Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།

Posted on 2013-05-302013-05-30 By ཁ་བརྡ་ 6 Comments on སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།

འབའ་སྲས།

བོད་ཀྱི་ལ་རྒྱ་བརྗོད་པའི་རྩོམ་ཡིག་ཅིག །
ཕ་མ་ཕ་ཡུལ་དྲན་པའི་སྐྱོ་གླུ་ཞིག །
མཛའ་བརྩེ་དུང་བ་བརྗོད་པའི་སྙན་ངག་ཅིག །
ནན་གྱིས་བཙིར་ཀྱང་མ་ཡོང་ཆང་འདི་འཐུངས།།

བླ་མར་བྱམས་བརྩེ་དགོས་པའི་གསོལ་འདེབ་ཅིག །
དཔོན་པོར་དྲང་བདེན་དགོས་པའི་ཞུ་ཡིག་ཅིག །
གྲོགས་ལ་ཕྱི་ཐག་རིང་དགོས་ཁ་བརྡ་ཞིག །
འབྲི་དགོས་བསམས་ཀྱང་མ་བྲིས་ཆང་འདི་འཐུངས།།

གྲྭ་བ་སྡོམ་ཁྲིམས་གཙང་དགོས་བཀའ་ཆེམས་ཤིག །
དགོན་པར་ཆོག་ཤེས་དགོས་པའི་འགྲེལ་བཤད་ཅིག །
འཁོར་བར་སྙིང་བོ་མེད་པའི་ཡིད་ཆད་ཅིག །
བསམས་ཤིང་བརྩོན་ཀྱང་མ་དྲན་ཆང་འདི་འཐུངས།།

དགེ་རྒན་ཡོན་ཏན་མང་དགོས་རེ་བ་ཞིག །
སློབ་མར་བརྩོན་འགྲུས་ལྡན་དགོས་སློབ་གསོ་ཞིག །
ཤེས་ཡོན་ཀུན་ལ་ཕན་དགོས་རེ་བ་ཞིག །
ཇི་ལྟར་འབྲི་དགོས་མ་ཤེས་ཆང་འདི་འཐུངས།།

མཁས་པས་རང་ལུགས་མི་གསུངས་སྤྱི་བཤད་ཅིག །
ཆབ་སྲིད་ལྟ་གྲུབ་མི་གཙོ་གཅིག་གྱུར་ཞིག །
སུ་གང་མགོ་ཉོག་མེད་པའི་གསལ་གསལ་ཞིག །
འབྲི་དགོས་བསམས་ཀྱང་མ་འཁྱོངས་ཆང་འདི་འཐུངས།།

ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རྡོག་རྩ་ཞིག །
ཆོས་ལུགས་ཕན་ཚུན་མཐུན་པའི་གྲུབ་མཐའ་ཞིག །
གསར་འབྱོར་རྙིང་འབྱོར་མེད་པའི་མཛའ་བརྩེ་ཞིག །
ཇི་ལྟར་བཤད་དགོས་མ་ཤེས་ཆང་འདི་འཐུངས།།

བཙན་པོས་གཉའ་གནོན་མེད་པའི་བདེ་སྐྱིད་ཅིག །
དབུལ་ཕྱུག་ཁྱད་པར་མེད་པའི་འཚོ་བ་ཞིག །
རྒྱལ་ཁབ་དམག་འཁྲུག་མེད་པའི་ཞི་བདེ་ཞིག །
བསམ་ཞིང་བསམས་ཤིང་མ་བྲིས་ཆང་འདི་འཐུངས།།

མི་རིགས་དབྱེ་འབྱེད་མི་ཆོག་རྩ་ཁྲིམས་ཤིག །
ཕོ་མོ་འདྲ་མཉམ་ཡིན་པའི་ཐོབ་ཐང་ཞིག །
ལོ་ན་རྒན་གཞོན་བར་ན་མཐོ་དམའ་ཞིག །
ཡོད་དགོས་འབྲི་ཤེས་མ་ཐུབ་ཆང་འདི་འཐུངས།།

ཕ་མས་བརྩེ་བས་བསྐྱངས་ལ་དྲིན་ལན་ཞིག །
དགེན་གྱིས་རིག་གནས་བསླབས་ལ་གྲུབ་འབྲས་ཤིག །
མི་ཟས་ཁ་ལ་རོལ་བའི་ཟས་རིན་ཞིག །
ཆད་ཡོད་འབྲི་ལ་རྨོངས་པས་ཆང་འདི་འཐུངས།།

མདུན་ལ་ཡོད་དུས་ལྷ་ཡི་འཛུམ་མདངས་ཤིག །
རྒྱབ་ཏུ་ཕྱོགས་ཚེ་གདོན་གྱི་ཁྲོ་གཉེར་ཞིག །
རྒྱབ་མདུན་གཉིས་ལ་མི་གཅིག་ངོ་གདོང་གཉིས།།
མི་དགོས་འབྲི་ཐབས་མ་ཤེས་ཆང་འདི་འཐུངས།།

ཆུང་མ་བཟང་མོ་དགོས་པའི་ཁ་བརྡ་ཞིག །
བུ་ཕྲུག་ཡ་རབས་དགོས་པའི་སློབ་གསོ་ཞིག །
ཁྱིམ་ཚང་དགོད་སྒྲས་ཁེངས་པའི་འཚོ་བ་ཞིག །
ལྡན་དགོས་བརྗོད་ལ་ལྐུག་པས་ཆང་འདི་འཐུངས།།

མདོར་ན་ཕ་ཡུལ་གང་ཡིན་ས་ཆ་ཞིག །
རང་ཉིད་སུ་ཞིག་ཡིན་པའི་ངོ་གདོང་ཞིག །
ཚེ་སྲོག་གང་ནས་བླངས་པའི་རིགས་རྒྱུད་ཅིག །
ཅིས་ཀྱང་འབྲི་དགོས་མ་ཤེས་ཆང་འདི་འཐུངས།།

༢༨/༠༥/༢༠༡༣

སྙན་ངག

Post navigation

Previous Post: ཞང་ཞུང་སྨར་ཡིག
Next Post: བསྟན་འཛིན་ཆོས་སྐྱིད་ལ་སློབ་ཡོན་ཐོག་མ་དེ་ཐོབ་གནས།

Comments (6) on “སྙན་ངག་གི་ཆེད་དུ་ཆང་འདི་འཐུངས།”

  1. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-05-30 at 11:40 am

    གྲོགས་པོ་ཞིག་གི་ཚབ་མཚོན་གྱི་མཆན།

    མཐོ་བ་གངས་རིའི་རྩེ་ནས་བྱ་ཞིག་བསད། །
    དམའ་བ་གཙང་ཆུའི་འགྲམ་ནས་ཉ་རེ་བླང་། །
    བྱིས་པའི་རྩེད་འཇོ་སྤང་རིའི་གཞུང་ནས་ཟད། །
    ཆང་ཞིག་མེད་པའི་དཀའ་ངལ་མ་རེག་ཐལ། །

    སྨན་ཤར་བུ་མོའི་མིག་ཟུང་རྒྱབ་ཏུ་བསྐྱུར། །
    འཕྲལ་རྐྱེན་ལས་ཀྱི་ལྕགས་ཐག་སྐེ་ལ་བསྐོན། །
    དབེན་པའི་གནས་སུ་ཞི་བདེའི་རླུང་བུ་རྔུབ། །
    ཆང་ཞིག་མེད་པའི་དཀའ་ངལ་མ་རེག་ཐལ། །

    མདོ་རྒྱུད་ཚད་གསུམ་ཀློང་དུ་དྷི་སྒྲས་མྱོས། །
    གསང་སྔགས་རིག་པའི་མེ་དྲོད་སྙིང་ཁར་འཁྱིལ། །
    སྣང་སེམས་གཅིག་ཏུ་དྲིལ་བའི་དགའ་བདེ་ཐོབ། །
    ཆང་ཞིག་མེད་པའི་དཀའ་ངལ་མ་རེག་ཐལ། །

    གང་སྣང་དབྱངས་ལ་གྱེར་བའི་རྩོམ་རེ་བྲིས། །
    གནའ་དེང་ཤེས་རིག་གླེང་བའི་གཞི་རེ་བཙུགས། །
    འཛམ་གླིང་འགྲིམས་པའི་ལྟད་མོ་འདི་ན་འདུག
    ཆང་ཞིག་མེད་པའི་དཀའ་ངལ་མ་རེག་ཐལ། ། ཧཧཧ

  2. ཀརྡོ་གཉེར་ཕྱག་པ་ says:
    2013-05-30 at 12:54 pm

    དགེན་གྱིས་རིག་གནས་བསླབས་ལ་གྲུབ་འབྲས་ཤིག །
    འདི་དང་།
    ༼དགེ་༽རྒན་གྱིས་རིག་གནས་བསླབས་ལ་གྲུབ་འབྲས་ཤིག །
    འདི་གཉིས་ལས་གང་དག་གམ།

  3. ཀླུ་སྨྱོན། says:
    2013-05-30 at 1:17 pm

    སྙན་ཐལ། དགེ་བཤེས་བྱ་འཕུར་ཚང་གི་རྩོམ་དེ་ལྷག་ཏུ་སྙན་ཐལ།

  4. འབའ་སྲས། says:
    2013-05-30 at 1:31 pm

    རྟ་འདོ་བ་མེད་ན་སྡུག་གི་ཟེར།།
    འདང་བརྒྱབ་ན་དེ་ལ་ཅི་ཞིག་སྡུག །
    སྟོད་རི་སྤྱང་སྔོན་མོར་རྟ་མེད་ཀི།།
    གན་ཡན་ན་མགྱོགས་པ་གཞན་མེད་ཀི།།

    རོགས་ཆུང་ལོ་མེད་ན་སྡུག་གི་ཟེར།།
    འདང་བརྒྱབ་ན་དེ་ལ་ཅི་ཞིག་སྡུག །
    སྟོད་རི་ཁྲོད་མཚམས་པར་རོགས་མེད་ཀི།།
    གན་ཡན་ན་སྐྱིད་པོ་གཞན་མེད་ཀི།།

    ཆང་བདུད་རྩི་མེད་ན་ལྐུག་གི་ཟེར།།
    འདང་བརྒྱབ་ན་དེ་ལ་ཅི་ཞིག་ལྐུག །
    དགེན་བྱ་འཕུར་ཚང་ལ་ཆང་མེད་ཀི།།
    གན་ཡན་ན་སྙན་ངག་མཁན་མེད་ཀི།།

  5. རིགས་ལྡན་རྒྱལ་པོ says:
    2013-05-31 at 5:08 pm

    ཆང་ཁང་ནང་དུ་འབྱོར་རོགས་བྱས་ན། །
    ཤར་ལྷོ་ནུབ་བྱང་གང་ཡིན་྄ཁྱད་མེད།།
    ས་དགེ་བཀའ་རྙིང་གང་ཡན་྄ཁྱད་མེད།།
    ཆོལ་གསུམ་གང་ཡིན་བོད་རིགས་སྤུན་ཟླ།།

    གང་ནས་བལྟས་ཀྱང་སྙིང་པོ་མིན་འདུག །
    དེ་ལས་ཆང་ཞིག་འཐུང་ན་ཞིམ་པ།།
    ཆང་ཁང་ཆུང་བ་རྩ་སྤྱིལ་ཡིན་རུང་།།
    ཆང་མའི་བརྩེ་སེམས་ཡིད་དབང་འཕྲོགས་སོང་།།

  6. གནམ says:
    2013-06-02 at 9:13 am

    བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་ཚང་དགེ་བཤེས་ཆེན་པོ་ཞིག་ཡིན་ན། མ་རེག་ཐལ་གྱི་རེག་དེ་རྦད་དེ་ནོར་འདུག་པར་འདོད། མགོ་མགོ་གཙོ་གཙོ་ཚོས་འདི་འདྲ་གནང་ན། ང་ཚོ་ལ་ཡར་རྒྱས་འགྲོ་སའི་ལམ་ཁ་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme