Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་འབྲིའི་རང་དབང་གི་ཆེད་དུ་སྒོ་ཤེར་ཕྱིར་འབུད་བྱས་འདུག

Posted on 2013-06-132013-06-13 By ཁ་བརྡ་ 28 Comments on རྩོམ་འབྲིའི་རང་དབང་གི་ཆེད་དུ་སྒོ་ཤེར་ཕྱིར་འབུད་བྱས་འདུག

མཁོ་སྤྲོད་པ། རང་དབང་རྒྱལ།

རྔ་བ་ཀིརྟི་དགོན་དུ་རྩོམ་འབྲིའི་རང་དབང་སྔར་ལས་དམ་རུ་བཏང་ཞིང་། སྒོ་ཤེར་ཕྱིར་ལ་ཡོང་སའི་སྒོ་བརྒྱབས་འདུག

 ཟླ་འདིའི་ ༦ ཚེས་ ༩ ནས་ཚེས་ ༡༢ བར་རྔ་བ་དགོན་དུ། གྲྭ་བའི་རྩོམ་འབྲིའི་རང་དབང་བཀག་པའི་དོན་རྐྱེན་ཐད་ནས། སྒོ་ཤེར་དགོན་པ་དང་བྲལ་རྗེས། དགོན་པའི་ཤཻས་ཡོན་འགན་འཛིན་ལྷན་ཚོགས་ལ་སྐྱོན་བརྗོད་དང་འབྲེལ་ཏེ། སྒོ་ཤེར་རབ་ལ་དཀར་འདོན་དགོས་ཞེས་སྔ་ཕྱིར་དགོན་པ་རང་ཁོངས་ཀྱི་ཤེས་ལྡན་པ་མང་པོ་ཞིག་གིས་རྩོམ་ཡིག་བཀྲམས་ནས་རེ་འདུན་ཞུས་ཡོད་དེ།

དཔེར་ན། ཁང་ཚེ་རིང་གིས་《གནད་ཀྱི་དོན་ལ་ཀུན་གྱིས་སོམས།》ཞེས་པ་དང་། ལྷུན་གྲུབ་ཀྱིས་《ན་ཟུག་འོག་གི་སྐད་ཆ་ཞིག》ཞེས་པ་དང་། འཇིགས་མེད་ཀྱིས་《དཀྲུགས་ཤིང་མ་རེད་ཐུགས་ཁུར་རེད》ཅེས་པ་དང་། ཀིར་ཚེས་《བསམ་གཞིག་དང་འོས་ལངས།》 ཞེས་པ་དང་། རྒྱ་འཇིགས་ཀྱིས་《གནས་ལུགས་ཀྱིས་ཀྱང་ངུ་ལབ་བྱེད་ཀྱི་འདུག》 ཅེས་པ་དང་། རྭ་ཛ་རྒྱལ་མཚན་གྱིས་《གས་ཆག་ལས་བྱུང་བའི་གཏམ།》 ཞེས་པ་དང་། རྡོ་ཆོས་ཀྱིས་《སེམས་ངལ་གྱིས་བསླངས་པའི་འོ་འདོད།》 སོགས་རེད།

དེ་བཞིན་དུ་ཁ་སང་དགོན་པ་རང་གི་གྲྭ་པ་ཉིས་བརྒྱ་དང་ལྔས་མིང་རྟགས་བཀོད་དེ། སྒོ་ཤེར་གྱི་གནད་དོན་ཐད་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་དེ་ཡིན་འདི་ཡིན་གྱི་བརྡ་ལན་གསལ་ཐག་ཆོད་དགོས་ནན་ཏན་ཆེན་པོས་བརྗོད་འདུག

འོན་ཀྱང་དགོན་གཞུང་གིས་དེ་དག་ལ་འོས་མཐུན་གྱི་དོ་ཁུར་བྱས་མེད་ལ། ཁ་གསལ་གྱི་བརྡ་ལན་གང་མ་སྤྲད་པར། ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་གྱོད་ཉལ་བྱས་པའི་གནོན་ཤུགས་འོག་ཏུ། དེ་རིང་ཞོགས་པར་དགོན་གཞུང་གིས་ཀྱང་རྩོམ་འབྲིའི་ཐད་སྔར་གྱི་ཁྲིམས་དེ་ལ་འགྱུར་བ་གང་ཡང་མི་གཏོང་རྒྱུ་དང་། སྒོ་ཤེར་ཕྱིར་དགོན་པར་ཡོང་མི་ཆོག་རྒྱུ་དྲིལ་བསྒྲགས་བྱས་སོང་ལ། ཆ་རྐྱེན་དེ་ལ་བརྟེན་ནས། དེ་རིང་ནས་བཟུང་ཤེས་ཡོན་འགན་འཛིན་ལྷན་ཆོགས་ཀྱིས་ཀྱང་གྱོད་ཉལ་བྱས་པ་ལས་ལངས་ཏེ་ལས་ཀར་ཞུགས་འདུག

_____________________________________________

སྒོ་ཤེར་དང་རྩོམ་འབྲིའི་རང་དབང་།


      ད་ལོ་སྟེ་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ཚེས༢༡ཉིན།    རྔ་པ་ཀིརྟི་དགོན་ཆེན་གྱི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་གཙོས་པའི་དབང་འཛིན་ཚོས། 《 གྲོས་ཆོད་ཡི་གེ》 ཟེར་བ་ཞིག་བཀྲམ་སྟེ། དེང་ཕྱིན་དགོན་པ་འདིའི་ནང་དུ་རྩོམ་ཡིག་གང་ཡིན་ཐམས་ཅད་དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་མ་གནང་བར་འགྲེམས་སྤེལ་མི་ཆོག་ལ། བཀྲམ་ན་ནི་དཔེ་ཆ་སོགས་གཞུང་བསྡུ་བྱས་ཏེ་ཆད་པ་ནན་མོ་གཅད་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
      དེ་རྗེས་ཟླ༦ཚེས༤ཉིན། དགོན་པ་འདིའི་ཁོངས་སུ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོས《 ཁ་ཞིག་མི་གྲག་ཀ་མེད་བྱུང་སོང》 ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ།   ཁྲིམས་ཡིག་དེ་ནི་དགོན་པའི་གྲྭ་མང་གི་རྩོམ་འབྲིའི་རང་དབང་འགོག་བྱེད་ཅིག་ཡིན་པས། ཕན་པ་ལས་གནོད་པ་ཆེ་ངེས་པའི་ལྟ་ཚུལ་གསལ་པོར་བརྗོད་པར་མ་ཟད།   དེ་འདྲའི་སྒེར་གཅོད་བྱེད་ཐལ་ཆེ་ན།   དགོན་པའི་ཆོས་རིག་འཕེལ་རྒྱས་ཐད་ལྡོག་ཕྱོགས་ཀྱི་གནོད་པ་ཤིན་ཏུ་ཆེ་ཚུལ་སོགས་ཀྱི་སྒོ་ནས་ཤེས་འགན་ལྷན་ཚོགས་ཀྱི་ལས་ཀ་སྒྲུབ་ཚུལ་ལ་སྐྱོན་བརྗོད་ཀྱང་བྱས་པ་རེད། 
      དེའི་ཕྱི་ཉིན་ཏེ་ཟླ༦པའི་ཚེས༥ཉིན།   རྔ་པ་ཀིརྟི་དགོན་པའི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཆ་ཚང་གྲྭ་མང་གི་ཚོགས་དབུས་སུ་ཕེབས་ཏེ། “ཁ་སང་སྒོ་ཤེར་གྱིས་ང་ཚོ་ལ་སྐྱོན་བརྗོད་བྱས་འདུག་པས།   དེ་རིང་ནས་ང་ཚོའི་ལས་ཀ་ཡོད་ཚད་མཚམས་འཇོག་བྱས་པ་ཡིན“ཞེས་གྱོད་ཉལ་བྱས་པ་རེད།   ས་ཆ་འདི་གའི་སྲོལ་ལུགས་ལ་དགོན་པའི་ལས་སྣེ་ཆེ་ཁག་གིས་གྱོད་ཉལ་བྱས་ན་སྒོར་ཁྲི་མང་པོ་འཇལ་ཏེ་ཡར་ལངས་ཐབས་བྱེད་དགོས་པ་རེད།
      དེ་རྗེས་ཟླ༦པའི་ཚེས༩ཉིན།   སྒོ་ཤེར་གྱིས། ཤེས་འགན་ལྷན་ཚོགས་ཀྱིས་དེ་ལྟར་ལས་མཚམས་བཞག་ཅིང་གྱོད་ཉལ་བྱས་པའི་གནོན་ཤུགས་ཁུར་མ་བཟོད་པ་དང་། རྒྱུ་མཚན་དང་གནས་ལུགས་གཏན་ནས་ཞུ་ས་མེད་པར་བློ་ཕམ་པ་དང་། ཤེས་འགན་ལྷན་ཚོགས་ཀྱིས་གྱོད་ཉལ་བྱས་པ་ལས་ཡར་སློང་བྱེད་ཀྱི་རྒྱུ་ནོམ་སྤྲད་རྒྱུ་མེད་པ་སོགས་ཞིབ་ཏུ་བྲིས་པའི་རྩོམ་ཡིག《 དབང་མེད་ཐབས་མེད་དུ་ཕུལ་བའི་གྱེས་ཕྱག》 ཅེས་པ་ཞིག་སྤེལ་ཏེ། ཇི་སྲིད་ཤེས་འགན་ཚོགས་པས་རང་ཉིད་ལ་ཉེས་པ་གཏན་ནས་མེད་པ་གསལ་པོར་མ་རྟོགས་པ་དེ་སྲིད་དུ། དགོན་པ་ནས་ཕྱིན་པ་ཡིན་ཞེས་བསྒྲགས་སོ། །
     འོག་ཏུ《 གྲོས་ཆོད་ཡི་གེ》 ཞེས་པའི་ཁྲིམས་ཡིག་དེ་དང་། སྒོ་ཤེར་གྱི་རྩོམ་ཐུང་གཉིས་ཀ་བཀོད་ཡོད་པས་གཟིགས་པར་འཚལ།

 

