་ལམ་ཅན་ཚོའི་ད་ལྟའི་ལས་འདིས་ཤེས།།
    དབུ་ལམ་ཅན་ཚོ་སྐད་ཡིག་ར་མ་ལུག །
    དབུ་ལམ་ཅན་ཚོ་བདེན་ལས་དམཪ་དངུལ་བྲིན།།

    རང་བཙན་བརྗོད་ཀྱང་དྲག་ལས་ཡིན་དགོས་མེད།།
    རང་བཙན་བདེན་དོན་བོད་ཀྱི་ལྕགས་རི་ཡིན།།
    རང་བཙན་ཐ་སྙད་མེས་པོའི་ཞལ་ཚེམས་ཡིན།།
    རང་བཙན་ནོར་བུ་བོད་མིའི་གཙུག་རྒྱན་ཉིད།།

    སྤྱང་ཀིའི་རྣ་བར་ཆོས་བཤད་ཇི་བཞིན་དུ།།
    རྒྱ་མགོའི་འོག་ན་ནམ་ཡང་དྲང་བདེན་མེད།།
    དེ་ཕྱིར་རྒྱ་མགོ་བོད་མགོར་མི་བསྐོན་པཪ།།
    མེས་པོའི་གསུང་དྲོན་ལོ་རྒྱུས་རྒྱུན་སྲིངས་ཤིག །

  10. རང་གྲོལ། says:
    2013-06-16 at 1:14 pm

    རང་བཙན་གླེང་ན་ཐར་ལམ་སྟོན་དགོས། །
    རང་བཙན་གླེང་ན་ལོ་རྒྱུས་རྟོགས་དགོས། །
    རང་བཙན་གླེང་ན་ཆབ་སྲིད་ཤེས་དགོས། །
    རང་བཙན་གླེང་ན་འཐབ་རྩོད་བྱེད་དགོས། །

    རང་བཙན་གླེང་ན་སྙིང་སྟོབས་ཆེ་དགོས། །
    རང་བཙན་གླེང་ན་བློས་བཏང་ཡོད་དགོས། །
    རང་བཙན་གླེང་ན་མི་རྒྱུ་ཡོད་དགོས། །
    རང་བཙན་གླེང་ན་ནང་ཁུལ་མཐུན་དགོས། །

    རང་བཙན་གླེང་ནས་རང་དོན་སྒྲུབ་མཁན། །
    རང་བཙན་གླེང་ནས་ནང་ཁུལ་དཀྲུག་མཁན། །
    རང་བཙན་གླེང་ནས་གླེན་རྟགས་བྱེད་མཁན། །
    རང་བཙན་གླེང་ནས་ཕན་པ་ཅི་ཡོད། །

  11. རང་གྲོལ། says:
    2013-06-16 at 1:26 pm

    སྤོབས་པ་མཐའ་ཡས་ཀྱིས། མཐོན་པོའི་རྭ་མགོ་དམའ་མོའི་རྐང་སྣེ་སོགས།།
    གང་ལ་ཕོག་ཀྱང་། ཞེས་པའི་མཐོན་པོའི་རྭ་མགོ་དག གང་དང་གང་ཡིན་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་ཀྱི་ཡོད་དམ།

  12. ཅོ་རི་ཉི་མ། says:
    2013-06-16 at 1:42 pm

    མཐོན་པོའི་དཔོན་དང་དམའ་མོའི་རྒྱུགས་ཁྱི་སོགས།
    སུ་ཡིས་བརྙས་ཀྱང་ཕྱིར་ནུབ་མ་མཆིས་པར།
    རང་བཙན་དར་ཆ་དགོང་ལ་ཕྱར་ནུས་པའི།
    བུ་དེ་གང་ན་བཞུགས་ཀྱང་དེར་ཕྱག་འཚལ།།

    ཆེན་པོའི་རྒྱུ་དང་སྙན་པའི་གྲགས་པ་སོགས།
    གང་ཡང་མེད་ཀྱང་རང་དབང་རང་བཙན་གྱི།
    འཐབ་རྩོད་སེམས་ཤུགས་ཁྱེར་ནས་ཤི་བའི་ཪོའི།
    རུས་དཀར་ས་ལ་འཐིམ་ཀྱང་བཀུར་བའི་ཡུལ།།

    རང་བཙན་གཙང་མ་བོད་མིའི་རང་དབང་ཡིན།
    རང་བཙན་གཙང་མ་བོད་མིའི་ཐོབ་ཐང་ཡིན།
    རང་བཙན་གཙང་མ་སེམས་ལ་ཡོད་མཁན་ཚོ།
    མི་དབང་སྲོང་བཙན་སྒམ་པོའི་བུ་རྒྱུད་ཡིན།།

  13. ཅོ་རི་ཉི་མ། says:
    2013-06-16 at 1:50 pm

    སྤོབས་པའི་སྙན་ངག་འདི་ངོ་མ་སྙན་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  14. ཅོ་རི་ཉི་མ། says:
    2013-06-16 at 1:56 pm

    མཐོན་པོའི་དཔོན་དང་དམའ་མོའི་རྒྱུགས་ཁྱི་སོགས།
    སུ་ཡིས་བརྙས་ཀྱང་ཕྱིར་ནུབ་མ་མཆིས་པར།
    རང་བཙན་དར་ཆ་དགུང་ལ་ཕྱར་ནུས་པའི།
    བུ་དེ་གང་ན་བཞུགས་ཀྱང་དེར་ཕྱག་འཚལ།།་་ཞེས་བཅོས་རོགས་བྱོས།།

  15. རྔ་རྒྱལ། says:
    2013-06-16 at 2:03 pm

    དབུ་མ་རང་བཙན་ཁ་རི་བླང་ནས་འཚོ་སྒྲུབ་སྨའ་བའི་རིག་པའི་ལམ་ནས་གཏམ་བཤད་གནང་བ་ང་ཡིས་ཐོས་སོང་།
    ཆོད་ཀ་གསུམ་པོ་གང་ཡིན་མ་ཤེས་རྒྱལ་སྤྱི་འགྲོ་སྟང་དེ་རེ་ཁོ་རེ་འབྲེལ་བཤད་མང་བའི་སེམས་དངོ་འཁྲུག་སོང་།

  16. ལྷ་སྒང་བློ་ཆོས་གྲགས། says:
    2013-06-16 at 2:59 pm

    སྐྱེ་བ་ཀུན་ཏུ་དབུ་མའི་ལམ་བཟང་དང་།།
    བྲལ་མེད་རྒྱལ་བའི་བཀའ་བཞིན་བསྒྲུབ་འགྱུར་ཅིང་།།
    གཞིས་བྱེས་ལྷན་འཛོམས་ཉིན་བྱེད་མྱུར་ཤར་ནས།།
    གནའ་དེང་ཤེས་བྱའི་དཔལ་ལ་ལོངས་སྤྱོད་ཤོག།

  17. རིག་པའི་བུ says:
    2013-06-16 at 6:32 pm

    རྒྱ་ནག་ལ་མགོ་བཏགས་ན་གཞི་བྱིས་མཉམ་གནས་ཡོང་གི རེད།

  18. རོང་བཙན། says:
    2013-06-16 at 7:44 pm

    དབུ་མའི་ལམ་ལ་སྤྱོད་ནས་བོད་ས་ཡོངས་རྫོགས་བཙན་ཁང་གྱུར་སོང་།
    དབུ་མའི་ལམ་ལ་སྤྱོད་ནས་བོད་མི་ཡོངས་རྫོགས་བཙན་པར་བཟོས་སོང་།
    དབུ་མའི་ལམ་ལ་སྤྱོད་ནས་རྒྱ་དམར་ཚང་ལ་སྤྲེད་ལེད་བཤད་ཀྱང་།
    དབུ་མའི་ལམ་ལ་སྤྱོད་པས་དམར་པོའི་གཞུང་གིས་དགོས་དོན་གྲུབ་སོང་།

  19. དགོན་པ་སྐྱབས ། says:
    2013-06-16 at 9:11 pm

    ལམ་དབུས་མ་མ་སྐྱེས་མི་ལོ་ཉི་ཤུ་ལྷག་གི་སྔན་ནས་བོད་ལུང་པ་དགྲ་ལག་དུ་ཤོར་སིན་པ་ད་དུང་ཧ་གོ་གྱིན་མེད་པས།
    རང་བཙན་ལ་སུ་ཡིན་ན་དགའ་ནི་རེད་། འོན་གྱང་གནས་བབས་དང་འགྱུར་ལྡོག་ལ་མ་ལྟས་ན་། བྱ་སྒོང་རྡོ་ལ་བརྒྱབ་པ་དང་གཅིག་མཚུངས་སོ།

  20. བཀྲ་རྣམ། says:
    2013-06-16 at 9:21 pm

    དབུ་མའི་རྒྱབ་ལ་ཨ་ཡོ་རྒྱ་གར་ཡོད་ཟེར།
    རང་བཙན་རྒྱབ་ལ་མི་བུ་གཅིག་ཀྱང་མེད་ཟེར།
    དཔའ་བོ་བརྒྱ་དང་བཅོ་བརྒྱད་བསྲེགས་ཐལ།
    བོད་ཡུལ་ཡོངས་རྫོགས་བཙོན་ཁང་བསྒྱུར་ཐལ།
    ང་དགུའི་དྲག་གནོན་སླར་ཡང་དར་བྱུང་།
    དབུ་མའི་ལམ་ནི་ཤར་རེ་སྤྱོད་སོང་།
    རང་བཙན་མགོ་ནི་ནང་ཐོས་བརྡུངས་སོང་།
    དངོས་སུ་དབུ་མའི་རྒྱབ་ལ་སྐྱོར་མཁན་ཡོད་ན།
    བོད་འབངས་སྡུག་བསྔལ་མྱུར་དུ་སེལ་ཕྱིར།
    མ་ཐོགས་ད་ལྟ་ཉིད་དུ་ཁྲིད་ཤོགས།

    དབུ་མའི་ལུགས་འདི་ཡེ་ཤེས་དབྱེངས་སྤྱད་ཡིན་ཟེར།
    རིང་པོར་མི་ཐོགས་འགྲུབ་པའི་ལས་ཞིག་ཡིན་ཟེར།
    རང་བཙན་ལུགས་ནི་ཐོབ་མེད་སྟོང་གཏམ་རེད་ཟེར།
    དེའི་དོན་ནི་དགྱ་ཡི་དགོས་མདུན་ཡོད་ཚད་ཀུན།
    ག་ལེ་རིམ་བཞིན་སྒྲུབ་རྩིས་ཡིན་པར་སེམས་སོ།

  21. བསམ་གཏན་སྒྲོལ་མ། says:
    2013-06-16 at 9:56 pm

    རང་བཙན་རང་བཙན་ཟེར་བ།།
    དོན་ལ་ས་རྩོད་ཆུ་རྩོད།།
    ས་རྩོད་ཆུ་རྩོད་ཆེད་དུ།།
    ཚེ་སྲོག་ཤོར་དུ་མ་འཇུག།

    ཁ་ནས་རང་བཙན་ལབ་ནས།།
    དོན་ལ་མི་སྲོག་བརླགས་སོང་།།
    རང་ཉིད་གལ་ཆེན་ཡིན་བཞིན།།
    གཞན་སྲོག་གལ་ཆེན་ལོས་ཡིན།།

    སེམས་ཀྱི་འཁོར་རྒྱ་ཆུང་བ།།
    རྒྱལ་སྤྱིའི་གོ་རྟོགས་དམའབ།།
    ཕུགས་རྒྱང་ཐུང་བའི་མི་ཡིས།།
    ཁ་ནས་རང་བཙན་བཤད་སོང་།།

    རང་བཙན་ཡོད་ལ་བླངས་ཤོག།
    གཞན་ལ་འཁང་ར་མ་བྱེད།།
    བུ་ལ་ཡོན་ཏན་ཡོད་ན།།
    དགའ་ལྡན་ཁྲིད་དེ་སྤྲད་ཆོག།

    སངས་རྒྱས་གྲངས་མེད་བྱོན་ཡང་།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།
    རྒྱལ་བ་དོན་གྱིས་བདག་པོས།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།

    སློབ་དཔོན་ཟམ་གདོང་དེ་ཡིས།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།
    མཁས་དབང་བློ་བཟང་སེངྒེས།།
    ཁྱེད་ཚོའི་ཁདེ་མ་ཆོད།།

    ངོ་ཚ་མེད་པའི་མི་ལ།།
    བཤད་ཀྱང་གོ་རྒྱུ་མི་འདུག།
    ཧམ་སེམས་ཅན་གྱི་མི་ཚོའི།།
    འདོད་པ་རི་ལས་མཐོ་བ།།

  22. བསམ་གཏན་སྒྲོལ་མ། says:
    2013-06-16 at 9:56 pm

    རང་བཙན་རང་བཙན་ཟེར་བ།།
    དོན་ལ་ས་རྩོད་ཆུ་རྩོད།།
    ས་རྩོད་ཆུ་རྩོད་ཆེད་དུ།།
    ཚེ་སྲོག་ཤོར་དུ་མ་འཇུག།

    ཁ་ནས་རང་བཙན་ལབ་ནས།།
    དོན་ལ་མི་སྲོག་བརླགས་སོང་།།
    རང་ཉིད་གལ་ཆེན་ཡིན་བཞིན།།
    གཞན་སྲོག་གལ་ཆེན་ལོས་ཡིན།།

    སེམས་ཀྱི་འཁོར་རྒྱ་ཆུང་བ།།
    རྒྱལ་སྤྱིའི་གོ་རྟོགས་དམའབ།།
    ཕུགས་རྒྱང་ཐུང་བའི་མི་ཡིས།།
    ཁ་ནས་རང་བཙན་བཤད་སོང་།།

    རང་བཙན་ཡོད་ལ་བླངས་ཤོག།
    གཞན་ལ་འཁང་ར་མ་བྱེད།།
    བུ་ལ་ཡོན་ཏན་ཡོད་ན།།
    དགའ་ལྡན་ཁྲིད་དེ་སྤྲད་ཆོག།

    སངས་རྒྱས་གྲངས་མེད་བྱོན་ཡང་།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།
    རྒྱལ་བ་དོན་གྱིས་བདག་པོས།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།

    སློབ་དཔོན་ཟམ་གདོང་དེ་ཡིས།།
    ཁྱེད་ཚོའི་ཁ་དེ་མ་ཆོད།།
    མཁས་དབང་བློ་བཟང་སེངྒེས།།
    ཁྱེད་ཚོའི་ཁདེ་མ་ཆོད།།

    ངོ་ཚ་མེད་པའི་མི་ལ།།
    བཤད་ཀྱང་གོ་རྒྱུ་མི་འདུག།
    ཧམ་སེམས་ཅན་གྱི་མི་ཚོའི།།
    འདོད་པ་རི་ལས་མཐོ་བ།།

  23. Kalsang says:
    2013-06-17 at 1:15 am

    དབུ་མ་དབུ་མ་ཟེར་མཁན་ཨམ་མདོ་ཡིན་
    དེ་ལ་དབུ་མ་ཟེར་བས་རྒྱུ་མཚན་གཉིས་
    དང་པོ་་ཏ་ལས་ཕ་ཡུལ་གཅིག་པ་ཡིན་
    གཉིས་པ་བོད་རིགས་ཙམ་ལས་བོད་པ་མིན་

    རང་བཙན་རང་བཙན་ཟེར་མཁན་ཁམས་པ་ཡིན་
    དེ་ལ་རང་བཙན་ཟེར་བས་རྒྱུ་མཚན་གཉིས་
    དང་པོ་མེས་པོས་བཞག་པའི་ཁ་ཆེམ་ཡིན་
    གཉིས་པ་རང་གིས་འདོད་པའི་མངོན་འདོད་ཡིན་

  24. རིག་པའི་བུ says:
    2013-06-17 at 2:54 am

    ང་རང་ཨ་མདོ་བ་ཡིན་ཡང་ནམ་ཡང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན། ཁམས་པ་བ་ཚང་མ་རང་བཙན་རྩོད་མཁན་ཨེ། བོད་སོག་ལས་ཁུངས་ནང་འགྲོ་མཁན་ཕལ་ཆེར་བ་ཁམས་པ་དང་། རྒྱ་དམག་བོད་འདྲེན་མཁན་ཕུན་དབང་ཏེ། ཁམས་པ་བ་ཡིན་ཕཱ། སྙོགས་གཏམ་མ་བཤད། བདེན་དོན་ལ་གཞི་བཅོལ་ནས་སྐད་ཆ་བཤད།ཁམས་རྒན་ཁ་ཤས་ཀྱིས་ག་དུས་ཡིན་རང་སྐྱོན་མི་མཐོང་བ་ཆོལ་ཁ་གཞན་ལ་ཁ་བཏང་གི་འདུག དེ་ནི་ཡག་པོ་མ་རེད། བོད་ལ་གཅིག་སྒྲིལ་མེད་ན་རང་རོགས་གཉིས་ཀར་གྱོང་གུད་ཕོགས་ངེས་རེད།

  25. རིག་པའི་བུ says:
    2013-06-17 at 2:59 am

    ནོར་བཅོས།
    སྐལ་བཟང་ཨཱ། ང་རང་ཨ་མདོ་བ་ཡིན་ཡང་ནམ་ཡང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན། ཁམས་པ་བ་ཚང་མ་རང་བཙན་རྩོད་མཁན་ཨེ། བོད་སོག་ལས་ཁུངས་ནང་ལ་འགྲོ་མཁན་ཕལ་ཆེར་བ་ཁམས་པ་དང་། རྒྱ་དམག་བོད་དུ་འདྲེན་མཁན་ཕུན་དབང་ཏེ། ཁམས་པ་བ་ཡིན་ཕཱ། སྙོགས་གཏམ་མ་བཤད། བདེན་དོན་ལ་གཞི་བཅོལ་ནས་སྐད་ཆ་བཤད།ཁམས་རྒན་ཁ་ཤས་ཀྱིས་ག་དུས་ཡིན་ཡང་རང་རློམས་ཀྱིས་རང་སྐྱོན་མི་མཐོང་བ་ཆོལ་ཁ་གཞན་ལ་ཁ་བཏང་གི་འདུག དེ་ནི་ཡག་པོ་མ་རེད། བོད་ལ་གཅིག་སྒྲིལ་མེད་ན་རང་རོགས་གཉིས་ཀར་གྱོང་གུད་ཕོགས་ངེས་རེད། ཞབས་འདྲེན་ཞུ་མཁན་ཆོལ་ཁ་གསུམ་གྱི་ནང་ན་ཡོད་ལ། བྱས་རྗེས་འཇོག་མཁན་ཡང་ཆོལ་ཁ་གསུམ་གྱི་ནང་ན་ཡོད། དབྱེ་བ་འབྱེད་ཤེས་ན་མཁས་བ་རེད། མ་ཤེས་ཀླུག་པ་རེད། ཀླུག་པ་ལ་གནས་ལུགས་བཤད་ཀྱང་ཕན་ངེས་མ་རེད།

  26. རིག་པའི་བུ says:
    2013-06-17 at 3:03 am

    བདེན་པ་རེད། དེང་སང་ཨ་མདོ་བ་རེ་ཟུང་གིས་དབུ་མ་གླེང་རྒྱུ་མང་དྲགས་པས་བོད་ཀྱི་སྤྱི་ཚོགས་ནང་བཀག་རྒྱ་མི་དམན་པ་ཞིག་བཟོས་ཡོད།

  27. བཀྲ་ཤིས་ says:
    2013-06-17 at 9:26 am

    དགྲ་བོ་རྒྱ་ནག་ལས་ཀྱང་ཨ་མདོ་དང་ཁམས་པ་ལ་སྡང་ཆེ་བ་འདྲ།
    ཨ་ཁ་ཁ།

  28. ལུང་རྟོགས། says:
    2013-06-17 at 11:24 pm

    རང་བཙན་དོན་དུ་འདི་བྱས་སྣེ་གཅིག་མེད་པར།།
    རང་བཙན་ཁ་བས་བཤད་པས་རང་བཙན་ཐོབ་ན།།
    སྔར་ནས་རང་བཙན་གཙང་མ་ཐོབ་ཚོད་ཡིན་ཏེ།།
    ད་དུང་རང་བཙན་མ་ཐོབ་ཅི་ཞིག་ཡིན་ནམ།།

  29. རྣ་བ་བརྒྱད་པ་ says:
    2013-06-18 at 12:37 pm

    སྐྱོན་ཟད་ཡོན་ཏན་རྫོགས་པའི་རྒྱལ་བའི་གོ་འཕངས།
    འཐོབ་ན་མི་འདོད་སེམས་ཅན་སྣ་གཅིག་མེད་ཀྱང།
    འཐོབ་ནུས་ཐབ་དང་དེ་འབྲེལ་ལག་ལེན་མེད་པར།
    གྲགས་སྟོང་པི་ཝང་སྒྲ་ཡི་རང་སེམས་མ་འཁྲུལ།

  30. ཞོལ་གཡག་འབྲོང་རྒྱུད། says:
    2013-06-18 at 4:10 pm

    དབུ་མ་དབུ་མ་ཟེར་ཡང་།།
    དོན་ལ་རྒྱ་འོག་རང་སྐྱོང་།།
    རང་སྐྱོང་ལེན་པའི་ཆེད་དུ།།
    ཚེ་སྲོག་རྩེད་ཆས་མ་བྱེད།།

    ཁ་ནས་གཉིས་ཕན་ཟེར་ཡང་།།
    དོན་ལ་གཅིག་ཕན་རེད་འདུག།།
    རང་ཉིད་རང་མགོ་མ་ཐོན།།
    གཞན་དོན་ཡིན་མདོག་མ་བྱེད།།

    སེམས་ཀྱི་འཁོར་རྒྱ་ཆེ་མདོག།།
    རྒྱལ་སྤྱིའི་གོ་རྟོགས་སད་མདོག།།
    ཕུགས་རྒྱང་རིང་མདོག་ཆེ་ཡང་།།
    རང་རིགས་རྒྱ་གཡོག་མ་རྫོངས།།

    རང་སྐྱོང་ཡོད་ན་ལོངས་ཤོག།།
    གཞན་ལ་འཁང་ར་མ་བྱེད།།
    རྟ་ཕོར་རྒྱུག་ཤེད་ཡོད་ན།།
    བྱང་ཐང་སྟོང་པར་ལུས་འདུག།།

    མགོ་འབུལ་ལུས་འབུལ་ཞུས་ཀྱང་།།
    མིང་བཏགས་ཁ་ཡ་མི་བྱེད།།
    ལག་པ་ཡ་གཅིག་བཟློག་པ་།།
    བརྒྱབས་དང་མ་བརྒྱབས་མི་འདུག།།

    སངས་རྒྱས་གྲངས་མེད་བྱོན་ཡང་།།
    སེམས་ཅན་ཁ་དེ་མ་ཆོད།།
    ༧རྒྱལ་བ་དོན་གྱི་བདག་པོས།།
    ཐམས་ཅད་ཁ་དེ་ཆོད་དཀའ།།

    ཟམ་གདོང་བླ་མའི་ཁ་དེ།།
    རྒྱ་ལ་བསྐོར་ན་ལྐུགས་འགྲོ།།
    བློ་སེང་དམ་བཅའ་གསུམ་པོ།།
    ནམ་མཁའི་འཇའ་ལྟར་ཡལ་སོང་།།

    གོ་རྒྱུ་མེད་པའི་མི་ལ།།
    བཤད་དང་མ་བཤད་མི་འདུག།།
    ཧམ་སེམས་ཅན་གྱི་མི་ཚོས།།
    ཆབ་སྲིད་ཁེ་དབང་འཕྲོག་གིས།།

  31. Kalsang says:
    2013-06-18 at 5:22 pm

    རིགས་པའི་བུ་ཆུང་། ཁྱེད་ཀྱིས་དགོངས་ཚུལ་གསུངས་པ་དགའ་བསུ་ཡོད་་འོང་ཀྱང་ང་ཁམས་རྒན་གྱིས་བཤད་པ་ཚང་མ་ཕྱོགས་ཞེན་གྱི་སྐད་ཆ་ཙམ་ཞིག་ཡིན་མིན་ཁྱེད་ཀྱིས་ཐུགས་བསམ་ཡག་པོ་གཞེས་དགོས་ གཞིས་ཞུགས་རྒྱ་ཆེན་ཨམ་མདོ་བས་མངོན་འདོད་ཅི་ཞིག་ཡོད་པ་ངས་གསལ་པོར་ཞུ་མི་སྤོབས་སྟེ་འོང་ཀྱང་ཡུལ་གྱལ་བ་ཁྱེད་ཚོ་གཞིས་ཞུགས་རྒྱ་ཆེན་ཨམ་མདོ་བའི་ངོ་ཚབ་ཞིག་ཡིན་ན་དེ་ནས་ང་ཚོ་བོད་ཟེར་ནས་སྐད་ཆ་དེ་ཚར་བ་རེད་་་དེ་ལྟར་མིན་པར་་ངས་སེམས་གཏིང་ནས་གསོལ་པ་དང་སྨོན་ལམ་བྱེད་ཀྱི་ཡོད་ གཞིས་གཞེས་གཉིས་ཀྱི་ཁམས་རིགས་རྒྱ་ཆེན་མི་མང་ཚོའི་སེམས་གཏིང་གི་མངོན་འདོད་དེ་རང་དབང་རང་བཙན་ཡིན་པ་སུ་ལ་གསལ་བཤད་མི་དགོས་་དེས་ན་ངས་གོང་དུ་གྲངས་པས་རྒྱུ་མཚན་དེ་གཉིས་ཙམ་ལས་གཞན་རྒྱུ་མཚན་ཅི་ཞིག་འདུག་ཁྱེད་ཀྱིས་གསལ་པོར་གསུངས་དང་ ་རིགས་པའི་བུ་ཆུང་ལགས་

  32. Kalsang says:
    2013-06-18 at 5:29 pm

    གོང་དུ་(གཞིས)ཟེར་བ བཞིས་དང་(གཞེས་)ཟེར་བ་བྱེས་ལ་གཅོས་རོགས་

  33. ཀརྡོ་གཉེར་ཕྱག་པ་ says:
    2013-06-18 at 10:00 pm

    རང་བཙན་མ་རྩོད་ཐོབ་ཐང་རྩོད་དང་། །
    དབུ་མར་མ་ཞེན་མཐའ་གཉིས་སྤོངས་དང་། །

    རྒྱ་མིར་རྒྱ་སྐད་བོད་མིར་བོད་སྐད། །
    ཆོས་དང་སྐད་ཡིག་སོ་སོས་སྲུངས་དགོས། །

  34. ཀརྡོ་གཉེར་ཕྱག་པ་ says:
    2013-06-18 at 10:03 pm

    རང་བཙན་ལས་ལྷག་རང་སྐྱོང་ཡང་ཕན་སྲིད། །
    དབུ་མར་འཆམ་པས་རྒྱ་བོད་ཡང་མཐུན་སྲིད། །

  35. བདག་མེད། says:
    2013-06-24 at 4:28 pm

    དབུས་མའི་ལམ་ནི་ལྷ་འདྲེ་ཚོ་ལ་བཅོལ།།
    འཇིག་རྟེན་་ལྷ་འདྲེ་ཚོ་ལ་ལམ་བུ་མེད།།
    བོད་མའི་རང་དབང་བླ་སྤྲུལ་ཚོ་ལ་བཅོལ།།
    བླ་སྤྲུལ་ཚོ་ནི་རང་ཆོས་རང་བཙན་འཚོལ།།
    བོད་མིའི་རང་དབང་རྨོངས་དད་ཕྱོགས་ལ་མེད།།
    བོད་མིའི་རང་དབང་ལྷ་འདྲེའི་ཕྱོགས་ལ་མེད།།
    བོད་མིའི་རང་དབང་བླ་མའི་ལག་ལ་མེད།།
    བོདམིའི་རང་དབང་སློབ་ཕྲུག་ལག་ལ་ཡོད།།
    བོད་མིའི་རང་དབང་མ་འོངས་མདུན་དུ་ཡོད།།
    བོད་མིའི་རང་དབང་ཤེས་རིག་ལག་ལ་ཡོད།།
    བོད་མིའི་ཤེས་རིག་བརྩོན་ན་རང་དབང་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme