Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚ་བ་མདའ་སྨྱུག་པའི་བཤད་པར་ཡུད་ཙམ་དཔྱད་པ།

Posted on 2013-06-122013-06-12 By ཁ་བརྡ་ 2 Comments on ཚ་བ་མདའ་སྨྱུག་པའི་བཤད་པར་ཡུད་ཙམ་དཔྱད་པ།

ཙནྡན་བསིལ་སྨྱུག ༼སྔོན་མའི་འཕྲོས༽

༑ཤོག་གྲངས་ ༣༡ །ས་སྐྱ་ལེགས་བཤད་ཀྱི། རིག་པ་ནངས་པར་འཆི་ཡང་བསླབ།། ཅེས་སོགས་ལུང་དྲངས་ཏེ་དེ་ལ་དགག་པ་བྱས་པ་ནི། “འོན་ཀྱང་དེང་གི་བྱིས་པ་འདི་དག་གི་གནས་བབ་ཡོད་ཚད་ཁོར་ཡུག་དང་སློབ་གསོ་ལ་རག་ལས་འདུག་པ་མཐོང་དུས་འདི་ལ་ཡང་ཐེ་ཚོམ་སྐྱེ་འོང་བར་འདུག” །ཅེས་བཤད་འདུག་ཀྱང་། བྱིས་པ་ཤེས་རིག་བཀྲ་མི་བཀྲའི་ཁྱད་པར་དང་། འགའ་ཞིག་གིས་བསླབ་གཞི་བཀླགས་ཙམ་གྱིས་བློ་ངོར་ངེས་པ་སོགས་མཐོང་ཆོས་སུ་སྣང་བ་འདི་ལ་འགྲེལ་བཤད་ཇི་ལྟར་བྱ་འམ།

༑ཤོག་གྲངས་ ༣༥ །“སྡོམ་པ་ཤོར་སོང་ན་དམྱལ་བར་ལྷུང་འགྲོ་ཟེར་བ་འདི་ནི་དེ་བས་ཀྱང་དཔྱད་མི་བཟོད་པའི་རྫུན་གཏམ་ཡིན་ཏེ། སྡོམ་པ་གཏན་ནས་བསྲུང་མ་མྱོང་བའི་ཁྱིམ་པ་ཚོ་དམྱལ་བར་ལྷུང་མ་སོང་ན།” ཞེས་བཤད་པའི་སྐབས་ཉེས་པ་ཚབ་ཆེ་དྲག་ཚུལ་གླེང་ན་དོན་ཡོད་ཤས་ཆེ་ཡང་། འདིར་སྡོམ་པ་ཤོར་བ་ཙམ་གྱི་དོན་གནད་མིན་པར། གཙོ་བོ་སྡོམ་པ་ལེན་པའི་ཚེ་སྟོན་པ་དང་སློབ་དཔོན་ལ་དམ་བཅའ་ཕུལ་བའི་སྒོ་ནས་སྡོམ་པ་ནོད་པ་ཡིན་པས། ཁས་བླངས་པའི་དོན་ལ་མི་གནས་པར་དབུ་བསྐོར་བ་སྟེ། རྫུན་ལས་སུ་འགྲོ་བས་དེའི་ཉེས་པ་ལྟ་བུ་ཞིག་འོང་ཆོག །ཐ་ན་ཡུལ་ཕལ་མོ་ཆེའི་ཁྲིམས་ལའང་ཁྲིམས་ཁང་ལ་རྫུན་ཤོད་པའི་ལས་ནི་ཁྲིམས་འགལ་ཆེས་ལྕི་བར་རྩི་བ་དང་དེ་མཚུངས་ཀྱི་ཟླ་ཤས་བཙོན་དུ་བཅུག་པ་སོགས་མཐོང་ཆོས་སུ་ཡོད།

༑ཤོག་གྲངས་ ༣༩ །“འོན་ཀྱང་གསང་སྔགས་ལུགས་ཀྱི་བླ་མ་ལ་སྐྱབས་སུ་འགྲོ་བ་ནི་དངོས་གནས་བླ་མའི་བྲན་གཡོག་རྒྱུག་པ་རང་རེད་བཞག” །ཅེས་བཤད་པ་ནི། གལ་ཏེ་གསང་སྔགས་ཀྱི་སློབ་དཔོན་དུ་ཁས་འཆེ་ཡང་སློབ་མར་བརྩེ་བ་སོགས་མཚན་ཉིད་དང་མི་ལྡན་པའི་སློབ་དཔོན་ཞིག་ཡིན་ན་དེའི་སློབ་མ་རྣམས་དེའི་བྲན་གཡོག་རྒྱུག་པ་རང་འོང་སྲིད་ཀྱང་། དེ་ནི་གང་ཟག་གིས་ནོངས་པ་ཡིན། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ཡིན་ན། སློབ་མར་ཐུགས་བརྩེ་བ་དཔེར་ན། གདན་སར་དགེ་རྒན་ཞིག་གིས་ལོ་ནས་ལོ་བསྟུད་དེ་སྔ་ཐོག་ནས་རང་གི་སློབ་མ་རྣམས་ཀྱི་ཞོགས་ཇ་གྲ་སྒྲིག་བྱས་པ་སོགས་རྗེས་བརྩེས་བསྐྱངས་པ་བྱུང་བའི་མཚན་གཞི་བཞིན་ཡིན།

༑ཤོག་གྲངས་ ༣༩ །“གསང་སྔགས་ལུགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྡུ་ན་བླ་མའི་སྐུ་གསུང་ཐུགས་གསུམ་ལ་ཞབས་ཏོག་ཕངས་པ་མེད་པར་བསྒྲུབ་པ་འདིའི་ནང་དུ་འདུས་པ་ཡིན།” ཞེས་པ་ནི། རྩ་ལྟུང་བཅུ་བཞི་དང་སྦམ་པོ་བརྒྱད་སོགས་ཀྱི་ཚིག་ཟིན་ལ་ཡང་རྒྱུས་མངའ་མེད་པ་ལྟ་བུའི་གཏམ་དུ་སྣང་བས། མཉམ་པར་མ་བཞག་པའི་བརྗོད་པར་ཆ་འཇོག་རྒྱུ་ཡིན་པ་དོན་དུ་ཁྱེད་ལ་སྨད་པས་ཆ་ནས་བསྟོད་པ་ཡིན།

༑ཤོག་གྲངས་ ༤༡ །“རྭ་ཆེན་རྡོ་རྗེ་གྲགས་ཀྱིས་ངན་སྔགས་བསགས་ཏེ།” ཞེས་སོགས་ནི་ཁྱེད་ཀྱིས་རྭ་ལོའི་རྣམ་ཐར་ཙམ་ཡང་བཀླག་ཨེ་ཡོད་པའི་ཐེ་ཚོམ་སྐྱེ་སྟེ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དེས་ཕ་རོལ་མངོན་སྤྱོད་ཀྱི་སྒོ་ནས་ཚར་བཅད་པ་ཀུན། དང་ཐོག་ཕ་རོལ་ངན་སྔགས་མཁན་རྣམས་དང་། སྐབས་འགར་ཕྲག་དོག་གིས་འགྲན་པའི་སྐྱེ་བོ་རྣམས་ཀྱིས་ཚུལ་རྒོལ་བས། ད་གཟོད་ལན་དུ་ཚར་བཅད་དགོས་བྱུང་བ་དེའང་། ངན་སྔགས་བསགས་པ་མིན་པར། དཔལ་བཛྲབྷཻརཝའི་རྣལ་འབྱོར་གྱི་སྒོ་ནས་མཛད་པ་ཁོང་གི་རྣམ་ཐར་ནང་གསལ་ཡོད།

༑ཤོག་གྲངས་ ༤༡ །“མདོར་ན་ནང་པ་སངས་རྒྱས་པའི་ཐེག་པའི་རྩེ་མོ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་གྲུབ་པའི་ས་མཐོར་གཤེགས་པའི་རྣལ་འབྱོར་པ་སྨྱོ་སྤྱོད་ཅན་དེ་ཚོ་དང་། དེང་སང་འཛམ་གླིང་ཐོག་ཏུ་མི་གསོད་མེ་རྒྱག་གི་ལས་འགུལ་སྤེལ་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་གཉིས་པོ་ཀུན་སློང་དང་ཀུན་སྤྱོད་གང་ལ་ཡང་ངོ་བོའི་ཐོག་ནས་དབྱེ་བ་འབྱེད་དཀའ་བ་ཞིག་རེད་འདུག” །ཅེས་བཤད་པ་ནི། གཞན་གྱི་སེམས་ནང་འཛུལ་ཏེ་གཞན་གྱི་ཀུན་སློང་གང་ཡིན་ཤེས་པའི་ནུས་པ་ཁྱེད་ལ་ཡོད་པ་ལྟར་བཤད་འདུག །དེབ་ཐེར་འདིར་སྐབས་ཤིག་ལ་ཁྱེད་ཀྱིས་བདེན་པར་བཤད་དོན་ལ། གཞན་གྱི་ཀུན་སློང་དང་སེམས་ནང་གང་དྲན་ཤེས་པ་དང་ཐག་གཅད་དཀའ་ཚུལ་བཤད་འདུག །ད་ལྟ་ཤོག་གྲངས་གང་ན་ཡོད་མ་དྲན་ཡང་། རྗེས་སོར་རྙེད་ཚེ་འདིར་འགོད་རྒྱུ་ཡིན།

༑ཤོག་གྲངས་ ༤༡ །“ཁ་ཆེའི་ལྷ་མོ་ཨལ་ལས་”ཞེས་སོགས་ནི། ལྷ་དེ་ཁ་ཆེ་ཁོ་པའི་ལུགས་ལ་ཕོ་མོ་གང་ཡིན་ལ་རྨོངས་པར་སྣང་། བསད་པའི་མི་རྣམས་དམྱལ་བ་མ་གཏོགས། ལྷ་ཡུལ་དུ་ཡར་འདྲེན་པ་ཁ་ཆེ་ཁོ་པ་ཚོས་འདོད་པ་མི་འཐད་དེ། ཁོང་ཚོའི་ལུགས་ལ། གསོད་པ་པོ་ལྷ་ཡུལ་དུ་འདྲེན་པ་ལས། དད་མེད་པ་གསད་བྱ་རྣམས་འདྲེན་པ་མ་བཤད། ཁྱེད་ལྟར་ན། དགྲ་བོ་ཨ་རི་བ་དང་ནུབ་ཕྱོགས་པ་རྣམས་ལྷ་ཡུལ་དུ་འདྲེན་པའི་ཕན་པ་སྒྲུབ་འདོད་པ་སྨྲ་བའི་དོན་དུ་ཐལ་ངེས།

༑ཤོག་གྲངས་ ༤༤ །“ཕྱོགས་གཞན་ཞིག་ནས། དུས་ཚོད་མ་རན་གོང་ནས་ཆོས་འཁོར་བསྐོར་མཛད་ཅིང་། སྲས་ཀྱི་ཐུ་བོ་ཚོ་སྒུག་ལོངས་མེད་པར་སྐུ་ཚེའི་འཕེན་པ་རྫོགས་འགྲོ་བ་འདི་དག་ལ་འགྲེལ་བཤད་ཇི་ལྟར་བརྒྱབ།” ཅེས་སྟོན་པའི་རྣམ་ཐར་སྐོར་བཤད་པའི་ཕྱི་མ་དེ་ནི། འོད་སྲུང་སྟོན་པ་མྱ་ངན་འདའ་སྐབས་མདུན་དུ་བདར་མེད་པར་ཡུལ་ཕྱོགས་གཞན་ཞིག་ན་ཡོད་ཀྱང་། དེ་ནི་འོད་སྲུང་ལ་སྟོན་པ་དེ་སྐབས་མཇལ་བའི་ལས་སྐལ་མེད་པས་ཡིན་སྲིད།

༑ཤོག་གྲངས་ ༤༦ །བྱང་ཆུབ་ཀྱི་སེམས་སྐོར། “རྒྱལ་ཁ་གཞན་ལ་སྤྲོད་ཁུལ་བྱས་ན་ཁེ་སྦོགས་རང་གིས་ལེན་ཐུབ་པའི་གནད་གསང་ཞིག་རིག་ནས་དེ་ལྟར་བསྒོམ་པ་ཡིན་འདུག་པས་སོ། ” ཞེས་བཤད་པ་ནི། དངོས་གནས་བགོད་བྲོ་བའི་བཤད་པ་སྟེ། ཕྲུག་གུའི་བསམ་བློ་གཏོང་སྟངས་ལྟར་ཕུགས་ཐག་ཐུང་ལ་བྱབ་མེད་པའི་བསམ་བློར་མཐོང་། བྱང་ཆུབ་ཀྱི་སེམས་ཀྱི་གོ་དོན་རྣལ་མ་ཞིག་ཡོད་ན། དེ་འདྲའི་ཚོང་ལས་ཀྱི་ཁེ་སྦོགས་གཞན་མགོ་བསྐོར་བའི་བསམ་བློ་ཡོད་ན་དེ་ནི་བྱང་ཆུབ་ཀྱི་སེམས་མིན་པ་དང་། གཞན་ཕན་གྱི་བློ་ཡང་དག་པ་མིན་པ་གསལ་པོ་རེད། བསམ་བློ་དེ་ལྟར་གཏོང་བའི་གང་ཟག་དེའི་རྒྱུད་ལ་ཇི་སྲིད་བསམ་བློ་དེ་ལྟར་གཏོང་བ་དེ་སྲིད་བྱང་ཆུབ་ཀྱི་སེམས་ཕར་ཞོགས། བྱམས་སྙིང་རྗེ་ལྷག་བསམ་ཡང་དག་པའང་མི་སྐྱེ་བ་ངེས།

༑ཤོག་གྲངས་ ༤༦ །“དེ་ལྟར་བསམ་ན། མར་ཤེས་དྲིན་དྲན་གྱི་མན་ངག་དེ་སེམས་ཅན་གཞན་ལ་ཕན་འདོགས་རིགས་པའི་ཤེས་བྱེད་དུ་མི་འགྲོ་བའི་ཐོག་ཏུ་ད་ལྟའི་ཕ་མའི་བཀའ་དྲིན་ཀྱང་བྱས་པ་རྗེས་མེད་དུ་གཏོང་བའི་ངན་ཇུས་ཤིག་རེད། ཅེས་བཤད་འོང་ན། དེ་ལ་ལན་འདེབས་ཇི་ལྟར་དགོས་པ་ཁོ་བོས་མི་ཤེས་འདུག་པས་ཤེས་མཁན་ཁྱེད་ཅག་ལ་འདྲི་བར་འདོད་དོ།” ཞེས་བཤད་པ་དེ་ནི། འདིར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུར་གཞན་སེམས་ཅན་ཐམས་ཅད་བཀའ་དྲིན་ཅན་ཡིན་པ་བཟང་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཡིན་ལ་དགོས་པའང་བཀའ་དྲིན་ཅན་ཡིན་པའི་འདུ་ཤེས་འདྲེན་པ་དང་དེས་དྲངས་པའི་དྲིན་དྲན་སོགས་འོང་བའི་ཆེད་དུ་ཡིན། དགོས་པ་དེ་སྒྲུབ་ཕྱིར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་དགོས་གནད་དུ་སེམས། དེའི་ཐད་ཁྱེད་ཀྱིས། “ཡུས་འདོན་རྒྱུ་དང་སྤྲོད་ལེན་བྱ་རྒྱུ་གང་ཡང་ལྷག་མི་འདུག” །ཅེས་བཤད་པ་དེ་ཉིད་བཏང་སྙོམས་བསྒོམ་སྐབས་དེ་བཞིན་བསམ་བློ་གཏོང་བ་ཡིན།

༑ཤོག་གྲངས་ ༤༨ དང་ ༤༩ །དགེ་ཆོས་ཀྱི་གསུང་ཁྱེད་ཀྱིས་ལུང་དྲངས་ཀྱང་ལུང་དོན་སྐབས་དོན་ལ་མི་གནས་པར་འགྲེལ་འདུག་སྟེ། དགེ་ཆོས་ཀྱིས་ཡུལ་སོ་སོའི་གོམས་སྲོལ་དང་ཆས་གོས་ཀྱི་རྣམ་པ་སོགས་ཀྱི་ཤན་ཚུར་ཞུགས་ཡོད་པ་ཡུལ་དེ་རྣམས་སུ་ནང་ཆོས་དར་བའི་ནང་ཆོས་ཀྱི་ལྷ་སྐུའི་དབྱིབས་དང་། དག་ཞིང་གི་བཀོད་པའི་ཚུལ་སོགས་ལས་མངོན་པར་གསལ་བ་ཡིན་ཚུལ་ཙམ་གསུངས་པ་མ་གཏོགས། རྩ་བའི་ལོངས་སྐུའི་ཆ་བྱད་ཀྱི་ཡི་དམ་ལྷ་དང་དག་ཞིང་ཡོད་པ་འདོད་པ་ཡུལ་གྲུ་དེ་ཀུན་ལ་མཚུངས་པ་ཡིན་པས། “དེས་ཐེག་ཆེན་པའི་ལུགས་ཀྱི་སྐུ་དང་ཞིང་ཁམས་ཡོད་ཚད་ཀྱི་དབུ་ལ་ཐོག་བརྒྱབ་པ་ཡིན་མོད་” ཅེས་བཤད་པའི་གནས་མེད་དོ།

༑ཤོག་གྲངས་ ༦༢ །“དེ་ལྟར་རིགས་པས་བརྟགས་ཤིང་དཔྱད་ན་རང་བྱུང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་རྩིས་དངོས་རྫས་གསུམ་གང་ལ་ཡང་སངས་རྒྱས་ཆོས་གཞུང་ཁྲོད་དུ་མི་རྣམས་ཧ་ལས་འོང་བ་དང་། ཧོན་འཐོར་དགོས་པ་དང་། ཡ་མཚན་འོས་པ་དང་། ཡིད་འཕྲོག་འགྲོ་བའི་ལེགས་བཤད་ཅི་ཡང་མཐོང་རྒྱུ་མི་འདུག་མོད། ” ཅེས་བཤད་པ་ནི། འཛམ་གླིང་ན་དཔལ་འབྱོར་སོགས་ཡར་ཐོན་དུ་གྲགས་པའི་ནུབ་གླིང་དང་ཇཱཔན་སོགས་སུ་འགྲོ་མ་མྱོང་བའི་གཏམ་ཙམ་དུ་སྣང་། ཡུལ་དེ་རྣམས་ཀྱི་མི་རྣམས་ཧ་ལས་པ་དང་། ཧོན་འཐོར་བ་དང་། ཡ་མཚན་པ་དང་། ཡིད་འཕྲོག་པའི་བདེན་རྟགས་སུ་ནང་བསྟན་སྤྱི་དང་། བྱེ་བྲག་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཇེ་མང་གྱུར་བཞིན་པ་དང་། ༧གོང་ས་མཆོག་ཆིབས་བསྒྱུར་གསུང་ཆོས་དང་མི་མང་ལ་བཀའ་སློབ་སོགས་སུ་མི་རྣམས་སྡོད་སྟེགས་ཟླ་ཤས་སྔོན་ཚུད་ནས་གཅོད་པའི་དོ་སྣང་ཡོད་པ་དང་། ཡུལ་གྲུ་དེ་རྣམས་སུ་དེབ་ཚོང་ཁང་ཕལ་ཆེ་བའི་ནང་༧གོང་ས་མཆོག་གི་གསུང་དེབ་དང་ནང་ཆོས་ཀྱི་དཔེ་དེབ་རྣམས་དེབ་སྒྲོམ་སྟེང་མཐོང་རྒྱུ་མེད་པ་ནི་མེད། ཁྱེད་ཀྱིས་ཤོག་གྲངས་ ༡༦ ན་དྲངས་པའི་ཕྱི་ལོ་ཉིས་སྟོང་ལྔའི་ལོའི་སེམས་དང་སྲོག་(ཚེ)ཅེས་པའི་ནང་ཆོས་དང་ཚན་རིག་བར་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་དེའང་དུས་ད་ལྟའི་བར་ལོ་ལྟར་འཚོགས་ནས་འགྲོ་བཞིན་པ་འདིའི་ནང་ཚན་རིག་པ་ཚོགས་ཞུགས་བྱེད་མཁན་ནི་ནུབ་གླིང་པའི་ཚན་རིག་མཁས་པའི་ཚོགས་ཡིན་པ་དང་། ཁོང་རྣམས་ཀྱིས་ནང་ཆོས་ལ་ལེགས་བཤད་ཅི་ཡང་མཐོང་རྒྱུ་མེད་ན་ཅིའི་ཕྱིར་ལོ་ནས་ལོ་བསྟུད་ཚོགས་ཞུགས་བྱེད་དགོས་སམ། ཁྱེད་རང་ཉིད་ཀྱིས་ཤོག་གྲངས་ ༧༡ ན་བྲིས་པ་ནི། “ཀླུ་སྒྲུབ་ཡབ་སྲས་ཀྱི་མཁྱེན་དཔྱོད་ལ་ཧ་མི་ལས་མཁན་ཞིག་དང་། དབུ་མའི་རིགས་པ་ལ་ངོ་མི་མཚར་མཁན་གྱི་མཁས་པ་ཞིག་འཇིག་རྟེན་འདིར་བྱུང་མ་མྱོང་།” ཞེས་ནང་འགལ་དུ་སོང་།