__________________________________
                           ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་།
                                            སྒོ་ཤེས་རབ་རྒྱ་མཚོ།
ད་ལོའི་ལོ་མགོ་ནས་བཟུང་། རང་དགོན་དུ་སྒྲིག་ལམ་ལེགས་བཅོས་ཀྱི་ལས་ཀ་དངོས་སུ་བརྩམས་ཏེ་ཟླ་བ་འགའ་ཤས་ཕྱིན་པ་རེད། དེ་ཡང《བཅའ་ཡིག་གསར་པ》གཞིར་བཟུང་སྟེ། དེ་སྔའི་གནད་དུ་མི་འགྲོ་ཞིང་། སློབ་གཉེར་ལ་གནོད་པའི་ཚོགས་མང་པོ་ཞིག་མེད་པར་བཟོས་ཤིང་། ཚོགས་ཀྱི་དུས་ཚོད་དང་ཚོགས་འཚོགས་ཚུལ་བཅས་བསྒྱུར་པའི་ཐོག རྩོད་པ་ནི་དགོན་སྡེའི་མཚན་ཉིད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྔར་དང་མི་འདྲ་བར་ཆོས་གྲྭའི་འཚོགས་སྲོལ་ལའང་ཕན་ངེས་ཀྱི་འགྱུར་བ་ལེགས་ཙམ་བཏང་བར་མ་ཟད། དེ་སྔའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཁོ་ནར་ཟད་པའི་རང་དགོན་གྱི་བློ་རྒྱུགས་རྫུན་མ་དེའི་ངོ་བོ་ལའང་འགྱུར་བ་ཞིག་གཏོང་གྲབས་བྱེད་ཀྱིན་པར་འདུག
དེར་མ་ཟད། སློབ་གཉེར་པ་མང་པོས་ཐེངས་དུ་མར་ཤུགས་ཆེའི་རེ་འདུན་ཕུལ་བའི་བཀའ་དྲིན་ལ་བརྟེན་ནས། རང་དགོན་གྱི་སློབ་གཉེར་པའི་གྲངས་ཀ་དང་བསྡུར་ན། སྤྱིར་ན་དགེ་རྒན་གྱིས་མི་ལྡེང་ཞིང་། དེ་ལས་ཀྱང་སྤུས་ཚད་ལྡན་པའི་དགེ་རྒན་ཤིན་ཏུ་ཉུང་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་དེ་དབང་འཛིན་མཁན་རྣམ་པས་ཀྱང་མཐར་ཁས་བླངས་ནས། རང་ཉིད་དགོན་པ་ཆེ་རབས་དང་། གདན་ས་གཉན་རབས་ཀྱི་ངོ་པགས་ཙམ་བསྲུང་བའི་ཕྱིར་ཡིན་མདོག་དང་ཡོད་མདོག་ཁོ་ན་བསྟན་ནས་མ་བསྡད་པར། ཕྱོགས་གཞན་དང་གཞན་ནས་ཀྱང་ཚད་ལྡན་དགེ་བའི་བཤེས་གཉེན་རེ་གདན་དྲང་རྒྱུའི་གྲ་སྒྲིག་ལ་བརྩོན་གྱིན་པ་སོགས་གདན་ས་རང་གི་འཆད་ཉན་ལ་ཕན་པའི་འགྱུར་བ་བསྔགས་འོས་པའི་རིགས་དང་། བསྟོད་འོས་པའི་རིགས་སྣ་ཚོགས་ཤིག་མིག་མཐོང་ལག་ཟིན་དུ་སོང་བ་རེད།
དེ་ལྟ་བས་ན། ཐེངས་འདིའི་ལེགས་བཅོས་འདི་ཉིད་བྱ་བཞག་གཞན་དག་གི་ཐད་ལ་ནི་ཇི་འདྲ་ཞིག་ཏུ་འགྱུར་གྱི་ཡོད་ཆ་མ་འཚལ་ཏེ། དགོན་པའི་སློབ་གཉེར་ངོས་ནས་བལྟས་ཚེ། འདི་ནི་རྒྱུན་སྐྱོང་དགོས་པའི་ལེགས་བཅོས་ཤིག་དང་། དོན་སྙིང་བཟང་ཙམ་ཡོད་པའི་ལེགས་བཅོས་ཤིག་ཏུ་ངོས་འཛིན་རུང་བ་བཤད་མི་དགོས་པས། ལེགས་བཅོས་ཀྱི་ལས་གཞི་འདིའི་བརྒྱུད་རིམ་རིང་མོའི་ཁྲོད་དུ། ལས་ཀའི་སྣེ་འཁྲིད་མཁན་ཚོ་དང་། བྱ་བའི་ཁུར་འཆང་མཁན་ཚོས་ནི། རང་རང་གི་ས་ནས་དཀའ་ལས་དང་སྐུ་ཚེགས་ཀྱང་མང་དུ་མྱངས་ཤིང་མྱོང་བཞིན་པ་ཡང་སྨོས་མེད་ཡིན་པས་དེའི་ཆ་ནས་བཀའ་དྲིན་ཞུ་འོས་པའང་གསལ་པོ་ཤེས་ཡོད།
འོན་ཏེ། ལེགས་བཅོས་ཀྱི་རླབས་རྒྱུན་འདིའི་ཁྲོད་དུ། བློ་ཕམ་ཞིང་ཧ་ལས་དགོས་པའི་ཐག་གཅོད་རེ་ཡང་མཛད་ཀྱིན་འདུག་སྟེ། དཔལ་ལྡན་ཟླ་བས། “བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན།།”ཞེས་ཇི་སྐད་གསུངས་པ་ལྟར་གྱི་གནད་དོན་ཡིན་ནམ། ཡང་ན་ནི། “ཐུད་རྫི་རྒན་མོས་ལག་ངོར་མཆིལ་མ་བཏབ”པའི་དཔེ་རུ་སོང་བ་ཡིན་ཆ་མ་འཚལ་མོད། ཉིན་ཤས་ལས་མ་འགོར་པའི་ཡར་སྔོན་ཏེ། ད་ལོའི་ཟླ༥པའི་ཚེས༢༡ཉིན། རང་དགོན་གྱི་ཤེས་ཡོན་འགན་འཛིན་ལྷན་ཚོགས་གཙོ་བོར་གྱུར་པའི་དབང་འཛིན་ཚོས《གྲོས་ཆོད་ཡི་གེ》ཟེར་བ་ཞིག་བཀྲམ་པའི་ནང་དུ། ཡ་མཚན་སྐྱེ་དགོས་པའི་སྐད་ཆ་འདི་འདྲ་ཞིག་བྲིས་འདུག “དགོན་པའི་ནང་ཁུལ་དུ་ཚགས་པར་དང་། དཔེ་དེབ་ཞིག་འགྲེམས་སྤེལ་བྱེད་ཚེ། ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་བཀའ་འཁྲོལ་འོག་ནས་འགྲེམས་རྒྱུ་མ་གཏོགས་རང་འདོད་ཀྱིས་བཀྲམ་མི་ཆོག་ལ། གལ་ཏེ་བཀྲམ་ཚེ་དཔེ་ཆ་དེ་གཞུང་བསྡུས་བྱས་པའི་སྟེང་དུ་ཆད་པ་ནན་པོ་གཅོད་རྒྱུ་ཡིན”ཞེས་པ་དེ་རེད།
ཅིའི་ཕྱིར། ཅིའི་ཕྱིར། རྩོམ་ཡིག་གི་བརྗོད་བྱ་རུ་ཅི་ཞིག་གམ་གང་ཞིག་བྲིས་ཡོད་པས་མ་ཡིན་ལ། རྩོམ་ཡིག་གིས་སྤྱི་ཚོགས་ལ་བསྐྱེད་པའི་ཕན་གནོད་ཀྱིས་ཀྱང་མ་ཡིན་ལ། རྩོམ་ཡིག་ཏུ་འགན་མི་ཁུར་བའི་རྫུན་དང་ཕྲ་མ་སོགས་ཡོད་མེད་ཀྱིས་ཀྱང་མ་ཡིན་པར། ཁོང་ཅག་ལ་མ་བསྟན་པར་བཀྲམ་པ་ཙམ་གྱིས་ཁྲིམས་ཆད་ནན་མོ་གཅད་ངེས་པའི་བཀའ་ཁྲིམས་དྲག་པོ་དེ་ནི། ཆོས་ཀྱི་གཏན་ཚིགས་གང་ལ་བརྟེན་པ་ཡིན་ནམ། ཡང་དག་རིགས་ལམ་གང་ནས་བྱུང་བ་ཡིན་ནམ། ཐུབ་པའི་བཅས་མཚམས་གང་ལ་ཁེན་པ་ཡིན་ནམ།
ཇི་ལྟར་བསམས་ཀྱང་། ཇི་ལྟར་དཔྱད་ཀྱང་། ཆོས་འཇིག་རྟེན་གང་ཐད་ནས་ཡང་དག་པའི་གཏན་ཚིགས་དང་། དོན་གྱི་གནས་ལུགས་ཀྱི་གཞི་འཛིན་ས་གཏན་ནས་མེད་པའི་བཙན་ཁྲིམས་དྲག་པོ་དེ་ནི། མི་འགའ་ཞིག་གིས་བསམ་ཚོད་དུ་བཟོས་པའི་སྒེར་གཅོད་ཀྱི་ལས་ངན་ཚབས་པོ་ཆེ་ཞིག་ཏུ་མཐོང་བས། དེས་ནི་དགོན་པའི་ཆོས་རིག་འཕེལ་རྒྱས་དང་། གྲྭ་པའི་ཀུན་སྤྱོད་ལེགས་བཅོས་ཀྱི་ཐད་ལ་ཕན་འབྲས་གཏན་ནས་མེད་པ་ལྟ་ཅི། ལྡོག་སྟེ་དངོས་རྒྱུད་ཀུན་ནས་དགོན་པའི་ཤེས་རིག་གི་མཁའ་དབུགས་དང་། རིག་གནས་ཀྱི་ཞིང་ས་གཙང་མ་གཞི་མེད་དུ་གཞོམ་པར་འགྱུར་ངེས་པ་གསལ་པོ་ཡིན་པས། རྒྱུ་འབྲས་ཀྱི་མིག་མ་བོར་བའི་སྐྱེས་བུ་དཔྱོད་ལྡན་ཞིག་ཡིན་ཕྱིན། དགོས་པ་ཆུང་ཞིང་། དགག་བྱ་ཤིན་ཏུ་ཆེ་བའི་ལས་འདི་ནི་བཟོད་ཐབས་བྲལ་པའི་ཐལ་མཐའི་སྒེར་གཅོད་ཅིག་ཏུ་མི་བརྩི་ཐུ་མེད་རེད།
དེས་ན། ཕྲན་རང་ཉིད་ནི་རང་དགོན་གྱི་གྲལ་མཇུག་ཟིན་མ་ཟིན་ཙམ་གྱི་དགེ་འདུན་པ་ཞིག་ཡིན་ཁར། རྩོམ་འབྲིའི་ལས་ཀ་དེ་རང་གི་མི་ཚེའི་བྱ་བ་གལ་ཆེན་ཞིག་ཏུ་ངོས་འཛིན་མཁན་གྱི་ངོས་ནས། བཙན་ཁྲིམས་འདིས་བསླངས་པའི་ན་ཟུག་ནི་གཞན་ལས་ཆེ་ལ། བཙན་ཁྲིམས་འདིས་ཕྱིན་པའི་ཚོར་བའང་གཞན་ལས་སྐྱེན་པས། རང་གི་མགོར་མཇུག་འབྲས་ཅི་ཞིག་ཡོང་རུང་བློས་བཏང་སྟེ། རང་ཉིད་སྒེར་གྱི་རྩོམ་འབྲིའི་ཐོབ་ཐང་གི་ཆེད་དུ་ཟེར་ནའང་ཆོག དགོན་པ་འདིར་ཤེས་རིག་གི་མཁའ་དབུགས་གཙང་མ་ཞིག་ཆགས་པའི་ཆེད་དུ་ཟེར་ནའང་ཆོག དགོན་སྡེེ་འདིའི་གཞོན་སྐྱེས་ཕྱི་རབས་པའི་ཆེད་དུ་ཟེར་ནའང་ཆོག་སྟེ། གང་ལྟར་རྒྱུ་འབྲས་ཀྱི་ཚབ་བྱས་ཤིང་། བདེན་དོན་ལ་དཔུང་བཅོལ་ནས། བཙན་ཁྲིམས་འདི་བཟོ་མཁན་གྱི་དབང་འཛིན་པ་ཚོ་ལ་གནས་ལུགས་ངོ་སྤྲོད་པའི་སྐད་ཆ་དང་། རྒྱུ་འབྲས་མདུན་ལ་བཤམས་པའི་འབོད་སྐུལ་ཞིག་མི་བྱ་ཀ་མེད་བྱུང་སོང་།
                      གཅིག
མ་གཞི་དེའི་ཡར་སྔོན་དུ། 《གསར(གསལ)བསྒྲགས》ཞེས་པའི་ཁྲིམས་ཡིག་ཅིག་སྤེལ་ཏེ། དེང་ཕྱིན་རང་དགོན་གྱི་གྲྭ་པ་ཚོའི་ངག་ཐོག་གི་སྐད་ཆ་དང་། ཡིག་ཐོག་གི་རྩོམ་ཡིག་གཉིས་ཀའི་བརྗོད་བྱ་འདི་དང་འདི་ལས་འདས་ན་གནས་དབྱུང་གཏོང་རྒྱུ་ཡིན། དེ་དང་དེ་ལས་བརྒལ་ན་གནས་དབྱུང་གཏོང་རྒྱུ་ཡིན་ཞེས་ཚིག་མཐའ་མནའ་ཡིས་བཀག མནའ་མཐའ་ཐེལ་གྱིས་མནན་ཟིན་པ་རེད། དེར་བརྟེན། ད་ནི་སུ་ཞིག་ཁྱེད་ཅག་གིས་བཞག་པའི་ཁྲིམས་ཀྱི་མཐའ་ཐིག་དེ་དང་འགལ་བར་གྱུར་ཚེ། ཇི་ལྟར་ཐག་བཅད་པའི་ཁྲིམས་སྲོལ་བཞིན་ལག་ལེན་དུ་གདབ་རྒྱུ་བྱས་ནས། དེའི་མཐའ་ཐིག་ཚུན་ཆུད་དུ། རང་དགོན་གྱི་གྲྭ་པ་རྣམས་ལའང་རྩོམ་འབྲིའི་རང་དབང་ཞིག་དང་། རྩོམ་འབྲིའི་བར་སྟོང་ཞིག་བཞག་ན་འགྲིག་གི་མ་རེད་དམ།
   ད་རུང་དེས་མི་ཚིམ་པར། ཀླད་པ་ཡོད་ཚད་དགྲ་དོགས་ཀྱིས་གང་བའི་བཟོ་འདྲ་ཞིག་བསྟན་ཏེ། དེང་ཕྱིན་རང་དགོན་ནས་ཚགས་པར་དང་། རྩོམ་དེབ་གསར་པ་ཞིག་དགྲམ་པར་འདོད་མཁན་ཚོས། བརྩམས་ཆོས་གང་དེ་ཐོག་མར་ངེས་པར་དུ་ངེད་ཅག་གི་ལག་ཏུ་འཇོག་དགོས་ལ། དེ་ལྟར་མ་བཞག་ན་ཆད་པ་གཅད་རྒྱུ་ཡིན་ཞེས་པ་ནི། ཅི་འདྲའི་ཧམ་ཤེད་ཆེ་ཞིང་། མི་ཆོས་ལས་འདས་པའི་ངར་སྐད་ལྟར་སྣང་ཞིག་མ་ཡིན་ནམ། གལ་ཏེ་ནམ་ཞིག་ན། རང་དགོན་གྱི་གྲྭ་པ་ཞིག་གིས་བསྟན་དང་འགྲོ་བར་ཕན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་བྲིས་ཏེ། བོད་པའི་ཤེས་དཔལ་གྱི་རྒྱན་དུ་འབུལ་ཐུབ་པའི་དབང་དུ་བཏང་རུང་། ཐོག་མར་ཁྱེད་ཚོ་ལ་སྤྱན་བསྟར་ཞིག་ཞུས་མེད་ན། ཁྲིམས་ཆད་རི་ལས་ལྕི་བ་ཞིག་འཁུར་དགོས་པ་ཨེ་རེད། ཞིབ་ཏུ་སོམས་དང་། ཁྱེད་རྣམ་པའི་དབང་ཤུགས་ཀྱི་ཕྱག་ཟུང་རིང་དྲག་པ་མ་ཡིན་ནམ། ཁྱེད་རྣམ་པའི་སྒེར་གཅོད་ཀྱི་ཧམ་ཤེད་ཆེ་དྲག་པ་མ་ཡིན་ནམ།
རྩོམ་དེབ་ཐམས་ཅད་མ་བཀྲམ་པའི་སྔ་རོལ་དུ་ཁྱེད་ཅག་ལ་བསྟན་དགོས་ཞེས་ཁྲིམས་སུ་བཟོས་པས་ནི། རང་དགོན་གྱི་རྩོམ་ཡིག་ཐམས་ཅད་ལས་གང་འགྲིག་དང་མ་འགྲིག་གི་ཚད་ཁྱེད་ཚོས་འཛིན་རྒྱུ་དང་། རང་དགོན་གྱི་རྩོམ་ཡིག་ཐམས་ཅད་ལས་གང་ལེགས་དང་མི་ལེགས་ཀྱི་བཀའ་ཁྱེད་ཚོས་བསྩལ་རྒྱུའི་འཆར་གཞི་མ་ཡིན་ནམ། ཡིན་ཏེ། གལ་ཏེ་རྩོམ་ཡིག་ཅི་བྲིས་ཐོག་མར་ཁྱེད་ཅག་གི་ལག་ཏུ་འཇོག་པའི་དབང་དུ་བཏང་ན། ཁྱེད་ཚོས་ནི། འདི་འགྲིག་པས་འགྲེམས་ཆོག་དང་། འདི་མི་འགྲིག་པས་འགྲེམས་མི་ཆོག་ཅེས་ལ་ལ་གཡས་སུ་བཅད་ཅིང་། ཁ་ཅིག་གཡོན་དུ་བཀར་ཤག་ཤག་ཡིན་པར་མ་ཟད། འདི་ཚིག་མི་ལེགས་པས“བཅོས“དགོས་དང་། འདི་དོན་མི་འགྲིག་པས”འདོར“དགོས་ཞེས་ཀྱང་ཁྲམ་རྟགས་སྣ་ཚོགས་མི་འདེབས་པའི་ངེས་པ་ག་ལ་ཡོད།
དེ་ལྟར་ནམ་ཉི་མ་ཞིག་ནས། རང་དགོན་གྱི་གྲྭ་པའི་བརྩམས་ཆོས་ཡོད་ཚད་ལ་གཤག་བཅོས་བྱེད་པའི་དབང་ཆ་ཁྱེད་ཚོའི་ལག་ཏུ་ཤོར་ཚར་རྗེས། ཕར་ཕྱིན་གྱི་དཔྱད་རྩོམ་འདི་ཡིག་ཆའི་སྒྲས་ཟིན་དང་མི་མཐུན་པས“ནོར”འདུག་ཟེར་བ་དང་། དབུ་མའི་དཔྱད་རྩོམ་འདི་རང་རེའི་ཁས་ལེན་དང་མི་མཐུན་པས“རྨོངས”འདུག་ཟེར་བ་དང་། སྤྱི་ཚོགས་དཔྱད་བརྗོད་འདི་གསར་ཞད་ཆེ་བས“འཕྱུག”འདུག་ཟེར་བ་དང་། སྙན་ངག་བརྩམས་ཆོས་འདི《མེ་ལོང་མ》དང་འགལ་བས“ཉེས”འདུག་ཟེར་བ་དང་། རིག་གནས་ལྟ་ཚུལ་འདི་སྔ་མོའི་རྒྱུན་དང་མི་མཐུན་པས“འཁྲུལ”འདུག་ཟེར་བ་སོགས་ནས་བཟུང་སྟེ། རང་རེའི་ཡིག་ཆར་མཐུན་མི་མཐུན་དང་། རང་རེའི་བརྩི་བཞག་ལ་མཐུན་མི་མཐུན། རང་རེའི་མན་ངག་དང་མཐུན་མི་མཐུན། མཐར་ཕལ་ཆེར་རང་ཉིད་དང་མཐུན་དང་མི་མཐུན་གྱི་བར་དུ། ཞུས་དག་གཏོང་ཁུལ་གྱིས་བཀའ་བཙན་རི་དང་འདྲ་བ་དག་རིམ་པ་བཞིན་དུ་མི་འབེབ་པའི་ཁག་ཐེག་སུ་ཡིས་བྱེད་དམ། སུས་ཀྱང་བྱེད་མི་ཐུབ་སྟེ། ཚད་མེད་པའི་དབང་ཤུགས་ཀྱིས་ནི་འདི་བྱེད་དང་འདི་མི་བྱེད་ཀྱི་དབྱེ་བ་ཞིག་མ་གཞི་ནས་འཇོག་དཀའ་བས་སོ། །
སྤྱིར་བཤད་ན། བརྩམས་ཆོས་རྣམ་དག་ཅིག་ཡིན་ཕྱིན། དེའི་ཡིག་འབྲུ་རེ་རེ་ཡང་རྩོམ་པ་པོའི་བསམ་བློས་བཙོ་སྦྱང་བྱས་པ་ལས་ཐོན་པའི་རི་མོའི་འདུ་བྱེད་ཡིན་འོས་པས། རྩོམ་ཡིག་ཟེར་བ་ནི་མི་རེ་རེའི་ཤེས་རབ་ཀྱི་འོད་དཀར་གཟུགས་སུ་གྲུབ་པའི་གཞིས་ཁྱིམ་ཡིན་ལ། རྩོམ་ཡིག་ཟེར་བ་ནི་མི་རེ་རེའི་བསམ་གཞིག་གི་རང་མདངས་དབྱངས་སུ་བཀུག་པའི་རོལ་མོ་ཡང་ཡིན་པ་རེད། དེ་བས་ན། ལེགས་པའི་བརྩམས་ཆོས་ཞེས་པ་ནི། རྩོམ་པ་པོ་སྒེར་རེ་རེའི་ཁྱད་ཆོས་དང་། རང་བཞིན། ངེས་རྟོགས། རང་གཤིས། མཛེས་དཔྱོད། རིན་ཐང་ལྟ་བ་བཅས་ཀྱིས་གྲུབ་པ་ཞིག་དགོས་པ་རེད། གལ་ཏེ་རང་དགོན་གྱི་གྲྭ་པ་ཚོ་ནི་དེང་ཕྱིན་རྩོམ་པའི་ལས་ལ་འཇུག་ཚེ། རང་ཉིད་སྒེར་གྱི་ལྟ་ཚུལ་རྣམ་དག་དང་། རྟོགས་ཚུལ་གཙང་མ་ཡི་གེར་འབྲི་མི་ཆོག་པར། དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བ་ཚོའི་མིག་ལ་འབབ་ངེས་ཤིང་སེམས་ལ་འགྲོ་ངེས་པ་ཞིག་ཡོང་རྒྱུ་དམིགས་ཡུལ་དུ་འཛིན་དགོས་པར་གྱུར་ཚེ། རྩོམ་ཡིག་གསར་རྩོམ་ཞེས་བཏགས་ཀྱང་རུང་། དོན་ལ་ནི་སྐྱེས་བུ་སྒེར་རེ་རེའི་ཤེས་རབ་ཀྱི་མཛེས་སྡུག་ཕངས་མེད་དུ་གཏུབ་ཅིང་། སྐྱེས་བུ་སྒེར་རེ་རེའི་མྱོང་གོམས་ཀྱི་ཚོར་བ་བརྩེ་མེད་དུ་བཅད་དེ། ཚོགས་པ་དབང་ཅན་ཞིག་གི་དབྱིབས་དང་ཁ་དོག་མཚོན་ཕྱིར་སྤྲེལ་ལད་འཁྲབ་པའི་ཡི་གེའི་སྙིགས་རོ་སྥུངས་པ་ཙམ་དུ་མི་འགྱུར་གྲང་།
འོ་ན། རྩོམ་ཡིག་དག་ཞུས་ཀྱི་ཆེད་དུ། བརྩམས་ཆོས་དགེ་རྒན་ལ་སྤྱན་བསྟར་ཞུ་བ་དང་། གྲོགས་ཕན་ཚུན་ལ་བལྟ་རུ་འཇུག་པ་སོགས་ཀྱི་སྲོལ་བཟང་སྔ་མོ་ནས་མ་མཆིས་སམ་ཞེས་ཀྱང་ཟེར་སྲིད་དེ། རང་མོས་ཀྱིས་གཞན་ལ་ལྟ་རུ་འཇུག་མིན་དང་། དབང་ཤུགས་སྤྱད་དེ་ངས་ལྟ་དགོས་ཞེས་པ་གཉིས་ནི་ངོ་བོའི་ཁྱད་པར་དང་བཅས་པ་ཡིན་པ་ཞིབ་ཏུ་བཤད་ག་ལ་དགོས། །
དེ་ཡང་མི་ལོ་ཉིས་སྟོང་གི་ཡར་སྔོན་ཙམ་ལ། ནང་བསྟན་པའི་སྡེ་རུ་འཕགས་པ་ཀླུ་སྒྲུབ་ཅེས་འབོད་པའི་སྐྱེས་མཆོག་ཤེས་རབ་ཅན་ཞིག་འཁྲུངས་ཤིང་། ཁོང་གིས་ནི《རྩ་བ་ཤེས་རབ》ལ་སོགས་པ་མིང་དོན་མཚུངས་པའི་རིགས་པའི་གཞུང་ལུགས་རྒྱ་ཆེར་བརྩམས་ཏེ། ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ལྟ་བའི་རྣམ་གཞག་གཏན་ལ་ཕབ་ནས། འགྲོ་བ་མིའི་ཤེས་དཔལ་གྱི་འཇིག་རྟེན་དུ་བཀྲག་མདངས་ཆེ་བའི་ལྟད་མོ་གསར་པ་ཞིག་བཤམས་པ་ཡིན་ལ། སྐབས་དེའི་དུས་རབས་ཀྱི་ངོས་ནས་བལྟས་ཚེ། ནང་བའི་ལྟ་བ་བྱེ་མདོ་གཉིས་ཙམ་ལས་ཡོངས་སུ་མ་དར་བས། ཁོང་གི་ལྟ་བ་དེ་ནི་རང་ཉིད་གང་དུ་བཞུགས་སའི་དགོན་སྡེ་གང་ཞིག་གི་གཙོ་རྒྱུགས་ཀྱི་འདོད་ཚུལ་དང་རྦད་དེ་འགལ་ཡོད་པ་སྨོས་ཅི་ལ་དགོས། འོན་ཀྱང་དགོན་པ་དེ་རུ་རྩོམ་ཡིག་ལ་འགྲེམས་ཆོག་དང་མི་ཆོག་གི་དབང་ཚད་བཟུང་བའི་ཚོགས་པ་ཞིག་མེད་པ་ནི། སློབ་དཔོན་ཁོང་གི་བདེ་སྐྱིད་ཡིན་ལ། རང་ཅག་སྐལ་ལྡན་སློབ་བུ་ཡོངས་ཀྱི་བསོད་ནམས་ཀྱང་ཡིན་ངེས་ཏེ། གལ་ཏེ་ཚོགས་པ་དེ་འདྲ་ཞིག་ཡོད་ཅིང་ཚོགས་པ་དེས། “ཁྱོད་ཀྱི་རྩོམ་འདི་སངས་རྒྱས་ཀྱི་ལུང་མང་པོ་དང་མི་མཐུན་ཞིང་། ང་ཚོའི་ལྟ་གྲུབ་དང་ཡང་ཡོངས་སུ་འགལ་བས་གཏན་ནས་འགྲེམས་སྤེལ་མི་ཆོག”ཅེས་ཐག་བཅད་དེ། བརྩམས་ཆོས་ཐམས་ཅད་གཞུང་བསྡུ་བྱས་ཡོད་ན་ཅི་ཞིག་བྱ་ཨང་།
ད་རུང་དེས་ཀྱང་ག་ལ་ཚད། ཕྱི་ནང་ཀུན་ལ་ངོམ་རི་བའི་རིགས་པའི་བསྟན་བཅོས་ཆེན་མོ《ཚད་མ་རྣམ་འགྲེལ》ཡང་། རང་གི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་དབང་ཕྱུག་སྡེའི་འདོད་པ་དགག་བྱའི་གཙོ་བོར་བཟུང་ནས་གྲུབ་པ་ཞིག་ཡིན་པས། དེ་ཉིད་ཀྱང་འགྲེམས་ཆོག་མིན་གྱི་དབང་ཆ་གཞན་ལག་ཏུ་ཡོད་པའི་དབང་དུ་བཏང་ན། དེ་ལ་ཐག་གཅོད་ཅི་ཞིག་འོང་མིན་སུས་ཡིས་ཤེས་སམ།
རེད་རེད། རང་གི་རིགས་སྟོབས་ཀྱི་ཁྱད་ཆོས་ངོམ་སྟེ་དངོས་པོའི་གཤིས་ལུགས་དང་། ཤེས་བྱའི་བདེན་དོན་ལ་ཤེས་ཚོད་དཔྱོད་ཚོད་ཀྱིས་བརྟག་རུང་བ་དང་། དཔྱད་རུང་བ་ནི་རང་རེའི་སྟོན་པ་བཀའ་དྲིན་ཅན་གང་གི་ལུགས་སུ་སྔར་ཡོད་ལ། ཕྱིས་ཀྱང་ངེས་པར་ཡོད་འོས་པའི་རྨད་དུ་བྱུང་བའི་ཁྱད་ཆོས་སུ་མ་ཟད། ངེས་དོན་གྱི་རྒྱལ་སྲས་དམ་པ་ཚོས་གཅིག་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་བསྩལ་ཏེ་བྱུང་བའི་སྲོལ་མཆོག་ཉིད་ཀྱང་ཡིན་པས་ན། ཕུལ་དུ་བྱུང་བའི་སྲོལ་བཟང་པོ་དེ་འདྲ་ནི་སྔར་ལས་ཀྱང་གོང་འཕེལ་དུ་གཏོང་ཐབས་སུ་བརྩོན་པའི་གནས་ཡིན་གྱི། དབང་ཅན་འགའི་ཤེས་ཚད་དང་། དཔྱོད་ཚད་ཙམ་མཐར་ཐུག་གི་ཚད་མར་བཟུང་སྟེ། གཞན་གྱིས་བྲིས་པའི་རྩོམ་ཡིག་གང་ཞིག་འགྲེམས་ཆོག་དང་མི་ཆོག་གི་སྒེར་གཅོད་བྱས་ན་ག་ལ་འགྲིག
གལ་ཏེ་ཁྱེད་ཅག་ལ་སྤྱན་བསྟར་ཞུས་ཏེ་འགྲེམས་ཆོག་མིན་གྱི་དགོངས་པ་ཞིག་ཞུ་བའི་དབང་དུ་བཏང་ན། ས་སྟེང་ཆོས་ཀྱི་སྒྲོན་མེ། རྒྱལ་མཆོག་བདག་ཉིད་ཆེན་པོས་དེང་གི་ཚན་རིག་པའི་གྲུབ་དོན་གཞིར་བཟུང་སྟེ། མཐོང་བ་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ཆོས་མངོན་པའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་ལ་དགག་སྒྲུབ་མཛད་པའི་ལེགས་བཤད་བརྩམས་ཆོས་དག་ཀྱང་། “ཀུན་མཁྱེན་གཉིས་པ་དང་འགལ་འདུག་པས་འགྲེམས་མི་ཆོག”ཅེས་མི་ཟེར་བའི་ངེས་པ་ག་ལ་ཡོད།
དེ་བཞིན་དུ་ཁྱེད་ཅག་ལ་སྤྱན་བསྟར་ཞུས་ཏེ་འགྲེམས་ཆོག་མིན་གྱི་དགོངས་པ་ཞིག་ཞུ་བའི་དབང་དུ་བཏང་ན་ནི། བོད་པས་ལོ་ངོ་བདུན་བརྒྱ་ལྷག་ལ་རྒྱུན་བསྐྱངས་པའི་སྲོལ་རྒྱུན་ཏེ། ས་སྐྱ། ཕག་གྲུ། རིན་སྤུངས། དགའ་ལྡན་ཕོ་བྲང་བཅས་ཀྱི་བར་བླ་མ་དང་སྤྲུལ་སྐུ་ག་གེ་མོའི་བླ་བྲང་ཞིག་གིས། ཆབ་སྲིད་ཀྱི་ཐོག་ནས་བོད་པའི་སྤྱི་ཚོགས་ལ་དབང་བསྒྱུར་པའི་གོམས་སྲོལ་རྙིང་རུལ་དེ་ནི། ཆོས་འཇིག་རྟེན་གཉིས་ཀའི་ཆ་ནས་གནོད་པ་དང་རྒུད་པ་ཀུན་གྱི་རྩ་བར་གཟིགས་པའི་མཁྱེན་རབ་རླབས་པོ་ཆེས་བདག་རྐྱེན་བྱས་ཏེ། དེ་ཉིད་རྩ་ལག་དང་བཅས་པ་མཆི་མའི་ཐལ་བ་བཞིན་དུ་འདོར་རྒྱུ་ཐག་བཅད་ཅིང་། དོར་ཟིན་པའི་ཐད་ཀྱི་བཀའ་སློབ་སེམས་ཀྱི་བདུད་རྩི་དེ་དག་ཀྱང་། “བོད་ཀྱི་ཐུན་མིན་སྲོལ་རྒྱུན་ལ་འགལ་འདུག་པས་འགྲེམས་མི་ཆོག”ཅེས་ཀྱང་མི་ཟེར་རམ།
ངོ་མ། དེ་ལྟར་སོང་ན། ཅིག་མི་ཆོག་དང་། ཉིག་མི་འགྲིག་པའི་བཀའ་ཆར་བཞིན་དུ་ཕབ་རྗེས། ཆོག་རྒྱུ་ཞིག་ཡོད་པ་ནི། 《སྤྱི་དོན》དང《མཐའ་དཔྱོད》སོགས་ལས་ཕར་བཤུ་ཚུར་བཤུ་བྱས་ཏེ་གྲུབ་ཅིང་། གསར་རྩོམ་ཞིག་རེད་ཟེར་ན་སྔར་སུ་ཞིག་གིས་བྲིས་ཟིན་པ་འདྲ་ཞིང་། སྔ་རྩོམ་ཞིག་རེད་ཟེར་ན་གསར་དུ་བྲིས་པ་ཡིན་པ་འདྲ་བའི་རྩོམ་གྱི་གཟུགས་བརྙན་རྣམས་ཀྱི་སྟེང་། རོ་དང་། བཅུད་དང་། སྙིང་པོས་དབེན་པའི་བསྟོད་རྩོམ་ལྡ་རི་ལྡི་རེ་རྣམས་ཁོ་ནས་ཁྱབ་པར་འགྱུར་སྲིད་དོ། །
ད་རུང་མུ་མཐུད་དུ་འདི་ལྟར་གནས་མ་ཡིན་པའི་ངང་ལ་ཁྱེད་ཚོའི་དབང་ཤུགས་ཀྱི་ལག་པ་ཇེ་རིང་དུ་སོང་ན། བར་སྐབས་ཤིག་ནས། ཁྱེད་ཚོ་དུས་དང་དུས་སུ་བསམ་ཚོད་ལ་ངེད་ཅག་གི་སྡོད་ཤག་རེ་རེར་སྔོག་གཤེར་དུ་བརྒྱུགས་ཏེ། ཐ་ན་དཔེ་སྒྲོམ་གྱི་དཔེ་ཆའི་ནང་ན་ཡང་ཉར་ཆོག་མི་ཆོག་དང་། བལྟ་ཆོག་དང་མི་ཆོག་གི་དབྱེ་བ་དང་། བཀའ་རྒྱ་སྣ་ཚོགས་ཤིག་བསྩལ་ངེས་པ་གཏན་ཁེལ་བས། དེ་ལྟར་ང་ཚོའི་འཚོ་བའི་གྲུབ་ཆ་ཡོད་ཚད་ཁྱེད་ཅག་གིས་བཀས་བཅད་དེ། ཁྱེད་ཅག་གི་རང་མདངས་དང་ངོ་བོ་དབྱེར་མེད་དུ་གྱུར་ཚེ། ང་ཚོ་གང་དུ་ཡོད་དམ། ང་ཚོ་སྒེར་རེ་རེའི་འཚོ་བའི་འཇིག་རྟེན་གང་དུ་ཡོད་དམ།
རེད། ང་ཚོ་ནི་ཆོས་ལ་རབ་ཏུ་བྱུང་བ་ཡིན་པས། རང་གི་དད་མོས་ཀྱི་སྒོ་ནས་བསྲུང་དགོས་པའི་བཅས་མཚམས་ཤིག་ཡོད་པ་གསལ་པོ་ཤེས་ཤིང་དེ་བསྲུངས་ཤིང་སྲུང་བཞིན་པའི་ཆ་ནས་ནི་ཁྱེད་ཅག་ལས་མི་དམན་པར་སེམས་ལ། ང་ཚོ་ཡང་དགོན་པའམ་ཚོགས་པ་ཞིག་གི་གྲུབ་ཆ་ཡིན་པས་སྤྱི་པའི་སྒྲིག་ལམ་གང་ཞིག་འཁུར་རྒྱུའི་འོས་འགན་ཡོད་པ་ཡང་ཞིབ་ཏུ་རྟོགས་ཡོད། འོན་ཀྱང་། དེ་དག་གི་བར་གསེང་ན་ང་ཚོ་སྒེར་ལ་བདག་པའི་རང་དབང་གི་གཞིས་ཁྱིམ་ཞིག་ཡོད་རིགས་པ་ནི་དེ་ལས་ཀྱང་གསལ་པོར་ངེས་ཡོད་དོ། ། དངོས་གནས་ཡིན། སྤྱི་པའི་ལས་སྒོ་གང་ཞིག་ཏུ། ཚུལ་མཐུན་ལུགས་མཐུན་གྱི་དབང་ཆ་ཞིག་ཁྱེད་ཚོས་འཛིན་རིགས་ལ་འཛིན་ཡང་དགོས་ཀྱི། ད་ནི་གླིང་འདིའི་གྲྭ་པ་ཡོད་ཚད་ཀྱི་འགྲོ་འདུག་ཉལ་འཆག་དང་། ལུས་ངག་ཡིད་གསུམ་ཐམས་ཅད་ལ་ཆ་རྐྱེན་མེད་པར་དབང་བསྒྱུར་རྒྱུའི་ཐོབ་ཐང་ཞིག་རག་སོང་སྙམ་གྱི་ཡོད་ན་ནི། འཇའ་ཚོན་རུམ་ལ་འཇུག་འདོད་ཀྱི་བྱིས་བློ་མ་ཡིན་ནམ།
གལ་ཏེ་མ་འོངས་པར་ཁྱེད་ཚོ་ལས་ཀ་དེ་འདྲ་ཞིག་ལ་ཞུགས་ཤིང་གཡེངས་ཏེ། ཕྱིར་ལྡོག་མི་ཐུབ་པའི་དུས་ཤིག་ཡོད་ན། དེ་དུས་ནི་ཁྱེད་ཚོ་མ་མི་མེད་གསུམ་གྱི་རལ་གྲི་ཐོགས་པའི“ཡི་གེའི་གཤེད་མ”རུ་གྱུར་སོང་བ་དང་། དེ་དུས་ནི་ཁྱེད་ཚོ་རང་ཉིད་འབའ་ཞིག་གི་བསམ་ཚོད་ལྟར་གཞན་གྱི་ཤེས་རབ་ལ་འབུར་འཇོམས་བྱེད་པའི“བསམ་བློའི་ཉེན་རྟོག་པ”རུ་གྱུར་སོང་བ་ཡང་མ་རེད་དམ།
མཚམས་འདིར་སླེབས་དུས། ཁྱེད་རྣམ་པ་ཁོང་ཁྲོ་བཞིན་དུ། “ག་ལ་སྲིད། ང་ཚོས་དེ་འདྲ་བྱེད་མི་སྲིད། ང་ཚོས་འགོག་འདོད་པ་ནི་རྩོམ་ཡིག་ཐ་ཤལ་རྣམས་ཡིན”ཞེས་ཀྱང་གསུང་ལས་ཆེ་མོད། ངས་འདི་འདྲའི་གཏན་ཚིགས་ཤིག་ཞུ་བར་འདོད་དེ། མི་མང་གིས་སྐྱོན་བརྗོད་དང་ལྟ་རྟོག་བྱེད་མི་ཆོག་པའི་དབང་ཆ་ནི་སྒེར་གཅོད་ཀྱི་དབང་ཆ་ཡིན་ལ། སྒེར་གཅོད་ཀྱི་དབང་ཆ་ནི་མྱོས་བྱེད་ཀྱི་ཆང་དང་མཚུངས་པས། ཆང་འཐུང་ན་ནི་མི་བཟང་ངན་གྱི་དབྱེ་བ་མེད་པར་ཐམས་ཅད་བཟི་ངེས་ཤིང་། ཆང་གིས་བཟི་ཚར་པའི་མིས་ནི་བྱ་བ་འདི་བསྒྲུབ་དང་འདི་མི་བསྒྲུབ་ཀྱི་དབྱེ་བ་ཞིག་ཡོད་མི་སྲིད་དོ། །
དེ་ལས་ཀྱང་ཐུ་བ་ཞིག་ལ། ཚགས་པར་འགྲེམས་སྤེལ་སོགས་གྲྭ་མང་གི་སྐད་ཆའི་སྟེགས་བུ་རྣམས་ལ་ཕྱོགས་ཀུན་ནས་ཚོད་འཛིན་བྱེད་ཀྱིན་པར་བལྟས་ཚེ། རྣམ་པ་ཚོས་དོན་དུ་གཉེར་གྱིན་པ་ཡང་ཏག་ཏག་གཞན་གྱི་ལྟ་རྟོག་བྱེད་མི་ཆོག་པའི་དབང་ཆ་ཞིག་མ་ཡིན་ནམ། སྤྱི་པའི་ལས་དོན་ཞིག་བསྒྲུབ་དགོས་ན་ལུགས་དང་མཐུན་པའི་དབང་ཆ་ཞིག་འཛིན་དགོས་པ་བདེན་གྱི། དབང་ཤུགས་ལ་ཚད་བཀག་མེད་པ་དང་། བཟང་བཤད་འབའ་ཞིག་ལས་སྐྱོན་བརྗོད་གཏན་ནས་གོ་མི་ཆོག་པར་གྱུར་ཚེ། དབང་ཤུགས་ཀྱི་འདོད་རྔམ་ཚད་མེད་དུ་འཕེལ་ཏེ། དེ་བྱེད་དང་འདི་མི་བྱེད་པའི་དབྱེ་མཚམས་ལས་འདའ་འགྲོ་བ་ནི་འཛམ་གླིང་སྤྱིའི་ཆོས་ཉིད་རེད་ལགས།
                   གཉིས།
དེས་ན་འདི་འདྲི་བར་བྱ་སྟེ། ཁྱེད་ཚོས་རང་དགོན་གྱི་རྩོམ་ཡིག་རྣམས་ལ་འགྲེམས་ཆོག་དང་མི་ཆོག་གི་ཁྱད་པར་ཞིག་བཀར་རྒྱུ་ཡིན་ན། དེའི་སྔར་རྩོམ་ཡིག་རྣམས་ལ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་དབྱེ་བ་ཞིག་འབྱེད་དགོས་པ་སྨོས་མེད་ཡིན་པས། གང་ཞིག་ཡང་དག་པ་དང་། སུ་ཞིག་ཡང་དག་པ་མིན་པའི་རྟགས་དང་མཚན་མ་ནི་ཚད་གང་འདྲ་ཞིག་ཐོག་ནས་འཇོག་རྩིས་ཡིན་ནམ། ཁྱེད་ཚོའི་ཐུགས་ལ་མ་བབས་དུས་མ་དག་པ་དང་། ཁྱེད་ཚོའི་ཐུགས་ལ་བབས་ཚེ་ཡང་དག་པར་འཇོག་རྒྱུ་ལས་གཞན་ཅི་ཡོད།
དྲང་མོར་ཞུས་ན། ཁྱེད་རྣམ་པ་ནི་སུ་ཞིག་ལ་དག་བཅོས་དང་། གང་ཞིག་ལ་འཁྲུལ་སེལ་གནང་རྒྱུ་ཁོ་ནར་གཡེངས་དྲག་པས། རང་ཉིད་གཞི་ནས་བརྗེད་འདུག་པ་འདྲ་སྟེ། རྣམ་པ་ཚོས་རྫིག་རྫིག་རྔམ་རྔམ་གྱིས་བསྒྲགས་པའི་བཀའ་ལུང་རྡོ་རྗེའི་ཐོག་འདྲ་བ་དེ་ལས། ངས་གོང་དུ་ཡི་གེ་ཐིག་ཕྲེང་གཉིས་ཙམ་ཞིག་དྲངས་པའི་ནང་དུ་ཡང་། ཡི་གེ་ཐོབ་ཐང་ནོར་བ་གཅིག་དང་། བྱ་ཚིག་ནོར་བ་གསུམ། མིང་ནོར་བ་གཅིག་བཅས་བྱུང་འདུག་སྟེ། མི་བདེན་ཟེར་ན་འདི་རེད། “དགོན་པའི་ནང་ཁུལ་དུ་ཚགས་པར་དང་། དཔེ་དེབ་ཞིག(ཅིག)འགྲེམས་སྤེལ་བྱེད་ཚེ། ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་བཀའ་འཁྲོལ་འོག་ནས་འགྲེམས(དགྲམ)རྒྱུ་མ་གཏོགས་རང་འདོད་ཀྱིས་བཀྲམ(འགྲེམས)མི་ཆོག་ལ། གལ་ཏེ་བཀྲམ་ཚེ་དཔེ་ཆ་དེ་གཞུང་བསྡུས(བསྡུ)བྱས་པའི་སྟེང་དུ་ཆད་པ་ནན་པོ་གཅོད་(གཅད)རྒྱུ་ཡིན”ཞེས་པའོ། ། ཚུལ་འདི་ག་ལ་བསམས་ན། རྩོམ་ཡིག་གང་ཞིག་འགྲེམས་ཆོག་དང་མི་ཆོག་གི་མཐའ་མའི་ཐག་གཅོད་བྱེད་མཁན་གྱི་ཁྲི་ལ་ཁྱེད་ཅག་བཞུགས་རྩིས་ཀྱི་འཆར་གཞི་ལ་ནི་ལྷག་ཏུ་སྔངས་འཚབ་མི་སྐྱེ་བའི་རང་དབང་ག་ལ་ཡོད།
སྤྱིར་རང་དགོན་གྱི་གཞུང་འབྲེལ་ཡི་གེ་ཐམས་ཅད་མི་དག་པའི་ཐད་ནས་སྐད་གྲགས་ཆགས་ཟིན་པས། དེ་ལྟ་བུ་ནི་རྒྱུན་ལྡན་ཞིག་ཏུ་བརྩིས་ཤིང་རྒྱུན་ལྡན་ཞིག་ཏུ་ཆགས་ཏེ་ཡུན་རིང་འགོར་ཟིན་ཡོད་ལས་ཆེ་མོད། ཁྱེད་རྣམ་པ་ནི་ཨ་ཡོད་ནང་གི་དེ་ཡོད་ཚོ་བདམས་ཏེ་བསྐོས་པ་ལགས་པས། ཐུགས་གཟབ་ཅུང་ཟད་གནང་དགོས་པ་མ་རེད་དམ།
སྐུ་ཞབས་རྣམ་པ། མཁས་དབང་རྣམ་པ། ཀིརྟི་དགོན་པའི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་རྣམ་པ། ཁྱེད་ཚོས་གང་བྲིས་ཀྱི་ཡིག་ཆ་ཐམས་ཅད་སྐད་ཆའི་སྡེབ་སྦྱོར་སོགས་ཤིན་ཏུ་སྐྱོ་བོ་རེད་ཅེས་སྨྲས་ན། “ཧ་ཧ། དེ་འདྲ་དགྲ་ལ་བསྒྱུར།”ཞེས་ཐུགས་སྤོ་ཆེ་ཐག་ཆོད་རེ་ལངས་པར་གདོན་མི་ཟ་སྟེ། ཐིག་ཕྲེང་གཉིས་ཀྱི་ནང་ཡིག་ནོར་ལྔ་རེ་བསྙོན་དུ་མེད་པར་བཞེངས་ཟིན་པའི་དངོས་ཡོད་གནས་ཚུལ་འདིས། ཚོགས་པའི་མཚན་བྱང་རྫིག་པོ་དེ་དག་དང་། མ་བརྟག་མ་དཔྱད་པའི་ཁ་ཕོ་མཐོན་པོ་དེ་དག་ལ་ཡང་མཚན་ཉིད་གསར་པ་ཞིག་བཞག་མེད་དམ། མི་གཞན་དག་ཀྱང་འདི་སྐད་དུ། “ཁོ་ཚོའི་བརྡ་སྤྲོད་ཀྱི་རྨང་གཞིའི་ཆུ་ཚད་མཐོང་དུས། གཞན་དང་གཞན་གྱི་ཐད་ནས་ཀྱང་དེ་མཚུངས་ཤིག་ལོས་ཡིན་སྙམ་པ་ངང་གིས་སྐྱེའོ”ཟེར་གྱིན་འདུག་ན། རང་དགོན་གྱི་རྩོམ་ཡིག་གང་ཡིན་འགྲེམས་ཆོག་དང་མི་ཆོག་གི་བཀའ་ཐ་མ་སྩོལ་མཁན་དུ་ཁྱེད་རྣམ་པ་དབང་བསྐུར་པའི་བཙན་ཁྲིམས་དེ་ནི་བཙན་ཁྲིམས་ཙམ་ལས་གཞན་མེད་པར་ལྷག་ཏུ་གསལ་བར་སྙམ་ལགས།
                    གསུམ།
གལ་ཏེ་ཁྱེད་ཅག་གིས། “དེང་ཕྱིན་མི་སུ་དང་སུ་ཡིན་རུང་། ང་ཚོས་དགོངས་འཁྲོལ་མ་གནང་བར་གྲོང་ཆོག་ལ་འགྲོ་གཏན་ནས་མི་ཆོག སོང་ན་ཆད་པ་ཡོད”ཅེས་ཁྲིམས་ཤིག་བཅས་ན། བླ་རྒན་གྲ་རྒན་རྣམ་པས་ཞལ་གསུང་ལྗིད་ཤུགས་ཅན་སྣ་ཚོགས་བསྩལ་ངེས་ལ། དེ་བཞིན་དུ། “དེང་ཕྱིན་སུ་དང་སུ་ཡིན་རུང་། ཚོང་གི་འཆར་གཞི་ཡོད་ཚད་ང་ཚོ་ལ་སྔར་མ་བསྟན་པར། ཚོང་ཞིག་གཏན་ནས་རྒྱག་མི་ཆོག་ལ། དེ་བཞིན་འཕེལ་འཇོག་ཡུལ་དང་། འཕེལ་གྱི་སྐྱེད་གྲངས་སོགས་ང་ཚོ་ལ་སྔར་མ་བཤད་པར། ཚད་ལས་བརྒལ་བའི་འཕེལ་ནག་འཇོག་གཏན་ནས་མི་ཆོག དེ་ལས་འགལ་ན་ཆད་པ་ནན་པོ་གཅད་རྒྱུ་ཡིན”ཞེས་ཁྲིམས་ཤིག་བཟོ་བའི་དབང་དུ་བཏང་ན་ནི། དེ་ལས་ཀྱང་རྒྱུ་ཤུགས་ཅན་དང་། སྟོབས་ཤུགས་ཅན་མང་པོས་བཀའ་སྐྱོན་ཁྲོ་ལོ་ལོ་གནང་ངེས་པ་རེད།
འོན་ཏེ། དེ་དག་དང་མི་འདྲ་བར“དེང་ཕྱིན་སུ་དང་སུ་ཡིན་རུང་། ང་ཚོའི་བཀའ་འཁྲོལ་གནང་བའི་འོག་ཏུ་མ་གཏོགས་རྩོམ་ཡིག་འགྲེམས་སྤེལ་གཏན་ནས་མི་ཆོག”ཅེས་པའི་བཙན་ཁྲིམས་འདི་ལ་ནི། ཤུགས་དང་། ནུས་པས་གཏམས་པའི་མི་ཆེན་ཚོས་ཁ་གྲག་མི་སྲིད་ལ། དགུང་ལོ་དང་སྐུ་ན་བགྲེས་པའི་གནས་བརྟན་ཚོས་ཀྱང་ཅི་ཡང་གསུང་ག་ལ་སྲིད། ལྷག་པར་ཚེ་གང་པོར་སྙུ་གུ་ལག་ཏུ་ལེན་མི་དགོས་པའི་གྲྭ་མང་ངམ། རང་དགོན་གྱི་གྲྭ་པའི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཙམ་ལ་ནི་བཙན་ཁྲིམས་འདིའི་ཐད་ཚོར་བ་ཅི་ཡང་ཡོད་མི་སྲིད་པས། ཞལ་ངོ་ནག་རོག་གེར་བསམ་བློ་ཙམ་ཡང་མི་གཏོང་བར། “དེ་ལྟར་དགོས་པ་རེད། འགྲིག་འདུག”ཅེས་ཀྱང་གསུང་གི་ཡོད་ཚོད།
རེད། རྩོམ་ཡིག་འབྲི་ཟེར་བ་ནི། རང་རེའི་དགོན་པ་འདི་ལ་མཚོན་ན། མི་གྲངས་ཤིན་ཏུ་ཉུང་ཉུང་ཞིག་གི་ལས་ཀར་གྱུར་ཡོད་པས། དེ་ནི་ཁ་སྟབས་དང་ངོ་སོ་དམན་པའི་གྲྭ་རྐྱང་འགའི་ཚེ་སྲོག་གི་རམ་འདེགས་སུ་གྱུར་པའི་དབྱངས་རྟ་ཉམ་ཆུང་ཞིག་ཏུ་བརྩི་རུང་བ་རེད། རང་རེའི་ཁྲོད་དུ། ཆོས་དང་འགལ་ཞིང་། ལུགས་དང་ལྡོག་པའི་ལས་སྣ་ཚོགས་ལ་བྱུང་རྒྱལ་དུ་འཇུག་མཁན་མང་བ་ཤེས་བཞིན་དུ། དེ་དག་ལ་དུས་དང་དུས་སུ་ཁ་ནས་རྫིག་ཉམས་རེ་སྟོན་ཙམ་སྟོན་ཙམ་བྱེད་པ་ལས། ལག་ལེན་དུ་འཁེལ་ངེས་པའི་སྟངས་འཛིན་ནན་མོ་ཅི་ཡང་མི་བྱེད་པར། སློབ་སྦྱོང་བ་ཉུང་ཉུང་ཞིག་གིས་སྡུག་རུས་དང་། རྔུལ་ཆུས་བསྐྲུན་པའི་བརྩམས་ཆོས་ཚོར་གཤག་གཏུབ་གཅོད་གསུམ་གྱི་རལ་གྲི་ཐོགས་འདོད་པ་དེ་ལས་ཡ་ང་སྙིང་རྗེ་མེད་པ་ཞིག་གང་ན་ཡོད་དམ།
སྤྱིར་རང་རེའི་ཁོར་ཡུག་འདི་ལ། ནང་བསྟན་མཚན་ཉིད་ཀྱི་སློབ་སྦྱོང་གི་སྲོལ་ཞིག་ནི་གནའ་སྔ་མོ་ནས་ཡོད་པ་ཡིན་གྱི། སྔར་གྱི་དུས་སུ་ཐ་སྙད་རིག་གནས་ཟེར་ན་ཡང་ཆོག ཡི་གེའི་རྨང་གཞི་དང་། བརྡ་སྤྲོད་ཀྱི་ཤེས་བྱ། རྩོམ་ཡིག་འབྲི་སྦྱོང་སོགས་ཀྱི་ཐད་ནས་ཤིན་ཏུ་ཉག་ཕྲ་བ་ཞིག་ལས་མེད་པ་ལ། ཡང་དར་བསྟན་པའི་སྒོ་གསར་དུ་ཕྱེས་རྗེས། དྲུང་ཆེན་བློ་ཆོས་སོགས་དགེ་རྒན་དྲིན་ཅན་འགས་སྐུ་ཚེགས་ཤས་ཆེར་བསྐྱོན་པའི་འབྲས་བུར། སློབ་གླིང་སྔུན་མ་ལས་ཡི་གེའི་འབྲི་ཀློག་ལ་བྱང་ཆ་ལེགས་ཙམ་ཆགས་པའི་གྲྭ་པ་མང་པོ་འཚར་ལོངས་འབྱུང་གིན་པའི་སྒང་ལ། ལྡོག་མེད་རྐྱེན་ངན་གྱི་དབང་གིས་གློ་བུར་དུ་མཚམས་ཆད་པ་རེད། དེ་ནས་བཟུང་། གཞོན་སྐྱེས་ཚོའི་བློ་རིག་གི་མྱུ་གུ་དེ་དུས་སུ་བབས་པའི་ཆར་ཆུས་འབྲན་མ་ཐུབ་ཅིང་། སྐབས་སུ་བབས་པའི་དྲོད་ཀྱིས་སྐྱོང་མ་ནུས་པས། ཡི་གེའི་བྲི་ཀློག་གཙང་མ་ཞིག་ཀྱང་མི་ཤེས་པའི་གཞོན་སྐྱེས་མང་པོ་སྔ་ལོ་ལས་ཀྱང་ཕྱི་ལོ་འཕེལ་ཏེ་གླིང་གི་ཕྱི་ནང་ཀུན་ཏུ་ཁྱབ་པར་གྱུར་ཏོ། །
འོན་ཀྱང་། ཉེ་བའི་ལོ་འགའི་རིང་ལ་ནི་གཞོན་ནུ་མང་པོ་ཞིག་གིས་ཀྱང་། ཁོར་ཡུག་གིས་བདག་པོ་རྒྱག་མིན་ལ་མ་བལྟས་པར། གོམ་པ་རང་སྟེང་ནས་སྤོས་ཤིང་། བགྲོད་ལམ་རང་ངོས་ནས་བཙལ་ཏེ་ཐབས་དང་ཐབས་བྱུང་གི་སྦྱོར་བ་དུ་མའི་སྒོ་ནས་སློབ་གཉེར་ལ་ཁ་ཕྱོགས་པ་དང་། ཐ་ན་དཀའ་ཁག་དང་། གནོན་ཤུགས་བཅས་ཀྱི་འོག་ཏུ་གཞན་ཡུལ་ཚུན་ཆད་འགྲིམས་ཏེ། རང་ཉིད་ལ་རང་གིས་བདག་པོ་བརྒྱབས་པས། བོད་ཀྱི་ཡི་གེའི་རྨང་གཞི་སུམ་རྟགས་དག་གསུམ་དང་། རྩོམ་ཡིག་འབྲི་སྦྱོང་སོགས་ལ་ཡང་སྒོ་ཀུན་ནས་ཅི་ཐུབ་ཀྱིས་སྦྱངས་ཤིང་སྦྱོང་བཞིན་པའི་ན་གཞོན་སྐོར་ཞིག་འཚར་ལོངས་འབྱུང་གིན་པར་འདུག
དེ་ཡང་ལོ་འདི་གའི་རིང་ལ། ཁོ་པ་ཚོས་ཀྱང་གཙོ་བོ་ན་མཉམ་གཞོན་སྐྱེས་ཚོ་ལ་རྩོམ་འབྲིའི་སྟེགས་བུ་རེ་དགོས་གལ་ཆེ་བར་མཐོང་ནས། ནང་ཁུལ་དུ་དགྲམ་རྒྱུའི་དུས་དེབ་དང་། ཚགས་པར་སྣ་ཚོགས་ཤིག་ཀྱང་གཉེར་གྱིན་འདུག་པས། ཁོང་ཚོར་མཚོན་ན། རྩོམ་སྟེགས་ཆུང་ཆུང་དེ་དག་ནི་མཚར་སྡུག་གི་རྨི་ལམ་བཞེང་སའི་སྤང་གཞོང་གཙང་མ་རེ་རེ་དང་འདྲ་སྟེ། རྩོམ་གྱི་སྟེགས་བུ་དེ་དག་ནི། ཁོ་ཚོ་རང་ཉིད་ཀྱི་མདངས་དང་། གཟི་དང་། དཔལ་ངོམ་སའི་སྡིངས་ཆ་རེ་རེར་བརྩིས་ཅི་ལ་མེད་དེ་ཡོད་ངེས་སོ། །
དེས་ན། བསྩལ་མ་ཐག་པའི་བཙན་ཁྲིམས་དེས་ནི། ཐབས་དང་སྒྱུ་གཞན་ཞིག་གི་མྱུར་ལམ་ལ་བསྟེན་ཏེ། གསར་སྐྱེས་ཀྱི་མེ་ཏོག་བཞིན་གཞི་ནས་འགྲོལ་གྱིན་པའི་གཞོན་ནུ་ཚོའི་རྨི་ལམ་གྱི་ཞིང་ས་ཉམ་ཆུང་དེ་དག་འབུར་འཇོམས་བྱེད་འདོད་པ་མིན་ནམ་སྙམ་དུ་ཁོ་བོ་རབ་ཏུ་འཇིགས་ཏེ། ན་གཞོན་ཚོས་ཚ་ཚ་འུར་འུར་གྱི་ངང་ནས་ཅི་ཞིག་བཤད་འདོད་པ་དང་། ཅི་ཞིག་བསྒྲུབ་འདོད་པའི་ལྷད་མེད་ཀྱི་གཞོན་སེམས་གཙང་མ་འདི་ནི། ཡར་རྒྱས་ཤིག་དང་། རེ་བ་ཞིག་ཏུ་བརྩིས་ཏེ། དེ་ཉིད་ལ་འབྲས་བུ་བཟང་པོ་ཞིག་འབྱུང་བའི་ཆེད་དུ། དཀྱེལ་ཡངས་ལྡན་པ་དང་། མཛའ་སེམས་དག་པའི་སྒོ་ནས་དཔྱིད་དུས་ཀྱི་ལྗང་མྱུག་བཞིན་བདག་པོ་རྒྱག་རྒྱུ་ནི་ཁྱེད་ཚོའི་ཕྲག་གི་ལས་ཀ་ཡིན་གྱི། གཞོན་པའི་དུས་ཀྱི་གཤིས་རྒྱུད་གཙང་མ་དང་། ལང་ཚོའི་དུས་ཀྱི་ངར་སེམས་ལྷད་མེད་ཀྱིས་བསླངས་པའི་ཚིག་དང་སྐད་ཆ་ཡོད་ཚད་ལ་ཧ་ལས་མདོག་དང་། ཧང་སང་མདོག་གིས་ཐན་ལྟས་འབའ་ཞིག་ཏུ་བརྩིས་ནས། ཚར་གཅད་འདོད་དང་མེད་པར་བཟོ་འདོད་ཀྱི་ཀུན་སློང་ཞིག་འཆང་ན་ནི། དེ་ལས་འཇིགས་སུ་རུང་བ་དང་། དེ་ལས་ཁྲེལ་མེད་པ། དེ་ལས་འགན་མི་འཁུར་བ་ཅི་ཞིག་ཡོད་དམ།
ལར་ཁོང་ཅག་གིས་བྲིས་པའི་རྩོམ་གྱི་ནང་ལ། ཚིག་མི་ལེགས་པ་དང་། དོན་མི་འགྲིག་པ། ཟང་ཟིང་འུར་འུར་གྱི་ཆ་སྣ་ཚོགས་རེ་ཅིས་ཀྱང་ཡོད་སྲིད་མོད། མིའི་བསམ་སྟོབས་ཀྱི་ནུས་པ་དང་། བློ་གྲོས་ཀྱི་མཛེས་སྡུག་ནི་དེ་ལྟར་ཀྱག་ཀྱོག་གི་ངང་ནས་འཚར་ལོངས་འབྱུང་དགོས་པ་མ་ཡིན་ནམ། གོམ་པ་དང་པོ་ནས་ཤེས་བྱ་ཐམས་ཅད་མཐར་མ་ལྷུང་བ་ཞིག་མཁྱེན་ཞིང་། བརྗོད་པ་ཐམས་ཅད་སྐྱོན་གྱིས་མ་གོས་པ་ཞིག་གྲུབ་ཡོད་མཁན་སུ་ཞིག་ཡོད་དེ་གཏན་ནས་ཡོད་མི་སྲིད་དོ། །
སྤྱིར་བཏང་། དེང་གི་ཆར་རང་དགོན་གྱི་ལོ་གཞོན་རྣམས་གཅིག་པུ་མ་ཡིན་པར། བོད་ཀྱི་དགོན་སྡེེ་སོ་སོར་བཞུགས་པའི་གཞོན་སྐྱེས་ཚོའི་ཁྲོད་དུ། སེམས་ཚབ་ཅུང་ཟད་སྐྱེ་འོས་པའི་ལྟ་ཚུལ་སྣ་ཚོགས་འཛིན་མཁན་འདུག་ཅེས་དཔྱོད་ལྡན་དག་གིས་སྨྲས་དང་སྨྲ་བཞིན་པར་མ་ཟད། ཁོ་བོ་སྒེར་ལ་མཚོན་ན་ཡང་། དེའི་ངང་ཚུལ་ལ་ལྷག་བསམ་རྣམ་དག་གིས་སེམས་ཁུར་བྱེད་མཁན་གྱི་གྲས་ཤིག་ཡིན་མོད། ཕྱི་རབས་པ་ཚོ་ལ་ཡང་དག་པའི་ཤེས་རབ་ཀྱི་རྩིས་ཟིན་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཇི་ལྟར་ཆགས་དགོས་མིན་གྱི་གནད་དོན་དེ་ནི། རང་རེའི་སློབ་གསོའི་ལྟ་བ་དང་། སློབ་གསོའི་ལག་ལེན་དང་། སློབ་གསོའི་བྱེད་ཐབས་སོགས་ཀྱི་ཁྱབ་ཁོངས་ནས་བགྲོ་གླེང་བྱེད་རྒྱུ་ཞིག་ཡིན་གྱི། རྩོམ་ཡིག་བཙན་འགོག་དང་། ཚགས་པར་བཙན་འགོག་སོགས་བཙན་ཤུགས་རྐྱང་བའི་ཐབས་ལ་བརྟེན་ནས་བསྒྲུབ་རྒྱུ་ཞིག་གཏན་ནས་མ་ཡིན་ཏེ། གང་ལ་ཡང་བཙན་ཐབས་རྐྱང་བ་སྤྱད་བསྡད་ན་ནི་ལྡོག་ཕྱོགས་ཀྱི་གནོན་སྐྱོན་རི་ལས་ལྕི་བ་ཞིག་འོང་ངེས་པ་གཏན་ཁེལ་ཡིན་ངེས་མོད། བདེན་པར་མི་སེམས་ན་རྗེས་སུ་ག་ལེར་བལྟའོ། །
དེང་གི་ཉོག་འཛིངས་ཆེ་བའི་དུས་རབས་འདི་ནི། ཕྱོགས་གང་ནས་བལྟས་རུང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་གི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར་ཡོད་ན་ཡང་། ཤིན་ཏུ་བློ་ཕམ་པ་ཞིག་ལ། བོད་ཡུལ་སྟོད་སྨད་ཀུན་ཏུ་དགོན་སྡེ་ཆེ་ཁག་ཡིན་ཟེར་མཁན་གྱི་དབང་འཛིན་ཚོགས་སྒེར་ཕལ་མོ་ཆེ་ཞིག་ལ། དུས་དང་འཚམ་པའི་དོ་དམ་གྱི་ཐབས་མཁྱེན་པའི་བློ་མིག་ནི་ལྡོངས། རང་སེམས་ཀྱི་དུང་ཞེན་ཙམ་ལ་སྨྱོ་འཐམ་བྱེད་རྒྱུའི་སྲེད་ཞེན་ནི་ཆེ། མ་འདང་ས་ནས་ཁ་གསབ་བྱེད་རྒྱུའི་རང་གཤིས་ནི་བྲལ། མ་ཤེས་ས་ནས་ཨེ་ཤེས་ལྟ་རྒྱུའི་འདུན་པ་ནི་མེད། བྱ་བའི་གཙོ་ཕལ་གྱི་དབྱེ་བ་འབྱེད་པའི་ཤེས་རབ་ནི་ཞན། རང་མཐོང་དང་རང་ཤེད་ནི་སུ་ལས་ཀྱང་ཆེ་བ་སོགས་ཀྱི་དབང་གིས་ལོ་རེ་བཞིན་ཇེ་སྡུག་དང་ཇེ་ཞན་ལ་སོང་དང་འགྲོ་བཞིན་པའི་དཔེ་མཚོན་ཤིན་ཏུ་མང་པོ་ཡར་མར་ཀུན་ཏུ་འབྱུང་གིན་འདུག་གོ །
 དེ་ལྟ་ན། ཁྱེད་ཅག་གིས་ཀྱང་། ལྷག་བསམ་རྣམ་དག་གིས་རང་དགོན་ནས་སྤུས་ཚད་ལྡན་པའི་རྩོམ་ཡིག་མང་པོ་ཞིག་འབྱུང་དུ་རེ་བ་ཡིན་ན། ཡོད་ཚད་ལ་ང་ཚོས་བལྟ་རྒྱུ་ཡིན། མ་བལྟས་པར་འཕུད་མི་ཆོག་ཅེས་པ་ནི་ཀུན་པོར་ཁོང་ཁྲོ་སློང་བྱེད་ཙམ་དུ་ཟད་པས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། མི་རེ་རེའི་ནང་སེམས་ཀྱི་སྤུས་ཚད་དང་། དེའི་ངག་གི་རིག་བྱེད་གཉིས་ནི་རྒྱུ་འབྲས་ལྟོས་བཅས་སུ་ཡོད་པའི་ཆོས་ཉིད་མཁྱེན་དགོས་ཏེ། གྲྭ་གཞོན་རྣམས་ལ་ནང་པའི་ཆོས་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཐད་ནས་སྤུས་ཚད་ལྡན་པའི་སློབ་གསོ་ཞིག་མྱང་དུ་འཇུག་ཐབས་ལ་འབད་དེ། གནོན་ཤུགས་ཤིག་དང་། བཙན་གནོན་ཞིག་གིས་བསྐྱེད་པ་མ་ཡིན་པར། སྤྲོ་སྣང་ལྡན་པ་དང་། རང་མོས། རང་ཞུགས། རང་རྟོགས་ཀྱི་སྒོ་ནས་རང་རང་གི་ཤེས་རབ་ཀྱི་ནུས་པ་གོང་འཕེལ་དུ་སོང་ན་ནི། ཁོ་ཚོའི་ལག་ནས་ཀྱང་སྤུས་ཚད་ལྡན་པའི་བརྩམས་ཆོས་མང་པོ་འཐོན་སྲིད་པ་མ་ཡིན་ནམ།
ཅིའི་ཕྱིར་ན། རྩོམ་ཡིག་རྩོམ་ཡིག་ཟེར་རུང་། མི་རེ་རེའི་ནང་གི་རྟོག་པའི་རང་མདངས་རི་མོར་འཕོས་པ་ཙམ་ཡིན་པས། ནང་གི་བློའི་གནས་རིམ་གང་འདྲ་ཞིག་ཡིན་ན། ངག་གི་རིག་བྱེད་ལས་ཐོན་པའི་ཚིག་དང་སྐད་ཆ་ཡང་གནས་རིམ་དེ་འདྲ་ཞིག་ལས་འདའ་མི་སྲིད་དེ། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་མཚུངས་ཞེས་ཆོས་གྲགས་ཡབ་སྲས་ཀྱིས་ཀྱང་རྩལ་བཤད་གནང་བ་མ་རེད་དམ།
ཡང་གཅིག་བྱས་ན། ཁྱེད་ཅག་གིས་རང་ཉིད་ལ་མ་བསྟན་པར་ཚགས་པར་སོགས་འགྲེམས་མི་ཆོག་ཅེས་པའི་ཁྲིམས་འདི་འདྲ་ཞིག་བཟོ་དོན་ཡང་། རང་ཉིད་ཀྱི་ལས་སུ་བྱ་བ་རྣམས་ལ་སུ་ཞིག་གིས་སྐྱོན་བརྗོད་རེ་བྱ་མི་འོང་ངམ་སྙམ་དུ་འཇིགས་ཤིང་ཞེད་པ་ཡང་ཡིན་ལས་ཆེ་སྟེ། ཨ་ཙི། དེ་འདྲ་ཞིག་སྐྲག་ག་ལ་དགོས། གལ་ཏེ་སུ་ཞིག་གིས་དོན་མེད་བསྙོན་འཛུགས་དང་། རྗུན་བཤད་པ་སོགས་ཀྱི་སྒོ་ནས་མི་བདེན་ཞིང་། སྙིང་པོ་མེད་པ་དང་། རིན་ཐང་དབེན་པའི་སྐྱོན་འཛུགས་ཤིག་བྱས་ན་ནི། འབྲི་མཁན་རང་གི་དེ་ཉིད་བསྟན་པ་ཙམ་དུ་ཟད་པས། དགོད་ཙམ་དགོད་ཙམ་བྱས་ཏེ་གཡུག་ཆོག་པ་དང་། ཡང་སུ་ཞིག་གིས་བདེན་པའི་གཏམ་དང་དྲང་བོའི་ངག་ལ་བརྟེན་ནས། གནད་ལ་ཁེལ་བའི་སྐྱོན་བརྗོད་ཅིག་བྱས་ཚེ་རྣ་བ་ཞིབ་ཏུ་གཏོད་རྒྱུ་དེ་ནི། དེང་གི་སྐབས་སུ་ཆེ་ས་སྟོབས་ལྡན་རྒྱལ་ཁབ་ནས། ཆུང་ས་ཚོགས་པ་རེ་རེའི་བར་དུ་དཔལ་ཡོན་ལྡན་པའི་དབང་ཆ་འཛིན་སྟངས་སུ་གྱུར་ཡོད་པ་རེད་ཨང་།
ཐག་ཉེ་རིང་ཀུན་ལ་གཟིགས་དང་། དེ་འདྲ་མིན་པར་ནམ་རྒྱུན་སུ་ཞིག་གིས་ངའི་སྐྱོན་རེ་བཤད་མི་འོང་ངམ་སྙམ་པ་དང་། གང་ཞིག་ན་ངའི་སྐྱོན་རེ་བྲིས་མེད་དམ་སྙམ་དུ་འཇིགས་ཤིང་དོགས་ཏེ། རྡེག་པ་དང་། འཛིན་པ་དང་། གསོད་པ་སོགས་དྲག་པོའི་སྦྱོར་བས་གཞན་གྱི་སྨྲ་ལྕེ་འགོག་མཁན་གྱི་དཔོན་གཞུང་གདུག་རྩུབ་ཅན་རྣམས་ལ་ནི་སྟོབས་དང་། མཐུ་དང་། དཔུང་ཅི་ཙམ་ཆེ་རུང་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་དང་འགལ་བར་གྱུར་བས། དུས་རབས་འདིའི་སྐབས་སུ་ཀུན་གྱི་མིག་ནང་གི་ཚེར་མ་རུ་འགྱུར་བཞིན་པ་རེད་ཨང་།
དེས་ན། ཁྱེད་ཅག་ཕྱི་ཚུལ་ཙམ་མིན་པར་དངོས་གནས་དྲང་གནས་དགོན་པར་ལྷག་བསམ་ཡོད་ན། གྲྭ་མང་ལ་བརྩེ་བ་ཆེ་ན། “ཨ་ཧ་ཧ། སྐད་ཆ་འདི་འདྲ་ལབ་ཀྱི་འདུག རྩོམ་ཡིག་འདི་འདྲ་འབྲི་ཡི་འདུག”ཅེས་ཁ་གདངས་ཤིང་མིག་ཅེར་བས་ཅི་ཡང་མི་ཕན་གྱི། ངག་གི་སྦྱོར་བ་དེ་དག་གང་ལས་འབྱུང་སའི་བསམ་བློའི་སྤུས་ཀ་མཐོར་གདེགས་སུ་གཏོང་རྒྱུ་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པས།  ད་ནི་ཁ་མདུན་དུ་འཁོར་ཞིང་། མིག་གིས་རྒྱང་ལ་བལྟས་ཏེ། ཁོར་ཡུག་འདི་གའི་གང་ཟག་སྒེར་རེ་རེའི་བསམ་བློའི་ནང་དུ་ཆོས་ཀྱི་ལྟ་བའི་རང་ཚུགས་དང་། བདེན་པའི་ངེས་རྟོགས་ཤིག་ཇི་ལྟར་བསྐྱེད་དགོས་མིན་གྱི་དོན་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ། རིགས་པའི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་སེངྒེ་གང་གི་ལུགས་ལས་བྱུང་བའི་ལེགས་བཤད་སྡེ་སྣོད་གསུམ་གྱི་དགོངས་པ་ལ་གཞིར་བྱས་པའི་སྟེང་། དགོན་པ་འདིའི་ནང་དུ། འདུལ་ཁྲིམས་གཙང་ལ་ཤེས་བྱ་འཛོམས་པ་དང་། གུ་ཡངས་ལ་དཀྱེལ་ཆེ་བ། ཐབས་ཀྱིས་ཕྱུག་ལ་རིགས་པས་གཏམས་པ། རང་དབང་ལྡན་ལ་དམངས་གཙོར་མཐུན་པ། རང་གི་སློབ་གཉེར་པ་འདུག་སྤྲོ་ལ་གཞན་གྱི་སློབ་གཉེར་པ་ཡང་ངང་གིས་འདུ་བ། སྲོལ་རྒྱུན་གྱི་མཛེས་སྡུག་ལ་གུས་ཤིང་དེང་རབས་ཀྱི་ངོ་མཚར་ལ་འང་མི་བསྙོན་པ་སོགས་ཀྱི་ཁྱད་ཆོས་འཛོམས་པའི་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་འཛུགས་ཐབས་སུ་ཤ་ཐང་ཐང་གིས་འབད་རིགས་ཏེ། ཚུལ་དེ་ཁོ་ན་ཉིད་ནི་མ་འོང་བའི་རྒྱལ་ཕམ་ཀུན་གྱི་རྩ་བ་ཉག་གཅིག་ཡིན་པའི་ཕྱིར་རོ། །
སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་གནད་འགག་དེ་དག་ཡལ་བར་དོར་ནས། འཇོན་ཐང་ཆེ་མདོག་གིས་ལམ་གཞན་ཞིག་དང་། དམིགས་ཡུལ་གཞན་ཞིག་ལ་འཇུས་ཏེ། འཕག་འཚག་རྒྱག་ཁུལ་ཇི་ལྟར་བྱས་རུང་གར་ཡང་མི་ཕྱིན་ལ་གང་དུའང་མི་སླེབ་པར་མ་ཟད། དུས་རབས་ཀྱི་གད་མོའི་ཡུལ་དུ་འགྱུར་སྲིད་ལ། གྱོང་དང་ཕམ་ཁ་ལ་མགྲོན་འབོད་བྱས་པ་དང་འདྲ་བ་ཞིག་ཀྱང་འོང་སྲིད་པ་མ་ཡིན་ནམ།
དེ་ཡང་ད་ལོའི་ལོ་སྟོད་ཀྱི་ཟླ་ངོ་བཞི་ཙམ་གྱི་རིང་ལ། རང་དགོན་གྱི་གྲྭ་པ་དྲུག་ཅུ་ལྷག་སྐྱ་སར་བབས་སྐད་འདུག་ན། དེ་དང་དེ་ལྟ་བུའི་སྣང་ཚུལ་ལ་ནི། དངོས་གནས་ཁ་ནང་དུ་ཕྱོགས་ཏེ་བསམ་གཞིག་དང་། བློ་རྣལ་དུ་ཕབ་སྟེ་ཞིབ་འཇུག་གནང་དགོས་པ་མ་རེད་དམ།
                      བཞི།
ཁོ་བོར་མཚོན་ན། ངག་རྩོམ་འདི་ནི་ཉིས་སྟོང་བརྒྱད་ལོར་དབུས་ལྷ་ལྡན་ནས་ཕྱིར་ཕ་ཡུལ་ལ་འབྱོར་རྗེས་སུ། བྱེ་བྲག་ཏུ་རང་དགོན་ལ་དམིགས་སུ་བཀར་ཏེ་རྩོམ་ཡིག་ཅིག་བྲིས་པའི་ཐོག་མ་ཡིན། ཅིའི་ཕྱིར་ཞེ་ན། རང་དགོན་གྱི་གནས་སྟངས་ཕྲ་རགས་མང་པོའི་ཐད་དུ་བཤད་འདོད་པའི་སྐད་ཆ་དང་། ལེན་འདོད་པའི་གླུ་ངག་མེད་པ་མ་ཡིན་ཏེ། ཁོར་ཡུག་ཆུང་ཆུང་འདི་ན་ནི། ཁྱེད་ཚོའི་ལྗིད་ཤུགས་རི་ལས་ལྕི་ལ། ཁྱེད་ཚོའི་ཟུར་ཁ་མདུང་ལས་རྣོ་བས། ག་དུས་ཡིན་ན་གཟབ་གཟབ་དང་འཇིགས་འཇིགས་ཀྱི་ངང་ནས་སེམས་ཆུང་ཁོ་ནས་བསྡད་པ་ཡིན།
འོན་ཀྱང་། ད་ནི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བ་སོགས་ཀྱིས་གནས་མ་ཡིན་པའི་སྒེར་གཅོད་ཀྱི་ལག་ཟུང་ག་ས་གང་དུ་བརྐྱངས་ཏེ། སྡོད་མི་འཇུག་པའི་ཚད་དུ་སླེབས་བྱུང་བས། སེམས་ཀྱི་མཆི་མ་རྡོག་པོ་འདི་དབང་མེད་དུ་གྲིལ་སོང་ལ། ཡིད་ཀྱི་ན་ཟུག་ལོག་ལོག་དེ་ཡང་དབང་མེད་དུ་ཤོར་སོང་།
རྩོམ་ཡིག་འདི་འབྲི་སྐབས་ཞེ་ས་མེད་པའི་སྐད་ཆ་འགའ་རེ་དབང་མེད་དུ་ཤོར་དུས། ངའི་སེམས་ངོར་ཚོར་བ་ལྗིད་ཏིག་ཏིག་ཅིག་ཡོད་པ་ནི། ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བ་དེའི་ཁྲོད་དུ་ཁོ་བོ་དྲིན་གྱིས་བསྐྱངས་མྱོང་བའི་དགེ་བའི་བཤེས་གཉེན་ཞིག་བཞུགས་ཡོད་པ་དེ་རེད། འོན་ཀྱང་ཕྲན་སྒེེར་ངོས་ནས་དགེ་རྒན་བཀུར་པའི་གུས་འདུད་ལ་ནི་འགྱུར་བ་མེད་ཀྱི། སྤྱིའི་དོན་དང་འབྲེལ་བའི་གནས་ལུགས་ཐད་ནས་ནི་དེ་ལྟར་མི་སྨྲ་ཐུ་མེད་དུ་ཆགས་སོང་།
མ་གཞི་ནས་ཕྱི་རོལ་གྱི་རླུང་དམར་ལྡིང་ཤུགས་བཙན་པས། འུ་ཚོར་དབུགས་རྟ་རྔ་ཙམ་ཞིག་ལས་ལུས་མེད་པའི་ཁར། དབུགས་རྟ་རྔ་ཙམ་པོ་དེ་ཡང་གཅད་འདོད་ཀྱི་སྦྱོར་བ་འདི་རིགས་མཐོང་འོང་དུས། དངོས་གནས་སེམས་སྐྱ་མོ་ཁོ་ཐག་མི་ཆད་དམ།
མདོར་ན། ཁྱེད་ཚོས་འབྲི་མཁན་གྱི་ངོ་སོ་ཆུང་བ་དང་། ཁ་སྟབས་ཞན་པ་ཙམ་ལ་མ་བརྙས་པར། ཇི་སྐད་བཤད་པའི་སྐད་ཆ་བདེན་མིན་ལ་གཞིགས་ཏེ། རང་གི་ལས་སུ་བྱ་བར་བསྐྱར་ཞིབ་དང་ཕྱིར་རྟོག་སྒོས། “ཚགས་པར་དང་། རྩོམ་དེབ་ཡོད་ཚད་ང་ཚོའི་བཀའ་འཁྲོལ་མེད་པར་འགྲེམས་མི་ཆོག”ཅེས་པའི་བཙན་ཁྲིམས་དེས། དགོས་མེད་ཀྱི་ཉེས་པ་མ་བསགས་གོང་ནས་ཕྱིར་བསྡུ་བའི་ཕྱོགས་སུ་ཐུགས་བསམ་རེ་འཁོར་སྲིད་ན། རབ་ཏུ་དགའ་འོས་པའི་གནས་ཡིན་པ་ལྟ་ག་ལ་ཞིག
འོན་ཏེ་རྣམ་པ་ཚོར་རང་སྐྱོན་ངོས་ལེན་གྱི་བློ་གཤོག་དང་བྲལ་ཅིང་། སྐྱོན་བརྗོད་ལ་རྣ་བ་གཏོད་ནུས་པའི་སྒམ་དཀྱེལ་གྱིས་སྟོང་ནས། སྐད་ཆ་བདེན་མིན་དང་། གནས་ལུགས་ཡོད་མེད་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་། སུ་ཞིག་གིས་ཁོ་བོ་ཅག་ལ་ནོར་འཁྲུལ་ཡོད་པར་སྨྲ་ན། དེ་ནི་ཐ་ཤལ་ལོ། ། དེ་ནི་གཏི་མུག་གོ ། དེ་ནི་ལྟ་ལོག་པའོ་ཞེས་ཟེར་ཏེ། ཆད་པ་གཅད་རྒྱུ་སོགས་བཙན་ཤུགས་ཁོ་ནས་བརྡ་ལན་སྤྲད་རྒྱུ་ཡིན་ཟེར་ན་ནི། རུས་དང་མིང་སྦས་ཏེ་རྫུན་གླེང་བཏབ་པའི་ལྐོག་སྦྱར་ཡི་གེ་རྣམས་དང་མི་འདྲ་བར་ལྷག་བསམ་དག་པས་ཕྱི་གསལ་ནང་གསལ་དུ་སྨྲས་པའི་རང་གི་སྐད་ཆ་རྣམས་ལ་ནི། ཁོ་བོས་ག་དུས་ཡིན་ན་འགན་འཁུར་ངེས་ཞེས་ཚིག་ཐག་ཆོད་པོས་སྨྲའོ། །
                                                 སྤྱི་ལོ༢༠༡༣ལོའི་ཟླ༦པའི་ཚེས༤ལ་རང་ཤག་ཏུ་བྲིས།

 

                          དབང་མེད་ཐབས་མེད་དུ་ཕུལ་བའི་གྱེས་ཕྱག
                                                                                                                སྒོ་ཤེས་རབ་རྒྱ་མཚོ།
          འདི་ནི་ངས་མ་ཕུལ་ཐབས་མེད་དུ་གྱུར་པའི་གྱེས་ཕྱག་ཡར་ཡོར་ཞིག་སྟེ། འདི་ནི་ངས་མ་བྲིས་ཐུ་མེད་དུ་གྱུར་པའི་གྱེས་ཚིག་ཐར་ཐོར་ཞིག་ཀྱང་ཡིན། ཕྲན་ལོ་ངོ་བཅུ་ཟིན་ཙམ་ནས་དགོན་པ་འདི་གའི་གྲས་སུ་ཞུགས་ཏེ། ད་ལྟ་རང་ལོའི་ཉག་མ་སོ་བརྒྱད་ལ་སོན་དུས། སེམས་པ་དམར་པོ་རང་ཡུལ་ལ་འཁྲེང་བཞིན་དུ། རྣམ་ཤེས་ཕྲ་མོ་རང་དགོན་ལ་ཆགས་བཞིན་དུ། རྨི་ལམ་ཚུན་ཆད་ལ་རང་གི་གནས་མལ་དྲོན་པོ་ཞིག་ཡིན་ཤག་ཤག་ཏུ་བཟུང་བའི་དགོན་པ་འདི་ནས“ང་སོང་ཡོད“ཅེས་པའི་བརྡ་འདི་མི་སྒྲོག་ཀ་མེད་དུ་གྱུར་སོང་།
         ཅིའི་ཕྱིར་ཞེ་ན། དེ་ནི་ཁོ་བོ་ཐུབ་པའི་བཅས་མཚམས་གང་ཞིག་གི་མཐའ་ལས་འདས་པས་མ་ཡིན་ལ། དགོན་པའི་སྒྲིག་ཁྲིམས་ཅི་ཞིག་གི་གནད་དང་འགལ་བས་ཀྱང་མ་ཡིན་ཞིང་། སེམས་ཀྱི་ཁེན་ས་ཞིག་དང་། ཡིད་ཀྱི་དྲོད་ཐིགས་ཤིག་ཏུ་བསྒོམས་ཤིང་སྒོམ་གྱིན་པའི་དགོན་སྡེ་འདི་རུ་སྡོད་མི་འདོད་པས་ནི་དེ་ལས་ཀྱང་ག་ལ་ཡིན་ཏེ། ཉིན་གཉིས་ཀྱི་ཡར་སྔོན་དུ། ངས《ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་།》ཞེས་པའི་ངག་རྩོམ་ཞིག་བཀྲམ་ནས། རང་དགོན་གྱི་གྲྭ་པ་རྣམས་ཀྱི་བྲིས་རྩོམ་ཡོད་ཚད་ལ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་ཞིབ་གཤེར་བྱ་རྒྱུའི་ལམ་སྲོལ་ནི་རྩ་བ་ནས་མི་འགྲིག་པས། དགོན་པ་འདིའི་གྲྭ་པ་རྣམས་ལ་ཡང་ཁོང་ཚོའི་ཞིབ་གཤེར་བརྒྱུད་མི་དགོས་པར། རྩོམ་ཡིག་འགྲེམས་སྤེལ་གྱི་རང་དབང་ཞིག་ཡོད་ན་འོས་ཚུལ་བརྗོད་པ་ཙམ་གྱིས་ཡིན་ནོ། །
                                               གཅིག
        དེ་ཡང་རང་དགོན་གྱི་འཛིན་སྐྱོང་དམངས་གཙོ་ཅན་དུ་འགྲོ་བཞིན་ཡོད་ལུགས་དང་།  ཁོང་ཅག་ནི་དེའི་ཚབ་མཚོན་ལྟ་བུ་ཞིག་ཡིན་པར་སྙམ་ཞིང་། དེ་ལྟར་སྒྲོག་མཁན་གྱི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བ་དེ་ལ་ནི། ”ང་ཚོར་ཚུལ་མཐུན་ལུགས་མཐུན་གྱི་རྩོམ་འབྲིའི་རང་དབང་ཞིག་དང་། རྩོམ་འབྲིའི་ཁོར་ཡུག་ཅིག་ཡོད་འོས“ལུགས་ཀྱི་ལྟ་ཚུལ་རེ་བཏོན་པ་ཙམ་ལའང་རྣ་བ་གཏད་དེ་ཉན་པའི་ཁོག་རྒྱ་ནི་མེད། རྒྱུ་མཚན་དང་གནས་ལུགས་ཀྱི་སྒོ་ནས་ལན་གདབ་རྒྱུའི་བདེན་པ་ནི་བྲལ། ཤེས་རབ་དང་བློ་གྲོས་ཀྱི་སྒོ་ནས་གོ་བསྡུར་རྒྱུའི་སྤོབས་པས་ནི་སྟོང་བར་གྱུར་ཚེ། རིག་གནས་ལས་དོན་ཐད་ཀྱི་ལྟ་ཚུལ་ཞིག་བཏོན་པ་དེ་ཡང་སྐད་ཅིག་ཉིད་ལ”གྱོད“ཀྱི་སྟེང་དུ་བསྐོར་ཏེ། ”ཁ་སང་སྒོ་ཤེར་གྱིས། ང་ཚོས་ལས་ནོར་ཞིག་བྱས་འདུག་པས། གྲྭ་ཚང་ལ་གནོད་ཀྱི་རེད་ཅེས་ལབ་ཡོད་པར་འདུག་ན།  དེ་རིང་ནས་བཟུང་དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་ནི་གཞུང་དོན་གྱི་བྱ་བ་ཡོད་ཚད་མཚམས་འཇོག་བྱས་པ་ཡིན། ལས་ཀ་ཐམས་ཅད་ཁོས་ལས་ཀྱི་རེད། ང་ཚོ་ལས་ཀར་འགྲོ་གི་མིན།“ཞེས་གྲྭ་མང་གི་དབུས་སུ་བསྒྲགས་ཏེ། ཡུལ་འདིའི་ཁ་སྐད་ལྟར་ན“གྱོད་ཉལ”བྱས། དགོན་པ་འདིའི་ང་ཆེ་ང་བཙན་གྱི་མི་བཅོ་ལྔ(མི་གཉིས་སྐབས་འདིར་མེད་པས་དོན་ལ་མི་བཅུ་གསུམ་རེད)ལས་གྲུབ་པའི་ལྷན་ཚོགས་ཧྲིལ་པོས་དེ་ལྟར་གྱོད་ཉལ་བྱས་སོང་།
       གྱོད་ཉལ་ནི་གྱོད་ཉལ་རང་ཡིན་པས། ཡུལ་ལུང་འདི་གའི་གོམས་སྲོལ་ལ། ལས་ཁུར་པ་གཙོ་གྲས་ཚོས“དེ་རིང་ནས་ང་ལས་ཀ་རུ་མི་འོང“ཞེས་གྱོད་ཉལ་བྱས་ཚེ། རྒྱུ་མཚན་དང་གནས་ལུགས་ཅི་ཡང་བཤད་ས་མི་འགྲོ་བར། ཉལ་ས་ནས་ཡར་སློང་བྱེད་དུ་སྒོར་ཁྲི་ཕྲག་མང་པོ་ཞིག་སྦྱིན་དགོས་པ་ཡིན་ཏེ། སྔར་རང་དགོན་གྱི་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་ལ་ཡང་། ལྷ་སྡེ་འགབ་མའི་མི་ཞིག་གིས། ཁྱེད་ཚོས་གཟུ་བརྒྱབས་པ་དྲང་པོ་མ་རེད་ཅེས་སྨྲས་པ་ལ། དོ་དམ་ལྷན་ཁང་གིས་གྱོད་ཉལ་བྱས་པས། ཁོ་ཚོ་ཉལ་ས་ནས་ཡར་སློང་བྱེད་དུ་དམངས་སྒོར་སུམ་འབུམ་སུམ་ཁྲིའི་ཆད་པ་འཁུར་དགོས་བྱུང་བ་སོགས་དཔེ་མཚོན་མང་པོ་ཡོད་པ་རེད།
          དེ་བས་ན། ལུང་ཁུག་འདི་རུ་མི་ཆེན་དཔོན་ཆེན་ཚོས། བྱ་བ་ཅི་ཞིག་ལ་བསྙད་དེ་གྱོད་ཉལ་བྱས་ཚེ། རྒྱུ་མེད་ཚོའི་སྙིང་འདར་ལ། ནུས་མེད་ཚོའི་བརླ་འཁུམ་པ་བཤད་མི་དགོས་ཏེ། མ་བསམ་ས་ནས་སྒོར་ཁྲི་ཕྲག་མང་པོ་ཞིག་བཙན་ཤུགས་ཀྱིས་འཁྱེར་འགྲོ་བ་མ་ཡིན་ནམ། དེ་འདྲའི་འགྲོ་ལུགས་མ་རུང་བ་གང་ཞིག་གི་རྒྱུ་འབྲས་རབ་དབྱེ་དང་བཅས་པར་བྱང་ཆུབ་པའི་ཤེས་འགན་ལྷན་ཚོགས་ཀྱིས་ཀྱང་། ད་ཐེངས་ཟློས་གར་དེ་ཉིད་འཁྲབ་པའི་དམིགས་ཡུལ་ནི་གསལ་ཐག་ཆོད་རེད་ཨང་།
         མ་གཞི། ངས་རང་གི་ལྟ་ཚུལ་ཅི་ཡོད་མ་གསང་བར་བྲིས་པའི་རྩོམ་ཡིག་དེ་ལ་ཁོང་ཚོས་བགྲོ་གླེང་དང་ཞིབ་དཔྱད་བརྒྱུད་དེ་འགྲིག་མི་འགྲིག་གི་ལན་ཞིག་འོང་རྒྱུའི་རེ་བ་ཤིན་ཏུ་ལྕི་བས། ཁོང་ཅག་ལ་ཁོང་ཅག་གི་ས་ནས་རྩོམ་འབྲིའི་རང་དབང་འགོག་པའི་བཙན་ཁྲིམས་དེ་བཟོ་དགོས་པའི་གནས་ལུགས་ཤིག་སྟོན་རྒྱུ་ཡོད་ན་བསྟན་ཅིང་། ངས་ཀྱང་ངའི་ས་ནས་བསམ་ཚུལ་ཅི་ཡོད་ཀྱི་སྐད་ཆ་ལྷུག་པོར་ཞུས་ཏེ། བདེན་པ་དང་བདེན་པ་གཤིབས་ཤིང་། གནས་ལུགས་དང་གནས་ལུགས་བསྡུར་ན། ཁོང་རྣམ་པའི་ཕྱག་ལས་གནང་ཕྱོགས་དེའི་དགེ་སྐྱོན་ཞིབ་གསལ་དུ་རྟོགས་པར་མ་ཟད། དེས་བརྒྱུད་པའི་སྒོ་ནས་དགོན་པའི་ཤེས་རིག་གི་བྱ་བ་ལེགས་ལམ་དུ་འགྲོ་བར་སྨན་པའི་རེའང་བཟུང་ངོ་།  །
        ད་རུང་། རྩོམ་འབྲིའི་རང་དབང་འགོག་པའི་ཁྲིམས་དེ་འདྲ་བཞག་ན་འགྲིག་གམ། མ་བཞག་ན་འགྲིག་ཅེས་འཛིན་གྲྭའི་འཐུས་མི་སོགས་བསྡུས་ཏེ། གྲྭ་མང་གི་ཐུགས་མོས་ལ་ཉན་པ་སོགས་དཔལ་ཡོན་ལྡན་པའི་ལམ་ནས་ལེགས་ཉེས་ཀྱི་བརྡར་ཤ་ཞིག་གཅད་རྒྱུའི་དབང་དུ་བཏང་ན་ནི། ངས་ཀྱང་ལྷག་བསམ་རྣམ་དག་གིས་སོ་སོའི་ལྟ་ཚུལ་ཅི་ཡོད་ཇི་མ་ཇི་བཞིན་ཞུ་རྒྱུའི་མོས་པ་དང་། འདུན་པ་དང་། དུངས་པ་བཅས་སྙིང་གི་དཀྱིལ་དུ་བཅངས་ཡོད།
       འོན་ཀྱང་། ང་ཚོ་ལ་ནི་དེ་འདྲའི་དབུ་ཁྲིད་ཀྱི་ཚོགས་པ་ཞིག་གི་བསོད་ནམས་ག་ལ་ཡོད་དེ་ལར་ནས་མེད་པའི་ཕྱིར། རང་རེའི་དབུ་ཁྲིད་ཚོས་ནི་སྐད་ཅིག་ཉིད་ལ་ཁོག་རྒྱ་མཐོ་གང་ལས་མི་དམིགས་པའི་དེ་ཉིད་ཕྱིར་ངོམ་སྟེ། རང་དང་མི་མཐུན་པའི་ལྟ་ཚུལ་ཞིག་བཏོན་པ་ཙམ་གྱི་ནད་མ་ཐེག་པར། དབུགས་ཧལ་ཧལ་གྱིས་ཚོགས་དབུས་སུ་བརྒྱུགས་ཤིང་། ”ད་ང་ཚོ་ལས་ཀར་ཡོང་གི་མིན“ཞེས་འུར་བརྒྱབས་ཤིང་། གྱོད་ཉལ་གནང་སྟེ། རྒྱུ་ནོར་ཆེན་པོ་ཞིག་བཤགས་པར་ལེན་རྒྱུ་ཞེ་ཕུགས་སུ་ཉར་བ་སོགས་ཁྲམ་པ་དང་ཇག་པའི་འགྲོ་ལུགས་ཁོ་ན་ཐུགས་ཉམས་སུ་བསྟར་པ་དེ་ལས་བློ་ཕམ་པ་ཞིག་གང་ན་ཡོད་དམ།
        ཨ་ཙི། ད་ཅི་ཞིག་བྱ། ཉི་མ་རེ་རེ་བཞིན་དགོན་པའི་ཤེས་ཡོན་གྱི་ཕྱག་ལས་དེ་ལྟར་འཕྲོ་ཆད་དུ་བཞག་ཅིང་ངན་འགན་ཐམས་ཅད་ངའི་སྟེང་དུ་གཡུགས་པས་བཟོད་ཐབས་བྲལ་པའི་ན་ཟུག་ནི་རབ་ཏུ་ཆེ། ཁོང་ཅག་དང་འདྲ་བར་དཔུང་དང་། ཤུགས་བསྡེབས་ནས་གྱོད་རྒྱག་པའི་འདུན་པ་ནི་ལར་ནས་མེད། གྱོད་ཉལ་བྱས་པ་ལས་ཁོང་ཚོ་ཡར་སློང་བྱེད་ཀྱི་རྒྱུ་ནོམ་ཆེན་པོ་ཞིག་སྤྲད་རྒྱུ་ནི་དེ་ལས་ཀྱང་ཁོ་བོར་གང་ནས་ཡོད་དེ། ཚོང་དང་ཁེ་སྤོགས་སྐར་གང་གཉེར་མ་མྱོང་ཞིང་། ལོ་ངོ་མང་པོར་གྲོང་ཆོག་ཙམ་ལ་ཡང་འགྲོ་མ་མྱོང་བར། ཁྱིམ་གྱི་སྤུན་སྲིང་ཚོས་ཟས་གོས་དང་དངུལ་དངོས་ཕྲན་བུ་རེ་སྟེར་བ་ཁོ་ནའི་དྲིན་ལ་བརྟེན་ནས་འཚོ་བཞིན་པའི་གྲྭ་རྐྱང་ཞིག་གིས།  གྱོད་པ་དེ་དག་ཉལ་ས་ནས་ཡར་སློང་བྱེད་ཀྱི་དངུལ་དངོས་འབོར་ཆེན་ཞིག་ཇི་ལྟར་སྟེར་རམ། དངོས་གནས་དྲང་གནས་རྩ་བ་ནས་སྦྱིན་རྒྱུ་མེད་པས། འུ་ཐུག་ཐབས་ཟད་དུ་གྱུར་ཏེ། རང་ཉིད་དགོན་པ་དང་ཁ་འབྲལ་རྒྱུའི་ལམ་ཁ་དེ་མི་འདམ་ཐུ་མེད་བྱུང་སོང་།
         དེ་ལྟར་བལྟས་ན། རྔ་པ་ཀིརྟི་དགོན་གྱི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ནི། ཁོང་ཚོ་ཡ་མཚན་ཡིན་ཚུལ་དང་། ངོ་མཚར་ཆེ་རབས་ཀྱི་བསྟོད་བསྔགས་འབའ་ཞིག་ལས་ཞུ་མི་ཆོག་པའི་བཙན་དབང་སྒེར་གཅོད་ཀྱི་ཚོགས་པ་ཞིག་ཡིན་མིན་ལ་དོགས་པ་ཁྱོན་ནས་མེད་དེ། གནས་ལུགས་བཙན་པོ་དང་། གཏན་ཚིགས་མཁྲེགས་པོའི་སྒོ་ནས་ཁོང་ཅག་གི་ལས་ཀའི་ཆ་ཤས་གཅིག་ལའང་མ་འདང་ས་དང་ནོར་བའི་ཆ་ཞིག་ཡོད་པར་སྨྲས་ན། དེ་མ་ཐག་གྱོད་ཉལ་བྱེད་ཀྱི་མི་འདུག་གམ།
        གད་མོ་འཆོར་བ་ཞིག་ལ། རང་ལ་སྐྱོན་བརྗོད་ཚིག་གཅིག་བྱས་ན་ཡང་ཤིན་ཏུ་མ་རུང་བ་དང་། ལོག་པ་དང་། ཉེས་པ་ཞིག་ཡིན་པར་ལྟ་བའི་མཁྲེགས་འཛིན་གྱིས་བཟི་དྲགས་པའི་ཁོང་ཚོས། ད་རུང་མཚམས་རེར། དེང་གི་ཡུལ་སྲོལ་དང་མཐུན་པར་དགོན་པའི་འཛིན་སྐྱོང་དམངས་གཙོའི་ལམ་དུ་འགྲོ་ཡི་ཡོད་རབས་སོགས་ཀྱི་ལྡབ་ལྡིབ་སྣ་ཚོགས་སྨྲས་ཤིང་སྨྲ་བཞིན་པ་མིན་ནམ། དྲང་མོར་ཞུས་ན། རང་དང་མི་མཐུན་པའི་ལྟ་ཚུལ་སྣ་གཅིག་ཀྱང་སེམས་ཀྱིས་འཁུར་མི་ནུས་པའི་མི་སྒེར་དང་ཚོགས་པ་གང་ཡིན་རུང་།  དེ་དག་ལ་དམངས་གཙོ་ཞེས་པའི་ཐ་སྙད་རིན་པོ་ཆེ་འདི་ཁ་རུ་ལེན་རྒྱུའི་མ་མཐའི་ཆ་རྐྱེན་ཙམ་ཡང་མེད་དེ། དེ་དང་དེ་རིགས་ཀྱིས་ནི་དམངས་གཙོ་ཟེར་བ་དེ་བཟའ་རྒྱུ་ཞིག་ཡིན་དང་། འཐུང་རྒྱུ་ཞིག་ཡིན་གཏན་ནས་ཧ་གོ་གི་མེད་པར་མ་ཟད། ནམ་ཡིན་ན་དམངས་གཙོ་ལ་རྒྱབ་ཀྱིས་ཕྱོགས་ཤིང་། དཔལ་ཡོན་ལ་རྡོག་པས་བརྫིས་དང་རྫི་བཞིན་པ་རེད་ཨང་།
        དངོས་གནས་ཡིན། དཔལ་ཡོན་གྱི་སྤྱི་ཚོགས་དང་དམངས་གཙོའི་འགྲོ་ལུགས་ཀྱི་ནང་དུ། དབང་འཛིན་པ་ཞིག་ཡིན་ཕྱིན། ཆེ་ས་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཆུང་ས་ཚོགས་པ་རེ་རེའི་མགོ་ཁྲིད་ཀྱི་བར་དུ། སྐྱོན་བརྗོད་ཟེར་བའི་ཡིག་འབྲུ་འདི་གཉིས་པོ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཡོད་དེ། དབང་ཞིག་བཟུང་ཕྱིན་ནས་སྤྱི་པའི་ལས་སྒོ་སྣ་ཚོགས་སུ། དབང་འཛིན་མཁན་གྱི་ལས་ཀ་ལས་ཚུལ་དང་། བྱ་བ་སྒྲུབ་ཚུལ་ཕྲ་རགས་ཐམས་ཅད་མི་མང་ཞིག་གི་ཁེ་ཕན་དང་། མི་མང་གི་བདེ་སྡུག་ལ་འབྲེལ་བ་གྲུབ་ཟིན་པས། མི་མང་གིས་དེ་ལ་འགྲིག་མི་འགྲིག་གི་སྐད་ཆ་སྣ་ཚོགས་ཤིག་སྨྲས་ཤིང་སྨྲ་བ་ལས་རྒྱུན་ལྡན་ཞིག་གང་ན་ཡོད་དམ།
        རྒྱུན་ཤེས་སུ་གྱུར་པའི་གོ་བ་དེ་ཙམ་ཞིག་ཀྱང་། ད་རུང་ཐག་རིང་ཐག་རིང་ཞིག་ན་ལུས་པའི་རང་དགོན་གྱི་ཤེས་ཡོན་འགན་འཛིན་རྣམ་པ་ནི། ངན་པ་ལངས་ཤོར་གྱི་བྱིས་པ་ཞིག་དང་འདྲ་བར། དགོན་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་དང་འཕྲད་ཚེ། མཁས་པའི་ལུགས་སུ་ཡིན་མིན་བདེན་རྫུན་གྱི་བརྡར་ཤ་རིགས་པས་མི་གཅོད་ཅིང་། མཛངས་པའི་ལུགས་སུ་གནད་དོན་ལེགས་བཅོས་ཀྱི་སྒོ་མོ་ཐབས་ཀྱིས་མི་འཚོལ་ལ། ཆོས་པའི་ལུགས་སུ་བླང་དོར་དབྱེ་འབྱེད་ཀྱི་རྩ་བ་རྒྱུ་འབྲས་ལ་མི་གཏུག་ཅིང་། སྒམ་པའི་ལུགས་སུ་བྱ་བའི་འཇུག་ལྡོག་གི་ངོ་བོར་ལྷོད་ཀྱིས་མི་བརྟག་པར། དེ་རིང་ཉིན་གུང་སུ་ཞིག་གིས་ཁོང་ཚོའི་མ་འདང་ས་ནས་གླེང་ན། སང་ཉིན་ཞོགས་པ་ནས་གྱོད་ཉལ་བྱེད་པ་འདི་འདྲ་ཅི་ཞིག་བྱུང་སོང་ངམ།
           སྙིང་རྗེ། ཅི་ཁག་སྟེ། ”ང་ཚོ་ལ་སྐྱོན་བརྗོད་ཅིག་བྱས་འདུག་པས་དེ་རིང་ནས་ཉལ་རྒྱུ་ཡིན“ཟེར་མཁན་གྱི་དགོན་པའི་འཛིན་སྐྱོང་ཚོགས་པ་ཞིག་ལ། རྒྱལ་བསྟན་རིན་པོ་ཆེའི་སྙིང་པོ་ལེགས་པར་འཛིན་པའི་བློ་གྲོས་ཤིག་ནི་གཞི་ནས་ཡོད་དཀའ་མོད། དཀྱུས་མའི་ཁྱིམ་བདག་བཟང་པོ་ཞིག་གི་ཁོག་རྒྱ་དང་ཐབས་ཇུས་ཙམ་ཡང་མེད་པ་གསལ་པོ་ཡིན་ཏེ། སྤྱི་པའི་ལས་དོན་ལ་དོ་ཁུར་གྱི་བསམ་པས། ཐད་ཀར་ལྟ་ཚུལ་རེ་བཏོན་ན་ཡང་དགྲ་རུ་རྩི་ཡི་མི་འདུག་གམ།
          ཞིབ་ཏུ་བསམས་ན། ཁོང་རྣམ་པས་ནི་དམངས་ཁྲོད་དུ་དར་པའི་རྐུན་ཇག་ཚོའི་འགྲོ་སྲོལ་ལ་དཔེ་བལྟས་ཤིང་། དྲག་ཤུལ་དང་ཀླ་ཀློ་ཡི་ལྟ་བ་ཉམས་སུ་བླངས་ནས། གྱོད་ཉལ་བྱས་ཏེ་ཕ་རོལ་པའི་ལག་ནས་རྒྱུ་ནོར་མང་པོ་འཕྲོག་ཐབས་བྱ་རྒྱུ་འདི་གདམས་ངག་རྩ་ཆེན་ཞིག་ཏུ་བཟུང་ཡོད་པ་འདྲ་སྟེ། དགོན་པའི་ཤེས་རིག་སློབ་གསོའི་ཐད་དུ་ལྟ་ཚུལ་མི་འདྲ་བ་ཞིག་བཏོན་པ་ཙམ་ལའང་། གྱོད་བརྒྱབས་ཏེ་རྒྱུ་ནོར་མང་པོ་བཙན་ཐབས་ཀྱིས་འཕྲོག་ཐབས་བྱེད་ཀྱིན་པ་འདི་རེད། ཨ་ཨ། ཐ་ཤལ་གྱི་ལས་འདི་འདྲ་ནི་ཆོས་སྡེ་ཆེན་པོ་གང་ཞིག་གི་གནས་བརྟན་ཚོས་བསྒྲུབ་རྒྱུ་ཞིག་ཡིན་ནམ། དགོན་སྡེ་ཆེན་པོ་གང་ཞིག་གི་མཁས་པ་ཚོས་གནང་རྒྱུ་ཞིག་ཡིན་ནམ། གདན་ས་ཆེན་པོ་སུ་ཞིག་གི་བཤེས་གཉེན་ཚོས་མཛད་རྒྱུ་ཞིག་ཡིན་ནམ།
          སྔར་ཇོ་བོ་རྗེས། དཔལ་ནཱལེནྡའི་དགོན་པ་རུ་དོན་དག་ཅི་ལ་འཕྲད་རུང་། ཐམས་ཅད་སྡེ་སྣོད་གསུམ་གྱི་དགོངས་པ་གཞིར་བཟུང་སྟེ་ཐག་གཅོད་མཛད་ཀྱི་རེད་ཅེས་གསུངས་འདུག་མོད། ད་ལྟ་རང་རེའི་དགོན་པ་འདི་ན་ནི། ཆོས་དང་རིག་གནས་འཕེལ་ཕྱོགས་ཐད་ཀྱི་ལྟ་ཚུལ་མི་མཐུན་པའི་བགྲོ་གླེང་ཚུན་ཆད་གྱོད་པའི་རིགས་ལམ་གྱི་སྟེང་ནས་ཐག་གཅོད་ཀྱིན་ཡོད་པ་འདིས་ནི་ཡང་སྙིང་ཅི་ཞིག་མཚོན་ནམ།
         ངོ་མ། དགེ་འདུན་ཉིས་སྟོང་ལྷག་བཞུགས་པའི་ཆོས་སྡེ་ཞིག་ཏུ། ཆོས་པ་ང་ཡིན་ཟེར་མཁན་ཚོས་ཀྱང་གལ་ལ་ཐུག་དུས། རྒྱུ་འབྲས་ལུགས་ལྡོག་གི་གཡོ་ཐབས་འདི་འདྲ་ཞིག་སྤྱད་དེ། སྙིང་རྗེ་མེད་པར་ཉམ་ཆུང་གྲྭ་རྐྱང་ཞིག་ཚར་གཅད་ཕྱིར་དུ་འབད་ཀྱིན་པའི་ངང་ཚུལ་འདི་ལ་འགྲེལ་ཇི་ལྟར་རྒྱག་དགོས་པ་རེད། ཀྱེ་མ། བརྩེ་བའི་སྟོན་པ་དང་། རྒྱུ་འབྲས་ཀྱི་སློབ་དཔོན། འདྲེན་པ་ཤཱཀྱ་སེང་གེས་འདི་ཉིད་གཟིགས་ན་ཅི་ཞིག་གསུང་སྲིད་དམ། ཐུབ་པ་ཉིད་དང་མཚུངས་པའི་གནས་བརྟན་འོད་སྲུང་ཆེན་མོ་སོགས་ངེས་དོན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཚུལ་འདི་གཟིགས་ན་ཅི་ཞིག་གསུང་སྲིད་དམ། རེད། གཅིག་བྱས་ན། ཅི་ཡང་གསུང་མི་སྲིད་དེ། ཐུགས་སྐྱོ་བའི་མཆི་མ་ཡོད་ཚད་སེམས་ཁུངས་སུ་འཛག་རྒྱུ་ལས་བྱ་ཐབས་མེད་དེ། གལ་ཏེ་དེ་འདྲ་མ་གནང་རོགས་ཞེས་སློབ་སྟོན་ཞིག་གནང་བའི་དབང་དུ་བཏང་རུང་།  ཡང་གྱོད་ཉལ་མི་བྱེད་པའི་ངེས་པ་ག་ལ་ཡོད་ཨང་།
       སྤྱིར་བཏང་ད་ལོའི་ལོ་འགོར། དགོན་པ་འདིའི་དགེ་འདུན་མི་རེ་ངོ་རེས་འོས་ཤོག་འཕངས་ཏེ། ཁྱེད་རྣམ་པ་ཀིརྟི་དགོན་པའི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་བའི་ཉིན་ནས་བཟུང་། གྲྭ་རྐྱང་སློབ་གཉེར་པ་ཚོས་ནི་གཅིག་གིས་གཅིག་ལ། ”གྲོགས་པོ་དག ད་ནི་རྒྱུ་འབྱོར་གྱི་མངའ་ཐང་བྲལ་ཅིང་། དབང་ཤུགས་ཀྱི་བཙན་སྟོབས་དམན་པའི་འུ་ཚོ་ལ་ཡང་། རང་རང་གི་དཀའ་ངལ་འཛེམ་མེད་དུ་འདོན་ས་ཞིག་དང་། རེ་འདུན་དོགས་མེད་དུ་ཞུ་ས་ཞིག སྡུག་སྨྲེ་གྱ་གྱུར་བརྗོད་ས་ཞིག་ཡོད་སོང་བ་རེད“ཅེས་སྨྲས་ཤིང་སེམས་ཏེ། ཁ་ངོ་འཛུམ་གྱིས་འཁྱུད་ཅིང་། སེམས་པ་སྤྲོ་བས་བཟི་ཡོད་རྒྱུ་རེད་ཨང་།
       ལོས་ཡིན། གླེན་རྟགས་ཆེ་བའི་ང་ཡང་དུངས་ཞེན་དེའི་རྒྱ་ལས་འདའ་མ་ནུས་པར། རྣམ་པ་ཚོ་ནི་བཤད་ས་ཞིག་དང་། ཞུ་ས་ཞིག ཐ་ན་སྐྱོན་བརྗོད་བྱེད་ས་ཞིག་ཀྱང་ཡིན་ཤག་ཤག་ཏུ་སྙམ་ནས། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ཡ་གྱལ། རྩོམ་འབྲི་རྒྱུ་ནི་སློབ་གཉེར་པ་སྒེར་རེ་རེའི་སེམས་ཀྱི་རང་མདངས་དང་། ཤེས་རབ་ཀྱི་རང་འོད། ཚོར་པའི་རང་མྱོང་བཅས་ཕྱིར་མངོན་ཚུལ་གྱི་རྣམ་གྲངས་ཤིག་ཡིན་པས། དེ་ལ་ཁྱེད་ཅག་གིས་མཐའ་ཐིག་གཅིག་ནི་བརྒྱབས་འདུག ད་དེ་ཚུན་ཆད་ནས་རང་སར་བཞག་སྟེ་ལག་པ་མ་བསྲིངས་ན་ཞེས་པའི་ལྟ་ཚུལ་འདི་ཁ་ནས་ཐལ་བ་མ་ཡིན་ནམ།
        འོན་ཀྱང་། བློ་ཡུལ་ལས་འདས་ཤིང་ཧང་སང་བ་ཞིག་ལ། སོ་སོའི་མཚན་སྙན་དང་ཆེ་མཐོང་ཡོད་ཚད་སུ་ཞིག་གིས་སྤྲད་ཅིང་ཕུལ་བ་བརྗེད་ཟིན་པའི་ཤེས་འགན་ལྷན་ཚོགས་ཀྱིས་ནི། རང་ཉིད་ཆེན་པོ་ཞིག་དང་རྫིག་པོ་ཞིག་ཏུ་རློམ་དྲགས་ཏེ། སློབ་གཉེར་པའི་དངོས་ཕན་གྱི་ལས་ལ་དོ་ཁུར་ཆུང་ནས་ཆུང་དུ་སོང་ཟིན་པར་མ་ཟད། ཐ་ན་སློབ་གཉེར་པ་ཚོས་རང་གི་སྐད་ཆའི་གླེང་སྟེགས་སུ། ཚུལ་མཐུན་ལུགས་མཐུན་གྱི་སྒོ་ནས། ཚགས་པར་དང་། དུས་དེབ་རེ་གཉེར་གྱིན་པ་ཡང་འགོག་ཐབས་ཀྱི་སྦྱོར་བ་ལ་འབད་པར་མ་ཟད། ལས་ཀ་དེ་འགྲིག་མི་འགྲིག་གི་སྐད་ཆ་ཞིག་སྨྲས་པ་ཙམ་ལ་ཡང་། གྱོད་ངར་ཆེན་པོས་ཉལ་སོང་བ་འདི་འདྲ་བསྙོན་མེད་བྱུང་སོང་། ཀྱེ་ཀྱེ། དབང་ཤུགས་ལྟར་སྣང་ཞིག་གིས་བཟི་དྲགས་པའི་སྐུ་ཞབས་རྣམ་པ་ལགས། ཁྱེད་ཚོའི་རྒྱུ་འབྲས་ཀྱི་མིག་དང་། བརྩེ་བའི་སེམས། དྲང་པོའི་བློ། བདེན་པའི་ལྟ་བ་ཡོད་ཚད་གང་ཞིག་ཏུ་གཡུགས་ཟིན་ནམ། སུ་ཞིག་གིས་ཟོས་ཟིན་ནམ།
       འཇིག་རྟེན་འདིའི་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ཡོད་ཚད་རྒྱུ་དང་རྐྱེན་གྱིས་གྲུབ་པ་ཡིན་པས། གང་དུ་སྤུས་ཚད་ལྡན་པའི་མི་དང་མི་ཡི་ཚོགས་པ་ཡོད་ན། དེ་རུ་སྔོན་ཐོན་གྱི་དཔལ་ཡོན་ལྷུན་གྲུབ་ཏུ་མངའ་བ་ཡིན་ལ། གང་དུ་རྒྱུ་དང་སྤུས་ཀ་ཞན་པའི་མི་དང་མི་ཚོགས་ཀྱིས་གང་ཡོད་ན་ནི། དེ་རུ་ངེས་དོན་གྱི་དཔལ་ཡོན་ཟེར་བ་ཞིག་འཁྲུངས་པའི་གནས་ལར་ནས་མེད་པ་མ་ཡིན་ནམ། ཡིན་ཏེ། རྒྱལ་ཁབ་ཅིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། ཚོགས་སྡེ་ཞིག་ཡིན་ནའང་འདྲ་སྟེ། ཐ་ན་དགོན་སྡེ་གཅིག་ཚུན་ཆད་ཀྱི་ཚོགས་སྤྱི་གང་དང་གང་ཡིན་རུང་། སྒམ་དཀྱེལ་ལྡན་ལ་བློ་དཔྱོད་མངའ་བའི་དབུ་ཁྲིད་ཀྱི་དཔུང་ཁག་ཅིག་ཡོད་མེད་ནི། ཚོགས་སྤྱི་དེ་དག་ལ་རྒྱལ་ཕམ་ཅི་འབྱུང་གི་གནད་ཐུག་ས་གཙོ་བོ་ཞིག་ཏུ་བརྩིས་ན་ཆོག་པ་ཡིན་པས། ངོ་བསྟོད་དང་གཅམ་པུའི་ཚིག་འབའ་ཞིག་ལ་ཉན་པར་དགྱེས་པ་ལས། བློ་དྲང་པོའི་སྒོ་ནས་སྐྱོན་བརྗོད་དང་འབྲེལ་ཏེ་གྲོས་གཞི་རེ་བཏོན་པ་ཙམ་ལ་ཡང་། གྱོད་ཉལ་བྱེད་མཁན་གྱི་ཚོགས་པ་ཞིག་གིས་ནི་རང་ཅག་ལམ་གང་འདྲ་ཞིག་ཏུ་འཁྲིད་སྲིད་དམ།
        རེད། གཅིག་བྱས་ན། ད་ནས་བཟུང་ཤེས་འགན་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་ཐད་ཡིན་མིན་བཟང་ངན་གྱི་ཚིག་གཅིག་ཀྱང་སྨྲ་མི་ཆོག་པའི་ཁྲིམས་སུ་དགོན་སྡེ་འདིའི་དགེ་འདུན་ཐམས་ཅད་གནས་དགོས་ལ། ཡང་ན་ནི་ཐོག་མར་ཉལ་ས་ནས་ཡར་སློང་བྱེད་ཀྱི་སྒོར་ཁྲི་ཕྲག་མང་པོ་ཞིག་གྲ་སྒྲིག་བྱས་ཏེ། གཞི་ནས་ལྟ་ཚུལ་འདོན་རྒྱུ་ལས་ཐབས་གཞན་མེད་པ་རེད།
                                                 གཉིས།
        རང་དགོན་གྱི་ཤེས་རིག་གི་ཁོར་ཡུག་ལེགས་ལམ་དུ་འགྲོ་ཕྱིར། འབོད་སྐུལ་གྱི་རྣམ་པས་རྩོམ་ཡིག་ཅིག་བྲིས་པ་ལ། འདི་ནས་འཕྱུག་འདུག་དང་། འདི་ནས་ཉེས་འདུག་ཟེར་རྒྱུའི་སྐད་ཆ་ཚིག་གཅིག་ཙམ་ཡང་མེད་པར། དགོན་པའི་ཤེས་ཡོན་འགན་འཛིན་རྣམ་པས་ལས་མཚམས་བཞག་སྟེ། གྱོད་ཉལ་བྱས་པའི་ངན་ཁག་གི་གནོན་ཤུགས་ལྕི་མོས་ཉིན་གསུམ་གྱི་རིང་ལ་ཕྲན་གྱི་ལུས་སེམས་ཐམས་ཅད་མནན་ན་ཡང་། གནས་ལུགས་དང་། དཀའ་ངལ་ཞིག་ནི་ཞུས་རུང་ཕན་མི་ཐོག་ལ། ཉལ་ས་ནས་ཡར་སློང་བྱེད་ཀྱི་སྒོར་མོ་ཁྲི་ཕྲག་མང་པོ་ནི་བསྟེར་རྒྱུ་མེད་པའི་རྐྱེན་དེ་ཁོ་ནས། མཐར་རང་གི་དགོན་པ་དང་ཁ་འབྲལ་དགོས་བྱུང་བའི་སྐྱོ་གར་འདི། དེ་རིང་ངས་མི་འདེམ་ཐབས་མེད་ཀྱི་ལམ་དུ་གྱུར་སོང་།
        ངས་བདེན་པའི་གཏམ་དཀྱུས་མ་ཞིག་དང་། དྲང་པོའི་ངག་ཕལ་བ་ཞིག་སྨྲས་པ་ཙམ་གྱིས། དགོན་པ་དང་འབྲལ་དགོས་བྱུང་བའི་ལས་དབང་འདི་འདྲ་ང་གཅིག་པུའི་སྟེང་ནས་མཇུག་རྫོགས་རྒྱུའི་སྨོན་ལམ་དང་གསོལ་འདེབས་སྙིང་ནས་ཞུ་བཞིན་ཡོད་དེ། གལ་ཏེ་ནམ་ཞིག་ན། ཡང་སུ་ཞིག་གིས་ཁ་གྲག་ཉེས་བྱེད་ཐེངས་གཅིག་གིས། ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་གྱོད་ཉལ་བྱས་ཏེ། དགོན་པ་ནས་འགྲོ་དགོས་ཐུག་ཚེ་ཇི་ལྟར་བྱ་ཨང་།
         འོན་ཀྱང་། གླིང་འདིའི་གཟུ་བོའི་མིག་ཅན་དང་། བདེན་པའི་བློ་ཅན་ཀུན་གྱིས་ཕྱི་གསལ་ནང་གསལ་དུ་མཁྱེན་པ་ཞིག་ལ། རང་དགོན་གྱི་སློབ་གཉེར་པ་ཚོ་ལ་ཤེས་ཡོན་སློབ་སྦྱོང་གི་ཁོར་ཡུག་གཙང་མ་ཞིག་ཟེར་ན་ཆོག རྩོམ་འབྲིའི་བར་སྟོང་གུ་ཡངས་པོ་ཞིག་ཆགས་པའི་ཆེད། བསམ་ཚུལ་དང་ལྟ་ཚུལ་ཞིག་སྨྲས་པ་ཙམ་ལས་གཞན་དུ་ཉེས་པ་ཏིལ་ཙམ་བསགས་མེད་པས། ད་ལམ་གྱི་ལས་སུ་བྱ་བ་དག་ལ་བློ་འགྱོད་གཏན་ནས་མེད་པ་ལྟ་ཅི། སྒེར་གཅོད་ཀྱི་ལྟ་བས་ཕྱི་ཟིན་ནང་ཟིན་དུ་གྱུར་པའི་མི་ཆུང་ཚོའི་བློ་ཡུལ་དུ་མི་ཤོང་བའི་སྤོབས་པ་དང་གཟི་བརྗིད་ཀྱི་ཚོར་བ་གཞན་ཞིག་ཀྱང་འོང་གི་འདུག་གོ །
        ད་རུང་སླད་ཕྱིན། རྣམ་པ་ཚོས་ནི། དགོན་སྡེ་ཆེན་པོ་ཞིག་གི་དབུ་ཁྲིད་ཅེས་པའི་ཐ་སྙད་འདི་ཇི་ལྟར་འཁུར་དགོས་པའི་ཕྱོགས་སུ་བསམ་གཞིག་ཡང་ཡང་བཏང་སྟེ། དགོན་པ་ཆེན་པོ་ཞིག་གི་ནང་ལ་ལྟ་ཚུལ་མི་འདྲ་བ་མང་པོ་ཡོད་སྲིད་པ་ཙམ་ནི། མིའི་རང་བཞིན་ཞིག་དང་། དངོས་པོའི་ཆོས་ཉིད་ཅིག་ཡིན་པ་ཧ་གོ་གལ་ཆེ་སྟེ། ཅུང་ཙམ་ཞིག་ནས་གྱོད་ཉལ་བྱེད་རྒྱུའི་ལྟ་ངན་སྡིག་པ་ཅན་འདི་ཉིད་མཆིལ་བའི་ཐལ་བ་བཞིན་དུ་དོར་ལ། བློ་གྲོས་དག་པའི་སྒོ་ནས་དགོན་པའི་ནང་ལ་མཐུན་སྒྲིལ་འབྱུང་ཐབས་སུ་འབད་དེ། རང་རེའི་དགོན་སྡེ་འདི་ངེས་པ་དོན་གྱི་སྟེང་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པའི་ཆོས་སྡེ་ཆེན་པོ་ཞིག་ཏུ་འགྱུར་ཐབས་ལ་འབད་རིགས་ཀྱི། གནད་དོན་ཐག་གཅོད་ལ་མཁས་པའི་མཐུན་ཕྱོགས་ཀྱི་ཤེས་རབ་མེད་པའི་ཁར། གཡོ་དང་། སྒྱུ་དང་། རྫུན་དང་། ཕྲ་མ་སོགས་སྤྱོད་ཐབས་སུ་གྱོད་ཉལ་ཚུན་ཆད་བྱས་ཏེ། ལྟ་ཚུལ་མི་མཐུན་པ་ཅི་ཡོད་མི་ཡི་འགལ་བར་བསྒྱུར་ཅིང་།  མི་ཡི་འགལ་བ་ཅི་ཡོད་ཕྱོགས་ཁག་གི་འགལ་བར་བསྒྱུར་ནས། དགོན་པ་འདི་ཟང་ཟིང་ལོང་ལོང་ཞིག་ཏུ་མི་གཏོང་བའི་རེ་བ་སྙིང་ནས་ཞུ་རྒྱུ་ཡིན་ཏེ། གཞན་དུ་ན་ནི་ཁྱེད་ཚོ་ཅི་ཞིག་བྱེད་མཁན་དུ་བསྐོས་པ་རེད་དམ་ཞེས་དྲིས་ན། དྲིས་ལན་ཐམས་ཅད་གཞན་ཞིག་ཏུ་ཆགས་མི་འགྲོའམ།
                                                     གསུམ།
      རྔ་པ་ཀིརྟི་དགོན་པའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ལྷན་ཚོགས་ལགས། གདོང་ལ་གདོང་གཏད་དེ་གནས་ལུགས་ཚིག་གཅིག་ཙམ་བསྡུར་པའི་ཕོ་ཚོད་མེད་པར། གཡོ་དང་སྒྱུ་སྤྱད་དེ་གྱོད་ཉལ་བྱེད་རྒྱུ་ལས་ཡར་ལོངས་ཤིག་དང་།  ད་ནི་ཁོ་བོ་དགོན་པ་དང་བྲལ་ཟིན་ལགས།
       ཁྱེད་རྣམ་པ་ཉལ་ས་ནས་ཡར་འགྲེང་བའི་རྟེན་དུ། དམངས་སྒོར་ཁྲི་ཕྲག་མང་པོ་བསྟེར་རྒྱུ་དངོས་གནས་མེད་པས། ངས་ནི་རང་ཉིད་ཀྱི་མི་ཚེ་འདིར་གང་དུ་འཚོ་སའི་གནས་གཞིས་ཆུང་ཆུང་བོ་བློས་བཏང་སྟེ། མི་འཁྱམ་ཐུ་མེད་དུ་གྱུར་པ་ཡིན་མོད། ད་རུང་བཤད་རྒྱུ་ཞིག་ལ། གལ་ཏེ་ནམ་ཞིག་ན། ཕན་ཐོག་རུང་མ་ཐོག་རུང་ངས་ནི་དགོན་པར་ཕན་སེམས་ཞིག་འཆང་ཁུལ་བྱས་པ་ཙམ་ལས་ནག་ཉེས་ཅི་ཡང་མེད་པའི་དངོས་དོན་དེ་ཁྱེད་ཚོས་ཀྱང་ངེས་ཤིང་རྟོགས་ན་ནི། ཁོ་བོ་ཡང་རང་གི་དགོན་པ་ལ་ཕྱིར་འཁོར་རྒྱུར་ཅི་ནས་ཀྱང་སྤྲོོ་མོད། བརྒྱ་ལ་དེ་འདྲ་མ་ཡིན་པར་དབང་ཤེད་ཁོ་ན་བཙོངས་ཏེ། ཉེས་མེད་ཅིག་ཉེས་ཅན་དུ་བརྩིས་ཤིང་དེ་ལྟར་ཁས་ལེན་དགོས་པ་དེ་སྲིད་དུ། རྣམ་པ་ཚོ་ལྷོད་ལྷོད་གྱིས་ལ་བློ་བདེ་བོར་བཞུགས་དང་། དགོན་པ་འདིའི་སྒྲིག་ཁོངས་སུ་སྒོ་ཤེར་ཟེར་བ་ཞིག་དེ་རིང་ནས་མེད་པ་གཏན་ཁེལ་ཡིན་ནོ། །
       དེ་ལས་ཀྱང་གསལ་པོར་བཤད་རྒྱུ་ལ། ཁྱེད་ཚོས་ད་རུང་གནས་ལུགས་ཀྱི་ཐོག་ནས་ངའི་ད་ཐེངས་ཀྱི་བྲིས་རྩོམ་འདི་ལ་ནག་ཉེས་ཤིག་ཡོད་མེད་སྐོར་ནས་གདོང་དང་གདོང་ཐུག་ནས་གླེང་ཕོད་ན། བརྡ་རྒྱོབས་དང་། རང་གི་ཁ་ནས་ཐོན་པའི་རྩོམ་ཡིག་གི་ཚིག་འབྲུ་རེ་རེ་བཞིན་འགན་འཁུར་གྱི་འདུ་ཤེས་ལྡན་པའི་སྟེང་ནས། རྣམ་པ་ཚོར་བགྲོ་གླེང་བྱ་རྒྱུར་སྤྲོ་བ་དང་ཡིད་ཆེས་བླ་ལྷག་ཏུ་ཡོད།
         རེད། ཁོ་བོ་སྒེར་གྱི་གནས་གཞིས་ཁྱེད་ཚོས་འཕྲོག་ནུས་ལ། ཁོ་བོ་སྒེར་གྱི་བདེ་སྐྱིད་ཁྱེད་ཚོས་འཇོམས་ནུས་ན་ཡང་། ངའི་སེམས་ན་ལྷན་སྐྱེས་སུ་མཆེད་པའི་འོད་དཀར་གྱི་རྡོ་རིང་དེ་ཁྱེད་ཚོས་གཞོམ་མི་ནུས་ཤིང་། ངའི་གཤིས་ལ་ལྷུན་གྲུབ་ཏུ་ཡོད་པའི་གཟུ་བོའི་རང་མདངས་དེ་ཁྱེད་ཚོས་གསུབ་མི་ནུས་པས། རྣམ་པ་ཚོར་བྲིས་ཤིང་འབྲི་དགོས་པའི་ཡི་གེའི་འདུ་བྱེད་ནི། འདི་ཙམ་གྱིས་རྫོགས་པ་གཏན་ནས་ག་ལ་ཡིན།  ག་ལེར་རྗེས་སུ་མཇལ།
        འོ་ད་རུང་བཤད་རྒྱུར། གྲྭ་རྐྱང་སློབ་གཉེར་པ་ཞིག་མ་ཉེས་བཞིན་དུ། རྣམ་པ་ཚོས་གྱོད་ངར་ལ་བརྟེན་ནས་དགོན་པ་དང་ཁ་འབྲལ་ཏུ་བཅུག་པའི་ལོ་རྒྱུས་འདི་ཐུགས་ལ་ནན་གྱིས་ཟུངས་ལ། རྒྱུན་དུ་ལག་པའི་སྟེང་དུ་ལག་པ་བཞག་ཅིང་། སེམས་པའི་སྟེང་དུ་སེམས་པ་བཞག་ནས་ཐུགས་བསམ་རེ་བཞེས་རྒྱུའི་རེ་བ་ཆེ་སྟེ། དེ་ལྟར་གནང་ན་ནི་ཁྱེད་རྣམ་པས་ཀྱང་། ནམ་ཞིག་ན། རྒྱུ་འབྲས་སྣོག་ཟེར་བ་ཞིག་གི་དོན་གསལ་པོ་ཞིག་རྟོགས་ཏེ། རང་སེམས་ལ་ཙག་ཤད་རྒྱུག་པའི་ཉི་མ་ཞིག་ཡོད་སྲིད་པས། ད་རེས་ཀྱི་དོན་དག་ཡོད་ཚད་ཀྱི་ངོ་བོ་དང་རང་བཞིན་ནི་དེ་དུས་གསལ་པོ་མཁྱེན་གྱི་རེད།
        ཡང་གཅིག་བྱས་ན། ད་རེས་ཀྱི་རྟེན་འདིར་རྣམ་པ་ཚོར་ངེས་ཤེས་དེ་འདྲ་ཞིག་མི་སྐྱེ་ཡང་སྲིད་ལ། མ་སྐྱེས་ན་ཡང་འགྲིག་སྟེ། རང་ཉིད་ལོ་རྒྱུས་ཀྱི་ཉེས་ཅན་ཡིན་པ་མ་རྟོགས་པར། མགོ་ཀྲོག་ཀྲོག་དང་། རྣ་བ་ཅོར་ཅོར་གྱིས་མི་ཚེ་བསྐྱེལ་ན་ཁམས་དྭངས་ཀྱི་མ་རེད་དམ།
       དེ་བས་ན། ནང་གི་ངེས་རྟོགས་ཀྱི་སྒྲོན་མེ་དེ་ལྟར་སྦར་མ་ཐུབ་རུང་། ཕྱིའི་སྣང་ཚུལ་དང་ཁ་ལས་ཙམ་ལ་ཡང་བསམ་བློ་ཐོངས་ལ། དེང་ཕྱིན་ཁ་ཕོ་རེས་རྐྱང་བ་ཚད་དེ་གནས་ཚུལ་ཤིག་འདྲ་ཞིག་མེད་ས་ནས། གྱོད་ངར་གཡག་འདྲ་བ་ཞིག་བསྐྱེད་དེ། གྲྭ་རྐྱང་ཉམ་ཆུང་ཚོ་རེ་རེ་བཞིན་དུ་དགོན་པ་ནས་རྒྱང་ཕུད་མི་གཏོང་རྒྱུ་སྐུ་མཁྱེན། གསུང་མཁྱེན།  ཐུགས་མཁྱེན་ནོ། །
      མདོར་ན། ཁོ་བོ་དེ་རིང་དགོན་པ་ནས་འགྲོ་རན་དུས། ཡིད་ལ་འདོར་དཀའ་བ་དང་། བསྐྱུར་མི་ཕོད་པ་ཞིག་ཡོད་པ་ནི། ཡིན་རློམ་དང་ཡོད་རློམ་གྱིས་འགྱིང་བའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སོགས་ནི་རྩ་བ་ནས་མ་ཡིན་ཏེ། ཆུང་ངུའི་དུས་ཀྱི་རྨི་ལམ་གཏོར་ས་དང་། དར་མའི་དུས་ཀྱི་རེ་བ་བཅོལ་སའི་དགོན་སྡེ་འདིའི་ཕྱི་ནང་སྣོད་བཅུད་གཉིས་ཀར་ཁོ་བོ་གཏིང་ནས་དགའ་ཞིང་། གཤིས་དང་རང་བཞིན་ལེགས་ཤིང་། ཐུགས་སྟོབས་དང་ལྷག་བསམ་གྱིས་ཕྱུག་པའི་དགོན་སྡེ་འདིའི་གྲྭ་མང་ལ་ཁོ་བོ་སྙིང་ནས་དུངས་པས། དེ་དག་ནི་ཚེ་གཅིག་པོར་བརྗེད་དཀའ་བའི་ཕྱིར་དྲན་དང་། ག་དུས་ཡིན་ན་སེམས་ངོས་ནས་མི་ཡལ་བའི་དོན་གྱི་མཚར་སྡུག་ཁོ་ན་ཡིན་ཨང་། ད་རུང་དེས་ཀྱང་ག་ལ་ཚད། ཕུགས་བསམ་གཅིག་གི་འོད་ཀྱི་ཐུ་འོག་ན་འཚོ་བའི་ཆོས་ཀྱི་གྲོགས་པོ་རྒན་གཞོན་ཐམས་ཅད་ཤུལ་དུ་བསྐྱུར་རྒྱུ་ནི། ལུས་ཀྱི་དུམ་བུ་རེ་རེ་བཅད་པ་དང་འདྲ་ཡང་ཐབས་ཅི་ཞིག་ཡོད།
         རེད། ད་རེས་ཀྱང་ལྷག་བསམ་བཟང་པོ་ཞིག་འཆང་ཁུལ་ལ་བརྟེན་ནས། དགོན་པ་འདིའི་སློབ་གཉེར་པ་སྒེར་རེ་རེའི་དོན་དུ་དབང་འཛིན་པ་ཚོ་ལ་བརྡ་ལན་ཞིག་སྤྲད་པའི་རྐྱེན་གྱིས། ཁོང་ཚོས་གྱོད་ཉལ་བྱས་ཏེ། ཉིན་ཤས་རིང་གྲྭ་མང་གི་ཐུགས་ལ་སུན་པ་རེ་སྟེར་ཡོད་ལས་ཆེ་བས། དེ་ལ་ནི་ཐལ་མོ་སྙིང་གར་སྦྱར་ཏེ་སེམས་གཏིང་ནས་དགོངས་དག་ཞུ་བ་ཡིན་ལགས།
       ལོས་ཡིན། འཇིག་རྟེན་འདིའི་མི་སུ་ལ་མཚོན་ན། རང་རང་གི་ཕ་ཡུལ་ནི་དུངས་སེམས་ཀྱི་ངོ་ན་བྲིས་པའི་གསེར་གྱི་རི་མོ་ཞིག་དང་མཚུངས་ལ། རང་རང་གི་མ་གཞིས་ནི་ཕྱིར་དྲན་གྱི་གཏིང་ན་བཙུགས་པའི་རྡོ་ཡི་གཡུང་དྲུང་ཞིག་དང་འདྲ་བས། ས་ཐག་རིང་ཐུང་གང་དུ་ཕྱིན་རུང་། ཡུལ་གྲུ་བཟང་ངན་གང་ལ་བསྡད་རུང་། རླུང་གིས་བསྐྱོད་འདྲའི་དྲན་ཤེས་ཀྱི་རྟ་ཕོ་ནི། སྐད་ཅིག་ཉིད་ལ་ཕ་ཡུལ་དུ་ཤོར་འགྲོ་བ་མ་ཡིན་ནམ།   གྲྭ་པ་ཞིག་ལ་མཚོན་ན་ཡང་དེ་ཇི་བཞིན་ཏེ། རང་ཉིད་བྱིས་དུས་ནས་གང་དུ་བསྡད་ཅིང་སྡོད་སའི་དགོན་པ་ནི། བཟང་རུང་ངན་རུང་སྐྱིད་སྡུག་འདྲེས་མའི་མི་ཚེ་བསྐྱེལ་ས་ཡིན་པས། དུངས་སེམས་ཀྱི་སྤྲིན་པའི་ཁུག་ན་བཞེངས་པའི་ལྷ་ཡི་ཕོ་བྲང་ཞིག་ཏུ་མི་འཛིན་མཁན་སུ་ཞིག་ཡོད་དམ།
                                                         བདེ་མོ་གྱིས།    ཚེ་རིང་།
                                                                           སྤྱི་ལོ༢༠༡༣ལོའི་ཟླ༦པའི་ཚེས༩ལ་རང་ཤག་ཏུ་བྲིས་སོ།   །
སྣ་ཚོགས།

Post navigation

Previous Post: འདང་ཞིག་ཡོད།
Next Post: ཨ་མདོ་རྔ་བའི་གླུ་བ་གཉིས་འཇུ་བཟུང་བྱས་པ།

Comments (28) on “རྩོམ་འབྲིའི་རང་དབང་གི་ཆེད་དུ་སྒོ་ཤེར་ཕྱིར་འབུད་བྱས་འདུག”

  1. འབྲོག་ཕྲུག says:
    2013-06-13 at 2:37 pm

    ང་རང་གིས་ཅི་ཞིག་བཤད་དགོས་རེད། ཨཨཨཨཨཨཨཨཨཨཨཨཨཨ།
    ངས་སྒོ་ཤེར་གྱི་རྒྱབ་གཟུགས་དེས་ངའི་མིག་ཆུ་བསླངས།

  2. ཅོ་རི་ཉི་མ། says:
    2013-06-13 at 2:41 pm

    བོད་བཙན་པོའི་མི་རིགས་འདི་གུན་ཁྲན་ཏང་གི་སྒེར་གཅོད་དང་ཆོས་ལུགས་པའི་སྒེར་གཅོད་གཉིས་ཀྱི་འོག་ཏུ་རང་དབང་མེད་པ་རེད། རྩོམ་འབྲི་ཡི་རང་དབང་བཙན་བྱོལ་ནང་དུ་ཡང་མེད། མགོ་མཁས་དབང་འཇམ་དབྱངས་ནོར་བུ་ནས་མཐའ་ང་ཅོ་རི་ཁྱི་རྒན་ཞིག་གི་བར་དུ་ཚང་མ་ལ་འཇིགས་སྐུལ་དང་སྒེར་གཅོད་བྱས་དང་བྱེད་བཞིན་པ་ཡིན། ཡིན་པ་ཡིན་ནའང་་་་སྤུན་གྲོགས་ཚོ་སེམས་ཤུགས་ཆགས་མི་ཉན། མདུན་དུ་སྐྱོད་དགོས། སྒེར་གཅོད་པའི་མདུན་དུ་པུས་མོ་བཙུགས་ནས་མི་ཚེ་སྐྱེལ་པ་ལས་ཤི་ཡ་གདམ་དགོས།

    ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
    སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པར།
    འདི་ནི་ཅོ་རིའི་དམ་ཚིག་དང་པོ་སྟེ།
    སྲོག་ལ་བབ་ཀྱང་འབད་པས་སྲུང་བ་ངེས།།།

  3. བན་དེ་བ། says:
    2013-06-13 at 2:53 pm

    སྒོ་ཤེར་གྱི་བསམ་འཆར་དང་ཤེས་རིག་དོ་དམ་པའི་བསྒྲགའ་གཏམ་གཉིས་ཀ་བཀླགས་ཡིན་་་་ཨ་ཁ་སྒོ་ཤེར་གྱི་བསམ་འཆར་དེ་ཀློག་དུས་སྙིང་རྗེ་དུང་དུང་པ་ཞིག་སྐྱེས་བྱུང། སེམས་ཚོར་ལྷོག་ལྷོག་པོ་ཞིག་བྱུང། སྒོ་ཤེར་ཁྱེད་རྩོམ་འབྲིའི་རང་དབང་ཡོད་ས་ཞིག་ཏུ་སླེབས་ཏེ་ཁོག་ནས་བསམ་ཚད་ཁ་ནས་ལྷུག་ལྷུག་ཤོད་པའི་དུས་ཚོད་ཅིག་ཤར་བར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད།
    མ་གཞི་ནས་་་་་དོན་གྱི་བདག་པོ་་ཀིར་ཏི་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་འཛམ་གླིང་རྒྱལ་ཁམས་བསྐོར་མཁན་ཅིག་དང་ཐུགས་སྒམ་བརླིང་ཟབ་ཡངས་ཆེན་པོ་དང་ལྡན་པའི་རང་དབང་གི་ལུང་པར་བཞུགས་པའི་སྐྱབས་མགོན་ཞིག་ཡིན་པས་སྒོ་ཤེར་ལ་གནས་ཚུལ་དེ་འདྲ་ལྷག་དགོས་དོན་མི་འདུག་བསམ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-06-13 at 3:39 pm

    རྔ་བ་ཡིན་ནམ། རྔ་པ་རེད།

  5. སྤོབས་པ་མཐའ་ཡས། says:
    2013-06-13 at 5:22 pm

    ཅོ་རི་ཉི་མས་བཤད་པ་བདེན་ན་ཅོ་རི་ཁོ་རང་ལ་དགོན་པ་དང་གུང་ཁྲན་གཉིས་ཀ་བདམ་བཅུག་ན་གང་བདམ་རྒྱུ་ཡིན་ནམ།

  6. ཐུ་བ་རྒྱ་མཚོ། says:
    2013-06-13 at 7:04 pm

    ཅོ་རི་ལགས་ཀྱིས།
    དོལ་རྒྱལ་རྗེས་འབྲང་བའི་གྲོགས་མཆོག་འཇམ་དབྱངས་ནོར་བུ་བོད་མིའི་མགོ་ལ་འཇོག་པ་དང་། དཔལ་ལྡན་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་རྣམ་པ་སྒེར་གཅོད་པར་ངོས་འཛིན་ཞུས་པ་འདི་ཨ་ཡ་མཚན། xxxx

  7. བན་དེ་བ། says:
    2013-06-13 at 7:18 pm

    འཇམ་དབྱངས་ནོར་བུ་དོལ་རྒྱལ་དང་འབྲེལ་བ་ཡོད་ཚུལ་ཅིག་གསུང་རོགས་གནང།
    མ་གཞི་ནས་་་རང་གི་ལྟ་ཚུལ་དང་མ་མཐུན་ན། ་་་་་དོལ་རྒྱལ་དང་འབྲེལ་བ་་་་་་རྒྱ་ཡི་རྒྱུགས་ཁྱི་་་རྒྱ་ཡི་སོ་པ་་་་ཟེར་དུས་ཡ་མཚན་རེད།

  8. པདྨ says:
    2013-06-13 at 11:58 pm

    བན་དེ་བ་ཁྱོད་དོལ་ཡུལ་ནས་ག་རེ་་་་་་བྱས་དྲན་ཀི་འདུག་གམ། འཇམ་ནོར་དོལ་ཚོགས་ཡིན་པ་དོལ་ཚོགས་དང་མཉམ་ཟ་མཉམ་འཐུང་གི་དུས་ཚོད་བསྐྱལ་འདུག་གྰ། དེས་ལྷག་གིས་ཅི་བདེན་དཔུང་ཨེ་དགོས་ན། མ་ཚད་ཏྰ་ལའི་བླ་མ་ཟེར་ནས་རྒྱ་དམར་གུང་བྲན་ལས་ལྷག་གིས་སྡང་ཞུགས་ཀྱིས་དབྱིན་ཇིའི་ཐོག་བཀོད་འདུག་ག ཁྱོད་ཚོས་ག་རེ་བྱེད་ཀྱིན་ཡོད་མི་ཤེས་བཞིན་དུ་གཞན་ཞིག་ལ་ཁྱི་ཟུག་རྒྱག་གི་མ་འདུག་ལོ། བོན་གྱི་རྫོགས་པ་ཆེན་པོ་ཁྱོད་འདྲ་བ་ཚོས་ལྟ་སྤྱོད་རེད་མི་འདུག་གམ།

  9. པ་སངས་ says:
    2013-06-14 at 12:43 am

    ཨོ་གྲོགས་པོ་ཚོ་སྒོ་ཤེར་ཕུད་དགོས་པ་དེའི་སྐོར་ལ་གནས་ཚུལ་མང་པོ་ཞིག་འདུག ཚང་མས་དང་པོ་རྔ་བ་ཀིརྟི་དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སོགས་དགོན་པའི་དོ་དམ་པ་ཁག་བཞིའི་ཐེལ་ཙེ་ཡོད་པའི་ཡིག་ཆ་དེ་ཀློག དེ་ནས་སྒོ་ཤེར་གྱིས་བྲིས་པའི་རྩོམ་ཡིག་ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་། ཅེས་པ་དེ་ཀློག དེ་ནས་དབང་མེད་ཐབས་མེད་ཀྱི་གྱེས་ཕྱག་ཟེར་པའི་རྩོམ་ཡིག་དེ་ཀློག
    དེ་ནས་བསམ་བློ་ཞིབ་ཕྲ་ཞིག་གཏོང་དང་གནས་ལུགས་མང་པོ་ཞིག་རྟོགས་ངེས་རེད། དོན་མེད་ཁ་རྩོད་མ་གནང་། ཅོ་རི་ཁྱི་རྒན་ཁྱེད་རང་གྲྭ་ལོག་གྲྭ་བའི་ཞབས་འདྲེན་ཡིན་ཟེར་པའི་དཔེ་ལྟར་གླེང་མི་དགོས་པ་དེ་འདྲ་གླེང་ནས་ཅི་ཕན། འདི་འདྲའི་སྐབས་བློ་གཟི་བོར་གནས་བའི་ཐོག་ནས་བཀའ་མོལ་གནང་རྒྱུ་གལ་ཆེ་བར་སེམས།

  10. བན་དེ་བ། says:
    2013-06-14 at 1:28 am

    དོལ་ཟེར་དུས་ཡང་པདྨ་ལ་ཕོག་འདུག་ཁག་མེད་སྔོན་མར་དོལ་གྱིས་པདྨའི་སྐུ་བརྙན་དང་ཐང་ག་སོགས་སྐས་རིམ་གྱི་འོག་ཏུ་བཅུགས་པ་དེ་ད་དུང་སྐྲག་སྣང་ཡོད་ས་རེད། ཏག་ཏག་རེད། ར་གསོད་དུས་ལུག་འདར་ཟེར་བ་དེ་ཡིན་ས་རེད། ཡང་ཁྱོས་ཐན་སྐད་དེ་འདི་ན་འབྲེལ་མེད་དོན་གཞན་གྱི་མཆན་བཏབ་འདུག ཐན་སྐད་ནི་ཐན་སྐད་་རང་རེད། ག་ས་ག་ལ་ཐན་སྐད་སྒྲོག་གི་འདུག

  11. རྡོ་རྗེ། says:
    2013-06-14 at 4:10 am

    རྩོད་པ་མེད་ས་ནས་རྩོད་པ་རྒྱགས་པ་ནི་དོན་མེད་རང་རེད། རང་དབང་རྒྱལ། རྔ་བ་ཚེ་སྐྱིད་སོགས་ཀིརྟི་ཚང་གི་གྲྭ་ལོག་རྨེའུ་དཀོན་ཞུ་བ་ལགས་མ་རེད་དམ། ཁོང་གིས་རང་ངོས་ནས་གནས་ཚུལ་འདི་ལ་ལྟ་སྟངས་སྤེལ་ན་འཐུས་པ་ལས། ཡར་གི་སྐད་མར་ལ་བསྐྱལ། མར་གྱི་སྐད་ཡར་ལ་བསྐྱལ་བ་དེ་དངོས་གནས་བྱས་ན་བྱབ་ཆུང་གི་ལས་ཀ་མ་རེད་དམ། ཁ་སྟབས་འདི་ལས་མེད་པ་དག་གིས་རྩོམ་པ་པོ་སྒོ་ཤེས་སོགས་ལ་གདུང་སེམས་མཉམ་བསྐྱེད་དང་གླེང་སློང་གང་ཡང་མི་ཐུབ་པ་དེ་ཧ་ཅང་གསལ་བོ་རེད།

    ལར་ནས་འདི་རིགས་གླེང་ན། ཆོས་གྲོགས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སེང་རྡོར་དྲ་བར་གླེང་སྟངས་དེ་དག་ནི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པ་དང སྣ་རྩེ་ལས་མི་མཐོང་བའི་ཚོར་བ་ཁམ་གང་གི་ཞད་མ་འདྲེས་པ་ཡིན་སྟབས། གླེང་ན་དེ་ལྟར་གླེང་རོགས། དེ་མིན་མི་དང་མིའི་བར་ལ་འཁོན་ཁ་གཏུག་པ་ལྟ་བུའི་ངོ་དེབ་དང་དྲ་བའི་སྟེང་གི་གླེང་ཕྱོགས་དེ་རིགས་ནི་སྙིང་རྗེ་བའི་ཡུལ་ལས་མ་འདས།།

  12. ཅོ་རི་ཉི་མ། says:
    2013-06-14 at 4:26 am

    ལྟོས་དང་། ཆོས་ལུགས་པའི་སྒེར་གཅོད་པ་ཁ་ཤས་བསླེབས་འདུག བོད་གངས་ཅན་པའི་རྒྱལ་གཅེས་པ་མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གི་དབུ་ཐོག་ཏུ་ཆོས་ལུགས་པའི་སྒེར་གཅོད་ཀྱི་ཞྭ་མོ་གོན་གྱི་ཡོད་རེད། མཁས་དབང་འཇམ་ནོར་མཆོག་ལྷ་འདྲེ་ལ་རྨོངས་དད་བྱེད་མཁན་ཞིག་རྩ་བ་ནས་མ་རེད། མིན་བཞིན་དུ་ཤུགས་ལྡན་བརྟེན་མཁན་རེད་མདོག་མདོག་བཤད་ཀྱི་ཡོད་རེད། འདི་དྲང་པོ་རེད་པེ། འདི་རྒྱུ་འབྲས་དང་མཐུན་གྱི་རེད་པེ། ག་རེ་ཡིན་ཟེར་ནས་རྒྱལ་གཅེས་པ་ཁོང་མྱི་གྲལ་ནས་ཁྱིའི་གྲལ་གཡུག་ཨེ་ཐུབ་བལྟ་ཡི་ཡོད་དམ། ལས་ངན་འདི་འདྲ་བྱས་པར་མང་སོང་ནས་བོད་མི་རིགས་ཀྱི་མགོ་ཐོག་ཏུ་སྡུག་གི་མུན་པ་འཁྲུགས་བསྡད་པ་རེད།་་་་ཤེས་སོང་ངམ་་་སྒེར་གཅོད་པ་ཚོ།། མཆན་བུ་འདི་འབྲི་གི་འབྲི་གི་དམ་པ་དགེ་ཆོས་མཆོག་གི་སྙན་ངག་ཞིག་དྲན་བྱུས་བས་འདིར་བཀོད་ཀྱི་ཡིན།།

    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གྱི་ཁ་གཏམ།
    བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེར་གྱིས་བཅོམ་སྟེ།
    ཚུས་མཐུན་བཀུར་སྟི་བཞུགས་གྲལ་མགོ་གཏིང་དུ་ལྡོག་ནས།
    སེང་གེ་ཁྱི་ཡི་གཡུལ་འོག་སྒྱུར་བའི་ངང་ཚུལ་འདི་སྐྱོ་བ།་་་ཞེས་གསུངས་ཡོད་དྲན་བྱུང་།

  13. ཅོ་རི་ཉི་མ། says:
    2013-06-14 at 4:32 am

    ཐུ་པ་རྒྱ་མཚོ་སྤྱོད་པ་ལེབ་ལེབ་ཁྱོད་རང་གིས་འོག་ཏུ་ཡོད་པའི་སྐད་ཆ་དེར་ཚར་གཅིག་ཀློག་དང་་་རྒྱལ་གཅེས་པ་ཟེར་བ་དེར་ངོ་ཤེས་པར་ཕན་ཐོགས་འོང་གི་རེད། རྒྱལ་གཅེར་པ་ཡིན་ན་འདི་འདྲ་ཞིག་ཡིན་དགོས་པ་ཤར་ཕྱོགས་པས་འདོད་བཞིན་འདུག་་་་དུས་བབ་ནས་ཁུར་ཡོང་བ་ཡིན།

    དྲི་བ། ཧུང་ཀོང་གྲོང་ཁྱེར་རྒྱལ་གཅེས་དམངས་གཙོ་མཉམ་འབྲེལ་ལས་འགུལ་ཚོགས་པས་ད་ལོའི་ཝེ་ཡཱོན་མར་མེ་མཚན་འཛོམས་ཀྱི་བརྗོད་གཞི་ནི་༼ ཧུང་ཀོང་སྙིང་སྟོབས། རྒྱལ་གཅེས་དམངས་གཅེས།༽ཞེས་པ་དེ་རེད། ཁྱེད་རང་གིས་༼རྒྱལ་གཅེས༽ ཞེས་པའི་ཡིག་འབྲུ་དེ་གཉིས་ལ་གོ་བ་ཇི་ལྟར་ལེན་གྱི་ཡོད།

    ལན། རྒྱལ་གཅེས་ཞེས་པ་ལ་གཞི་རྩའི་ནང་དོན་གཉིས་ཡོད། གཅིག་ནི་མཉམ་ཞུགས་རེད། གལ་སྲིད་ཁྱེད་ལ་དེ་ལྟ་བུའི་རྒྱལ་ཁབ་ཅིག་ཡོད་ཚེ། ཁྱེད་རང་དེའི་ལས་དོན་ཁྲོད་མཉམ་ཞུགས་བྱེད་དགོས། རང་ཉིད་ཀྱི་རྒྱལ་ཁབ་ཏུ་བརྩིས་ཏེ་སོ་སོའི་བསམ་བློའི་འདུ་ཤེས་ཀྱང་དེའི་ལས་དོན་ཁྲོད་མཉམ་ཞུགས་བྱེད་དགོས། གཞན་གཅིག་ནི་ཐེར་འདོན་རེད། ཁྱེད་རང་དངོས་གནས་རྒྱལ་ཁབ་དེ་ལ་དགའ་བ་ཡིན་ན། ངེས་པར་དུ་སྐྱོན་བརྗོད་ཐེར་འདོད་བྱེད་དགོས། སྐྱོན་ཐེར་འདོན་བྱས་ན་ད་གཟོད་ཡར་རྒྱས་མདུན་སྐྱོད་ཡོད་པ་རེད། དེར་བརྟེན། དོན་དངོས་ཀྱི་རྒྱལ་གཅེས་པ་ཚང་མ་ནི་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་དག་ཡིན། ལྟ་སྤྱོད་ཡན་གར་བ་བརྗོད་མཁན་དག་ཡིན། སྲིད་གཞུང་གི་ཕྱོགས་ནས་ལངས་ཏེ་སྐད་ཆ་ཡག་བཤད་རྒྱག་མཁན་ཚང་མ་ནི་དོན་དངོས་ཀྱི་རྒྱལ་གཅེས་བ་མིན།

  14. ཐུ་བ་རྒྱ་མཚོ། says:
    2013-06-14 at 6:11 am

    ཅོ་རི་སྤྱོད་པ་རིལ་རིལ་ལགས།

    དོལ་ཚོགས་དང་དོལ་ཚོགས་གྲོགས་པོ་འཇམ་ནོར་སོགས་རྒྱལ་གཅེས་པར་ངོས་འཛིན་ཞུས་པའི་རང་མདོག་ངོ་མ་དེ་གསལ་པོ་བསྟན་འདུག་ག

    སྤྲང་ཕྲུག་སྐོར་ཞིག་གིས་རྒྱུན་དུ་དམངས་ཁྲོད་ཁ་བརྡ་བརྙན་འཕྲིན་ཟེར་པ་ཞིག་བརྒྱུད་ནས་༧གོང་ས་མཆོག་དང་བོད་གཞུང་ལ་སྒྲོ་སྐུར་དང་མ་རུང་ཁོག་བཅིངས་གི་སྐྱོན་བརྗོད་ཚོད་མེད་བྱེད་པ་འདི་ཡང་རྒྱལ་གཅེས་པ་ཨེ་རེད།

  15. ཅོ་རི་ཉི་མ། says:
    2013-06-14 at 6:22 am

    དམངས་ཁྲོད་ཁ་བརྡ་བརྙན་འཕྲིན་ཟེར་བ་ཞིག་ཡོད་ན་གཅིག་སྟོན་རོགས་བྱོས་དང་། རྒྱལ་གཅེས་པ་འཇམ་ནོར་མཆོག་གིས་ཅི་གསུངས་འདུག་མིན་བལྟ། དེ་ནས་སྐད་ཆ་བཤད་ན་མ་རེད་པེ། གཞན་ང་ཁྱོད་ལ་དེ་ཙམ་ཡིད་ཆེས་མེད། བརྙན་འཕྲིན་དེ་ལ་དྲ་ཐོག་ནས་བལྟ་ཐུབ་ཀྱི་ཡོད་ན་འབྲེལ་ཐག་ངོ་སྤྲོད་གནང་རོགས་བྱོས།།།

    ཆོས་ལུགས་ཀྱི་གནད་དོན་ཏོག་་ཙམ་འགྲིག་མིན་ཡོང་དུས་མི་རིགས་ཀྱི་ལ་རྒྱ་ཁྱིའི་སྐྱ་གཡུགས་གཡུགས་བྱེད་མཁན་རྣམས་ནི་རྒྱལ་བཙོང་བ་རེད་ཅེས་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས་ལོག་རྟོགས་སྙིང་སྟོབས་ནང་དུ་གསུངས་ཡོད།

  16. ཐུ་བ་རྒྱ་མཚོ། says:
    2013-06-14 at 6:32 am

    དམངས་ཁྲོད་ཁ་བརྡ་བརྙན་འཕྲིན་ལེ་ཚན་ནང་དུ་འཇམ་ནོར་གྱིས་གང་ཤོད་མི་འདུག་མོད། དམངས་ཁྲོད་ཁ་བརྡ་གཙོ་སྐྱོང་བ་བདེ་ཆེན་སྤྲུལ་སྐུ་ཟེར་པ་དེ་དང་འཇམ་ནོར་གཉིས་ཁྱེད་མི་བཟའ་ན་ངས་མི་འཐུང་ཟེར་མཁན་གི་གྲོགས་པོ་ཡག་ཤོས་དང་། དཔུང་པ་མཉམ་གཤིབ་ཀྱིས་དཔར་རྒྱབ་ནས་དྲ་ཐོག་ལ་ས་ཁྱབ་རྡོ་ཁྱབ་ཡོད་པ་མིག་གིས་མཐོང་མ་སོང་ངམ།

    ལྟ་འདོད་ཡོད་ན་༼ you tube ཐོག་དམངས་ཁྲོད་ཁ་བརྡ་ཞེས་བོད་ཡིག་ཐོག་བྲིས་དང་མཐོང་ཐུབ་གི་རེད།༽

  17. ཅོ་རི་ཉི་མ། says:
    2013-06-14 at 6:34 am

    ཨོ་་ཧཧཧཧཧ་་་་ཐུ་བོ་ལེབ་ལེབ་ལགས། ཁྱོད་ཚོ་སྐད་ཆ་འདི་འདྲ་བཤད་ཀྱི་ཡོད་རེད། མི་གཞི་ལ་དམའ་འབོད་འདྲ་བྱས་ན་མ་གཏོགས་གནད་ལུགས་དང་རྒྱུ་མཚན་ཡོད་པའི་སྐད་ཆ་སྣ་གཅིག་བཤད་ཀྱི་ཡོད་མ་རེད། ཉོན་ཨ་་་ཁྱོད་འདྲ་བ་ཚོས་འབོད་ཚིག་རྣམས་ངས་འདིར་བཀོད་ཀྱི་ཡིན།

    ༡་་དོལ་རྒྱལ་རྗེས་འབྲངས་པ།
    ༢་་རྒྱ་མིའི་སོ་བ།
    ༣་་རྒྱ་མི་ཁྱི་རྒྱུགས།
    ༤་་དམ་ཉམས།
    ༥་་ལྟ་ལོག
    ༦་་གྲྭ་ལོག
    ༧་་བདུད་རྒན
    ༨་་ཁྱི་རྒན
    ༩་་གླིང་རྒན
    ༡༠་རྒྱལ་བའི་བཀའ་འགལ་བ
    ༡༡་ཐད་ཝན་ཕོག་གཟན་པ
    ༡༢་་རྒྱ་མིའི་ཕོག་གཟན་པ།་་་་་སོགས་་་ཚིག་འདི་དག་བེད་སྤྱོད་བཏང་ནས་སྤྱི་ཚོགས་དཀྲུགས་ཀི་རེད། འདི་ཁྱོད་ཚོས་འཇོན་སྟངས་ཡོད་ན་མེད་ན་གཅིག་རེད། ལོ་མི་ལྔ་ཅུའི་རིང་དུ་བེད་སྤྱོད་བྱས་པ་རེད།

  18. ཅོ་རི་ཉི་མ། says:
    2013-06-14 at 6:38 am

    ཨོ་ཧཧཧཧ་་་ཁ་བཙུམ་་་མཁས་དབང་འཇམ་ནོར་བུ་མཆོག་གིས་གང་ཡང་གསུངས་མེད་ན་་་གཞན་པ་ཧ་གོ་ལེ་མིན། དཔར་བརྒྱབ་འདུག་ཨེ་་་་བདེ་ཆེན་སྤྲུལ་སྐུའི་མཉམ་དུ་དཔར་རྒྱག་འདུག་ཨེ། མའོ་ཀྲུང་ཞིའི་མཉམ་དུ་དཔར་བརྒྱབ་ཡོད་ན་ཧ་སང་དགོས་པ་ཅང་མ་རེད་ད་་་ཧཧཧཧ་་་སྙིང་རྗེ་་་ཕྲུ་གུའི་སྐད་ཆ་འདྲ་པོ་མ་བཤད་ཨ

  19. ཅོ་རི་ཉི་མ། says:
    2013-06-14 at 6:45 am

    དཔར་དེ་ཡང་དཀོན་མཆོག་གསུམ་མཐོང་མྱངས་མེད།་་་གཅིག་སྟོན་རོགས་བྱོས་དང་། ཧ་སང་མདོག་དང་ཧན་ཐོར་མདོག་བྱས་དགོས་མ་རེད།

  20. ཅོ་རི་ཉི་མ། says:
    2013-06-14 at 7:05 am

    ཐུ་བོ་ལེབ་ལེབ་ལགས་་་ཁྱོད་ཀྱིས་ང་ཅོ་རི་ལ་སྐྱག་རིལ་དང་སྐྱག་དྲི་ཁ་གི་འདུག་ཟེར་ནས་དམའ་འབོད་བྱས་པའི་ཚིག་འདི་དག་མཐོང་དུས་སུ་ང་ཅོ་རི་ཆུང་དུས་ཀྱི་སྐད་ཆ་ཞིག་དྲན་བཅུག་བྱུང་། སྔོན་མ་བོད་ནང་དུ་མཉམ་ལས་ཡོད་སྐོར་གུན་ཁྲན་ཏང་གིས་འབོད་ཚིག་འདི་འདྲ་ཞིག་ཡོད་རེད།
    ས་བདག་ཕྱུག་བདག་སྐྱག་དྲི་འཕོངས།
    ས་བདག་ཕྱུག་བདག་རྙང་དྲི་འཕོངས།་་་ཅེས་གུན་ཁྲན་ཏང་གི་རྗེས་འབྲངས་པ་ཚོས་གླུ་ལེན་མྱངས་བ་རེད། ང་རང་རང་གིས་མྱངས་ཡོད། དེང་སང་ཁྱོད་ཚོས་བཙན་བྱོལ་ནང་དུ་རྒྱལ་གཅེས་པ་ཚོ་ལ་སྐྱག་དྲི་འཕོངས་དང་རྙང་དྲི་འཕོངས་ཟེར་ནས་འབོད་ཀྱི་ཡོད་རེད། ངོ་ཚ་མེད་པའི་མྱི་ཁྱི་ལས་སྡུག་བ་ཁྱོད་ལྟ་བུ་ཚོས་བོད་མི་རིགས་ནང་ཁུལ་དུ་འདི་འདྲ་འབོད་ཀི་རེད།

  21. ཅོ་རི་ཉི་མ། says:
    2013-06-14 at 7:30 am

    དུ་དུང་གུན་ཁྲན་ཏང་གི་ལོ་རྒྱུས་ནང་དུ་ཞྭ་མོ་ཅན་ཟེར་བའི་མི་ཡོད་རེད། ངའི་སྤོ་སྤོ་དམ་པས་ཏང་གིས་གོན་པའི་ཞྭ་མོ་གོན་གོན་ཁར་སྐུ་གཤེགས་སོང་བ་རེད། ས་བདག་པ་དང་བྲན་གཡོག་ཞིང་ཕྲན་ལམ་ལུགས་པ། གསར་བརྗེ་ངོ་ལོག་པ། ཁ་བྲལ་རིང་ལུགས་པ་རེད་ཅེས་མིང་ངན་སྣ་ཚོགས་འདོགས་མྱངས་བ་རེད། ཁྱེད་ཀྱིས་བཤད་པ་ལྟར་སྐྱག་དྲི་འཕོངས་དང་རྙང་དྲི་འཕོངས་ཅེས་འབོད་མྱངས་བ་རེད། གནད་དོན་འདི་དག་ང་ཅོ་རིའི་སེམས་སུ་དྲན་རེ་ལ་སྡུག་བསྔལ་རེ་སླེབས་ཡོང་གི་འདུག ཁྱོད་ཚོ་གུན་ཁྲན་དམར་ཕྱོགས་པ་ཚང་མ་དོན་ངོ་མ་བཤད་ན་ཇག་པ་རེད། བཙན་བྱོལ་ནང་དུའང་ཁྱོད་ཚོ་ལ་གུན་ཁྲན་ཏང་གིས་སློབ་གསོ་སྤྲད་ཀྱི་ཡོད་པར་ཚིག་དོན་ལས་གསལ་ཡོང་གི་འདུག་ག མི་ཚེ་འདི་ལ་ཤི་ཐེངས་དགུ་བྱ་དགོས་བྱུང་ན་བརྗེད་ཐབས་མེད་པའི་བྱ་བ་ཡིན་ད།།།

  22. བཀྲ་ཤིས says:
    2013-06-14 at 7:50 am

    ཨ་ཁ་ཁ། རྩོམ་འབྲི་ལ་དགའ་བའི་དགེ་འདུན་པ་ཚོར་གཉའ་གནོན་བྱེད་སྟངས་དེ་འདྲ་ཡིན་པ་གོ་ན། དགོན་བདག་བླ་མ་དེ་སྒེར་གཅོད་པ་ཞིག་ཡིན་པའི་ཚོར་སྣང་སྐྱེས་བྱུང་། དམར་ཤོག་ཚོགས་པའི་བྱེད་ལུགས་ལ་དགའ་བ་ཞིག་ཡིན་མདོག་འདུག

  23. གངས་སེང་། says:
    2013-06-14 at 9:40 am

    རྔ་བ་ཀིརྟི་དགོན་པའི་ནང་དུ་དེང་སང་དགྲ་དགའ་གཉེན་སྡུག་གི་བྱ་བ་མང་པོ་ཞིག་དགེ་བཤེས་དང་མཁས་པ་ང་ཡིན་ཟེར་མཁན་ཚོས་རྩོམ་གྱིན་འདུག་ཟེར། ད་ཡིན་ན་དགོན་པ་དེ་ལ་ལྟད་མོ་རྐྱང་བལྟ་དང་སྐད་ཆ་རྒྱང་ཉན་བྱ་རྒྱུ་ཡོད་ངེས་རེད།

  24. ཨོ་རྒྱན་ཉི་མ། says:
    2013-06-14 at 9:58 am

    སྒོ་ཤེར་ཟེར་བ་ཞིག་ཡོད་པ་སྔོན་ནས་ཅུང་ཟད་ཐོས་མོད། དེ་རིང་མ་གཏོགས། ཁོ་སུ་ཡིན་པ་ཞིབ་མོར་རྟོགས་མ་སོང་། གང་ལྟར་ཡང་དགོན་པའི་སྒྲིག་དང་། ཆོས་ཁྲིམས་དང་འགལ་ཡོད་ན་དགོན་པ་ནས་གནས་དབྱུང་བཏང་བའམ། རབ་བསམ་གྱིས་ཐོན་པ་དེ་ཡག་ཤོས་རེད། དེ་མིན་དགོན་པ་ནང་འདུག་ནས་འཇིག་རྟེན་པའི་གཏམ་རྐྱང་རྐྱང་བཤད་འདུག་ན། བཤད་ས་དེ་ནོར་སོང་བ་རེད།

  25. ཨོ་རྒྱན་ཉི་མ། says:
    2013-06-14 at 10:00 am

    ཁོའི་རྩོམ་དེ་ལ་དམིགས་བསལ་གྱིས་སྡེབས་སྦྱོར་དང་། སྙན་ངག་ཅིག་ཡོད་པ་ང་ཚོས་མཐོང་དུ་བཏུབ་མོད། ཁོའི་དམིགས་ཡུལ་དང་། ལྟ་གྲུབ་ངོ་མ་གང་ཡིན་ངས་ད་དུང་རྟོགས་མ་སོང་། དགོན་པའི་ལས་བྱེད་པ་ཚོས་བྱས་ཉེས་དག་བདེན་སྲིད་ཀྱང་། གལ་སྲྀད་ཁོ་གསར་ཞེན་ཅན་ཞིག་ཡིན་ན། རྙིང་ཞེན་གྱིས་གནས་ལུགས་མེད་པའི་བྱ་བས་གཉའ་གནོན་དང་། གསར་ཞེན་གྱིས་གནས་ལུགས་ལ་བསྐུར་བ་འདེབས་པ་གཉིས་ལ་ཉེས་པ་ལྕི་ཡང་གང་ཡང་ཡོད་པར་མི་སེམས།

  26. ཨོ་རྒྱན་ཉི་མ། says:
    2013-06-14 at 10:14 am

    http://blog.amdotibet.cn/gaoyong/archives/26384.aspx

  27. ཐུ་བ་རྒྱ་མཚོ། says:
    2013-06-14 at 11:48 am

    ཨཨཨ། དེ་རིང་ཡིན་ན་ཨ་ཅོ་ཇོ་རིས་སྡུག་སྨྲས་ལུང་པ་གང་བཏོན་འདུག སེམས་སྐྱོ་ནི་ཟིག་རེད།

    སློབ་གྲྭར་སོང་ནས་ཕྱིར་བསླེབས་མ་ཐག་ཡིན། འགྲོ་ཁར་ཅོ་རི་ལ་མཆན་ཅིག་གཏགས་ནས་ཕྱིན་པ་ཡིན་མོད། མ་སོང་ས་ནས་ཅོ་རིའི་སེམས་ལ་ཏིག་ཏིག་ཅིག་ཕོག་ཡོད་པ་འདྲ་འདུག གནའ་སྔ་མོའི་རིག་གནས་གསར་བརྗེའི་ལོ་རྒྱུས་རྙིང་བ་ཤིག་རང་གི་སྤོ་བོ་དང་སྦྱར་ནས་སྨྲེ་ངག་ལུང་བ་གང་བརྗོད་འདུག ཨོམ་མ་ཎི་པདྨེ་ཧུམ། ཞྭ་མོ་མགོ་ལ་གོན་གོན་ངང་ཞེང་གཞན་དུ་གཤེགས་པའི་ཁྱེད་ཀྱི་སྤོ་བོ་བཀའ་དྲིན་ཅན་དེ་བདེ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས།

    ངའི་འཛིན་གྲྭ་ཉིན་རྒྱབ་ཚོུད་༡༣ ནས་ ༡༦ བར་དུ་རེད། ཚོུད་༡༢ དང་སྐར་མ་༣༠ ཐོག་སློབ་གྲྭའི་ལམ་དུ་ཆས། ལམ་བར་དུ་ཕར་ཚུར་གཉིས་ཀ་རྐང་འཁོར་ཐོག་སྐར་མ་༣༠ རེ་དགོས་གི་རེད། འཛིན་གྲྭ་གློལ་རྗེས་ཤིང་ཏོག་ཚོང་ཁང་ཞིག་ནས་ཆུ་ཀ་ཀོན་རྡོག་རྡོག་གཅིག་ཉོས་ནས་ཡོང་ཡོད། སང་ཉིན་གཟའ་སྤེན་པའི་ཉིན་བཟའ་ཡག་ཡིན། ད་ལྟ་གྲང་གློག་ནང་བཞག་ཡོད། དུས་ཚོད་ཡོད་ན་ཕེབས་དང་སང་ཉིན་མཉམ་བཟའ་བྱེད་ཆོག ཧཧཧ

    ཨོ་རེད།
    ཁྱེད་འཇམ་ནོར་དང་དོལ་ཕྲུག་བདེ་ཆེན་སྤྲུལ་སྐུ་ཟེར་པ་གཉིས་མཉམ་གཤིབ་མི་བརྗེད་དྲན་རྟེན་སྲོག་ཤིང་གི་འདྲ་པར་མཐོང་བ་དོན་ལྡན་ཟེར་པ་དེ་མཇལ་འདོད་དངོས་ནས་ཡོད་ན་ངོ་དེབ་ཐོག་ལ་ཕྱིན་དང་ཅིག་བྱས་ན་དེ་ནས་ཁྱེད་ཀྱིས་མཐོང་ཐུབ་གི་རེད། གལ་སྲིད་མ་རག་ན་རྩད་གཅོད་བྱོས་དང་རག་གི་རེད།

  28. སྙིང་དཀར། says:
    2013-06-15 at 3:28 am

    སྒོ་ཤེར་ཁོ་ནི་རྩོམ་པ་པོ་བོད་མི་ན་གཞོན་ཤེས་ཡོན་པའི་གྲས་ཤིག་ཡིན་མོད། འོན་ཀྱང་སྒོ་ཤེར་ཁོ་ཆུང་དུས་ནས་འཚར་ལོངས་དང་རང་རྒྱུད་ལ་ཤེས་ཡོན་གྱི་རྐང་འབྱུང་སའི་རྔ་པ་ཀིརྟིའི་དགོན་གྱི་ཁ་གཏད་དུ་ལངས་ཏེ་རྩོམ་ཉོག་མང་དུ་སྤེལ་བ་ མཐོང་ཐོས་བྱུང་དུས་ཁོའི་བྱེད་སྟངས་ལ་བློ་ཕམ་བྱུང་སོང་། སྒོ་ཤེར་རང་ཉིད་ཀྱིས་སློབ་སྦྱོང་གང་འཚམ་ཐོབ་པའི་དོན་དེ་ནང་གི་དགྲ་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་དང་། ཕྱིའི་དགྲ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། ལྷག་ཏུ་རྔ་པ་ཀིརྟི་དགོན་ཆེན་བཅས་རྩ་མེད་དུ་གཏོང་འཆར་ཡོད་པའི་རྒྱ་ནག་གུང་ ཁྲན་གཞུང་གི་ཁ་གཏད་དུ་མི་ལངས་པར། རང་གི་དགེ་བའི་བཤེས་གཉེན་དང་དགོན་སྡེ་འདིའི་མཁན་བླ་སྤྲུལ་དགེ་འདུན་པའི་སྡེ་འདི་འདྲ་ཞིག་ལ་ངན་སྨྲས་དང། དགེ་འདུན་དབྱེན་དཀྲུག་གི་ལས་ངན་ཚབས་པོ་ཆེ་བསགས་པའི་ཚུལ་འདི་ནི། གཡོ་ཅན་ཝ་མོ་ལྟ་བུ་ཡིས། །རང་དོན་ངན་པ་ཁོག་ལ་བཅུག །གཞན་དོན་ཡིན་ཞེས་ཐམས་ཅད་དཀྲོག །ཅེས་པའི་དཔེ་ལས་མ་འདས་ནའང་འདི་ལ་བསམ་བློ་ཟུར་ཙམ་ཡང་མི་གཏོང་བ་དང་། ལྷག་པར་དུ་ཚོགས་སྡེ་དང་སྒྲིག་འཛུགས་གང་ཞིག་ཏུ་གནས་ན་དེའི་ཁྲིམས་དང་སྒྲིག་ གཞི་ལ་བརྩི་བཀུར་བྱེད་དགོས་པ་ནི། གནའ་མི་བོད་ཀྱི་གཏམ་དཔེར། ཡར་ལུང་སྟོད་ལ་བསྡད་ན། ཡར་ལྷ་ཤམ་པོ་བསྟོད་དགོས། ཞེས་པའི་རྒྱུན་ཤེས་ཙམ་ཡང་མ་ཤེས་པའི་སྐྱོན་སྒོ་ཤེར་ལ་རང་བཞིན་གྱིས་འབབ་པ་ སོགས་གཟུར་གནས་བློ་ལྡན་མང་པོས་མཁྱེན་གསལ་ལྟར་རེད།
    སྤྱིར་བཏང་རྒྱ་ཆེའི་ མང་ཚོགས་ཀྱི་མིག་མདུན་དུ་སྐད་ཆ་དང་ཟུར་མཆན་སོགས་གང་ཞིག་བཀོད་ནའང་བསམ་མེད་དྲྭ་འབུ་ཚོ་དང་མི་འདྲ་བར་རང་ཉིད་ཀྱིས་འགན་ཞིག་འཁུར་དགོས་དུས། འདིའི་ཐད་ལ་རྒྱུས་ལོན་དང་ཞིབ་འཇུག་ཅུང་བྱས་པ་ཡིན། སྒོ་ཤེར་ཁ་གཏད་དུ་ལངས་ཏེ་སྐུར་འདེབས་སྣ་ཚོགས་བྱེད་ཡུལ་གྱི་རྔ་པ་ཀིརྟི་དགོན་ གྱི་ཤེས་ཡོན་འགན་འཛིན་ཚོགས་ཆུང་གི་མི་སྣའི་གྲུབ་ཆ་ནི། སྒོ་ཤེར་ཁོ་རང་གི་དགེ་བའི་བཤེས་གཉེན་ཚུད་པའི་རྔ་པ་ཀིརྟིའི་དགོན་ཆེན་གྱི་གྲྭ་ཚང་བཞི་གའི་མཁན་པོ་རྣམ་པ་བཞི་དང་། གྲྭ་ཉིས་སྟོང་བདུན་བརྒྱ་ལྷག་གིས་འོས་ཤོག་གི་ལམ་ནས་འདེམས་ཐོན་བྱུང་བའི་དགེ་ བཤེས་ལྷ་རམས་དང་དཔེ་ཁྲིད་དགེ་རྒན་ཤ་སྟག་ཡིན་ཞིང་། འོས་གཞིའི་ནང་སྒོ་ཤེར་རང་ཉིད་ཀྱང་ཡོད་ནའང་དེའི་ནང་འདེམས་ཐོན་མ་བྱུང་བ་དེས་ དོན་དངོས་ཐོག་གྲྭ་མང་གིས་སྒོ་ཤེར་ལ་མཐོང་ཅི་ཙམ་སྤྲད་ཡོད་མེད་ཀྱང་གང་འཚམ་ ཚོད་དཔག་བྱེད་ཐུབ།
    ང་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ཐད་ནས་བོད་རྒྱ་ཆེའི་མི་མང་ལ་དྲན་བསྐུལ་ཞིག་བྱེད་རྒྱུ་ཡོད་པ་ནི། བོད་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་རྨད་དུ་བྱུང་བ་བླ་ རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། རྭ་རྒྱ་ཤེས་རིག་སློབ་གླིང་དེ་དག་གི་ནང་དུའང་ད་ལམ་གྱི་འདི་འདྲ་བའི་དཀྲུག་ཤིང་དང་དཀའ་ངལ་རབས་དང་རིམ་པ་བྱུང་བ་བཞིན་ད་ལྟ་རྔ་པ་ཀིརྟིའི་དགོན་དུའང་དེ་མཚུངས་བྱུང་ཡོད། འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་ཉིད་དུ་ཟད་པས་བོད་མི་སྤྱི་བོ་གནམ་བསྟན་ ཡོངས་ཀྱིས་ཕྱིན་ཆད་འདི་རིགས་མི་འབྱུང་བའི་ཐབས་ལ་འབད་དགོས་པའི་རེ་གསོལ་ཞིག་ཀྱང་ཞོར་དུ་ཞུ་འདོད་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme