Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞོན་ནུ་ཚོགས་པའི་སྲིད་དོན་ལངས་ཕྱོགས་གང་དུ་ཕྱིན་སོང་།

Posted on 2013-06-032013-06-03 By སྤོབས་པ་མཐའ་ཡས། 41 Comments on གཞོན་ནུ་ཚོགས་པའི་སྲིད་དོན་ལངས་ཕྱོགས་གང་དུ་ཕྱིན་སོང་།

སྤོབས་པ་མཐའ་ཡས།

• ང་ཚོའི་རེ་དོགས།
ཉེ་བའི་ཆར་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་ལངས་ཕྱོགས་དང་འབྲེལ་བའི་འཕག་འཚག་དང་། རྒྱལ་བ་རིན་པོ་ཆེའི་སྙན་རྩོམ་ཁག་གི་འདོད་འདུན་འགྲེལ་ཕྱོགས་ཀྱི་བཀའ་མོལ། རྒྱལ་བ་རིན་པོ་ཆེའི་ལྷ་དགོངས་འཁྲུགས་པའི་གླེང་ཕྱོགས། བོད་མི་མང་སྤྱི་འཐུས་ལ་ལས་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཚུལ་གྱི་གླེང་གཞི་བྱུང་ཕྱིན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཐར་ཐོར་འདིའི་ནང་དུ་ཤེས་མཁན་གྱིས་ཤེས་པའི་ཚོད་དང་། མི་ཤེས་མཁན་གྱིས་མི་ཤེས་པའི་ཚོད་ཀྱིས་བོད་ཀྱི་ཆབ་སྲིད་མདུན་ལམ་གླེང་བའི་སྐད་མགོ་མཐོ་དམན་མང་པོ་ཞིག་ཐོས་རྒྱུ་འདུག ལྷག་པར་ཡང་ཉེ་ཆར་ནས་མང་པོ་ཞིག་གིས་གཞོན་ནུའི་ཚོགས་ཆེན་ཀྱི་ཕྱོགས་སུ་ལྟ་ཉན་གཟབ་ནན་བྱེད་མགོ་ཚུགས། དེ་ཡང་གཞོན་ནུའི་ཚོགས་ཆེན་སྟེང་དུ་རྒྱལ་བ་རིན་པོ་ཆེས་ཆིབས་བསྒྱུར་ཞལ་བཞེས་མ་གནང་པ་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རྒྱལ་བ་རིན་པོ་ཆེས་སྙན་རྩོམ་ནང་གི་ཚིག་ཁ་ཤས་ཀྱི་མིང་ཚིག་འགྲེལ་སྟངས་ལ་རྒྱལ་བ་རིན་པོ་ཆེས་ཞལ་བཞེས་མ་གནང་པ་སོགས་ཅུང་ཚོར་བ་རྐྱེན་པའི་གླེང་ཕྱོགས་ཁ་ཤས་ཀྱི་རྐྱེན་ལས་བོད་མི་མང་པོས་བོད་མི་མང་གི་མདུན་ལམ་ལ་ཁེ་ཉེན་ཆེ་བའི་འགྱུར་བ་ཞིག་འགྲོ་ལ་ཉེ་བའི་རེ་དོགས་ཀྱང་བྱུང་བ་རེད། གཞོན་ནུའི་ཚོགས་མི་ཁག་གཅིག་གིས་གཞོན་ནུའི་བོད་རང་བཙན་གྱི་ལངས་ཕྱོགས་དོར་ནས་དབུ་མའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པ་དང་། ཐ་ན་གཞོན་ནུའི་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྐབས་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་ཚོགས་འདུའི་ཕྱི་ལོགས་སུ་བསྡད་པ་སོགས་ཀྱང་གལ་གནད་ཆེ་བའི་གསར་འགྱུར་ལྟ་བུར་གྱུར་ཡོད།

• གཞོན་ཚོགས་ཀྱི་རྣམ་འགྱུར།
གཞོན་ནུའི་ཚོགས་མི་མཐོ་དམན་ཚང་མས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལ་མཐའ་གཅིག་ཏུ་བརྩི་བསྲུང་བྱ་རྒྱུ་དང་། རྒྱལ་བ་རིན་པོ་བཀའ་དགོངས་དང་འགལ་བའི་ལངས་ཕྱོགས་ཤིག་འཛིན་འདོད་མེད་པའི་སྐད་སྒྲ་གསལ་བོར་བསྒྲགས། གནད་དོན་འདི་རྒྱལ་བ་རིན་པོ་ཆེ་ལ་མཚོན་ན་གནོན་ཤུགས་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་པ་རེད་སྙམ། གཞོན་ཚོགས་ཀྱི་བྱེད་སྟངས་དེས་བོད་མི་མང་གི་འཐབ་རྩོད་ལངས་ཕྱོགས་ག་འདྲ་ཞིག་འཛིན་རྒྱུ་ཡིན་མིན་དེ་རྒྱལ་བ་རིན་པོ་ཆེའི་ཕྱག་ལ་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་པ་རེད། དེ་ཡང་ད་བར་དུ་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱི་ལངས་ཕྱོགས་དབུ་མ་ཡིན་པར་དོགས་པ་མེད་ན་ཡང་། སྔོན་ཆད་རྒྱལ་བ་རིན་པོ་ཆེས་ནམ་ཡིན་ཡང་བོད་མིས་བོད་རང་བཙན་བརྩད་ན་དེ་ལུགས་མཐུན་གྱི་ཐོབ་ཐང་གཙང་མ་ཡིན་ལུགས་དང་མི་མང་གི་བདམས་ཀ་ལ་ཇུས་གཏོགས་མི་རུང་ཚུལ་རྟག་པར་གསུང་བཞིན་པ་རེད། ཉེ་ཆར་ནས་རྒྱལ་བ་རིན་པོ་ཆེས་རང་ཉིད་ཀྱི་ལངས་ཕྱོགས་དབུ་མའི་ལམ་གཙང་མ་ཡིན་པ་ཞལ་ཞེ་གཉིས་མེད་ཡིན་པ་གལ་པོ་ཆེ་ལ་ནན་ཏན་དང་། རང་བཙན་ཀྱི་ལངས་ཕྱོགས་བཟུང་ན་དོན་འབྲས་མེད་ལུགས་ཀྱི་བཀའ་སློབ་རིམ་པ་ཁ་ཤས་ཤིག་ཁ་གསལ་པོས་ཕེབས་པ་རེད། བོད་ནང་གི་བོད་མིས་རང་སྲེག་གི་ངོ་རྒོལ་ཡང་ཕལ་ཆེར་རེ་བ་སྟོང་བ་ཤུགས་ཆེ་དྲགས་པའི་དོག་གཞི་ཡོད་ལུགས་ཀྱི་བཀའ་སློབ་སོགས་ཕེབས། དེ་ལ་བརྟེན་ནས་བོད་མི་མང་པོ་ཞིག་གིས་སེམས་ལ་ད་རྒྱལ་བ་རིན་པོ་ཆེས་བོད་མི་ཚང་མ་དབུ་མའི་ལམ་ལ་ཞུགས་པའི་སྐུལ་མ་གནང་བ་ཡིན་པའི་ངོས་འཛིན་བྱས་ཏེ་གཞོན་ནུའི་ཚོགས་མི་ཁག་གཅིག་གིས་གཞོན་ཚོགས་ཀྱི་ལངས་ཕྱོགས་དབུ་མར་སྒྱུར་དགོས་པའི་རེ་སྐུལ་བཏོན་པ་རེད།

གཞོན་ཚོགས་ཀྱིས་ཆབ་སྲིད་ལངས་ཕྱོགས་ཀྱི་དབང་ཚད་ཆ་ཚང་རྒྱལ་བ་རིན་པོ་ཆེའི་ཕྱག་ཏུ་ཕུལ་བ་དེ་བཟང་ངན་གྱི་མཇུག་སྡོམ་རྒྱག་དཀའ་ཞིང་རྙོགས་འཛིངས་ཆེ་བ་ཞིག་རེད། ཕྱོགས་གཅིག་ནས་ཁོ་ཚོའི་བྱེད་སྟངས་ལ་མ་འགྲིགས་མེད་པ་རེད། དེ་ཡང་རྒྱལ་བ་རིན་པོ་ཆེ་ནི་མི་ལོ་བཞི་བརྒྱར་ཉེ་བའི་རིང་དུ་བོད་ལ་དབང་བསྒྱུར་བའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་མི་སྣ་ཞིག་ཡིན་པ་དང་། ལྷག་པར་ཡང་བོད་རྒྱའི་འགལ་འདུའི་ཆབ་སྲིད་ན་ཚ་མཐོ་ཚད་ལ་སླེབས་པའི་ཉིན་ནས་རྒྱལ་བ་རིན་པོ་ཆེ་ནི་དྲང་ལྡོག་ཕྱོགས་གང་ནས་གླེང་ཡང་མེད་ཐབས་མེད་པའི་མི་སྣ་གཙོ་བོ་དེ་ཡིན་པ། བོད་མི་མང་གི་ངོས་ནས་ཀྱང་ཕལ་ཆེར་ཆོས་དང་ཆབ་སྲིད་གཉིས་ཆར་ནས་རྒྱལ་བ་རིན་པོ་ཆེས་མཛུབ་མོ་གར་བསྟན་ཤར་ལྟ་བུ་ཡིན་དང་ཡིན་མུས་སྟབས་རྒྱལ་བ་རིན་པོ་ཆེ་ལ་བོད་རང་བཙན་མ་དགོས་ན་གཞོན་ཚོགས་ལ་དགོས་པའི་རྒྱུ་མཚན་ལྷག་པོ་ཞིག་མེད་པ་ལྟ་བུ་རེད། རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་རྗེས་འབྲངས་ནས་བོད་མི་ཁྲི་ཕྲག་མང་པོ་བཙན་བྱོལ་དུ་ཡོང་བ་རེད། གཞོན་ཚོགས་ཀྱང་དེའི་ཆ་ཤས་ཤིག་རེད། ད་རྒྱལ་བ་རིན་པོ་ཆེས་རྒྱ་དམར་གྱི་ཁྲིམས་འོག་ཏུ་བོད་མི་མང་ལ་མདུན་ལམ་ཡོད་པར་གཟིགས་ནས་བོད་དུ་ལོག་ནུས་ན་གཞོན་ནུ་ཚོགས་པ་ཚུད་པའི་བཙན་བྱོལ་བོད་མི་ཕལ་མོ་ཆེས་དེ་ལ་ཡིད་ཆེས་མི་ནུས་པ་མེད་པ་ལྟ་བུ་རེད།

བྱེད་སྟངས་འདི་ཕྱོགས་གཅིག་ནས་བལྟས་ན་མི་འགྲིགས་པ་ཞིག་རེད། རྒྱལ་བ་རིན་པོ་ཆེ་མི་སྒེར་ཞིག་རེད། ཆབ་སྲིད་ལོ་རྒྱུས་དང་ཆོས་ལུགས་ཀྱི་དད་མོས་ཁོ་ནའི་ངོས་ནས་རྒྱལ་བ་རིན་པོ་ཆེ་ལ་གལ་གནད་ཆེ་བའི་མཚན་མཐོང་ག་ཚོད་ཡོད་མེད་ལ་མ་ལྟོས་པར་དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེ་སྒེར་གྱི་ཡིད་ཆེས་ཤིག་ཡིན་སྟབས་དེའི་རྗེས་སུ་སུ་ཞིག་འབྲངས་དང་སུ་ཞིག་མི་འབྲངས་གི་ཐག་གཅོད་དེ་རང་རང་ལ་རག་ལས་པ་ཞིག་རེད། ལྷག་པར་གཞོན་ནུ་ཚོགས་པ་ནི་སྒྲིག་འཛུགས་ཤིག་ཡིན་ལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་མི་ཆེན་བླ་དྲགས་ཤིག་གི་བཀས་བཀོད་འོག་ཏུ་ཚུད་འཇུག་པ་དེ་ཧ་ཅང་གི་ནོར་འཁྲུལ་ཞིག་རེད། ལྷག་པར་ཡང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ལས་དོན་ལས་བགྲེས་ཡོལ་མཛད་པའི་རྗེས་སུ་རྒྱལ་བ་རིན་པོ་ཆེ་ལ་སྤྱི་ཚོགས་ཁྲོད་ལ་བརྩི་མཐོང་སྔར་དང་མཚུངས་པའམ་སྔར་ལས་ལྷག་པ་ཞིག་ཡོད་ན་ཡང་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་ཁྲིམས་ལུགས་ཀྱི་འོག་ན་རྒྱལ་བ་རིན་པོ་ཆེ་བོད་ཀྱི་སྤྱི་འབངས་ཕལ་བ་ཞིག་ལས་ལྷག་པའི་གལ་གནད་མེད་པ་རེད། སྲོལ་རྒྱུན་བཞིན་ལྷ་དང་བླ་མ་ལ་རྒྱབ་བསྙེས་ནས་འདུག་པ་མིན་པར་པའི་བོད་མི་མང་གིས་རང་རང་གི་ནུས་པ་ལ་ཡིད་ཆེས་དང་། རང་འགན་རང་སྒྲུབ་ཀྱི་ཆོད་སེམས། འདྲ་མཉམ་དང་དམངས་གཙོའི་སྲོལ་རྒྱུན་ཡག་པོ་ཞིག་འཇགས་དགོས་པ་དེ་ནི་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ལ་ཕེབས་པའི་དགོས་པ་དགོངས་གཞི་ཡིན་པ་རེད། གཞོན་ནུ་ཚོགས་པས་གཞོན་ནུའི་སྒྲིག་འཛུགས་དང་། གཞོན་ནུའི་དབུ་ཁྲིད། གཞོན་ནུའི་ལངས་ཕྱོགས་དང་ཐབས་ལམ་གཙོ་བོར་འཛིན་འོས་པ་ལས་གཞོན་ནུའི་ཚོགས་མི་ཡང་མ་ཡིན་པའི་རྒྱལ་བ་རིན་པོ་ཆེས་ཅི་གསུང་གི་ལམ་ལ་བསྐྱོད་པའི་གྲ་སྒྲིག་བྱས་བསྡད་ན་ཚོགས་པ་སྒྲིག་འཛུགས་འདི་ཡོད་མེད་ཁྱད་མེད་པ་ཞིག་རེད།

• ད་དུང་སྒུག་ཁང་དུ་ལུས་རྒྱུ་ཡིན་པ།
ད་རྒྱ་དམར་གྱི་ངོས་ནས་རྟག་པར་རྒྱལ་བ་རིན་པོ་ཆེས་བོད་རང་བཙན་འཐབ་རྩོད་དོར་བ་བདེན་པ་མིན་པའི་སྐྱོན་རྗོད་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱལ་བ་རིན་པོ་ཆེས་གཞོན་ནུ་ཚོགས་པ་གཙོས་པའི་བོད་རང་བཙན་གྱི་སྒྲིག་འཛུགས་ཁག་ལ་མཐུན་འབྲེལ་གནང་ཚུལ་དེ་རེད། ཉེ་ཆར་རྒྱལ་བ་རིན་པོ་ཆེ་གཞོན་ནུའི་ཚོགས་མགོན་དུ་ཆིབས་བསྒྱུར་མ་བསྐྱངས་པ་དེས་རྒྱལ་བ་རིན་པོ་ཆེས་བོད་རང་བཙན་འཐབ་རྩོད་པ་ལ་འབྲེལ་བ་བཅད་པ་ཡིན་པར་ངོས་འཛིན་མཁན་བྱུང་ན་ཡང་། མཐའ་གཞུག་ཏུ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱིས་རྒྱལ་བ་རིན་པོ་ཆེ་ཚོགས་མགོན་དུ་མ་ཕེབས་པ་དེ་བོད་རང་བཙན་ཡིན་མིན་ལ་འབྲེལ་བ་མེད་ལུགས་ཀྱི་གསལ་བཤད་བྱས་པ་དེས་སླར་ཡང་རྒྱལ་བ་རིན་པོ་ཆེ་བོད་རང་བཙན་ཚོགས་པ་ལ་མཐུན་འབྲེལ་མེད་པར་སྨྲ་མི་ནུས་པར་གྱུར་པ་རེད། ལྷག་པར་ཡང་གཞོན་ནུའི་ངོས་ནས་རྒྱལ་བ་རིན་པོ་ཆེས་ཅི་གསུང་བཀའ་སྒྲུབ་ཀྱི་དམ་བཅའ་དང་ལྷ་དགོངས་དྭངས་སེལ་གྱི་འགྱོད་བཤགས་ཕུལ་བ་སོགས་ལ་གཞིག་ཚེ་གལ་སྲིད་རྒྱལ་བ་རིན་པོ་ཆེས་གཞོན་ཚོགས་ལ་བོད་རང་བཙན་གྱི་འདོད་འདུན་འདོར་དགོས་པའི་བཀའ་ཕེབས་ན་ཀ་ཀོར་མེད་པར་འདོར་རྒྱུ་ཡིན་པའི་རྣམ་འགྱུར་གསལ་པོར་བསྟན་པ་རེད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེས་གཞོན་ཚོགས་ཀྱིས་བོད་རང་བཙན་གྱི་འདོད་འདུན་འདོར་དགོས་པའི་བཀའ་སློབ་གསལ་པོ་ཞིག་མ་གནང་བའི་ཆ་ནས་རྒྱ་དམར་གྱིས་བསྙོན་འཛུགས་སྔར་མུས་བཞིན་གནས་རྒྱུ་ཡིན་པ་ཐག་ཆོད་ཚར་བ་རེད།

བོད་མི་མང་པོ་ཞིག་གི་སེམས་སུ་རྒྱ་དམར་གྱི་སྐྱོན་རྗོད་དེ་དག་རྒྱུན་ལྡན་ལྟ་བུར་གྱུར་ཅིང་རྣ་བར་བྱངས་ནས་དོ་སྣང་དང་ཞིབ་ཉན་བྱེད་པའི་གོམས་སྲོལ་མེད་པ་རེད། ཡིན་ན་ཡང་རྒྱ་དམར་དང་ལྷན་དུ་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་ཡོང་བའི་ཡིད་ཆེས་བྱེད་མཁན་ཞིག་ལ་མཚོན་ལ་རྒྱ་དམར་གཞུང་ཕྱོགས་ཀྱི་སྐྱོན་རྗོད་གསལ་བསྒྲགས་རིགས་ལ་ལན་འདེབས་དུས་ཐོག་ཏུ་མེད་པར་སྣང་མེད་དུ་འཇོག་པ་དེ་མི་འགྲིགས་པ་ཞིག་རེད། གནད་དོན་གང་ལ་ཐུག་ཀྱང་རྒྱ་དམར་དང་ལྷན་དུ་གྲོས་བསྡུར་བྱས་ནས་བོད་ཀྱི་མདུན་ལམ་སེལ་འདོད་ཡོད་པ་ཡང་འདྲ། རང་རང་གི་མདུན་ལམ་གྱི་དཀའ་རྙོགས་སེལ་འདོད་ཡོད་ན་ཡང་འདྲ། ཁ་རྒྱ་དམར་ལ་འཁོར་ནས་གྲོས་མོལ་དང་ལས་ཀ་བྱེད་དགོས་པ་ཞིག་ཡིན་ཕྱིན་རྒྱ་དམར་གྱི་སྐྱོན་རྗོད་ལ་གསལ་ཞིབ་ཀྱི་བདེན་རྫུན་དབྱེ་འབྱེད་དང་། ནོར་འཁྲུལ་ཡོ་བསྲངས། དགག་པ་བརྒལ་ལན་དུས་ཐོག་ཏུ་མེད་ཕྱིན་དུས་ཚོད་ནར་འགྱངས་དང་། ཕྱི་ནང་གི་མི་མང་གིས་དོན་དངོས་མི་ཤེས་པ། ལོ་རྒྱུས་ཀྱི་སྟེང་དུ་མགོ་འཁྲུག་གཞིར་འགྱུར་བ། ཕན་ཚུན་གྱི་ཕྱོགས་གཏོགས་བར་དུ་དགྲར་འཛིན་གྱི་འདུ་ཤེས་མུ་མཐུད་དུ་གནས་རྒྱུ་ཡིན་པ་རེད། སྐབས་འདིའི་གཞོན་ཚོགས་ཀྱི་ལངས་ཕྱོགས་དང་འབྲེལ་བའི་གླེང་གཞི་དེ་ལ་དགའ་ལྡན་ཕོ་བྲང་གི་རྣམ་འགྱུར་སྟོན་སྟངས་ལ་བསམ་ཞིབ་བྱས་ན་ད་ང་ཚོའི་དབུ་མ་བ་ཚོས་ཁ་རྒྱ་དམར་གྱི་ཕྱོགས་སུ་འཁོར་ནས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ་ཁ་ཞེ་གཉིས་མེད་ཡིན་པའི་དག་འབུད་ག་འདྲ་བྱ་རྒྱུ་ཡིན་ནམ་བསམ་པ་དེ་སེམས་ཁྲལ་ཞིག་རེད།

ལྷག་པར་ཡང་གཞོན་ཚོགས་སྒྲིག་འཛུགས་ཀྱི་ངོས་ནས་ལམ་དབུ་མར་ཞུགས་དགོས་པའི་འདོད་འདུན་ཡོད་མཁན་གྱི་ཚོགས་མི་ཚོར་དམའ་འབེབས་དང་ཟུར་ཕུད་མ་བྱས་པར་ཟམ་གདོང་རིན་པོ་ཆེས་བཀའ་སློབ་ཉན་པར་བོས་པ་དང་། ཟམ་གདོང་རིན་པོ་ཆེསའི་བཀའ་སློབ་ཀྱང་ཉེ་སྔོན་ལྟ་བུའི་དབུ་མ་དབུ་རྐྱང་ཞིག་མ་ཡིན་པའི་བཟོ་ལྟ་ཐོན་པས་གཞོན་ནུའི་རང་བཙན་ལངས་ཕྱོགས་འདོར་དགོས་ཟེར་མཁན་ཚོ་ཡང་ཁ་སྐྱེངས་པོ་ཞིག་བཟོས་ཡོད་ཚོད་རེད། འདིས་སླར་ཡང་བཙན་བྱོལ་བོད་མིའི་ཆབ་སྲིད་སྟེགས་བུའི་སྟེང་དུ་དབུ་མ་པ་དང་རང་བཙན་པའི་ཚོགས་ཁག་གཉིས་ཀྱིས་མཚམས་མཚམས་ལ་ཁྱོད་དགའ་ང་ཡག མཚམས་མཚམས་ལ་ཁྱོད་ཆེ་ང་བཙན། མཚམས་མཚམས་ལ་ཕར་འཐེན་ཚུར་འཐེན་གྱི་རྩེད་མོ་བརྩེས་ནས་མུ་མཐུད་དུ་ལུས་རྒྱུ་ཡིན་པ་མ་གཏོགས་འཁྲུག་ཆ་དོད་པོའི་འགྱུར་བ་འགྲོ་རྒྱུ་མིན་པ་ཁ་གསལ་པོ་རེད། གནད་དོན་འདི་དག་ལ་ལྟ་སྐབས་ཉེ་སྔོན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེས་བོད་རྒྱ་ཞི་མོལ་ལ་ཤུགས་རྒྱག་འདོད་ཡོད་ཚུལ་གྱི་ཐུགས་རེ་དེ་ཡང་རྨི་ལམ་ཙམ་ལས་དོན་དངོས་གང་ལ་ཡང་སླེབས་རྒྱུ་མེད་པར་ཐག་ཆོད་ཚར་བ་རེད།

དཔྱད་རྩོམ།

Post navigation

Previous Post: ༼བཙན་པོའི་སྙིང་སྟོབས་༽ལས། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།
Next Post: ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ལ་དབྱི་ཐ་ལའི་གཟེངས་རྟགས་ཕུལ་འདུག

Comments (41) on “གཞོན་ནུ་ཚོགས་པའི་སྲིད་དོན་ལངས་ཕྱོགས་གང་དུ་ཕྱིན་སོང་།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 12:47 am

    ་་་་་་ དེ་ཡང་གཞོན་ནུའི་ཚོགས་ཆེན་སྟེང་དུ་རྒྱལ་བ་རིན་པོ་ཆེས་ཆིབས་བསྒྱུར་ཞལ་བཞེས་མ་གནང་པ་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རྒྱལ་བ་རིན་པོ་ཆེས་སྙན་རྩོམ་ནང་གི་ཚིག་ཁ་ཤས་ཀྱི་མིང་ཚིག་འགྲེལ་སྟངས་ལ་རྒྱལ་བ་རིན་པོ་ཆེས་ཞལ་བཞེས་མ་གནང་པ་སོགས་ཅུང་ཚོར་བ་རྐྱེན་པའི་གླེང་ཕྱོགས་ཁ་ཤས་ཀྱི་རྐྱེན་ལས་བོད་མི་མང་པོས་བོད་མི་མང་གི་མདུན་ལམ་ལ་ཁེ་ཉེན་ཆེ་བའི་འགྱུར་བ་ཞིག་འགྲོ་ལ་ཉེ་བའི་རེ་དོགས་ཀྱང་བྱུང་བ་རེད། གཞོན་ནུའི་ཚོགས་མི་ཁག་གཅིག་གིས་གཞོན་ནུའི་བོད་རང་བཙན་གྱི་ལངས་ཕྱོགས་དོར་ནས་དབུ་མའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པ་དང་། ཐ་ན་གཞོན་ནུའི་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྐབས་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་ཚོགས་འདུའི་ཕྱི་ལོགས་སུ་བསྡད་པ་སོགས་ཀྱང་གལ་གནད་ཆེ་བའི་གསར་འགྱུར་ལྟ་བུར་གྱུར་ཡོད། ་་་་་ཟེར།

  2. བོད་ལ་ཞེན། says:
    2013-06-03 at 12:54 am

    གཞོན་ནུ་ནས་རང་གཙན་གྱི་ལྟ་བ་དོར་ཆོག་ཆོག་ག་ལ་ཡོད། སྤྱིར་བོད་རྒྱ་གྲོས་མོལ་བྱུང་བའི་ཆེད་དུ་རང་ཕྱོགས་ནས་ཁོར་ཡུག་ཞིག་བསྐྲུན་དགོས་པ་བདེན་མོད། འོན་ཀྱང་གཞོན་ནུའི་རང་གཙན་གྱི་ལྟ་བ་དོར་བ་ནི་ཆེ་དྲགས་པ་ཞིག་ལོས་ཡིན། ནམ་རྒྱ་ཕྱོགས་ནས་དོན་ལྡན་གྱི་ཁས་ལེན་ཞིག་བྱུང་ཚེ་དེ་དུས་ལྟ་ཆོག་པ་ཞིག་རེད།

  3. Kalsang says:
    2013-06-03 at 1:57 am

    ཡག་པོ་བྲིས་འདུག་རྣམ་དཔྱོད་ལྡན་པའི་སྐད་ཆ་རེད་

  4. བོད་ལ་ཞེན། says:
    2013-06-03 at 2:02 am

    རང་བཙན། རང་བཙན། རང་བཙན། དབུ་མའི་ལམ། དབུ་མའི་ལམ། དབུ་མའི་ལམ།

  5. པདྨ says:
    2013-06-03 at 2:26 am

    ཡག་སོང་།

  6. བདག་པོ། says:
    2013-06-03 at 2:34 am

    གཞོན་ནུའི་ཚོགས་མི་འགས་རང་ཚུགས་ཤོར་ནས་རྩ་བའི་བསྒྲུབ་བྱ་ཤོར་བ། མི་དེ་ཚོ་ནི་རི་རྩེའི་དར་ཅོག་དང་གཅིག་པ་རེད།
    རྒྱ་མིའི་སྲིད་དོན་གཡོ་སྒྱུ་ཁྲམ་གསུམ་དེས་ད་བར་བཙན་བྱོལ་བོད་གཞུང་ལ་བྱི་རིལ་སྤྲད་ཡོད།
    གཞོན་ནུའི་ཚོགས་མི་འགས་རྒྱ་མིའི་བྱི་རིལ་ཟ་འདོད་བྱེད་ཀྱིས། རང་གི་ལངས་ཕྱོགས་དོར་ནས་རྒྱ་མིའི་བྱི་རིལ་བཟོ་དང་།
    སུན་ཙེ་དམག་དོན་བསྟན་བཅོས་ནང་གི་མཁར་གྲོང་སྟོང་པའི་དམག་དང་གཅིག་པ་ཆགས་ཡག་ཉེན་ཁ་ཆེ།

  7. དགེ་འདུན་རྒྱ་མཚོ། says:
    2013-06-03 at 4:59 am

    དེ་འདྲའི་སྔངས་སྐྲག་ལངས་དགོས་པ་ཅང་ཨེ་ཡོད་སྙམ། ཚོགས་པ་ཟེར་བ་དེ་དབྱར་ཁའི་གནམ་ངོ་ལྟ་བུ་རེད། སྐབས་རེར་འཁྲུགས་ཀྱང་སྐབས་རེར་ཡལ། སྐབས་རེར་ཆར་བ་བབས་ནས་སུན་སྣང་སྟེར་གྱི་རེད་ལ་སྐབས་རེར་འཇའ་ཚོན་འཕྱུར་ནས་བྱིས་པ་དག་བསླུ་བར་བྱེད། སྐབས་རེར་དྲག་ཆར་དང་ཐོག་མདའ་ཡང་འཐེན་གྱི་རེད། ཀླད་མེད་ཚོ་སྐྲག་ཏུ་བཅུག་ནས་ཁ་ནས་གློ་མཆིན་ཡང་ཤོར་ལ་ཁད་བྱེད་དུ་འཇུག
    འདའི་ཚོ་ཚོགས་པའི་ཁྱད་ཆོས་རེད། དེ་ལ་ཧང་སང་ཡ་ཡོད་མ་རེད། ཚོགས་པ་ཟེར་བ་དེ་ཤང་བཙོང་མ་དང་མཚུངས་པར་མཁསཔས་གསུངས་མྱོང་བ་དེ་ཡང་དྲན་དགོས།
    གཞུང་འཛིན་དང་རྒྱལ་ཁབ་ལ་འགྱུར་ཡ་ཡོད་རེད་ལ། ཚོགས་པ་དང་ལང་ཕྱོགས་ལ་ཡང་འགྱུར་བ་ཡོང་སྲིད་པ་རེད། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེས་ཅི་ཕན། འཛམ་གླིང་ཡོངས་ཉིན་རེ་དང་སྐར་ཆའི་ནང་འགྱུར་བ་འགྲོ་བཞིན་ཡོད་རེད། གཞོན་ནུས་བསམ་བློ་དང་ལང་ཕྱོགས་རྙིང་བ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་འདུག་དགོས་དོན་ཅང་ཨེ་ཡོད་དམ། དེ་ལྟར་བསྡད་ན་ཕན་ཐོག་ཡོད་ན་འགྲིག་གི་རེད་དེ་ཆུ་ཚོད་སྐྱེལ་བ་་མ་གཏོགས་ཕན་ཐོག་མེད་པ་ཟུར་བལྟས་ལེབ་མཐོང་རེད། 
    གཞོན་ནུ་མེད་ན་རང་བཙན་མེད་འགྲོ་གི་མ་རེད་ལ་གཞོན་ནུ་མེད་ན་བོད་དེ་བས་ཀྱང་མེད་འགྲོ་གི་མ་རེད། ཡུལ་དུས་ལ་བལྟས་ནས་ཚོགས་པ་གསར་བ་བཙུགས་ཆོག་གི་རེད། ད་ཆ་ཡང་ཚོགས་པ་མང་བོ་ཡོད་རེད་པ། དེ་ཚོ་ཚང་མས་ཅང་ལབ་ཀྱི་མི་འདུག་ག གཞོན་ནུ་ལ་རྒྱབ་སྐྱོར་ཡིན་ནམ་བཙན་བྱོལ་ནང་དཀྲིགས་ཡིན་ཧ་གོ་གི་མི་འདུག་ག་ 
    ཚོགས་སྡེ་གང་ཞིག་ཡིན་ཡང་བོད་བཙན་བྱོལ་སྲིད་གཞུང་ལ་མཐུན་འགྱུར་གནང་ཐུབ་ན་དགའ་བསུ་ཡོད་ལ། དེ་མིན་ན་སྒོ་བརྒྱབ་ན་ཡག་གི་མ་རེད་པས། གང་དུ་རྒྱལ་བ་རིན་པོ་ཆེ་ཡོད་ན་དེ་ན་ཁྲིམས་མཐུན་གྱི་བོད་སྲིད་གཞུང་ཡོད་རེད་ལ།་་
    རྒྱལ་བ་རིན་པོ་ཆེ་མེད་ན་བོད་སྲིད་གཞུང་ཡོད་སྲིད་ཀྱི་མ་རེད། དགའ་རུང་མ་དགའ་རུང་དོན་དངོས་ཡིན།
    རྒྱལ་བ་རིན་པོ་ཆེས་ནས་ཆབ་སྲིད་ཀྱི་འགན་རྩིས་སྤྲོད་བྱས་ཟིན་པ་རེད་དེ་མི་དམངས་ཀྱི་དད་མོས་དང་ཡིད་ཆེས་སྔར་བཞིན་བསྡད་ཡོད་རེད། དེ་མི་འགའ་ཤས་ཀྱིས་ནག་བསུབས་དུ་གཏོང་བསམ་ཡོད་ཀྱང་རྨི་ལམ་རང་རེད།
    ངས་བལྟས་ན་ད་ཆ་ང་ཚོ་ཡག་པོ་ཡོད་པ་འདི་མི་རེ་གཉིས་ཀྱིས་ཁྲག་དང་རྣག་དཀྲིགས་དཀྲིགས་མ་བྱེད་རོགས་ཞུ་ཡ་ཡིན། བདེ་མོ་བྱོས།
    ཡིག་ནོར་ཡང་མང་བོ་ཞིག་ཤོར་སོང་ཡང་དགོངས་པ་བཞེས་རོགས།

  8. གཡག says:
    2013-06-03 at 6:28 am

    ཆ་ཚང་བར་ཞིབ་བཀླགས་ཤིག་ཟིན་པ་ཡིན། གནད་དུ་ཁེལ་འདུག ཡིན་ན་ཡང་དོན་གང་ཞིག་ཡིན་རུང་ཐོག་མར་རང་ཉིད་ནས་མགོ་འཛུགས་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་ཁ་བཤད་ཆུ་ཡི་ཝུ་བ་རེད། དགོངས་དག

  9. གནམ says:
    2013-06-03 at 6:39 am

    མི་འབངས་སེར་སྐྱའི་ཐུགས་མདུན་ལ་རྡོག་རོལ་གཏོང་མཁན་གྱི་དབུ་མ་བ་ཚོ་དང་། གསར་སྐྱེས་གཞོན་ནུའི་བློ་སེམས་གཏོད་ས་མི་ཉན་པའི་གཞོན་ནུ་ཚོགས་པ་ནི་ངོ་མ་བཤད་ན་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ལས། བོད་མི་མང་ལ་ཁ་ཡོད་ལག་ཡོད་ཀྱིས་ལམ་ཞིག་སྟོན་འདོད་མེད་པ་ཡིན་པ་གསལ་བོ་རེད་འདུག་པས། མྱི་རབས་ཕྱི་མའི་རང་བཙན་སྟོབས་ཤུགས་སླར་གསོའི་ཚོགས་པ་ཞིག་ཡོད་ན་ཅི་མ་རུང་།
    དགྲ་བོ་རྒྱ་དམར་ཚང་གི་བསྡད་ན། ཆོས་དར་གི་མི་འཇུག། དབུ་འཕངས་མཐོ་འི་མི་འཇུག། ཡར་ནང་ཚང་ལ་རོགས་བྱེད་དུས་མར་ནང་ཚང་ལ་གནོད་བསྐྱེལ། མར་ནང་ཚང་ལ་ཕན་འདེགས་དུས་ཡར་ནང་ཚང་ལ་དུག་འདེབས། མཁས་བ་ཆེན་པོ་དེ་ན་གསོ་སྐྱོང་མེད། བླ་མ་ཆེན་པོར་དེ་ན་བརྩི་བཀུར་མེད། ཚོང་པ་ཆེན་པོར་ཆགས་པའི་ལམ་ཁ་མེད། ས་འོག་གི་གཏེར་རྡོ་ཉིན་མཚན་དུ་བརྐོས་ནས་རྒྱ་ལ་འདྲེན། ས་ཐོག་གི་རྡོ་རྩིག་ཙམ་ལ་ལ་ཡར་རྒྱས་གླེང་། ཁ་གྲགས་ས་མེད། མགོ་དགྱེ་ས་མེད། ཁ་ལ་མི་ཉན་ན་གསོད་རྐྱང་ཡིན། དོན་ལ་མི་བདེ་ན་གསང་རྐྱང་ཡིན།

  10. ཅོ་རི་ཉི་མ། says:
    2013-06-03 at 8:47 am

    སྤོབས་པ་མཐའ་ཡས་ལགས་ཀྱིས་དེ་རིང་གནད་དོན་གླེང་གི་ཡོད་པ་ནི་ལྕགས་ཚ་ཐོག་རྡུང་ཟེར་བ་ལྟར་ཡིན་གྱི་རེད་འདོད། སྤྱིའི་ཆ་ནས་བོད་པའི་ཤེས་ཡོན་པ་ཚོས་སྤྱི་ཚོགས་ལ་འགན་ཡག་པོ་ཁུར་གྱི་འདུག་བསམ་བཞིན་ཡོད། ལྷ་ལྟ་བུའི་གྷོ་གྷན་ཐབས་ཅད་མཁྱེན་པའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་རིག་པ་ཇེ་གསལ་དང་མཐོང་རྒྱ་ཐོས་རྒྱ་ཇེ་ཆེ་རུ་འགྲོ་བཞིན་འདུག་་་དགའ་ཆོག་པའི་གནད་དོན་རེད།།

    དེབ་སྲུང་ལས་ཁུངས་ཀྱིས་རྒྱ་མིའི་སོ་བ་ཟིན་ཡོད་ཟེར་བའི་གསལ་བསྒྲགས་ཀྱི་འོག་ཏུ་ཤེས་ཡོན་པའི་སྡེ་ཡིས་མཆན་བུ་རྣམས་བཀླགས་དུས་བོད་མི་དམངས་ལས་ལྷག་པོ་ཞིག་གི་ཐོག་ནས་མགོ་སྐོར་གཏོང་ཐུབ་ཀྱི་མི་འདུག་ཨ་་བསམས་བསམས་རེ་དྲན་ཡོང་གི་འདུག

    བོད་མི་ཤེས་ཡོན་ཅན་ཚོས་འགན་འཁུར་ཡོད་པའི་ཐོག་ནས་བགྲོ་གླེང་གནང་རོགས་ཞུ་རྒྱུ་དང་། གང་ཟག་སྒེར་པ་རེ་གཉིས་ལ་གོ་སྐབས་ཟིན་ནས་མ་ཉེས་ཁ་གཡོག་བྱེད་ནས་ནག་པོ་བཟོ་གང་ཐུབ་བལྟ་མི་ཉན་པ་རེད་བསམས་ཀྱི་འདུག ང་ཚོའི་རྩོད་རྙོད་འདི་དག་སྤྱི་པའི་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ནས་ཡོང་གི་ཡོད་པ་ལས་སྒེར་ནད་དང་སྒེར་གྱི་གནད་དོན་ཐོག་ནས་ཡོང་གི་མེད་པར་གསལ་པོ་དག་པོ་རེད།།

    ༡་་་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་མི་འདྲ་འཛིན་མཁན་ལ་དབྱེ་ན་གསུམ་མཐོང་གི་འདུག བོད་རང་བཙན་ཁོ་ན་ལ་མོས་པ་ཡོད་མཁན་དང་གཅིག ལམ་དབུ་མ་ཁོ་ན་ལ་མོས་ཡོད་མཁན་དང་གཉིས། རང་བཙན་དབུ་མ་གཉིས་ཀ་ལ་མོས་པ་ཡོད་མཁན་དང་གསུམ་འདུག འདི་ནི་ད་ལྟའི་བཙན་བྱོལ་མི་དམངས་ཀྱི་འདོད་ཚུལ་རེད།

    ༢་་་དང་པོར་བོད་རང་བཙན་ཁོ་ན་ལ་མོས་པ་ཡོད་མཁན་ཚོས་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ནས་ཐུགས་བསམ་བཞེས་མཁན་ཚོས་ངོས་ནས་བཤད་ན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཕྱོགས་པའི་རྩ་ཁྲིམས་ཁས་ལེན་གྱི་མེད་ལ་་་་་རྒྱ་རྒྱ་ཡུལ་ན་སྐྱིད་པ་དང་བོད་བོད་ཡུལ་ལ་སྐྱིད་པའི་རྒྱ་བོད་གཉིས་ཀྱི་མནའ་གན་བཞག་པའི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ལ་གཞིར་བཞག་གིས་ཐོག་ནས་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད། བོད་རྒྱལ་ཁབ་སླར་གསོ་བྱེད་འདོད་ཡོད་དང་བོད་གཞུང་དམངས་གཙོའི་ཕོ་བྲང་ཕྱོགས་རྣམ་རྒྱལ་འཛུགས་འདོད་ཡོད་པ་རེད།

    ༣་་་ལམ་དབུ་མ་ཁོ་ན་ལ་མོས་མཁན་ཚོས་ངོས་ནས་བཤད་ན་ད་ལྟའི་གནས་བབས་དང་བོད་རྒྱ་ཆེན་མི་དམངས་ཀྱི་འཇོན་སྟངས་གཞིར་བཞག་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་རང་དབང་ཞིག་དང་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད།

    ༤་་་རང་བཙན་དང་དབུ་མ་གཉིས་ཀ་ལ་མོས་མཁན་ཚོས་ངོས་ནས་བཤད་ན་བོད་རང་བཙན་རག་ན་ཡག་ཤོས་དང་མ་བྱུང་ནའང་རང་སྐྱོང་རག་ནའང་ཁས་ལེན་གྱི་ཡོད་པ་རེད། བྱུང་ན་ཞོ་དང་མ་བྱུང་ན་ད་ར་འཐུང་གི་ཡིན་ཟེར་བ་ལྟར་རེད། ནུབ་ཕྱོགས་པའི་གཏམ་དཔེ་ལྟར་་མེད་པ་ལས་ཡག་གི་རེད་ཟེར་གྱི་ཡོད་པར་འདོད། ཁོང་རྣམས་པ་ཚོས་ངོས་ནས་བལྟ་སྟངས་བྱས་ན་རང་བཙན་གྱིས་དབུ་མའི་ལམ་ཕན་པ་དང་། དབུ་མའི་ལམ་གྱིས་རང་བཙན་ལ་ཕན་པ་ཞིག་ངོས་འཛིན་གནང་གི་འདུག

    ༥་་་མི་མཐུན་མཁན་གཉིས་ནི་བོད་རང་བཙན་ཁོ་ནར་འདོད་མཁན་དང་ལམ་དབུ་མ་ཁོ་ནར་འདོད་མཁན་གཉིས་རེད། བོད་རང་བཙན་ཁོ་ན་ལ་འདོད་མཁན་ཚོས་རྒྱ་གཞུང་ལ་སྟུན་འདོད་པ་མེད་པ་དང་། དབུ་མ་ཁོ་ནར་འདོད་མཁན་ཚོས་རྒྱ་གཞུང་ལ་སྟུན་མཁས་བྱེད་ཀྱི་ཡོད། འདི་ཡང་ནང་ཁུལ་དུ་འགལ་ཟླ་ཡོང་བའི་གཞི་རྩ་ཞིག་ཡིན། བོད་རང་བཙན་ཁོ་ནར་འདོད་མཁན་ཚོས་བཙན་བྱོལ་བོད་གཞུང་འདོད་པ་དང་། དབུ་མ་ཁོ་ནར་འདོད་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདོད་ཀྱི་ཡོད། འདི་ཡང་འགལ་ཟླ་ཡོང་སའི་གཞི་གཅིག་རེད། བོད་རང་བཙན་ཁོ་ནར་འདོད་མཁན་ཚོས་དམངས་གཙོའི་ཆབ་སྲིད་འདོད་པ་དང་། དབུ་མའི་ལམ་ཁོ་ནར་འདོད་མཁན་ཚོས་དམར་ཕྱོགས་པའི་ཆབ་སྲིད་འདོད་མོས་བྱེད་ཀྱི་ཡོད། འགལ་ཟླ་ཆེ་ཤོས་ཤིག་ཡིན། དེ་དང་དེ་འདྲ་བའི་ཁོ་ན་གཉིས་ཀྱི་བར་དུ་འགལ་ཟླ་སྣ་མིན་སྣ་ཚོགས་ཤིག་ཡོད།

    ༦་་་ལམ་དབུ་མ་ཁོ་ནར་འདོད་མཁན་ཚོས་ངོས་ནས་༧རྒྱལ་བ་རིན་པོ་ཆེན་་སྐྱེས་བུ་ཚད་མ་ཡིན་པ་ལ་ངོས་འཛིན་དང་ཁོང་གིས་བཏོན་གནང་བའི་ལམ་དབུ་མ་རྩ་བའི་རྩེ་ལ་བཞག་གི་ཡོད། དབུ་མ་ཁོ་ནར་འདོད་མཁན་ཚོས་བོད་རང་བཙན་ཁོ་ནར་འདོད་མཁན་རྣམས་ལ་ཁ་རྡུང་བཏང་དུས་སུ་འདི་འདྲ་གསུངས་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེན་ལས་ལྷག་པར་འཇོན་བའི་མི་ཞིག་སུ་ཡོད་དམ་ཟེར་བ་དང་། ༧རྒྱལ་བ་རིན་པོ་ཆེན་ལས་ལྷག་པའི་ཉམས་མྱོང་ཡོད་མཁན་སུ་ཡོད་དམ་ཞེས་པ། ༧རྒྱལ་བ་རིན་པོ་ཆེན་ལས་ལྷག་པའི་མི་དམངས་ཀྱིས་གུས་བཀུར་ཐོབ་ས་དང་ཡིད་ཆེས་ཆོག་ས་སུ་ཡོད་དམ་ཞེས་སོགས་དྲི་བ་བཏང་དང་གཏོང་བཞིན་པ་རེད།།

    ༧་་་རང་བཙན་ཁོ་ནར་འདོད་མཁན་ཚོས་ངོས་ནས་༧རྒྱལ་བ་རིན་ཆེན་ལས་བོད་རྒྱ་ཆེན་མི་དམངས་འཇོན་པ་འདོད་ཀྱི་ཡོད། བོད་པའི་ཆོས་ལུགས་པས་བཤད་སྲོལ་ལྟར་དགེ་འདུན་པ་བཞི་ལ་དགྲ་བཅོམ་པ་གཅིག་གི་ནུས་པ་ཡོད་པ་དང་། དགྲ་བཅོམ་པ་བཞི་ལ་སངས་རྒྱས་གཅིག་གི་ནུས་པ་ཡོད་ཅེས་པ་ལྟར་ནུས་པ་ཆེ་ཤོས་བོད་རྒྱ་ཆེན་མི་དམངས་ཡིན་པ་ལ་ངོས་འཛིན་གནང་གི་ཡོད། མདོ་དོན་་་འཛམ་གླིང་འདིར་ཁ་ལོ་སྒྱུར་མཁན་འཛམ་གླིང་གི་མི་དམངས་ཡིན་ལ་རྒྱ་ནག་ཁ་ལོ་སྒྱུར་མཁན་རྒྱ་ནག་མི་དམངས་ཡིན། བོད་ཁ་ལོ་སྒྱུར་མཁན་བོད་མི་དམངས་ཡིན་པ་ནི་གསལ་པོ་དག་པོ་རེད་འདོད་བཞིན་ཡོད།།

    ༨་་་གོང་དུ་བཤད་པ་དེ་དག་ནི་སྤྱི་ཚོགས་ཀྱི་འགལ་ཟླ་རེད། འགལ་ཟླ་འདི་དག་ཇི་ལྟར་ཐག་གཅོད་དགོས་མིན་གྱི་ཐོག་ཏུ་བཤད་ན་་་སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་འགལ་ཟླ་མེད་སའི་སྤྱི་ཚོགས་ཤིག་འཛམ་གླིང་ཐོག་ཏུ་མེད། གུན་ཁྲན་དམར་ཕྱོགས་པས་སྤྱི་ཚོགས་ཀྱི་འགལ་ཟླར་དྲག་པོའི་བཙན་གནོན་གྱིས་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད། དམངས་གཙོ་རིང་ལུགས་པས་དམངས་མོས་ཀྱིས་ཐོག་ནས་འགལ་ཟླར་ཐག་གཅོད་བྱེད་ཀྱི་ཡོད། ང་ཚོས་ཇི་ལྟར་བྱ་དགོས་སམ་་་ཞེས་པ་ནི་དྲི་བ་ཡིན། དུས་ཚོད་མི་འདུག་་རྗེས་སུ་མུ་མཐུད་ནས་ཞུ་གི་ཡིན།་་་ཡིག་ནོར་བལྟ་ལོ་མ་བྱུང་

  11. ཅོ་རི་ཉི་མ། says:
    2013-06-03 at 8:48 am

    མཆན་བུ་གོང་མ་དེའི་ནང་དུ་ཡི་གེ་མང་ཆད་ཤོར་འདུག་་་་་་་་་དགོངས་དག

  12. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 9:06 am

    ་་་་་ ད་རྒྱལ་བ་རིན་པོ་ཆེས་རྒྱ་དམར་གྱི་ཁྲིམས་འོག་ཏུ་བོད་མི་མང་ལ་མདུན་ལམ་ཡོད་པར་གཟིགས་ནས་བོད་དུ་ལོག་ནུས་ན་གཞོན་ནུ་ཚོགས་པ་ཚུད་པའི་བཙན་བྱོལ་བོད་མི་ཕལ་མོ་ཆེས་དེ་ལ་ཡིད་ཆེས་མི་ནུས་པ་མེད་པ་ལྟ་བུ་རེད། ་་་་་ཟེར།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 9:13 am

    ་་་་་་ ལྷག་པར་ཡང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ལས་དོན་ལས་བགྲེས་ཡོལ་མཛད་པའི་རྗེས་སུ་རྒྱལ་བ་རིན་པོ་ཆེ་ལ་སྤྱི་ཚོགས་ཁྲོད་ལ་བརྩི་མཐོང་སྔར་དང་མཚུངས་པའམ་སྔར་ལས་ལྷག་པ་ཞིག་ཡོད་ན་ཡང་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་ཁྲིམས་ལུགས་ཀྱི་འོག་ན་རྒྱལ་བ་རིན་པོ་ཆེ་བོད་ཀྱི་སྤྱི་འབངས་ཕལ་བ་ཞིག་ལས་ལྷག་པའི་གལ་གནད་མེད་པ་རེད། ་་་་ཟེར།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 9:15 am

    ་་་་་ ཁ་རྒྱ་དམར་ལ་འཁོར་ནས་གྲོས་མོལ་དང་ལས་ཀ་བྱེད་དགོས་པ་ཞིག་ཡིན་ཕྱིན་རྒྱ་དམར་གྱི་སྐྱོན་རྗོད་ལ་གསལ་ཞིབ་ཀྱི་བདེན་རྫུན་དབྱེ་འབྱེད་དང་། ནོར་འཁྲུལ་ཡོ་བསྲངས། དགག་པ་བརྒལ་ལན་དུས་ཐོག་ཏུ་མེད་ཕྱིན་དུས་ཚོད་ནར་འགྱངས་དང་། ཕྱི་ནང་གི་མི་མང་གིས་དོན་དངོས་མི་ཤེས་པ། ལོ་རྒྱུས་ཀྱི་སྟེང་དུ་མགོ་འཁྲུག་གཞིར་འགྱུར་བ། ཕན་ཚུན་གྱི་ཕྱོགས་གཏོགས་བར་དུ་དགྲར་འཛིན་གྱི་འདུ་ཤེས་མུ་མཐུད་དུ་གནས་རྒྱུ་ཡིན་པ་རེད། ་་་་ཟེར།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 9:16 am

    ་་་་་་ འདིས་སླར་ཡང་བཙན་བྱོལ་བོད་མིའི་ཆབ་སྲིད་སྟེགས་བུའི་སྟེང་དུ་དབུ་མ་པ་དང་རང་བཙན་པའི་ཚོགས་ཁག་གཉིས་ཀྱིས་མཚམས་མཚམས་ལ་ཁྱོད་དགའ་ང་ཡག མཚམས་མཚམས་ལ་ཁྱོད་ཆེ་ང་བཙན། མཚམས་མཚམས་ལ་ཕར་འཐེན་ཚུར་འཐེན་གྱི་རྩེད་མོ་བརྩེས་ནས་མུ་མཐུད་དུ་ལུས་རྒྱུ་ཡིན་པ་མ་གཏོགས་འཁྲུག་ཆ་དོད་པོའི་འགྱུར་བ་འགྲོ་རྒྱུ་མིན་པ་ཁ་གསལ་པོ་རེད། གནད་དོན་འདི་དག་ལ་ལྟ་སྐབས་ཉེ་སྔོན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེས་བོད་རྒྱ་ཞི་མོལ་ལ་ཤུགས་རྒྱག་འདོད་ཡོད་ཚུལ་གྱི་ཐུགས་རེ་དེ་ཡང་རྨི་ལམ་ཙམ་ལས་དོན་དངོས་གང་ལ་ཡང་སླེབས་རྒྱུ་མེད་པར་ཐག་ཆོད་ཚར་བ་རེད། ་་་་ཟེར།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-06-03 at 9:22 am

    ངས་ནི་ཡང་བསྐྱར་འདིར་ཞུ་འདོད་པ་ནི། གཞོན་ལྷན་གལ་སྲིད་དབུ་མར་བཞུགས་པ་ཡིན་ན་ཡང་། ༸གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བཞུགས་ན་ནོར་བ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས་དབུ་མར་འཇུག་ན་ཡང་ནོར་བ་རེད། འོནད་ཀྱང་། གཞོན་ནུ་རང་གི་སྔར་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་བ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་དེ་བས་ཀྱང་ནོར་བ་རེད་དོ།།

  17. ལུང་རྟོགས། says:
    2013-06-03 at 12:04 pm

    དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེ་མི་སྒེར་གྱི་ཡིད་ཆེས་ཤིག་ཡིན་པར་བཤད་པ་ནི་ལོགས་བཤད་རེད། དབུ་མའི་ལམ་གྱི་གྲོས་འགོ་སྟོན་མཁན་ནི་རྒྱལ་བ་རིན་པོ་ཆེ་ཡིན་ཡང་འདི་སྟན་ལ་འབེབ་མཁན་ནི་བཙན་བྱོལ་བོད་གཞུང་རེད་ལ། འདི་ལ་རྒྱབ་སྐྱོར་བྱེད་མཁན་ནི་བོད་མི་མང་རེད། གོང་ས་མཆོག་གོས་གཞོན་ནུ་སོགས་ཀྱིས་བོད་རང་བཙན་རྩོད་པ་དེ་ཡང་ལོ་རྒྱུས་ཀྱི་བདེན་དོན་དང་ཐོབ་ཐང་ཡིན་པར་རྟག་ཏུ་གསུང་བཞིན་ཡོད་པས་དེ་རིང་དགའ་ལྡན་ཕོ་བྲང་སྐུ་ཚབ་ཀྱིས་གསལ་བཤད་གནང་བ་དེས་གོང་ས་མཆོག་རང་བཙན་ཚོགས་པ་་ལ་མཐུན་འབྲེལ་མེད་པར་སྨྲ་མི་ནུས་པར་གྱུར་པ་རེད་ཟེར་བ་ནི་རྒྱ་དམར་གྱི་སྐྱོན་འཛུག་སྟངས་ཤིག་རེད།

  18. ལུང་རྟོགས། says:
    2013-06-03 at 12:08 pm

    ལར་ནས་གོང་གི་སྤོབས་མཐའི་སྐད་ཚ་འདི་དག་ནི་རྒྱ་གཞུང་གིས་བཤད་རྒྱུ་ཞིག་ཡིན་པ་ལས་བོད་མི་ཞིག་གིས་བཤད་རྒྱུའི་འོས་སུ་བབ་པའི་སྐད་ཆ་ཞིག་མ་རེད་སྙམ།

  19. བསྟན་འཛིན says:
    2013-06-03 at 1:26 pm

    ད་ཁྱེད་ཀྱིས་བྲིས་བ་ལའང་སྐྱག་དྲི་ཁ་དྲོ་འདུག

  20. བདག་མེད། says:
    2013-06-03 at 2:05 pm

    ང་ཚོ་བོད་པ་ཚོས་ཆོས་ལུགས་དང་ཆོས་ལུགས་ཀྱི་བླ་མ་ལ་དད་པ་ཡོད་པ་དེ་ནང་པ་ཡིན་པའི་མཚོན་རྟགས་ཤིག་རེད་ཡིན་ན་ཡང་བོད་རྒླལ་ཁབ་དང་བོད་མི་ལ་དགོས་པའི་རྒྱལ་ཁབ་དང་ཁྱབ་སྲིད་མང་གཙོ་ཡང་དག་པ་ཞིག་དེས་དུས་ནམ་ཡང་རགས་མི་སྲིད་པ་སྔོན་གསལ་རེད། ང་ཚོ་ཁ་ནང་ལྟས་ནས་བཤད་ན་སྔོན་དང་ད་ལྟ་གང་ལ་ལྟས་ཀྱང་ཆོས་ལུགས་ཤིག་གིས་དབང་འོག་དུ་ཡོད་པ་དང་ཁྱབ་སྲིད་ཀྱི་ལངས་ཕྱོགས་བཤད་ཀྱང་ཆོས་ལུགས་གཅིག་གིས་ཕྱོགས་སུ་འགྲོ་གི་ཡོད་པ་ཚང་མས་འཁྱེན་བཞིན་དུ་མ་འོངས་པའི་བོད་རྒྱལ་ཆེན་པོའི་ཁྱབ་སྲིད་ཀྱི་ལངས་ཕྱོགས་སམ་གཞོན་ལྷན་གྱི་བསྒྲིགས་འཛུག་འདི་མེད་པ་བཟོས་པ་ཡིན་ན་དུས་དེ་ནས་བཟུང་རྒྱལ་དོན་གྱི་འདས་པོ་འདས་མོ་རྣམས་ཀྱི་རང་སྲོག་དོར་བ་དང་མ་འོངས་པའི་བོད་རྒྱལ་ཁབ་ཆེན་པོ་གཉིས་དོན་མེད་དུ་གྱུར་པ་རེད། ཆོས་ལུགས་མི་སྣས་བོད་རྒྱལ་ཁབ་ཆེན་པོ་ལ་དོན་དང་ལྡན་པའི་ཕན་པ་ཞིག་མི་བསྐྲུན་པ་གསལ་པོ་རེད། དིང་སོང་བོད་མི་ཚང་མ་ཁ་སེམས་མཐུན་པའི་བྱ་བ་མི་བརྩོན་པའི་རྒྱུ་མཚན་ཆོས་ཀྱི་དབུ་ཁྲིད་ཚོས་ཆོས་ལུགས་བར་འགལ་ཟླའི་གཏམ་འཁྱལ་བསྒྲགས་ཟིན་པ་དང་བསྒྲགས་བཞིན་པ་འདི་ཡི་རྐྱོན་ཡིན་པ་བོད་པའི་གཞོན་སྐྱེས་ཚང་མས་འཁྱེན་པ་བྱེད་དགོས་རྒྱུ་དང་ཁྱབ་སྲིད་རང་དབང་ཅན་གྱི་བོད་ཆེན་པོའི་རྒྱལ་ཁབ་ཁྱེད་རྣམ་པས་དུས་ནམ་ཡང་མ་རྗེད་རོགས་ཞུ་རྒྱུ་ཡིན།།

  21. བཙན་ནག་པ། says:
    2013-06-03 at 11:30 pm

    མཆན་༢༠ཐམ་པ་འདིར་དོགས་ཟོན་དགོས་དོལ་དྲི་ཁ་ཡིས་འདུག སྤོབས་པ་མཆོག་ནས་དཔྱད་པ་ཡག་པོ་གནང་འདུག འོན་ཀྱང་མང་ཆེ་ཟམ་གདོང་རིན་པོ་ཆེའི་གཞོན་ནུའི་ཚོགས་མགོན་གྱི་བཀའ་སློབ་ཕབ་ཤུས་འདྲ་བའི་འཚོ་བ་ཞིག་སྦྱིན་བྱུང།

  22. ཁ་སྒང་ཤེར་རྒྱམ། says:
    2013-06-04 at 12:41 am

    མཆན་ཨང་ 17 པས་དཔྱད་གཏམ་ཨ་མ་དང་འོག་གི་མཆན་འབྲི་བ་ཚང་མའི་སྐད་ཆར་མཇུག་སྡོམ་གནད་དུ་སྨིན་པ་ཞིག་རྒྱབ་འདུག་སྙམ།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-06-04 at 12:49 am

    གཞོན་ནུ་རང་གི་སྔར་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་བ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་རང་གཞན་ལ་ནོད་པའི་ནོར་བ་ཆེན་པོ་རེད་དོ།།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-06-04 at 1:01 am

    བླ་མའི་དགྲ་བོ་སངས་རྒྱས་བསྟན་པའི་དགྲ། །ཞེས་པའ་དོན་གང་ཡིན་ནམ།

  25. སྤོབས་པ་མཐའ་ཡས། says:
    2013-06-04 at 4:19 am

    ལུང་རྟོགས་ལགས། ངས་རྒྱ་མིས་བཤད་རྒྱུ་དང་བོད་མིས་བཤད་རྒྱུ་གང་ཡིན་གྱི་ཁྱད་པར་ཟེར་བ་ཞིག་མི་ཤེས། རང་རེའི་སྲིད་སྟེགས་སྟེང་ན་ག་རེ་འཁྲབ་གི་ཡོད་མེད་དེ་གསལ་པོར་བཤད་ཨེ་ཐུབ་བལྟས་པ་ཡིན

  26. སྤོབས་པ་མཐའ་ཡས། says:
    2013-06-04 at 4:25 am

    ངས་བསམ་ཐེང་འདིེར་དབུ་མ་ཚང་་གི་སེང་གེའི་ཁ་ནས་ཝ་སྐད་ཤོར་འདུག དབུ་མའི་ལམ་གྱིས་བོད་ཀྱི་མདུན་ལམ་ཐག་གཅོད་ཐུབ་པའི་ཡིད་ཆེས་ཁ་ཞེ་གཉིས་མེད་ཀྱིས་ཡོད་གོང་ས་མཆོག་ལ་མཚན་ཤས་ཡོང་བའི་སྡར་སྐད་དེ་ཤོར་དགོས་དིན་མི་འདུག་ཧ

  27. ལུང་རྟོགས། says:
    2013-06-04 at 4:40 am

    ངའ་ལྟས་ན་སྤོབས་མཐས་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དེ་ཉན་མེད་པའམ་ཡང་ན་ཡག་པོ་ཞིག་ཉན་མེད་པ་འདྲ། ཁོང་གིས་རང་བཙན་ལངས་ཕྱོགས་མུ་མཐུད་རྒྱུན་འཁྱོང་དགོས་པ་ཞིག་གང་དུ་ཡང་གསུང་མི་འདུག

  28. སྤོབས་པ་མཐའ་ཡས། says:
    2013-06-04 at 5:02 am

    ཟམ་གདོང་གིས་རྒྱལ་བ་རིན་པོ་ཆེ་ལ་མཚན་ཤས་མབཟོ། ཁྱེད་རང་ཚོས་མིང་ཤས་ཁུར་ཟེར་བའི་བཟོ་འདྲ་ཞིག་བཤད་མི་འདུག་གས

  29. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-04 at 5:07 am

    ཟམ་གདོང་བླ་མས་དབུས་སྐད་ཡང་མ་ཡིན་ཁམས་སྐད་ཡང་མ་ཡིན་པའི་གསུངས་བཤད་དེར་ངས་ཐེངས་འགར་ཉན་པ་ཡིན། ཡིན་ནའི་ངས་གོ་བ་ལ་ནི། བཀའ་སློབ་ཡིན་པ་འདྲ་པོ། ལམ་སྟོན་ཡིན་པ་འདྲ་པོ་མིན་པ་འདྲ་པོ། དགོངས་ཚུལ་ཡིན་པ་འདྲ་པོ་མིན་པ་འདྲ་པོ། དམངས་གཙོ་བཤད་ཀྱིན་ཡོད་པ་འདྲ་པོ། བསམ་ཚུལ་མི་མཐུན་པ་ཡོང་མི་ཆོག་པ་འདྲ་པོ། གཞོན་ནུའི་ལངས་ཕྱོགས་གནས་དགོས་པ་འདྲ་པོ། འགྱུར་བ་འགྲོ་མི་ཆོག་པ་མིན་པ་འདྲ་པོ། གལ་ཏེ་ལངས་ཕྱོགས་འགྱུར་ན་ལག་པ་འཕྱིས་ས་མེད་པ་འདྲ་པོ། ཆབ་སྲིད་ཚོགས་པ་མིན་པ་འདྲ་པོ། ཆབ་སྲིད་ལས་འགུལ་སྤེལ་དགོས་པ་འདྲ་པོ། ཡང་ཡུལ་མི་རང་བཞིན་གྱི་ཐོབ་ཐང་དང་ཆབ་སྲིད་རང་བཞིན་གྱི་ཁེ་དབང་ཡོད་པ་འདྲ་པོ། ཡང་ཆབ་སྲིད་རང་བཞིན་གྱིས་བསམ་ཚུལ་བཤད་མི་ཆོག་པ་འདྲ་པོ། གང་ལྟར་བརྐྱང་ཙམ་བསྐུམ་ཙམ། རིང་ཙམ་ཐུང་ཙམ། མཐོ་ཙམ་དམའ་ཙམ་གྱི་རྒྱག་གཏམ་འདྲ་པོ་ཞིག་ལས་དོན་དངོས་འདི་ཡིན་མཛུབ་མོ་བཙུགས་ས་མེད་པ་འདྲ་ཞིག་གོ་སོང་། ཡང་གཅིག་མིན་ན་ཁོང་གི་དབུས་སྐད་ཡང་མ་ཡིན་ཁམས་སྐད་ཡང་མ་ཡིན་པའི་གསུང་བྱིན་ཅན་དེ་མ་གོ་བ་ཡིན་སྲིད། མ་གཞི་ཁོང་གིས་ནམ་རྒྱུན་གསུང་བཤད་ཡིན་ཙམ་མིན་ཙམ་གྱིས་འཇུ་ས་དང་འཕྱིས་ས་མེད་པ་བཟོ་རྒྱུ་དེ་ཁོང་གི་རིག་ལམ་གྱི་ཁྱད་ཆོས་ཡོད་ན་མེད་ན་གཅིག་རེད། ཧ་ཧ།

  30. སྤོབས་པ་མཐའ་ཡས། says:
    2013-06-04 at 5:16 am

    ལུང་རྟོགས། བྱས་ཙང་། དགའ་ཕོའི་སྐུ་ཚབ་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་མཚན་ཤས་མ་བཟོ། ཁྱེད་རང་ཚོས་མིང་ཤས་ཁུར། ཟེར་བའི་བཟོ་འདྲ་ཞིག་མི་འདུག་གས

  31. སྤོབས་པ་མཐའ་ཡས། says:
    2013-06-04 at 5:20 am

    ཁག་མེད། དང་པོ་གཞོན་ཚོགས་ཕར་བཙུར། ད་གཞོན་ཚོགས་ཀྱིས་ཚུར་བཙུར་ཡོང་དུས་དཀའ་ལས་ཁག་སེ་བྱུང་བ་མིན་འགྲོ

  32. ཅོ་རི་ཉི་མ། says:
    2013-06-04 at 5:21 am

    དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས་པ་རྩོམ་པ་པོ་སྐུ་ཞབས་ཧོབ་ཧི་ཟིས་ཀྱིས་འདི་འདྲ་གསུངས་འདུག

    དབང་སྒྱུར་གྱི་སྒྱུ་རྩལ་ནི་མི་རྣམས་ལ་ཁྱོད་ཀྱིས་བསྒྲུབ་འདོད་པའི་ལས་ཀ་བསྒྲུབ་ཏུ་བཅུག་ཀྱང་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་བཞིན་ཡོད་པ་མི་ཤེས་པར་བྱེད་པ་དང་། ཁོ་ཚོའི་སྣ་ཁྲིད་ནས་འགྲོ་བ་ལས་ཁོ་ཚོ་གང་དུ་འགྲོ་བར་གསལ་བོར་མི་བཤད་པ། ཁོ་ཚོས་མཇུག་མཐར་རྨོངས་པ་ལས་སད་དེ་ཕྱིར་ལོག་འདོད་ཀྱང་དུས་ཚོད་འཕྱིས་དྲགས་པར་བྱེད་རྒྱུ་དེ་རེད། ཅེས་གསུངས་འདུག

  33. ལུང་རྟོགས། says:
    2013-06-04 at 8:40 am

    ཟམ་གདོང་བླ་མའི་གསུང་བཤད་ཉན་མཁན་ལ་རྣམ་དཔྱོད་ཅན་ཞིག་མེད་ན་གོ་ཐུབ་རྒྱུ་ཁག་པོ་རེད་ད། ཧཧཧ

  34. ལུང་རྟོགས། says:
    2013-06-04 at 8:46 am

    སྤོབས་མཐའ་ལགས། འགྲེལ་བཤད་དཀྱོག་དཀྱོག་རྒྱབ་ན་རྒྱལ་བའི་བཀའ་ལ་ཡང་རྒྱབ་ཆོག་གི་རེད། དོན་ངོ་མ་ནི་ཟམ་གདོང་རིན་པོ་ཆེས་གཞོན་ནུའི་ཚོགས་ཆེན་འདི་ལམ་སློང་མ་བྱུང་ན་སྐབས་འཚོལ་བ་ཚོས་གོང་ས་མཆོག་ལ་ངན་ཁག་དཀྲི་སྲིད་པའི་ཉེན་བརྡ་ཞིག་་བཏང་གནང་འདུག

  35. བཀྲ་ཤིས་རྒྱལ་མཚན།། says:
    2013-06-04 at 9:38 am

    སྤོབས་མཐའ་འདི་ཆོས་དང་རྩོམ་རིག་ལ་མཁས་ས་རེད་མ་གཏོགས།ཆབ་སྲིད་སྐོར་གྱི་རྩོམ་ནི་མུན་ནག་མདའ་འཕེན་རང་རེད་གདའ།

  36. ཞོལ་གཡག་འབྲོང་བརྒྱུད། says:
    2013-06-04 at 9:58 am

    རེ་ད། ཟམ་གདོང་བླར་རྒན་གྱིས་ཆབ་སྲིད་བཤད་སར་ཆོས་བཤད་ཆོས་བཤད་སར་ཆབ་སྲིད་བཤད་བྱས་པ་དེས་གོ་ཁག་སེའི་འདུག་ད། ད་དུང་བླར་རྒན་གྱིས་བརྐྱང་ཙམ་བསྐུམ་ཙམ། ཡིན་ཙམ་མིན་ཙམ་གྱིས་གསལ་ལ་མི་གསལ་ལའི་གཏམ་བཤད་འདི་ལྷ་དང་ཀླུས་གོ་ན་མ་གཏོག་ཁག་སེའེ་རེད་ད། ཧ་ཧ་ཧི་ཧི། དགའ་ལྡན་ཕོ་བྲང་བླ་བྲང་གི་སྐུ་ཚབ་གཅིག་གིས་ཉམས་ཁྱོན་ནས་ཐོན་མི་འདུག།

  37. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-06-04 at 12:33 pm

    སྤོབས་པ་མཐའ་ཡས་མཆོག་གི་ཡིག་སྐད་དག་པ་ནས་དག་ཏུ་འགྲོ། སྲིད་ལུགས་མ་ཤེས་ཀྱང་། སྐད་ལུགས་ཤེས་པར་བརྩོན་ན། ཁེ་བཟང་འབྱུང་བ་ཐུགས་ལ་གཉེར་ཅིག ཅེས་སོ།

  38. བདག་མེད། says:
    2013-06-04 at 1:54 pm

    ཟབ་གདོང་རྒན་པོས་དགའ་ལྡན་བླ་བྲང་གི་ཚོགས་འཛིན་བྱས་པའི་རིང་བོད་མི་མང་གི་ཁྱབ་སྲིད་ཡིན་ཙམ་མིན་ཙམ་གྱིས་་དུས་ཚོད་མང་པོ་ཞིག་གར་སོང་མི་ཤེས་པའི་གནས་སུ་བཞག་པ་རེད།ཧཧཧཧཧ

  39. dechensemkyi says:
    2013-06-04 at 4:21 pm

    བཀྲ་ཤིས་རྒྱལ་མཚན་གྱིསབཤད་པ་བདེན། ང་མུན་ནག་མདའ་འཕེན་རེད། བོད་མི་མང་ཆེ་བ་མུན་ནག་མདའ་འཕེན་རེད། གཞོན་ཚོགས་ཀྱང་མུན་ནག་མདའ་འཕེན་རེད། བྱས་ཙང་གཞོན་ཚོགས་ཚུད་པའི་བོད་མི་མང་པོས་དགའ་ཕོ་ཚང་གི་ལམ་སྟོན་ལ་བསྒུགས་ནས་བསྡད་ཡོད་པ་རེད། ད་དགའ་ཕོ་ཚང་ཡང་མུན་ནག་མདའ་འཕེན་འདྲ་བོ་ཞིག་མ་གཏོགས་གདེངས་ཚོད་གསལ་པོའི་ཁ་དྲག་གི་མི་འདུག་པས་ང་ཚོ་མུན་ནག་མདའ་འཕེན་ཚང་ལ་དཀའ་ངལ་འདུག་ཟེར་གི་ཡོད

  40. བདག་མེད། says:
    2013-06-05 at 12:56 am

    ངེས་ཡི་བསམ་ཚུལ་ལ་གཞོན་ནུ་ལྷན་ཚོགས་ཡིན་ན་འདྲ་བོད་མི་མང་གི་གཞུང་ཡིན་ན་འདྲ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་སྲིད་དོན་ཁོ་ནའི་ལམ་ནས་སོང་པ་ཡིན་ན་ང་ཚོ་མ་འོངས་པ་བོད་མི་མང་གི་གཞུང་ཞིག་རགས་པའི་རེད་བ་ཡོད་པ་རེད། དིང་སོང་ག་ཚོད་མཛེས་པོ་བཤད་ཀྱང་ཆོས་ལུགས་གཅིག་གིས་དབང་འོག་འགྲོ་དགོས་པ་དང་བྱ་བ་གང་ཞིག་ཡིན་རུང་ཆོས་ལུགས་གཅིག་གིས་ཁྱབ་དཔལ་རིག་གསུམ་ལས་མ་འདས་པ་ཞིག་མེད་པ་མཐོང་གི་འདུག འདི་འདྲ་ཡི་ནང་དུ་བོད་མི་མང་གི་ཁྱབ་སྲིད་ཀྱི་ཁེ་དབང་རང་དབང་རགས་རྒྱུ་སྤྲོས་བྲལ་རེད་བསམ་གྱི་ཡོད།

  41. ཞུས་ཆེན་པ། says:
    2013-06-07 at 5:05 am

    སྤོབས་མཐས་མདའ་མོ་རེ་གཉིས་ཤིག་དཀྱོགས་འདུག་མ་གཏོགས་ཕལ་ཆེར་བ་གནད་ལ་འཁེལ་འདུག ཡག་པོ་འདུག ཡུ་རོབ་པའི་དཔྱད་གཏམ་འབྲི་སྟངས་འདྲ་བོ་ཡོང་གི་འདུག མཚམས་མ་ཆད་པར་མུ་མཐུད་ན་ཡར་རྒྱས་ཡོང་ངེས་རེད། ངས་འབྲི་དགོས་ཡང་འབྲི་ཁོམ་མི་འདུག ཚང་མས་དཔྱད་པ་ཐོངས་རིག་པ་སྡོར་གནས་ལུགས་ལ་གཟོས་ནས་ཤོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme