(རྩོམ་ཡིག་འདི་ནི་གཅན་ཚ་བཟོད་པའི་གདོང་དེབ་ཏུ་ངོ་སྤྲོད་བྱས་པ་ལྟར་ཁ་བརྡས་བཀོད།)
བདེ་ཆེན་དབྱངས་སྒྲོན།
ཉེ་ལམ། དྲ་བའི་སྒང་དུ་རེབ་གོང་ས་ཁུལ་གྱི་དབྱར་རྩྭའི་རྩོད་གླེང་སྐོར་གྱི་རྩོམ་ཡིག་དང་འདྲ་པར། དེ་མིན་སྐྱོན་བརྗོད་ཀྱི་གླེང་གཞི་འདྲ་མིན་སྣ་ཚོགས་འཛེམ་བག་མེད་པར་སྤེལ་གྱིན་འདུག་པས། ལོ་ཕྱེད་སྔོན་ལ་རོགས་སྟོན་ལས་མིའི་མིང་ཐོགས་ནས་དོན་རྐྱེན་བྱུང་བའི་སྡེ་བ་ནས་འཚོ་བ་ཡུན་ཙམ་རོལ་རྐྱེན་ཤ་བྲང་གི་སྐོར་ལ་ཡི་གེ་ཙམ་བྲིས་ན་ཕྱོགས་མང་པོར་བསྔོ་ཙམ་ཐོགས་པར་སྨོན་པའོ།།
ད་རེས་དྲ་བའི་སྒང་གི་མི་རིགས་ཀྱི་རྣ་རྫོབ་ཅེས་པའི་ཚིག་འབྲུ་མིག་ལ་འཛེར་བ་དག་མཐོང་བས་བློ་ཕམ་པར་གྱུར་ལ། དུས་འདིར་སྐྱིད་སྡུག་མཉམ་མྱོང་གི་བསམ་བློ་ཆག་རྒྱུ་དེ་ཧ་ཅང་གལ་ཆེ་བར་བསམ་བྱུང་། དེ་མིན་ང་རང་ཉིད་ཀྱིས་ཤ་བྲང་ནས་མཐོང་ཐུབ་པ་ནི་རེ་བ་ཞིག་ཏེ། སློབ་གསོའི་རེ་བ་དང་མང་ཚོགས་ཀྱི་ཀུན་སློང་གཙང་མའི་རེ་བའོ།།
ད་ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ། འཁྱག་གྲང་ལ་སྐྲག་པའི་གུས་མོས་གྱོན་པ་མཐུག་པོ་ཞིག་གྱོན་པ་དང་ཅ་ལག་སྟབས་བདེ་ཞིག་བསྣམས་ནས་མཚོ་སྔོན་རྨ་ལྷོ་ཁུལ་གྱི་ཤ་བྲང་ཟེར་བའི་སྡེ་བ་ཆུང་ཆུང་ཞིག་ལ་སླེབས་པ་ཡིན། ས་དེ་ནས་ངས་འདི་ལྟར་བསམ་མྱོང་། གལ་ཏེ་རྗེས་ཕྱོགས་རྒ་བའི་ཚེ། ཡང་ན་ལས་ཁུངས་ནས་ལས་འཁྱུར་ངལ་གསོ་གནང་རྗེས་ཕ་ཡུལ་གྱི་ཡུལ་ལུང་གང་ཞིག་ཏུ་སོང་ནས་ཞིང་གྲོང་གི་དགེ་རྒན་ཞིག་བྱེད་ཆོག ང་ལྷ་སའི་མི་ཡིན། བར་སྐོར་ནས་སྐྱེས་པ་དང་པེ་ཅིང་ནས་འཚར་ལོངས་བྱུང་། ལྷན་སྐྱེས་ཀྱི་དུངས་པའི་དབང་གིས་མདོ་དབུས་མཐོ་སྒང་གི་ཁོ་ར་ཁོར་ཡུག་གང་ཡིན་རུང་རང་ཉིད་ཀྱི་ཁྱིམ་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཆུང་དུས་སུ་རྨོ་རྨོའི་ཁྱིམ་གྱི་ཐོག་ཁང་ནས་གཙུག་ལག་ཁང་གི་རྒྱ་ཕིབས་དང་གཡའ་དག་པའི་ནམ་མཁའི་འོག་གི་པོ་ཏ་ལའི་གསེར་འོད་ཆེམ་ཆེམ་གྱི་གཟི་མདངས་སོགས་མཐོང་ཐུབ་ལ་ད་ལྟ་ན་ཚོད་སྨིན་པ་དང་། ཡང་ན་ཆུང་དུས་ནས་སྐྱེས་ས་སྐྱེས་ཡུལ་དང་ཁ་གྱེས་པའི་དབང་གིས་ཕ་ཡུལ་ཧ་ཅང་ཐག་རིང་ཞིག་ཏུ་གནས།
ཡིན་ནའང་སྟོད་མངའ་རིས་ཀྱི་ལྡེབས་རིས་དང་རླུང་བུའི་ཁྲོད་གསིག་ཀྱང་འཕྱོ་བའི་གུ་གེའི་ཁྲབ་རྨོག་འཁོར་གསུམ་འཛོམས་པའི་རྣམ་པ། དབུས་གཙང་རུ་བཞིའི་བསང་དུད་དང་དཀྱིལ་འཁོར་ནང་བཞིན་གྱི་ཁང་བཟང་གཙུག་གི་ཀ་ལ་པིང་ཀ དེ་མིན་མདོ་ཁམས་ཀྱི་མཐའ་ཡས་པའི་རྩྭ་ཐང་དང་མཚོ་དང་མཚེའུ། ཡང་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་ས་མཚམས་སྲུང་བའི་དཔའ་བོའི་བུ་རྒྱུད་སོགས་དྲན་ཚེ་གནས་གང་དུ་འཚོ་སྡོད་བྱེད་མི་ཆོག་ཨང་། ཡོད་ཚད་ནི་ངའི་ཕ་ཡུལ་ཡིན།
དེ་དག་གི་རྐྱེན་གྱིས་ང་རང་ཤ་བྲང་དུ་འོང་བ་ཡིན། གནས་འདི་ནི་རྗེ་ཙོང་ཁ་བ་ཆེན་མོའི་ཡོངས་འཛིན་དོན་གྲུབ་རིན་ཆེན་གྱིས་སྒྲུབ་སྒོམ་བྱེད་སའི་གནས་ཡིན་ལ། བཤད་སྲོལ་ལྟར་ན། སྡེ་བ་འདིས་སྔོན་ཆད་དབྱར་རྩྭ་དགུན་འབུས་ཁྱེར་ཡོང་བའི་དཔའ་འབྱོར་ཁེ་ཕན་ལ་དམིགས་ནས་ཡུན་རིང་བོར་སློབ་གསོའི་ཕྱོགས་སུ་དོ་སྣང་མ་བྱས་བས་སློབ་མའི་སྦྱངས་འབྲས་ནི་རྫོང་ཡོངས་ཀྱི་ཆེས་མཐའ་མ་ཡིན་པར་བཤད། ལོ་ངོ་ཁ་ཤས་སྔོན་ནས་བཟུང་། བསོད་ནམས་དབང་རྒྱལ་སོགས་སྡེ་བའི་འཇོན་ཐང་ལྡན་པའི་མི་སྣ་སྐོར་ཞིག་གི་སྣེ་ཁྲིད་འོག་སློབ་གསོ་ཡར་སྐུལ་ཚོགས་པ་དང་ཕ་སྐད་སྲུང་སྐྱོང་ཚོགས་པ། ཁོར་ཡུག་སྲུང་སྐྱོང་ཚོགས་པ་སོགས་སྔ་གཞུག་ཏུ་བཙུགས་པས་ད་གཟོད་ཕུགས་བསམ་ལྡན་པའི་སློབ་ཆེན་སློབ་མ་ཁ་ཤས་དང་བྱ་བའི་ཁྲོད་འདུར་རྒྱུགས་བྱེད་ཀྱིན་པའི་རང་ཉིད་སོགས་གནས་འདིར་ཡོང་བའི་གོ་སྐབས་འཕྲོད་པ་དང་། ང་ཚོས་སློབ་གསོས་མི་ལ་ཁ་ལོ་བསྒྱུར་བའི་དམིགས་འདུན་ཉག་ཕྲ་བ་ཞིག་དང་དུ་བླངས་བ་ཡིན་ལ། སྡེ་ཁྱིམ༢༠༠དང་ཡང་ན་སྡེ་མི༣༠༠༠ཡས་མས་ཀྱི་སྡེ་བ་འདི་གཅིག་པུའི་མདུན་ལམ་དང་ཡང་ན་བསམ་བློ་སོགས་གང་ཅིའི་ཐད་ནས་བསྒྱུར་བཀོད་བྱེད་ཐུབ་ན་ལེགས་པར་སེམས་སོ།
ས་འདི་གའི་རོགས་སྟོན་བྱ་བ་ནི་སློབ་ཆེན་པ་དང་ས་གནས་ཀྱི་སློབ་མའི་གནས་ཚུལ་དངོས་ལ་གཞི་བཅོལ་ནས་དབྱར་དགུན་གནང་སྐབས་སུ་སློབ་ཁྲིད་དང་ཟབ་སྦྱོང་གི་འབྲས་བུར་དམིགས་པས་གྲུབ་འབྲས་ཧ་ཅང་བཟང་། ཐེངས་སྔོན་མ་གསུམ་གྱི་ཟབ་སྦྱོང་བརྒྱུད་ནས་སྡེ་བ་འདིའི་སློབ་མའི་རྒྱུགས་འབྲས་རྫོང་ཡོངས་ཀྱི་ཆེས་མཐའ་མ་ནས་འཕར་ཏེ་ཨང་གསུམ་པར་སླེབས་འདུག་པ་དང་སློབ་གསོ་ཡར་སྐུལ་ཚོགས་པའི་སེམས་འདུན་དང་དམིགས་བྱའང་སྦྱོང་བརྡར་ལ་བརྟེན་ནས་སློབ་ཆུང་དང་དམའ་འབྲིང་སློབ་མའི་ཆུ་ཚད་དེ་རྫོང་ཡོངས་ཀྱི་ཨང་དང་པོར་བསྐྱལ་བ་དེ་རེད།
ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ང་ཚོ་རོགས་སྟོན་པ་སྡེ་བར་བསྐྱོད་པའི་ཉིན་དེར། ཁ་བ་ཆེན་པོ་ཞིག་གིས་སྡེ་ལམ་གཡས་གཡོན་གྱི་རི་རྒྱུད་དང་གྲོག་ལུང་སོགས་སྒྲིབ་འདུག་པས་འཇིག་རྟེན་ནི་དངུལ་དཀར་གྱིས་ཡོངས་སུ་བྱུགས་འདུག་པ་དང་། སྡེ་འདབས་ཀྱི་ཟམ་ཁ་ནས་མི་མང་པོས་དགུན་འཁྱག་གི་གྲང་ངར་བསྲན་ནས་ང་ཚོར་སྒུག་འདུག་པས་ངའི་སེམས་ངོས་ཀྱི་དགེ་རྒན་བསུ་བའི་རྣམ་པ་མང་ཆེ་ཤོས་སྟེང་འདི་ལྟ་བུ་ཞིག་གཏན་ནས་བྱུང་མ་མྱོང་། སློབ་གསོ་ཡར་སྐུལ་ཚོགས་པའི་མི་སྣ་དང་སྡེ་མི་དར་གཞོན་མང་པོའི་གཞུག་ཏུ་སློབ་གྲྭ་ཡོངས་ཀྱི་སློབ་མ་ཉིས་བརྒྱ་ལྔ་བཅུ་ལྷག་འདུག་ལ། ཚང་མས་བོད་ལྭ་གྱོན་པ་དང་ཁ་བཏགས་བཟུང་ནས་ལོ་ཡི་གོ་རིམ་ལྟར་ང་ཚོར་མིག་ཟུང་ཅེར་རེར་སྒུག་འདུག་པས། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ལྕི་མོ་ཞིག་གིས་ང་རང་ཡོངས་སུ་བསྟིམས་སོང་།
འདི་ནི་ཚེ་འདིར་ང་ལ་ཐོབ་པའི་ཆེས་ཕུན་ཚོགས་ཀྱི་ཆོ་ག་དང་ཡང་ན་སྡེ་མིའི་ཡིད་ཆེས་ཡིན་པས་སྔ་མོ་ནས་རེ་བ་སྟོང་ཟད་དུ་གཏོང་མི་རུང་བའི་ཆོད་སེམས་བཅིངས་ཚར་ཡོད། གྲལ་ཕྲེང་གི་ཆེས་རྗེས་མ་དེ་ནི་གྲ་སྒྲིག་འཛིན་གྲྭའི་སློབ་མ་ཡིན་ལ་གྲང་འཁྱག་གི་དབང་གིས་ངོ་གདོང་དམར་པོར་གྱུར་འདུག་ལ་སྐྱེས་གཟུགས་ངའི་པུས་མོའི་མཚམས་སུ་གནས་པས་ཁ་བཏགས་ཀྱི་སྣེ་གཉིས་ནི་ས་ལ་དྲུད་འདུག་པ་དང་སྤྲོ་སེམས་ཚད་མེད་ཀྱིས་དགེ་རྒན། དགེ་རྒན་ཟེར་གྱིན་འདུག རྗེས་སུ་ངས་ཁོང་ཚོར་སྐབས་དེར་ཁྱོད་ཚོས་ག་རེ་བསམ་གྱིན་འདུག་ཟེར་བ་ན། ཚང་མས་ངེད་འཛིན་གྲྭར་སློབ་ཁྲིད་བྱེད་པའི་དགེ་རྒན་དེ་གང་ཡིན་མིན་གྱི་ཐད་ལ་ཞིབ་བསྡུར་བྱེད་ཀྱིན་ཡོད་ལ་དགེ་རྒན་བཙན་པོ་ཞིག་མི་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་ཟེར།
སྐབས་དེར་ང་ནི་དམའ་འབྲིང་གི་འཛིན་བདག་བྱེད་དུ་བཅུག་པའི་ཞོར་དུ་དབྱིན་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་རེད། སློབ་མ་ཉེར་གཅིག་གིས་གྲུབ་པའི་འཛིན་གྲྭ་འདིས་སྒྲིག་ལམ་སྲུང་བ་ཡག་པ་དང་སློབ་སྦྱོང་ལ་བརྩོན་སེམས་ལྡན་པས་བདག་པོ་རྒྱག་རྒྱུ་དེ་ཧ་ཅང་སླ་བར་འདུག ཡིན་ཡང་རྒྱུན་པར་ཐུན་མོང་གིས་གཙང་སྦྲ་བྱེད་སྐབས་སློབ་མ་ཕོ་རྣམས་ཅུང་སྒྱིད་ལུག་གི་དབང་དུ་སོང་ནས་ལས་ཀར་མི་ཞུགས་པས། ལྷ་སའི་བུ་མོ་ངས་ནམ་ཡང་ཨ་མདོའི་སྐྱེས་པ་རྣམས་ཀྱི་ཕོ་མཆོག་མོ་དམན་གྱི་འདོད་ཚུལ་ལ་དགག་པ་བཏང་བ་ཡིན་ལ། སློབ་གྲོགས་མོ་རྣམས་ལྟ་ཚུལ་དེ་ལ་ཧ་ཅང་འཐད། ཡིན་ཡང་སློབ་གྲོགས་ཕོ་རྣམས་ལྟ་ཚུལ་དེར་འཐད་པ་མིན་རུང་དགེ་རྒན་ལ་བཀུར་དགོས་པའི་ཀུན་སྤྱོད་ནན་མོ་ཞིག་གིས་ཚིག་ལོག་རྒྱག་མི་ཐུབ། སྐབས་རེར། དགེ་རྒན། སྡེ་བར་དོན་རྐྱེན་ཆེན་པོ་ཡོད་པའི་སྐབས་སུ་སྐྱེས་པ་ཚོས་ལས་ཀ་བྱེད་པ་མ་གཏོགས་བུ་མོ་ཚོ་རང་དགར་བསྡད་ཆོག་ཟེར་ངེས།
བློ་ཡུལ་ལ་མི་ཤོང་པ་ཞིག་ལ་རང་ཁྱིམ་ནས་ཆུང་མ་བཟའ་ཟླར་ཟས་སྦྱོར་ཙམ་ཡང་བྱས་མ་མྱོང་བའི་སློབ་གསོ་ཡར་སྐུལ་ཚོགས་པའི་ལས་མི་ཨ་མདོའི་སྐྱེས་པ་དེ་དག་གིས་རང་ཁྱིམ་གྱི་གནོན་ཤུགས་སྣ་ཚོགས་རྒྱབ་ཏུ་བསྐྱུར་ཏེ་ཉིན་རྒྱུན་སློབ་གྲྭ་ནས་ངེད་ཅག་ལ་ཟས་སྦྱོར་བྱེད་པ་དང་ཐ་ན་བུད་མེད་ཀྱི་སྤྱོད་ཁང་ལའང་གཙང་སྦྲ་བྱེད་པས་ང་རང་ཧང་སངས་པར་གྱུར་ལ། རང་གིས་སྒྲུབ་ཆོག་ཅེས་ཞུ་བ་བྱས་ཀྱང་ཁྱེད་ཅག་གིས་བྱིས་པར་སློབ་གསོ་ཡག་པ་རེ་གཏང་རྒྱུ་དེ་གལ་ཆེ་ལ་དོན་བྱ་གཞན་རྣམས་ཁོང་ཚོས་སྒྲུབ་ཆོག་ཟེར།
ས་འདི་ནས་སློབ་མ་ཆུང་བ་དག་གིས་ཀྱང་ནམ་མ་གསལ་བའི་སྔོན་གྱི་དགུན་འཁྱག་གི་ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་དུ་སློབ་གྲྭའི་སྒོ་ཆེན་བརྡུངས་པར་བྱེད་པས་ངའང་གཉིད་ལས་བསླངས་འོང་། རྡོ་སོལ་ལེན་པ་དང་མེ་ཤིང་བསྡུ་བ། དེ་ནས་མེ་སྦར་ནས་ནང་དྲོ་བར་བྱེད་པ་སོགས་ཀྱི་ལས་ཀ་ཙག་ཙིག་སྒྲུབ་ཚར་རྗེས་སློབ་ཚན་བློ་ལ་སྐྱོར་བ་རེད། སློབ་ཚན་རེའུ་མིག་ནང་གི་དགོང་ཚོགས་དེ་སང་ཉིན་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་བར་དུ་ཡིན་པས་སློབ་གྲོགས་མང་པོ་ཡིད་ཚིམ་གྱི་མི་འདུག་པར་ནམ་ཡང་དབྱིན་ཡིག གྲངས་རིག་དང་བོད་ཡིག་སོགས་ཟབ་སྦྱོང་བྱེད་དགོས་ཚུལ་ཀྱི་རེ་འདུན་སོགས་འདོན་པར་བྱེད། མཚམས་རེར་ཟབ་སྦྱོང་བྱས་ཏེ་མཚན་མོའི་ཆུ་ཚོད་བཅུ་གཅིག་ལ་སླེབས་དུས་ཀྱང་ཡོད་ལ། ཚང་མས་ལག་སྒྲོན་བཟུང་ནས་མི་མང་པོ་མཉམ་དུ་ཡུལ་ལ་ལོག་པ་དང་། ནུབ་ཟས་ནི་སློབ་གྲྭའི་སྒོ་ཆེན་མདུན་གྱི་ཚོང་ཁང་ནས་ཉོས་པའི་སྟབས་བདེ་ཐུགས་པའི་རིགས་ཡིན།
ཡིན་ཡང་ཐེངས་མང་པོར་དགོང་ཟས་ཟོས་རྗེས་ཕྱིར་སླེབས་ཆོག་ཟེར་ནའང་། ཤ་བྲང་གི་བྱིས་པ་ཚོས་དགེ་རྒན། སྐྱོན་མེད། ཐང་ཆད་ཀྱི་མི་འདུག་ཅེས་ལན་སྟེར་བས་དགེ་རྒན་ཚོར་སེམས་ཚོར་ལྕི་མོ་ཞིག་གནང་བའི་ཞོར་དུ་སྔར་བས་གཅེས་སྐྱོང་བྱེད་པ་ལའང་རྒྱུ་མཚན་ལོས་ཡོད། རྒྱུ་མཚན་དེ་དག་གི་དབང་གིས་རོགས་སྟོན་གྱི་སྐབས་སུ་ཟབ་སྦྱོང་བྱེད་པ་དང་ཁྲིད་གཞི་འབྲི་དགོས་པ་དང་ཡང་ན་རྒྱུགས་ཤོག་ཞིབ་བཤེར་བྱེད་པ་སོགས་ཀྱི་དབང་གིས་ང་ཚོ་དགེ་རྒན་རྣམས་ཆུ་ཚོད་བཅུ་གཉིས་ཀྱི་སྔོན་དུ་ཉལ་བའི་གོ་སྐབས་མེད་ནའང་ཡོད་ཚད་སྤྲོ་སྣང་གིས་ཁེངས་འདུག
སྔོན་ཆད་འདི་ལྟ་བའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མར་ཅུང་སུན་པོ་བཟོ་བར་བྱེད་པས་དང་བླངས་པ་དང་ཡར་སྐུལ་ཚོགས་པའི་ལས་མིས་འདིའི་སྐོར་ནས་ཐེངས་མང་པོར་གླེང་མོལ་བྱས་ཏེ་མཚན་གུང་ལ་ཐོན་མྱོང་། བློ་ཡིད་ན་ཆེས་གསལ་ཐིང་ངེར་ཡོད་པ་ནི་ཕུ་བོ་བསོད་ནམས་དཔལ་འཛོམས་ལགས་ཀྱིས། ང་ཚོ་ལོ་ངོ་སུམ་ཅུའི་རིང་ལ་ངལ་གསོས་པ་ཡིན་ལ། ད་ནས་བཟུང་ངལ་གསོ་དགོས་དོན་མི་འདུག་ཅེས་པ་དེ་རེད།
ཕུ་བོ་བསོད་ནམས་དཔལ་འཛོམས་ལགས་ནི་སྐྱེལ་འདྲེན་རླངས་འཁོར་ཞིག་གི་ཁ་ལོ་བ་ཡིན་ལ། བྱིས་པ་གཉི་ག་ཆ་ཚང་སློབ་གྲྭར་ཡོད། སློབ་འབྲས་ཧ་ཅང་ཡག་པོ་ཡིན་པ་དང་། གོ་ཐོས་ལྟར་ན་ཁོང་གི་ཉིན་རྒྱུན་གྱི་ཡོང་འབབ་བཟང་ནའང་ཟླ་ངོ་གཉིས་ཙམ་རིང་གི་ཡོང་འབབ་བསྐྱུར་ནས་ང་ཚོ་རོགས་སྟོན་དགེ་རྒན་གྱི་ཁ་རྒྱབ་དོན་དུ་ནམ་ཡང་སྤྲོ་བས་འདུར་གྱིན་འདུག ད་དུང་སློབ་གྲྭའི་རྡོ་སོལ་བཀོལ་བ་མགྱོགས་དྲགས་པས་ཟབ་སྦྱོང་གི་སྐབས་སུ་སྐྱེལ་འདྲེན་རླངས་འཁོར་ཆེ་བ་གསུམ་ཙམ་གྱི་རྡོ་སོལ་བཀོལ་ཚར་འདུག་པ་དང་རྒྱུས་ལོན་ལྟར་ན་སྐྱེལ་འདྲེན་རླངས་འཁོར་གང་ལ་སྒོར་སྟོང་ཕྲག་གཉིས་ཡིན་པར་བཤད་ལ་གོང་གི་རླངས་འཁོར་གཅིག་གི་རྡོ་སོལ་ནི་ཕུ་བོ་བསོད་ནམས་ཀྱིས་ཐབས་བཀོད་འོག་ནས་ཁྱེར་ཡོང་བ་རེད་ཟེར།
སློབ་གྲྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་དེའང་དགེ་རྒན་རྣམས་ཀྱིས་སློབ་མ་ཚང་མ་ཁྲིད་དེ་རང་སྡེའི་མཐའ་འཁོར་གྱི་གད་སྙིགས་བཏུས་པ་དེ་རེད། སློབ་མ་དག་གིས་སླེ་བོ་ཁུར་ནས་སྡེ་བའི་གྲུ་ཟུར་མང་པོར་གཙང་སྦྲ་བྱས་པ་དང་། སྐབས་དེར་བྱི་ལའི་ཤི་རོ་ཞིག་ཀྱང་རྙེད་པས་ཚང་མས་མ་ཎི་བཏོན་པ་དང་མཉམ་དུ་སྦྱིན་སྲེག་གི་ཆོ་ག་སྟབས་བདེ་ཞིག་ཀྱང་སྒྲུབ། ཕྱིར་ལོག་པའི་སྐབས་སུ་འཛིན་དཔོན་གྱི་སྣེ་ཁྲིད་འོག་ཚང་མས་ཁོར་ཡུག་ལ་སྲུང་སྐྱོང་བྱ་བ་དང་གད་སྙིགས་གང་འདོད་དུ་གཡུག་མི་ཆོག་ཅེས་པའི་འབོད་སྐད་བསྒྲགས་ནས་སོང་བ་ཡིན། ངས་བསམ་བཞིན་དུ་སྐད་འབོད་འདི་སུ་ལ་བསྒྲགས་པ་ཡིན་ནམ་དྲིས་པར་ལན་དུ། སྡེ་མི་རྣམས་ལ་ཟེར།
ལོ་སར་གྱི་སྐབས་སུ། སྡེ་བའི་བྱིས་པ་རྣམས་ལ་ཉིན་གསུམ་གྱི་གནང་བ་ལས་མེད་ལ་ཚེས་བཞི་ཉིན་ནས་སློབ་གྲྭར་ལོག་དགོས། གནང་བའི་སྐབས་སུ། ང་ཚོ་མི་བཅུ་ལྷག་སྡེ་བའི་ཡར་སྐུལ་ཚོགས་པའི་ལས་མིའི་ཁྱིམ་དུ་མགྲོན་དུ་སོང་བ་ཡིན་ལ་བྱིས་པ་ཚོས་ཀྱང་རང་གི་དགེ་རྒན་མགྲོན་བསུ་བྱེད་ཀྱིན་འདུག ང་ཚོའང་དགའ་སྤྲོའི་དགོད་སྒྲའི་ཁྲོད་ཁྱིམ་ཚང་རེ་རེར་བསྐྱོད་པ་དང་ཁྱིམ་མི་དག་གིས་རང་ཁྱིམ་གྱི་བཟའ་བཏུང་གང་ལེགས་ང་ཚོར་ལོངས་སུ་སྤྱོད་དུ་འཇུག་པ་དང་། ཤ་བྲང་རང་གི་ཁྱིམ་དང་གཅིག་འདྲ་ཡིན་དགོས་ཚུལ་བརྗོད་པ་དང་་ཕལ་ཆེ་བ་བཀའ་དྲིན་ཞུ་བ་དང་བསྟོད་པའི་སྐོར་གྱི་སྐད་ཆ་ཡིན་པས་ང་ཚོས་སྡེ་བ་འདིར་སྒྲུབ་བཞིན་པའི་དོན་བྱ་གླེང་རིན་མེད་པ་དེ་དག་ལས་ཡོངས་སུ་བརྒལ་འདུག སྤྱིར་ཡིན་ན་སྡེ་བ་འདིས་ད་ལོར་ལོ་སར་གྱི་མི་འདུག་པས། ངས་སློབ་གྲོགས་ཚོར། ད་ལོར་ལོ་མི་སར་དོན་ཅི་རེད། ཚང་མས་ཤེས་སམ། ཟེར་བར། ལོ་བཅུ་བཞི་བཅོ་ལྔ་ལྷག་ལ་བུད་པའི་བྱིས་པ་འདི་དག་གིས་ཟེར་དོན། པཎ་ཆེན་སྐུ་ཕྲེང་བཅུ་བའི་མ་ཡུམ་སྐུ་གཤེགས་པ་ཡིན་པས་རེད་ཟེར། ང་རང་ཅི་བསམ་འདི་བསམ་མེད་པར་བསྡད་ལ་ཁོང་ཚོ་ལ་མགོ་བོ་བསྒུར་ནས་ཕྱག་འབུལ་ཞིག་བྱས་པ་ཡིན། སྐབས་དེར་ཁོང་ཚོས་ཤེས་མི་སྲིད་ནའང་ཁོང་ཚོའི་ལུས་སྟེང་ན་ངས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་ཁྲག་རྒྱུན་འཁོར་བསྐྱོད་བྱེད་ཀྱིན་པ་མཐོང་སོང་།
ཉིན་བཞི་བཅུ་ལྷག་གི་རིང་ལ། ཤ་བྲང་ནས་མི་དང་བྱ་བ་མང་པོ་ཟིན་བྲིས་སུ་ཕབ་ཆོག་སྟེ། དཔེར་ན་ང་ཚོའི་དང་བླངས་པའི་ཁྲོད་དུ་མི་མང་ཤས་ནི་རང་སྡེ་བའི་སློབ་གྲྭ་ཆེན་མོ་བའི་དང་བླངས་པ་ཡིན་ལ། ཁོང་ཚོས་དགུན་གནང་གི་སྐབས་སུ་ཁྱིམ་མི་ལྷན་འཛོམས་ཀྱི་གོ་སྐབས་བསྐྱུར་ནས་ང་ཚོར་རོགས་པ་བྱེད་ཀྱིན་ཡོད་ལ་སློབ་གྲྭའི་ནང་དུ་སློབ་ཁྲིད་འགན་འཁུར་དང་ཡང་ན་ཕྱོགས་སོ་སོ་ནས་ཡོང་བའི་དང་བླངས་པའི་ཁ་སྐད་ཐད་ཀྱི་ལོ་ཙཱ་བྱེད་ཀྱིན་ཡོད། དོན་དངོས་ཐོག་ན་གཞོན་སློབ་མ་འདི་དག་གིས་རང་སྡེའི་སློབ་གསོ་ཡར་སྐུལ་གྱི་ཐད་ནས་མི་སྣ་གཙོ་གྲས་བྱས་ཆོག་ནའང་སློབ་གསོ་ཡར་སྐུལ་ཐད་ནས་རིག་གནས་སྒྲིག་གཞི་མང་པོ་ཚུར་ལེན་བྱ་དགོས་པར་དམིགས་ནས་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་གོ་སྐབས་དེ་གཡུག་ནས་བྱ་བ་ཙག་ཙིག་རེ་སྒྲུབ་བཞིན་འདུག་པས་ཚང་མར་སེམས་འགུལ་ཐེབས་ཀྱིན་འདུག
སྤྱིར་བཏང་དུ་བྱ་བ་འདི་དག་ཁྱོད་ཀྱི་འོས་འགན་དང་ངའི་འོས་འགན་རེད་ཅེས་རིགས་དགར་དགོས་དོན་མེད་ལ་ང་ཚོ་ནམ་ཡང་སྦྲེལ་ནས་ཡོད། ད་དུང་ཨ་ཁུ་ལེགས་བཤད་ཡོད་དེ། ཁོང་ནི་ལོ་སུམ་ཅུར་བུད་མ་ཐག་པའི་གྲྭ་བཙུན་ཞིབ་མོ་ཞིག་ཡིན་པ་དང་། རོགས་སྟོན་སློབ་ཁྲིད་ཀྱི་སྐབས་སུ་ཉིན་རྒྱུན་སློབ་གྲྭར་ཡོང་ནས་ཞིབ་བཤེར་བྱེད་ཀྱིན་ཡོད་ལ་སློབ་མ་ཚོར་རེ་འདུན་ནན་པོ་བཏོན་མཁན་ཞིག་ཡིན་པས་སློབ་མ་ཚོ་ཁོང་ལ་ཧ་ཅང་སྐྲག་ལ་ཁྱིམ་མི་ཚོའང་ཁོ་ལ་གུས་བཀུར་ཆེ། དེ་བཞིན་དུ་རོགས་སྟོན་དགེ་རྒན་རྣམས་ཀྱི་ཐད་ལའང་ཧ་ཅང་གཟབ་ནན་ཡིན་པར་མ་ཟད་སེམས་གཏིང་ནས་ཤའང་ཚ་ལ་རྒྱུན་པར་ཁུལ་ཐོག་ཏུ་འགྲོ་བ་དང་ཡང་ན་རང་གི་བཙུན་ཤག་ཏུ་མགྲོན་ལ་བོས་ནས་ཟས་སྣ་གང་ལེགས་ལོངས་སུ་སྤྱོད་དུ་འཇུག་ངེས།
སྤྱིར་ཡིན་ན་སློབ་གྲྭའི་སློབ་མ་འདི་དག་ཁོང་གི་བྱིས་པ་མིན་ལ་དེ་དག་གི་འབྱུང་འགྱུར་ཡང་རང་ཉིད་ལ་འབྲེལ་བ་མེད་པས་ན། མ་འོངས་བར་བྱིས་པ་དག་གིས་ཀྱང་ཁོང་ལ་ཅི་བྱེད། ཁོང་གིས་བྱིས་པའི་མདུན་ལམ་ལ་དོ་ཁུར་བྱེད་པ་དེ་བྱིས་པའི་ཕ་མ་ལས་ཀྱང་བརྒལ་འདུག་པས་འདི་ནི་སེམས་ཀྱི་སྙིང་རྗེ་ལས་གཞན་གང་ཡང་མ་ཡིན།
གཟའ་འཁོར་སྔོན་མའི་གཟའ་མིག་དམར་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་། ཤ་བྲང་གི་བྱིས་པ་ཞིག་གིས་ལག་འཁྱེར་ཁ་པར་སྤྱད་ནས་ང་ལ་ཁ་པར་བཏང་བྱུང་། དགེ་རྒན། ཁྱེད་བདེ་མོ་ཡིན་ནམ། ཟེར་བྱུང་། ངས་ཀྱང་ང་ཧ་ཅང་བཟང་། ཕུ་བོ་གང་དུ་ཡོད་ཟེར་བར། མོས་ལན་དུ། ཕུ་བོ་ཁུལ་ཐོག་ཏུ་སློབ་གྲྭར་ཞུགས་ཡོད། སྡེ་བའི་ནང་དུ་མེད་ཟེར། ཕུ་བོ་དྲན་ནམ། ཞེས་དྲིས་པར། དྲན། ཡིན་ཡང་ཁོ་རང་ཕྱིར་ཡུལ་དུ་མ་ལོག་ན་བསམ་ཡོད། ཟེར། རྒྱུ་མཚན་ག་རེ་དྲིས་པར། ཁོང་ཚོས་སྡེ་འཁྲུག་རྒྱག་གི་འདུག ང་སྐྲག་གི་ཟེར་བྱུང་། ཨ་ཕ་གང་དུ་ཡོད་ཅེ་དྲིས་པར། ད་དུང་རི་མགོར་ཡོད། ཟེར་བས་ངས་ཅི་ཞིག་ལབ་དགོས་པའང་མི་ཤེས་པར་གྱུར།
བྲིས་ནས་མཚམས་འདིར་ཐོན་རྗེས། ཞོགས་པའི་ཆུ་ཚོད་བཞི་ལ་ཉེ་འདུག གང་ལྟར་མང་པོ་ཞིག་བརྗོད་ཡོད་རུང་ཡོད་ཚད་ནི་ཤ་བྲང་གི་རྐྱེན་ཡིན། ཉིན་བཞི་བཅུ་ལྷག་གི་དུས་ཚོད་ནང་དུ་ང་རང་སེམས་གཏིང་ནས་གནས་འདིར་དགའ་པོ་བྱུང་བ་དང་གནས་དེའི་སྡེ་མི་ཞིག་ལྟར་གཞིའང་གནས་འདི་ནས་བཅོས་ཆོག་པའི་འདོད་བློ་ཞིག་སྐྱེས་བྱུང་། ཡིན་ཡང་ཉིན་བཞི་བཅུའི་སྔ་རོལ་ལ་གསལ་ཆ་ཅི་ཡང་མེད། ང་ནི་ལྷ་སའི་མི་ཡིན། ང་ནི་ཤ་བྲང་གི་མི་ཡིན། དེ་ལས་ཀྱང་ང་ནི་བོད་མི་ཡིན། གལ་ཏེ་དྲ་བའི་སྒང་གི་འདྲ་པར་དེ་དག་ནི་བདེན་པ་ཡིན་ཚེ། ང་རང་མྱུར་ཏུ་ཤ་བྲང་དུ་ཆས་ན་འདོད་དེ། མ་ཡུམ་དེའི་རྒྱབ་ཏུ་འཁུར་བའི་བྱིས་པ་དེ་སར་བླངས་ནས་རང་ཉིད་ཀྱིས་དམ་པོར་བསྡམས་ནས་གནས་དེ་དང་གྱེས་པར་བྱེད།
ངས་བྱིས་པ་དེ་རང་ཉིད་ཀྱི་གློ་མཆིན་ལ་སྦྱར་འདོད་པ་དང་མ་ཡུམ་དེའི་ལག་གི་གཤེད་གྲི་དེ་བླངས་ནས་ཁོ་མོ་དང་མཉམ་དུ་ངུ་དངངས་ཐེངས་ཤིག་བྱེད་འདོད། ངས་ཁོང་ཚང་གི་སྐྱེས་པ་རྣམས་ལ་དོན་དག་ག་རེ་བྱུང་བ་གསལ་ཆ་བྲལ་མོད་ཡིན་ཡང་བུད་མེད་ཅིག་གིས་བྱིས་པ་དམར་འབྱར་ཞིག་འཁུར་ནས་གཡུལ་ལ་ཞུགས་པའི་རྣམ་པ་འདི་དག་དྲན་མི་ཕོད། ཡིན་ཡང་ངས་འདི་ལྟར་ནུས་མེད་ཀྱི་རྣམ་པ་ཞིག་གིས། རྒྱང་རིང་གི་ས་མཐའ་ནས་རང་ཉིད་དགའ་སའི་སྡེ་བ་དང་ཡང་ན་ཁོ་རང་ཚོ་དང་ལྷན་དུ་ཡོད་པའི་སྨོན་འདུན་ཞུ་བཞིན་ཡོད།
གནས་འདི་ནས་མི་སུ་ཡིན་རུང་མི་གཞན་ལ་སློབ་གསོ་དང་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་མེད་ལ། གལ་ཏེ་ཁྱེད་རང་ལ་སེམས་ཁྲལ་ཡོད་ཚེ་མ་ཡུམ་དང་བུས་ཕྲུག་ནང་བཞིན་གྱི་བརྩེ་བ་དེ་ཁྱེར་ཤོག ནང་འཁོན་བྱེད་ཀྱིན་པ་ནི་ང་ཚོ་དང་ཤ་ཁྲག་གཅིག་ཏུ་འདྲེས་པའི་ནང་མི་རེད། མཚོན་ཆ་དེ་དག་གིས་དམར་གསོད་གཏོང་གིན་པ་ནི་ཁོ་ཚོའི་ཕུང་པོ་ཙམ་ག་ལ་ཡིན་ཏེ། ང་ཚོའི་བཞིན་རས་དང་ཤ་རུས་གཅིག་པའི་ཁྲག་གིས་སྦགས་པའི་རུས་སྙིང་རེད། ང་ཚོས་སྐྱོན་འཛུགས་བྱེད་པའི་སྐབས་སུ་ཁོང་ཚོས་སྔོན་ཆད་ཅིག་ལ་སྡུག་ག་འདྲ་ག་འདྲ་མྱངས་པ་དང་། ཡང་ན་ད་སྐབས་ཀྱི་དམྱལ་བ་ལྟ་བུའི་འཚོ་བ་འདིའི་འཇིགས་སྐྲག་འོག་ཏུ་ཚུལ་ཇི་ལྟར་གསོན་པ་ཡིན་ནམ། འདི་དག་ལ་ཁྱོད་ཚོས་བསམ་བློ་གཏང་མྱོང་ངམ།
གལ་ཏེ་ཁྱེར་རང་གིས་དངོས་ནས་སེམས་ཁྲལ་གནང་འདོད་ཚེ་ཅི་ཞིག་ནི་བརྩེ་སེམས་ཡིན་པ་དང་། དཔྱད་གཏམ་དང་རྣམ་པ་གང་ཞིག་གིས་ད་གཟོད་ང་ཚོའི་འཇིགས་དངངས་ཁྲོད་ཀྱི་སྤུན་ཟླར་སེམས་གསོ་རེ་བྱ་ཐུབ་པར་བསམ་བློ་གཏོང་དགོས་སོ།།
ཚང་མ་བཀླགས་ཟིན།
སེམས་འགུལ་ཐེབས་པ་ཞིག་བྲིས་འདུག
བདེ་ཆེན་དབྱངས་སྒྲོན་ལགས།
དོན་དངོས་ལ་ཁ་ཕྱོགས་རྒྱུ་གལ་ཆེན་རེད། ཁྱོད་ཀྱིས་ལྷ་སྒྲུང་ལྟ་བུ་མང་པོ་བཤད་ཀྱང་། ད་ལྟའི་ཤ་བྲང་གི་གནས་སྟངས་ཅི་འདྲ་རེད། བྱི་ལ་ཤི་རོ་ཞིག་ལ་མ་ཎི་འདོན་པ་དང་སྦྱིན་སྲེག་གི་ཆོ་ག་བསྒྲུབས་པའི་ཤ་བྲང་མི་མང་གི་བྱམས་སྙིང་རྗེ་དེ་གང་ན་ཡོད། ཁྱོད་ཀྱིས་བཤད་པའི་ཤ་བྲང་གི་སེམས་གསོ་འཁོལ་པའི་གཏམ་རྒྱུད་དེ་བདེན་པ་ཡིན་ནམ། ད་ལྟའི་ཤ་བྲང་གི་སྙིང་རྗེ་མེད་པའི་ནང་འཁོན་གྱི་དམར་འཛིང་འདི་བདེན་པ་ཡིན། ཨ་མས་བྱིས་པ་རྒྱབ་ལ་ཁུར་ནས་གཡུལ་ལ་ཞུགས་པ་དེ་ཁྱོད་ཀྱིས་བཤད་པའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་ཡིན་ནམ།
དམར་འཛིང་བྱེད་ས་དེ་ཤ་ཁྲག་གཅིག་ཏུ་འདྲེས་པའི་ནང་མི་ཡིན་པ་ཤེས་ན། ཅིའི་ཕྱིར་དམྱལ་བ་ལྟ་བའི་འཇིགས་སྐྲག་གི་འཚོ་བ་འདི་རོལ་དགོས། ཁོང་ཁྲོ་དང་ཞེ་སྡང་མ་མནོན་པར་བུ་ཕྲུག་རྒྱབ་ལ་ཁུར་ནས་གཡུལ་ལ་ཞུགས་པའི་སྣང་ཚུལ་འདིར་ཁྱོད་ཀྱིས་ཅི་ཞིག་བསམ་སོང་། ཁྱོད་ཀྱིས་བཤད་ན་”གནས་འདི་ནས་མི་སུ་ཡིན་རུང་མི་གཞན་ལ་སློབ་གསོ་དང་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་མེད་ཟེར།” འདི་ལྟ་བའི་ཡིད་སྐྱོ་བའི་བྱ་ངན་དག་ལ་སྐྱོན་འཛུགས་དང་སློབ་གསོ་མི་གཏོང་ན་གང་ལ་གཏོང་། ནོར་འཁྲུལ་འདི་ནི་གཉའ་གནོན་དང་བཙན་དབང་གང་ཡང་མ་ཡིན་པར་རང་ཉིད་ཀྱིས་བཟོས་པ་ཡིན་པས་འདི་ལྟ་བུ་དག་མཐར་འདོན་དང་སློབ་གསོ་གཏོང་རྒྱུ་དེ་ང་ཚོ་ཚང་མ་བོད་པ་ཡིན་པའི་ཆ་ནས་ང་ཚོའི་འགན་ཁུར་རེད། རྗེས་མར་འདི་ལྟ་བུའི་ནོར་འཁྲུལ་ཚབ་ཆེན་མི་འབྱུང་བའི་ཆེད་དུའོ།། རོ་ལངས་ནས།
༑ཉེ་བའི་ཆར་བོད་ནང་ནས་རྩྭ་སའི་རྩོད་རྙོག་ཁག་གཉིས་བྱུང་བ་དང་མི་གསོད་དོན་རྐྱེན་ཐད་མི་མང་བོས་བསམ་ཚུལ་དང་དཔྱད་རྩོམ་ཡང་མི་ཉུང་བ་ཞིག་འབྲི་བཞིན་ཡོད། བོད་ཕྱི་ནང་གི་དྲྭ་བའི་སྟེང་དུ་འདྲ་པར་དང་བཅས་རྩོམ་ཡིག་བྲིས་པ་ཡང་འགའ་ཤས་མཐོང་། དབྱར་རྩྭ་དགུན་འབུའི་ཆེད་དུ་མི་གསོད་ཁྲག་སྦྱོར་དང་ནང་འཁྲུག་གི་དོན་རྐྱེན་དག་ཐུགས་ཀྱིས་མ་བཟོད་ནས་༧རྒྱལ་བ་རིན་པོ་ཆེ་དང་༧ས་སྐྱ་གོང་མ་རྣམ་གཉིས་ནས་སྔ་ཕྱིར་གསུངས་འཕྲིན་ཡང་བསྩལ་ཡོད།
དོ་དགོང་ཡང་གཅན་ཚ་བཟོད་པའི་གདོང་དེབ་ཏུ་ངོ་སྤྲོད་བྱས་པ་ལྟར་ཁ་བརྡ་དྲྭ་བས་ལྷ་ས་ནས་སྐྱེས་ཤིང་པེ་ཅིན་ནས་འཚར་ལོང་བྱུང་བའི་བུ་མོ་བདེ་ཆེན་དབྱངས་སྒྲོན་གྱིས་བྲིས་པའི་རྩོམ་ཡིག་ཅིག་དྲྭ་ཐོག་ལ་བཀོལ་འདུག རྩོམ་ཡིག་འདི་ཀློག་པའི་གོ་རིམ་ཁྲོད་ང་ལ་ཚོར་སྣང་གཞན་ཞིག་བྱུང་། དེ་ནི་ཆུང་དུས་ཨ་མྱེས་ཀྱིས་ང་ལ་བཤད་མྱོང་བའི་དཔའ་མོ་གཡུལ་དུ་ཞུགས་པའི་གནའ་གཏམ་ཁྲོད་ཀྱི་མི་སྣ་ཨ་སེང་རེད། བུ་སྟག་སེང་སྐྱབས་ཀྱིས་རང་གི་ཨ་མ་བཙལ་བའི་རྒྱུད་རིམ་ཁྲོད་ནས་སྲིང་མོ་ཁྱུང་འབྲུག་སྐྱིད་ཕྱིར་རྙེད་པ་དང་མཛེས་མ་ཨ་སེང་གི་མི་ཚེ་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་དུ་བཅུག་པའི་གཏམ་བརྒྱུད་བསྐྲུན་པ་རེད། གཏམ་བརྒྱུད་རིང་མོ་དེར་བདེ་ཆེན་དབྱངས་སྒྲོན་གྱིས་ང་ལ་དྲན་གསོ་ཐེབས་དུ་བཅུག་སོང་། མོས་རྩོམ་ཡིག་གི་མཐའ་ལ་ཉེ་སྐབས་འདི་འདྲ་ཞིག་བྲིས་འདུག གལ་ཏེ་དྲ་བའི་སྒང་གི་འདྲ་པར་དེ་དག་ནི་བདེན་པ་ཡིན་ཚེ།ང་རང་མྱུར་ཏུ་ཤ་བྲང་དུ་ཆས་ན་འདོད་དེ།མ་ཡུམ་དེའི་རྒྱབ་ཏུ་འཁུར་བའི་བྱིས་པ་དེ་སར་བླངས་ནས་རང་ཉིད་ཀྱིས་དམ་པོར་བསྡམས་ནས་གནས་དེ་དང་གྱེས་པར་བྱེད།ངས་བྱིས་པ་དེ་རང་ཉིད་ཀྱི་གློ་མཆིན་ལ་སྦྱར་འདོད་པ་དང་མ་ཡུམ་དེའི་ལག་གི་གཤེད་གྲི་དེ་བླངས་ནས་ཁོ་མོ་དང་མཉམ་དུ་ངུ་དངངས་ཐེངས་ཤིག་བྱེད་འདོད།
ངས་ཉན་མྱོང་བའི་གཏམ་བརྒྱུད་དེའི་མཇུག་ཏུ་དཔའ་མོ་ཨ་སེང་གིས་བྱིས་པ་རྒྱབ་དུ་ཁུར་ནས་གཡུལ་ངོ་ལ་ཞུགས་པ་ནས་ལེའུ་དེ་རྫོགས་པར་བྱས་ཡོད། ངས་རྩོམ་ཡིག་འདི་ཀློག་གིན་གཏམ་བརྒྱུད་དེར་ཉན་བཞིན་ཁ་སང་གི་གཏམ་བརྒྱུད་དང་དེ་རིང་གི་ལོ་རྒྱུས་གཉིས་གཞི་གཅིག་ཏུ་འདྲེས་པས་དཔྱད་མི་བཟོད་པ་ཞིག་འདུག ཡིན་ན་ཡང་དབྱེ་ཐག་གཅོད་མ་ནུས་པའི་ངས་གཏམ་བརྒྱུད་དེའི་འགོ་འདི་ནས་འདི་ལྟར་བརྩམ་ན་འདོད།
སེམས་འགུལ་ཐེབས་པ་ཞིག་བྲིས་འདུག་ཏེ། རྩོམ་རྔ་དེ་ཞིབ་མོ་ཞིག་མེད་པས་ཕངས་སོང་།
རེབ་གོང་གི་གཏམ་དཔེར་ཤ་བྲང་མི་ལ་མནའ་མ་སྒྲིག རྟ་གོ་སྐམ་པོས་ལྷམ་མ་འདེབ་ཟེར། སྤྱིར་ཤ་བྲང་སྡེ་བ་འདི་ཁྱིམ་མཚེས་སྡེ་བ་དག་ལ་འབྲེལ་བ་མེད་ལ་ཇག་རྐུན་ཏག་ཏག་གི་ལས་བྱེད་མཁན་མང་བོ་ཡོད། གཙོ་བོ་དེ་ཤ་བྲང་སྡེ་བའི་གོང་ན་ས་དངུལ་གོང་ཟེར་ས་ཞིག་ཡོད། ལོ་རབས་བདུན་བཅུ་དང་བརྒྱད་བཅུའི་ནང་དེ་ན་དགྱ་ཞ་ཉེའི་གཏེར་བརྐོ་མཁན་མང་། དེ་རྗེས་ཤ་བྲང་སྡེ་བས་སྨད་རྒྱ་ཚོང་བ་ཞིག་ལ་གན་རྒྱ་བཞག་ནས་བྲག་ཁུང་གཅིག་བརྐོས་ན་རྒྱ་སྒོར་ཁྲི་ཚོ་ཁ་ཤས་རག་གི་ཡོད་པས་ལོ་རྒྱུས་གོ་མྱོང་། སྡེ་གཞུང་ལ་སྒོར་མོ་མང་རྐྱེན་ཁ་ཆེ་ཚོང་བ་མང་པོ་ལ་ངན་འབྲེལ་གྱིས་མེ་མདའ་སྣ་ཚོགས་ཉོས་ཡོད་ནི་རེད།འོག་གི་ཆུ་མ་སྡེ་བ་དང་འབྲེལ་བ་མེད། གཡས་གཡོན་གྱི་དོར་ཉིན་དང་ཧོར་ནག་ལའང་འབྲེལ་བ་ཡག་པོ་མེད། ལོ་ཁ་ཤས་སྔོན་དོར་ཉིན་ལ་བརྙས་བཅོས་བྱས་ཡོད་ནི་རེད། ད་ལྟ་བློན་ཆོས་རོང་འབྲོག་ཚང་མ་ལ་འཁྲུག་པ་བྱུང་ནས་ཕར་མེ་མདའ་རྒྱབ་སྟེ་ཕར་མི་་གཉིས་བསད་འདུག ཁ་སང་དེ་རིང་རྒྱ་ཡིག་གི་སྟེང་ནས་ཤ་བྲང་སྡེ་བའི་སློབ་གསོ་གོང་འཕེལ་ལ་འགྲོ་རབས་མང་པོ་མཐོང་གི་འདུག ངོ་མ་ཡག་པོ་རེད། འོན་ཀྱང་ཁ་སང་དེ་རིང་གི་རྩ་སའི་དོན་རྐྱེན་གྱི་ཁུངས་ཤ་བྲང་ལ་ཐུག་ཡོད་པ་གཅིག་གིས་ཀྱང་བྲིས་མི་འདུག བློན་ཆོས་སྡེ་བ་རེབ་གོང་ཁུལ་ཐོག་ལ་འགྲོ་ན་ཤ་བྲང་སྡེ་བའི་དཀྱིལ་ནས་འགྲོ་དགོས་བས་ལོ་ཁ་ཤས་སྔོན་ནས་འཕྲུལ་རྟ་བཅག་པ་དང་མི་ལ་གཅར་རྡུང་བྱས་བ་མང་པོ་བྱུང་ཡོད་ནི་རེད། དེ་ཡག་པོ་མ་རེད། གནས་ཚུལ་ངོ་མ་དེ་བྲིས་ན་ཡག་པོ་འདུག གཞན་ཕུ་ནུ་མིང་སྲིང་ཚང་མ་མཉམ་དུ་ཡོད་དུས་ངོ་ཚའི་གཏམ་སྣ་ཚོགས་བཤད་པ་དང་། ཤི་བོ་མང་པོའི་མིང་གིས་བཟུང་ནས་གསན་མི་ཐུབ་པའི་གཏམ་སྣ་ཚོགས་ལབ་རྒྱུ་ནི་ཤ་བྲང་གི་བྱེད་ཐབས་གཅིག་རེད། བྱ་ཁྱུང་རྫ་འདབས་ཀྱི་རྩ་དེ་བློན་ཆོས་དང་ཤ་བྲང་། ཆུ་མ་གསུམ་གྱི་སྤྱི་ས་ལྟ་བུ་རེད། ཤ་བྲང་གིས་དེ་སྒེར་འཛིན་བྱེད་བསམ་གི་ཡོད་ནི་རེད།
རྔ་མ་འབྲི་ག་ལ་ཉན། རྩོམ་དེའི་རྔ་མ་ནི་བོད་པ་སྤྱི་དང་ཁྱད་པར་དུ་ཨ་མདོ་བ་ཚོའི་ངོ་གདོང་ངོ་མ་དེ་རེད། བུ་མོ་དེས་བྲིས་པ་ནི་ང་ཚོས་གྱོན་པའི་གདོང་འབག་ཙམ་ཞིག་རེད། བླུན་རྒན། དེ་ཙམ་ཡང་མི་ཤེས་སམ།