༑ཤོག་གྲངས་ ༧༢ །“ཚད་རྡུལ་སྨྲ་བས་གཟུགས་མེད་ནུས་ཁྱམས་ཀྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པར་བཤད་པ་འདིས་ད་གཟོད་བོངས་ཚད་ཁོ་ནའི་ཆ་ནས་དཔྱད་པ་གཏོང་བ་དེ་ནོར་འཁྲུལ་གྱི་བསམ་བློ་ཡིན་པར་ར་འཕྲོད་པ་རེད།” ཅེས་བཤད་པ་དོན་ལ་མི་གནས་ཏེ། དངོས་ཁམས་རིག་པའི་ཚན་རིག་པ་ལྟོས་བཅས་པ་རྣམས་ཡིན་ཡང་། རྫས་རྡུལ་རྩོམ་གཞི་བོངས་ཚད་ཐོག་དཔྱད་པ་བྱས་པ་ལས་སྔར་ །ནིའུ་ཊོན། སོགས་འཕྲུལ་འཁོར་བའི་དངོས་ཁམས་རིག་པ་བ་རྣམས་ཀྱིས་ །ཨེཊོམ། ལ་རྡུལ་ཕྲ་རབ་ཏུ་ངོས་འཛིན་བྱས་པ་དང་། ཕྱིས་སུ་ཆེ་ཤལ་མཐུན་རྐྱེན་སོགས་འཇལ་བྱེད་ཇེ་ལེགས་སུ་འགྲོ་སྐབས་ཨེ་ཊོམ་དེའང་ཆ་ཤས་དུ་མའི་གོང་བུར་ར་འཕྲོད་ཅིང་། ད་ནི་ཕྱི་དོན་གྱི་རྩོམ་གཞི་ནི། སྐབས་རེས་རྡུལ་དང་སྐབས་རེས་རླབས་ཀྱི་རྣམ་འགྱུར་ཅན་དུ་ཕྲ་རབ་ཀྱི་ངོས་འཛིན་དང་། ད་དུང་ཡང་དཔྱད་པ་མ་རྫོགས་པའི་བློ་ཁ་ཕྱེ་བའི་ལྟ་སྟངས་རེད།

༑གསུམ་པ་གནད་དོན་གཞན་བརྗོད་པ་ནི། སྔོན་བྱོན་བོད་ཀྱི་མཁས་པའི་ཡང་རྩེར་སོན་པ་རྣམས་ཀྱིས་ནི། གཞན་ལུགས་དགག་པའི་ཚེ་གང་ཟག་ལ་དམའ་འབེབས་བྱེད་པ་དང་ཚིག་རྩུབ་སྨྲ་བ་དང་དབྱུག་པ་ལེབ་གཡུག་གིས་ཚོགས་སྡེ་ཡོངས་ལ་སྐྱོན་བརྗོད་བྱེད་པ་མེད། རྟོག་གེ་བ་ཁྱེད་ཀྱི་འབྲི་རྩོམ་དེ་རྣམས་སུ་སྐྱོན་ཆ་ཆེ་ཤོས་ཤིག་ནི། གང་ཟག་ལ་དམའ་འབེབས་བྱེད་པ་དང་། དེའང་ཚིག་རྩུབ་དང་བཙོག་ཚིག་བེད་སྤྱོད་བྱེད་པ་འདི་དག་ཡིན་པར་སྣང་། ང་ཚོའི་ནང་ཆོས་ཀྱི་ངག་གི་མི་དགེ་བ་ཕར་ཞོགས། འཛམ་གླིང་སྤྱི་ཡོངས་ཀྱི་མཁས་པའི་བགྲོ་གླེང་དང་རྩོམ་འབྲི་དགག་འབྲི་སོགས་སུ་ཁྱེད་ཀྱིས་ཤོགས་གྲངས་ ༥༢ དང་ ༦༢ ནང་བེད་སྤྱོད་བྱས་པའི་ཚིག་རྩུབ་དང་བཙོག་ཚིག་དེ་འདྲ་བེད་སྤྱོད་བྱེད་པ་མེད། གལ་ཏེ་དེ་རྣམས་བེད་སྤྱོད་མ་བྱས་པ་དང་། རང་གཞན་གྱི་སྟོན་པ་སོགས་སྐྱེ་བོ་དམ་པར་ཆ་འཇོག་བྱེད་པ་རྣམས་ལ་དམའ་འབེབས་ཀྱི་ཚིག་བེད་སྤྱོད་བྱས་མེད་ན། ཁྱེད་ཀྱིས་བཤད་པ་བྱས་པ་མང་པོ་ཞིག་ལ་དོན་ལྡན་གྱི་བསམ་བློ་གཏོང་གནས་ཡོད་པར་སྣང་། འདིར་མཆན་དུ་བརྗོད་དགོས་པ་ནི། མདའ་སྨྱུག་པ་ཁྱེད་ཀྱིས་ཚིག་བེད་སྤྱོད་བྱེད་སྟངས་སོགས་མང་པོ་ཞིག་ལ་བལྟས་ན་ཁྱེད་ལྷ་སའི་སྐད་རྒྱག་མཁན་ཞིག་ཡིན་པར་སྣང་། འདིའི་སྐོར་འོག་ཏུ་གསལ། དེ་བས་ན། སྐབས་རེས་ཁྱེད་ཀྱིས་སྐད་རྒྱག་སྟངས་ཀྱི་རང་གཤིས་ལས་བྱུང་བའི་ཞེ་སའི་ཚིག་མང་དག་བེད་སྤྱོད་བྱེད་པ་དང་། ཚིག་རྡུག་པོས་དམའ་འབེབས་བྱེད་བཞིན་དུ་ཚིག་ཕྲེང་གི་གཡས་གཡོན་དུ་ཞེ་སའི་ཚིག་འདྲེས་མར་བེད་སྤྱོད་བྱེད་པ་འདིས། ཁྱེད་ཀྱིས་གུས་བཀུར་བྱེད་ཀྱི་ཡོད་བཟོ་ལྟར་སྣང་ཡང་། ཚིག་ཕྲེང་གི་སྤྱི་བསྡོམས་ནས་བལྟས་ཚེ་དེ་ལྟར་མིན་པར། ཕལ་ཆེར་ཁྱེད་ཀྱི་སེམས་ལའང་དྲག་རྩུབ་ཆེ་བ་དང་། ང་རྒྱལ་རློམ་སེམས་ཆེ་བ་ཡོད་པའི་རྣམ་པ་མངོན་པར་གསལ།

སྟོན་པ་སངས་རྒྱས་ལ་དམའ་འབེབས་བྱས་པ་ནི། ཤོག་གྲངས་ ༣༢ ན་གཉིས་དང་། ཤོག་གྲངས་༤༤ ༼ ཐོག་མའི་ཟིན་བྲིས་ནང་དམའ་འབེབས་གང་བྱས་པ་ལུང་འདྲེན་བྱས་ཡོད་ཀྱང་། ཡང་བསྐྱར་བསམ་བློ་ཞིག་བཏང་སྐབས། ཚིག་ངན་བསྐྱར་ན་ངན་པ་སླར་སྒྲོག་པའི་གྲོགས་སུ་འགྲོ་བར་ཟད་པར་མཐོང་སྟེ་འདིར་ཤོག་གྲངས་ཇི་ཡིན་ཙམ་བཀོད།༽
སློབ་དཔོན་ཆོས་གྲགས་ལ་དམའ་འབེབས་བྱས་པ་ནི། ཤོག་གྲངས་ ༢༧
རྗེ་རིན་པོ་ཆེ་དང་འཇམ་དབྱངས་ལ་མཚན་སྨོད་བྱས་པ་ནི། ཤོག་གྲངས་ ༦༥

༑མདའ་སྨྱུག་པས་དགག་པ་བརྒྱབ་ཡུལ་གྱི་བོད་ཀྱི་མཁས་པ་རྣམས་ནི། ༼དགག་པ་བྱེད་པ་ཙམ་ནི་ངན་ནོ་ཞེས་བདག་བརྗོད་པ་མིན་ནོ། དེབ་ཐེར་ནང་གི་ཤོག་གྲངས་མཚན་སོ་སོའི་མཇུག་ཏུ་བཀོད་ཡོད།༽ ས་པཎ།༣༡ རྗེ་རིན་པོ་ཆེ།༦༥ ཚེ་བརྟན་ཞབས་དྲུང་།༧དང་༨ ཆ་རིས་སྐལ་བཟང་ཐོག་མེད།༨ བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས།༨དང་༥༧ དོར་ཞི།༡༥ ༼དོར་ཞི་གདུང་དྲུག་སྙེམ་བློ།༥༢༽ མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས།༥༢ འབྲི་གུང་གི་མཁས་པ་དཀོན་མཆོག་རྒྱ་མཚོ།༢དང་༥༢ ཀླུ་ཚང་ཤེས་རབ་བསྟན་དར།༥༢དང་༦༢ འབུམ་སྐྱབས།༥༣

༑མདའ་སྨྱུག་པ་ལྷ་སའི་སྐད་རྒྱག་མཁན་ཡིན་པའི་རྟགས་སུ་ཚིག་དང་བརྗོད་པ་གཤམ་གསལ་༼ཤོག་གྲངས་མཇུག་ཏུ་སོ་སོར་བཀོད་ཡོད།༽འདི་རྣམས་ཡིན་ཏེ། “དག་དག་ཡིན།“༨དང་༤༥ “བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས།”༨ ཞེས་སྐབས་ཀྱི་ཞེ་སའི་“ལགས་”དང་། མཁས་དབང་དགེ་འདུན་ཆོས་འཕེལ་ལ། “དགེ་ཆོས་ལགས། ”༣༣དང་༤༣དང་༥༤ ཞེས་དང་། སྐབས་ཤིག་ལ་“མཁས་དབང་དགེ་འདུན་ཆོས་འཕེལ་”ཞེས་བྲིས་འདུག་ཅིང་། སྐབས་གཞན་ཞིག་ལ་“ཨ་མདོ་དགེ་འདུན་ཆོས་འཕེལ་”ཞེས་བྲིས་འདུག །འོན་ཀྱང་ཕལ་ཆེ་བ་“དགེ་ ཆོས་ལགས་”ཞེས་བྲིས་འདུག་པ་སྐབས་དོན་དང་། “དངོས་གནས་བྱས་ན།”༣༧ “དངོས་གནས་བྱས་ན་འདིའི་ཚབ་ཏུ་ཤ་མི་ཟ་བ་ལྟ་བུ་ཞིག་བྱས་བཞག་ན།”༣༧ཞེས་སྐབས་ཀྱི་“དངོས་གནས་བྱས་ན་”དང་“བྱས་བཞག་ན་”ཞེས་པ་དེ་གཉིས། “རང་རེད་བཞག”༣༩

༑ཕལ་ཆེར་ལྷ་སའི་ནུབ་བྱང་ངོས་ཀྱི་གདན་ས་བ་ཞིག་ཀྱང་ཡིན་ནམ་སྙམ་པའི་རྟགས་སུ། ཤོག་གྲངས་༦༧ན། “ང་གི་”ཞེས་བརྗོད་པ་འདི་ནི་གདན་ས་དེ་ནས་ཡིན་པའི་མཁས་པ་འགས་ཀྱང་དེ་བཞིན་དུས་རྒྱུན་ཞལ་ནས་གསུང་གི་ཡོད་པ་ཐོས་མྱོང་།

༑ད་ནི་ཚིག་གི་གནད་དོན་སྐོར་མདོར་ཙམ་འཆད་པ་སྟེ། ཅུང་ཞིག་གོང་དུ་རིམ་འཕེལ་སྨྲ་བའི་སྐབས་བཤད་ཟིན། མདའ་སྨྱུག་པས་ཚན་རིག་གི་ཐ་སྙད་དང་མིང་སོགས་རྒྱ་མིའི་སྐད་ནས་བརྒྱུད་དེ་འོང་བ་ནི་མངོན་པར་གསལ་བ་འདི་ལྟར། དབྱིན་ཡིག་གི་དག་པའི་ །ཧ་བྷལ། ལ་“ཧོ་བོ།”༣ཞེས་དང་། དག་པ་ །ཁེལིཕོརྣིཡ། ལ་“ཁེ་ལེ་ཁི་ཉི་ཡ།”༣ཞེས་དང་། རྡུན་ཕྲན་རྣམས་ཀྱི་མིང་རྒྱ་ཚིག་ །“ཆིང་རྡུལ་”དང་“ཧེལ་རྡུལ།”༣ཞེས་བྲིས་པས་མཚོན་ནོ།། །།

མ་ཤེས་ཤེས་མདོག་བྲིས་པ་མིན།། མ་བསྐུལ་རང་གིས་བགྱིས་པ་ཡིན།།
དཔེ་བསྡུར་འདྲི་ས་མེད་བཞིན་བྲིས།། སྐྱིད་པའི་རབ་རྒྱས་གླིང་ནས་སྤྲིངས།། །།

༑ད་ལམ་གདན་སར་ལས་འབྲེལ་གནས་སྡོད་བྱས་སྐབས་ཆོས་གྲོགས་དགེ་བཤེས་ལྷ་རམས་པ་ཆེ་གེ་མོས་ཕྲན་ལ་མདའ་སྨྱུག་པའི་དེབ་ཐེར་དེ་བསྟན་མཛད་དེ། དེ་བཀླག་དགོས་པ་དང་དེའི་རྗེས་བསམ་ཚུལ་གང་ཡོད་གསན་འདོད་པ་གསུངས་པས། ལས་བྲེལ་གྱི་བར་གསེང་ཞིག་ན་ཀློག་བཞིན་ཀློག་བཞིན་ཟིན་ཐོ་ཞིག་ཀྱང་རྒྱག་ཀྱིན་བྱས། ཕྱིས་ཟིན་ཐོ་རྣམས་གཅིག་ཏུ་བསྡེབས་པས་གོང་གི་ལན་ལྟ་བུ་ཞིག་གྲུབ་པ་འདི་བྱུང་། འདི་ནི་རང་གི་ཡིད་ལ་དཔྱོད་ཕྱིར་གཙོ་བོར་དམིགས་པ་དང་། ལྷོ་ཕྱོགས་ཙནྡན་དང་ཨགརུ་སོགས་ཤིང་དྲི་བཟང་གི་རླུང་ཀུན་ཏུ་བརྡལ་ཞིང་། བཙུན་ཆུང་རྣམས་ཀྱིས་དཔལ་རྒྱུད་རྒྱལ་གྱི་རྩ་གཞུང་ཉིན་ལྟར་འདོན་པའི་སྒྲ་རྣ་བར་གོ་རྒྱུ་ཡོད་ཅིང་། གནས་བརྟན་བགྲེས་པ་རྣམས་ཀྱིས་རྒྱུད་རྒྱལ་གྱི་བདག་འཇུག་སོགས་མཛོ་སྐད་བརྗིད་ཉམས་ལྡན་པའི་གསུང་སྒྲ་འཛིན་དབང་པོར་ཐོས་པའི་ཡུལ། འཁོར་ཡུག་དགའ་ལྡན་ཡིད་དགའ་ཆོས་འཛིན་ལྟར་མཛེས་ཤིང་འཇིག་རྟེན་པའི་སྒྲ་ཟིང་གཡེངས་གནོད་སོགས་མེད་པའི་གནས་ཁྱད་པར་ཅན། འཕགས་ཡུལ་གྱི་ཡུལ་སྐད་དུ། ཧུནསུར། རྫོངས་ཀྱི་ཁོངས་གཏོགས། གུ་རུ་པུ་ར་སྟེ་བླ་མའི་གྲོང་དང་། ༧གོང་ས་མཆོག་གིས་མཚན་བསྩལ་བ། རབ་རྒྱས་གླིང་། ཞེས་འབོད་པའི་གནས་ཁྱད་པར་ཅན་ནས་སྨྱུག་མིང་ཙནྡན་བསིལ་སྨྱུག་ཅན་པའི་སྐད་གཉིས་སྨྲ་བའི་དགེ་བསྙེན་པས་སྟན་ཐོག་གཅིག་ལ་ཤར་མར་སྦྱར་བའོ། དགེའོ།།

༼གསལ་བཤད། ཙན་དན་བསིལ་སྨྱུག་གིས་རྩོམ་ཡིག་འདི་ཆ་ཚང་སྡེབ་གཅིག་ལ་བསྐུར་འདུག་ན་ཡང་། ཁ་བརྡས་དུམ་ཚན་གསུམ་དུ་མུ་འགོད་བྱས་ནས་བཀོད་ཡོད།༽

དཔྱད་རྩོམ།

Post navigation

Previous Post: སྔོ་བསང་ནམ་མཁའི་དྭངས་གཙང་བཞིན་ལ་ལྷོ་ཡི་སྤྲིན་པ་མགྲོན་དུ་སླེབས།།
Next Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་ཁོར་ཡུག་དང་པེ་ཅིན་སྲིད་གཞུང་།

Comments (2) on “ཚ་བ་མདའ་སྨྱུག་པའི་བཤད་པར་ཡུད་ཙམ་དཔྱད་པ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-06-12 at 9:59 am

    རྩོམ་ཡིག་ལེགས་པར་བྲིས་པ་བོད་ཀྱི་ཡིག་སྐད་ལ་སྦྱངས་པ་ཡོངས་ལ་ཕན་པ་ཞིག་ཏུ་མཆིས་རིང་དྲགས་པས་ཡོངས་རྫོགས་ཀློག་ལོང་མི་འདུག་ཀྱང་། མིང་ཚིག་ལ་འགའ་ཞིག་ལ་དྲི་བ་ཞུ་བ་དང་། དཔྱད་པ་ནི།
    ཨ་རི་བ། ཞེས་པ་ཁ་སྐད་ཡིན་པས། ཨ་རི་པ། ཞེས་པ་ཡང་ཡོད་པ་འདི་ཉིད་ཡོངས་གྲངས་ཆེ་བའི་་སུམ་ཅུ་པ་དང་མཐུན། བགོད་བྲོ། ཞེས་པ་ཡི་གེ་མ་དག་པ་ཡིན་ནམ་སྙམ། དགོད་བྲོ་མ་ཡིན་ནམ། དེ་ཡང་ད་སྔོན་འཇུག་ར་རུ་འབོད་པ་ཡོད་པས། རྒོད་བྲོ། ཞེས་པ་ཡང་ཡོད། ཇུས། ཞེས་པར་མང་པོས། བྱུས། ཞེས་བྲིས་པ་ལ་སྔོན་དུ་ཡང་། འདི་གཉིས་ལས་གང་དག་པ་ཡིན་ནམ། ཞེས་དྲིས་ཀྱང་ལན་གསལ་ཞིག་མ་འབྱོར། ད་ལྟ་ཡང་སྐྱར་འདི་ལ་གང་འཐད་ཀྱི་དྲི་བ་ཡོད། བརྒྱབ་ ཅེས་པར་ཁ་སྐད་ཤོར་ཏེ། བརྒྱག། ཅེས་འབྲི་ཡང་། བརྒྱབ། འདི་ཉིད་དག་པར་སྣང་། ད་ལམ། ཞེས་པ ད་ལན། ཞེས་པར་ཁ་སྐད་ཤོར་བ་མ་ལགས་སམ། བསྩལ་བ། ཞེས་ཚིག་མཛོད་འགའ་ཞིག་ལ་ཚད་མར་བཟུང་སྟེ། དེ་ལྟར་འབྲི་བ་ཡོངས་གྲགས་ཆགས་ན། བཀའ་བསྟན་གསུང་འབུམ་དང་། དེ་དག་གིས་ལམ་ལུགས་དང་མཐུན་པར་བྲིས་པའི་དག་ཡིག་ཟ་མ་ཏོག་དང་།ངག་སྒྲོན་སོགས་དང་མི་འགལ་ལམ། ཞེས་དང་།
    བྱབ་མེད་པ་དང་། བྱབ་ཆུང་། ཟེར་བ་ཡང་ཡོད་ན། བྱབ། ཅེས་རྐྱང་རྐྱང་ལ་དོན་དག་ཅིག་ཡོད་དམ། ཞེས་ཞུ་བ་ལགས་སོ།

  2. བསིལ་སྨྱུག says:
    2013-06-12 at 11:32 am

    ༑ལ་དྭགས་བློ་བཟང་འཇམ་དཔལ་ལགས། བགོད་ཅེས་ཡིག་ནོར་རེད། ༑ཇུས་དང་བྱུས་གཉིས་ཀ་དོན་གཅིག་ཅིང་གཉིས་ཀ་དག ༑ད་ལམ་ཞེས་པ་ནི། གཞུང་གི་ཡིག་འབྲེལ་ཁག་ནང་དམིགས་བསལ་དུས་རྒྱུན་གསལ་བའི་ཐ་སྙད་ཅིག་རེད། ཉེ་ཆར་ཞེས་པའི་དོན་ཡིན། བྱབ་ནི་ཆོ་དང་སྙིང་པོ་དང་དོན་སོགས་ཀྱི་དོན་ཅན་ཏེ། ཐ་སྙད་དེ་གཉིས་ཐད་དག་ཡིག་༑བོད་རྒྱ་ཚིག་མཛོད་ཆེན་མོ།སོགས་ནང་གསལ་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme