Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུས་རྐང་ཚིག་པའི་དུ་ཞག

Posted on 2013-05-16 By ཁ་བརྡ་ No Comments on རུས་རྐང་ཚིག་པའི་དུ་ཞག

ཚུལ་ཁྲིམས་ཟླ་བ།

གནམ་གྱི་མཐོང་ནས་ས་རུ་བབས་ཏེ་མི་རྗེ་ལྷ་ཡིས་མཛད་པའི་དུས།།
གསེར་དངུལ་ཞུན་མའི་སྤྲིངས་ཡིག་བྲིས་ཏེ་མི་ནོར་སྟོབས་ཀྱིས་བླངས་པའི་དུས།།
རྒྱལ་བློན་ཐུགས་བསྐྱེད་སྐྱ་རེངས་སྣུམ་པོས་རྒྱལ་བསྟན་ཉིན་བྱེད་དྲངས་པའི་དུས།།
དབུ་ནག་བོད་པ་རྐང་གཉིས་བཙུགས་ཏེ་ཟླུམ་གཟུགས་གོ་ལའི་སྟེང་དུ་འགྲེང་།། 

ལྷ་ལྡན་འཛིན་མའི་ཞིང་ས་གཤིན་པོར་བཙན་པོའི་རྒྱལ་མཁར་བརྩེགས་པའི་དུས།།
རང་རྐང་ཚུགས་པའི་རིག་གཞུང་མ་ལག་ཀ་མད་སུམ་ཅུར་ཕབ་པའི་དུས།།
རིས་སུ་མེད་པའི་ཀུན་སྙོམས་ཐུགས་ཀྱིས་ཁྲིམས་ཡིག་ཞལ་ལྕེ་བཞག་པའི་དུས།།
ཆོས་སྲིད་ཉི་ཟླའི་འོད་མདངས་རྒྱས་ཏེ་གང་བུ་རྗེ་འབངས་འཛུམ་ཞིང་དགོད།།

ལུགས་གསུམ་དཔལ་གྱི་ཕོ་བྲང་དབུས་ནས་སུམ་གཉིས་ས་ལ་དབང་བའི་དུས།།
ལོ་པཎ་སྤྱན་དྲངས་མདོ་རྒྱུད་བསྒྱུར་ཏེ་བསྟན་པའི་འོད་བརྒྱ་འགྱེད་པའི་དུས།།
དགའ་སྐྱིད་སྟོན་མོའི་ཡོ་ལང་ཁྲོད་ནས་མི་རེས་གླུ་རེ་བླངས་པའི་དུས།།
གཞོམ་མེད་རྡོ་རིང་གནམ་ལ་བསླངས་ནས་ཆེན་པོའི་བཀའ་མཆིད་རྡོ་ལ་བྲིས།།

ཆབ་འབངས་སེམས་པ་བདུད་ཀྱིས་བསླུས་ཏེ་རྗེ་མགུལ་དར་གྱིས་དཀྲིས་པའི་དུས།།
མདོ་མེད་རྗེ་བོའི་དཔུང་ཤེད་རྒྱས་ཏེ་ནང་བསྟན་མར་མེ་བསུབས་པའི་དུས།།
ཤེས་མེད་མ་ལོའི་རིག་པ་འཆོལ་ཏེ་བསྟན་སྲིད་ཕན་ཚུན་འཐེན་པའི་དུས།།
ས་སྒང་སྟེང་ནས་དབུ་ནག་ཚང་གི་ཐོད་པའི་རི་མོ་ཡལ་ལ་ཉེ།།

བཙན་པོའི་གདུང་རྒྱུད་དགུང་སྔོན་དབྱིངས་ནས་མི་མངོན་འཇའ་བཞིན་ཡལ་བའི་དུས།།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ་ཡང་གླེགས་བམ་ཁྲོད་དུ་ལུས་པའི་དུས།།
བདག་མེད་ཆོལ་གསུམ་རྩམ་ཟན་པ་རྣམས་བྱང་ཐང་བྱི་འུར་གྱུར་པའི་དུས།།
ཧོར་སོགས་བྱ་ཁྲའི་ཁྲག་གི་སྦར་མོས་དབུ་ནག་ཚང་གི་གཉའ་ནས་བཟུང་།།

མཆོད་ཡོན་འབྲེལ་བའི་མིང་བྱང་འོག་ནས་རང་སྲིད་རང་ལག་རག་པའི་དུས།།
བླ་ཆེན་མི་ཆེན་དཔུང་ཤེད་བསྡུར་ཏེ་སྲོག་གི་རྒྱུན་ཐག་བཅད་པའི་དུས།།
ལུགས་གཉིས་སྐྱོང་བའི་བཀོད་འདོམས་མེད་པར་ཁྲལ་དང་འུ་ལག་ལྕི་བའི་དུས།།
སྡེ་གཉིས་ཐོབ་དང་ཤོར་བའི་དོན་དུ་ཕུ་ནུ་ནང་འཁྲུག་སྡེ་གཟར་བསླངས།།

ཆོས་ཀླད་ནང་དུ་སྲིད་ལུགས་འཛུལ་ཏེ་བླ་ཆེན་ནང་ཁུལ་འཁྲུག་པའི་དུས།།
དགོན་སྡེ་སྲིད་ཀྱི་དོ་རར་གྱུར་ཏེ་དམག་གི་ཡོ་ལང་དར་བའི་དུས།།
སྐྲག་ས་མེད་པའི་གོ་ཁ་ནང་ནས་ལང་ཤོར་གཅེར་འཆམ་འཁྲབ་པའི་དུས།།
དོན་དམ་ཆོས་པའི་མིག་ཟུང་ཟུར་ནས་སྐྱོ་བའི་མིག་ཆུ་ས་ལ་ཟགས།།

ལོ་རྒྱུས་གས་པའི་སྲུབས་ཀ་ཞིག་ནས་ཁྲག་དང་མིག་ཆུ་ད་དུང་བཞུར།།
རྡོག་སྣེ་འཛོལ་བའི་འགྲུལ་བཞུད་བར་ནས་དངངས་པའི་འཚུབས་ཤ་ད་དུང་རྒོད།།
ནོམ་ཆེན་བཅོམ་པའི་ཇག་ཤུལ་ཞིག་ནས་ལག་པས་ལག་པ་ད་དུང་བཅང་།།
རྡོག་འདྲེད་ཤོར་བའི་ས་ཚིགས་ཤིག་ནས་ད་དུང་ལག་པ་གཞན་ལ་ཁེན།།

དྲན་ཞིང་དྲན་ན་དྲན་སྣང་ཡོལ་བར་སྡུག་གི་མུན་པ་འཐིབས་ནས་འོང་།།
བསམ་ཞིང་བསམས་ན་བསམ་པའི་ཤོག་སྐྱ་ཁྲག་གི་མིག་ཆུས་བརླན་ནས་འགྲོ།།
གཞིག་ཅིང་གཞིགས་ན་བསམ་གཞིག་རི་མོ་གྱོང་ནས་གྱོང་སྟེ་རྩུབ་ཏུ་འགྲོ།།
རྒྱ་ཡན་སེམས་ཀྱི་ཁོར་ཡུག་འདི་རུ་བཟོད་མེད་ངལ་བའི་འཛེར་བུ་ཞིག།

ཁྲམ་དང་གཡོ་སྒྱུའི་འཇའ་ལ་བརྟེན་ནས་ཡུམ་བུ་བླ་མཁར་ས་རུ་བསྒྱེལ།།
ཁ་ཡག་ངོ་དགའི་བྱུས་ལ་བརྟེན་ནས་དབུ་ནག་ཚང་གི་ཕ་གཞིས་འཕྲོགས།།
འཇམ་རྩུབ་རེས་མོས་ཐབས་ལ་བརྟེན་ནས་ཡུལ་སྲོལ་གོམ་གཤིས་གཞན་དུ་བསྒྱུར།།
ང་དགུའི་སྡུག་གི་ལོ་ནག་བསུས་ཏེ་ལྷ་ལྡན་སྒྱོགས་ཀྱི་འབེན་དུ་བཙུགས།།

བཙན་གནོད་དཔུང་པའི་ཤེད་མོང་ངོམ་སྟེ་ཁྲིམས་ཡིག་ཞལ་ལྕེ་བཅུ་བདུན་བཞག།
བཅིངས་གྲོལ་ཞེས་པའི་སྙན་ཚིག་གྱེར་ཏེ་རང་དབང་ལྕགས་ནག་སྒྲོག་གིས་བཅིངས།།
གཡོ་ཟོལ་འདྲེས་མའི་འཛུམ་མདངས་བསྟན་ཏེ་གངས་བུའི་སྲོག་ལ་རྫོགས་ཚིག་བཀོད།།
ཕྱི་འཇམ་ནང་རྩུབ་ཐབས་ལ་བརྟེན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཁ་སྒོ་བཀག།

སྙིང་གི་བླ་མ་གཞན་ཡུལ་བསྐྲད་དེ་ངན་བཤད་ཚིག་གི་དམོད་མོ་བོར།།
མེས་པོའི་ཕ་ཟོག་ཇག་ལ་ཁྱེར་ནས་ཕ་མཁར་བཙན་པོའི་ལྡེའུ་མིག་ཕྲོགས།།
སྤུན་ཟླ་མིང་སྲིང་བསད་རྨས་གཏུབ་ཅིང་ངམ་ནག་བཙོན་གྱི་ཁུང་བུར་བཅུག།
མི་ལོ་དྲུག་ཅུའི་མེ་རོ་ལངས་ནས་མི་བུ་དྲུག་ཅུ་མེ་རུ་སྦར།།

མེ་རླབས་འབར་བའི་གདོང་དམར་བ་ལ་མྱ་ངན་ཟུག་གི་ནད་གཞི་བསྐྲུན།།
དུ་སྨུག་འཁྲིགས་པའི་སྒང་པ་བོད་ལ་ངན་གཡོ་རྨོངས་པའི་ཞྭ་མོ་གཡོག།
ཚིག་རོའི་གསེབ་ཀྱི་རྩམ་ཟན་པ་ལ་སྒྱོགས་དང་མེ་མདའི་རྔམ་སྟོན་བཤམ།།
བསམ་ཞིང་བསམས་ན་སྙིང་གི་འཕར་ཚད་གཅིག་ལྡང་གཉིས་ལྡང་ཤུགས་ཀྱིས་ལྡང་།།

འཛམ་གླིང་ཡངས་རྩེ་ཁ་བའི་ལྗོངས་སུ་རྣམ་ཤེས་འབར་བའི་དུད་སྤྲིན་འཁྲིགས།།
ཤར་ནས་ཚིག་པའི་མི་རོའི་གསུར་དྲི་གླིང་ཆེན་བཞི་ཡི་ཁམས་སུ་ཁྱབ།།
སྤུན་ཟླ་ངུས་པའི་ཁྲག་གི་མཆི་མ་ཞི་བདེ་རྒྱ་མཚོའི་མཐའ་དང་མཉམ།།
མ་ཤི་གསོན་པོའི་དམྱལ་ཁམས་འདི་ཀོ་དབུ་ནག་བོད་ཀྱི་ལས་སྐལ་ཞིག།

དུག་མདའ་ནག་པོའི་མདེ་འུའི་མདུན་དུ་གསོན་སྙིང་དམར་པོས་ཀི་རིང་འཐེན།།
ལྕགས་སྒྲོག་བཙན་པོའི་མུ་ཁྱུད་ཁྲོད་ནས་དཔའ་བོའི་རྡོག་སྒྲ་རྣ་བར་ལྷུང་།།
ཁྲག་དང་མིག་ཆུའི་ལོ་ཟླའི་ཁྲོད་ནས་ཞུམ་མེད་ཁུ་ཚུར་གནམ་ལ་འཕྱར།།
ངན་བཤམ་ཁྲིམས་ཀྱི་གཡོ་སྒྱུའི་འོག་ནས་རྟོག་སད་མི་བུ་ཤུགས་ཀྱིས་ལྡང་།།

རང་དབང་འཁོས་ཀ་གཞན་གྱིས་འཕྲོགས་པས་དབུས་པའི་ཨ་ཇོ་མེ་རུ་བཞེངས།།
མི་བུའི་ཐོབ་ཐང་བཙན་གྱིས་བཅོམ་པས་ཁམས་པའི་ཨ་ཕོ་ཞུགས་ལ་ཕུལ།།
འདྲ་མཉམ་འཚོ་བ་རྡོག་རོལ་བཏང་བས་ཨ་མདོའི་དཔའ་རྒོད་དགུང་ལ་མཆེད།།
རང་དབང་ཐོབ་ཐང་འདྲ་མཉམ་ཆེད་དུ་མདོ་དབུས་ཁམས་གསུམ་མེ་རུ་འབར།།

བཙུན་པའི་སྙིང་ཁམས་མེ་རུ་སྦར་ཏེ་རྒྱལ་སྲས་སེམས་དཔའི་སྤྱོད་པ་བསྟན།།
བཙུན་མའི་སྐུ་ལུས་མེ་རུ་སྦར་ཏེ་འཚེ་མེད་ཞི་བའི་རྒྱ་ལམ་བཏོད།།
དཔའ་བོའི་སྙིང་སྟོབས་མེ་རུ་སྦར་ཏེ་སྒེར་གཅོད་མི་བུའི་རྩུབ་སེམས་བསྲེགས།།
དཔའ་མོའི་ཞེ་རྩ་མེ་རུ་སྦར་ཏེ་གངས་རིའི་མུན་པ་སེལ་ཐབས་མཛད།།

ཨ་ཕ་མཆེད་པའི་ད་ཕྲུག་ཞིག་གིས་མེ་ཕུང་འགྲམ་ནས་སོ་སྒྲ་སྒྲོག།
བུ་ཆུང་འབར་བའི་ཕ་རྒན་ཞིག་གིས་དུ་བའི་གསེང་ནས་ཁ་ཕོ་བསྡམས།།
ཨ་མ་ཚིག་པའི་བུ་མོ་ཞིག་གི་མིག་ཆུའི་ཀློང་ནས་ཁུ་ཚུར་བཅངས།།
བུ་མོ་བཞུས་པའི་ཨ་མ་ཞིག་གིས་ཡི་ཆད་ངང་ནས་མིག་ཆུ་འཕྱི།།

ཁ་སང་སྦར་བའི་སྤུན་ཟླ་རྣམས་ཀྱི་དུད་པའི་སྤྲིན་པ་མ་ཡལ་གོང་།།
དེ་རིང་ཞུམ་མེད་དཔའ་བོ་ཕོ་མོས་རིན་ཆེན་ལུས་ལ་མེ་ཡིས་སྒྲོན།།
སང་ཉིན་ཆོལ་གསུམ་རྩམ་ཟན་པ་རྣམས་དུ་ཙམ་ཞིག་ནི་འབར་འགྲོ་ཨང་།།
རྫོགས་ལ་ཉེ་བའི་མི་རིགས་འདི་ཡི་འབྱུང་འགྱུར་བསམ་ཚེ་དབུགས་རིང་ཞིག།

རང་སྲོག་དོར་བའི་དཔའ་སྙིང་རྒོད་ཀྱང་གཞན་གནོད་འཚེ་བའི་ལས་ངན་སྤངས།།
ངན་ཁྲིམས་སྡུག་གིས་གཉའ་ནས་མནན་ཀྱང་དྲང་བདེན་དབྱངས་རྟ་དགུང་ལ་འཐེན།།
རང་གི་ལུས་ལ་དུང་བ་ཟབ་ཀྱང་དམར་མོ་མེ་ཡི་འོབས་ལ་བསྲེགས།།
རང་རིགས་དཔའ་བོའི་སྙིང་སྟོབས་མེ་ལྕེ་དལ་མེད་ནམ་མཁའི་དབྱིངས་སུ་འཕྱུར།།

ཞུམ་མེད་སྤོབས་པའི་ཆོད་སེམས་དྲན་ནས་གངས་དཀར་སེམས་སུ་དགའ་ལྷང་ལྷང་།།
འདྲེན་བྱེད་ལམ་ལ་མངོན་དུ་མེད་པས་དམར་ཆུང་སེམས་པ་སྐྱོ་ལྷང་ལྷང་།།
ཟླ་མེད་སྙིང་སྟོབས་ཡིད་ལ་ཤར་ཚེ་རེ་བའི་ཀློང་ནས་འཛུམ་ཤིག་ཤིག།
ཚིག་ཅིང་གོག་པའི་སྐུ་ལུས་མཇལ་དུས་མིག་ནས་མཆི་མ་སྔོ་ཧྲིལ་ཧྲིལ།།

སྤུན་ཟླ་འབར་བའི་མེ་ལྕེའི་ཁྲོད་ནས་མྱ་ངན་སྡུག་གི་ན་ཟུག་གཅིག།
ཚེ་སྲོག་གཤེགས་པའི་སྐུ་ཕུང་འགྲམ་ནས་དམར་པོ་ཁྲག་གི་མིག་ཆུ་གཉིས།།
གོ་ལ་ཟླུམ་པོའི་ཁོར་ཡུག་འདི་ན་མ་ཤི་དམྱལ་ཁམས་གསོན་པོ་གསུམ།།
གངས་ཅན་བོད་ཀྱི་ཕྲག་ཏུ་བབ་པའི་ལྡོག་མེད་ལས་སྐལ་ལྕི་མོ་ཞིག།

མཉམ་འབྲེལ་རྒྱལ་ཚོགས་རྣ་བར་ཐོས་ཚེ་སྙིང་རླུང་དམར་པོ་ཁོང་ནས་ལྡང་།།
ཁྲིམས་ལུགས་ཡོན་པོ་སེམས་ནས་དྲན་ཚེ་སོ་སྒྲ་གཟན་པོས་འགྲམ་ཤ་འདར།།
ཚེ་སྲོག་དམར་པོའི་གོད་ཆག་བསམས་ཚེ་ཁྲག་གི་མིག་ཆུའི་ཟེགས་མ་འཕྱོ།།
འཛམ་གླིང་མི་བུའི་འདྲ་མཉམ་བསམས་ཚེ་གངས་བུའི་ལས་དབང་སྐྱུར་མོ་ཞིག།

ངན་ཇུས་ཐབས་འཕྲུལ་ཇེ་དར་བྱེད་དུས་ཁ་བའི་རྣམ་རིག་ཇེ་དྲུང་རེད།།
ངན་བཤད་ཁ་ལྕེ་ཇེ་འགུལ་བྱེད་དུས་བཟོད་མེད་འཕག་འཚག་ཇེ་ཆེ་རེད།།
ངན་གཡོའི་སྲིད་ཇུས་ཇེ་གཏོང་བྱེད་དུས་གངས་བུའི་ཕུགས་བསམ་ཇེ་རིང་རེད།།
ངན་རྩུབ་ཁྲིམས་ཁ་ཇེ་དམ་བྱེད་དུས་དཔའ་བོའི་ཞེ་རྩ་ཇེ་བརྟན་རེད།།

མེ་ལྕེ་དམར་པོ་དགུང་ལ་མཆེད་པས་དར་དམར་གཡབ་མོ་བསྲེག་ལ་ཁད།།
མེ་སྟག་དྲག་པོ་གནམ་ལ་ཡར་བས་གཡོ་སྒྱུའི་རྒྱལ་མཁར་གཏོར་ལ་ཁད།།
མེ་དཔུང་འབར་བའི་འུར་སྒྲ་གྲགས་པས་རྫུན་སློང་སྟོང་བཤད་ཕམ་ལ་ཁད།།
རུས་རྐང་ཚིག་པའི་དུ་ཞག་འཁྲིགས་པས་ཁྲིམས་ལུགས་ཡོན་པོ་གཏུམ་ལ་ཁད།།

མེ་ཕུང་ཁྲོད་ཀྱི་གོམ་སྟབས་རེ་རེ་མ་འོངས་བོད་མིའི་མདུན་ལྗོངས་ཡིན།།
མེ་ཕུང་ཁྲོད་ཀྱི་དབྱངས་རྟ་རེ་རེ་བདེན་གཏམ་སེངྒེའི་ང་རོ་ཡིན།།
མེ་ཕུང་ཁྲོད་ཀྱི་ཁུ་ཚུར་རེ་རེ་དབུ་ནག་ཚང་གི་སྤོབས་པ་ཡིན།།
མེ་ཕུང་ཁྲོད་ཀྱི་དཔའ་ངར་རེ་རེ་སྔོན་གཤེགས་བཙན་པོའི་སྙིང་སྟོབས་ཡིན།།

མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་རང་སྲོག་འདོར་བར་དཔའ་མི་ཞུམ།།
ཆོས་ལུགས་ཤིག་གི་འབྱུང་འགྱུར་ཆེད་དུ་རང་ལུས་ལྕེབ་པར་སྙིང་མི་འདར།།
སྐད་ཡིག་ཅིག་གི་སྐྱེ་འཇིག་ཆེད་དུ་རང་དབང་གཏོང་བར་ལག་མི་འཁུམ།།
ཁ་བ་རི་པའི་དཔའ་རྒོད་རྣམ་པར་དེ་རིང་སྙིང་ནས་གུས་འདུད་ཞུ།།

དམར་པོའི་ཟིལ་ཤུགས་ཇི་ཙམ་ཆེ་ཡང་ཁྱེད་ཚོའི་སྙིང་རྩ་འདར་མ་མྱོང་།།
དྲག་གནོན་ལྗིད་ཚད་ཇི་ཙམ་ལྕི་ཡང་ཁྱེད་ཚོའི་བྱིན་པ་ཞ་མ་མྱོང་།།
རྫས་མདེལ་ནག་པོ་ཆར་ལྟར་ཕབ་ཀྱང་ཁྱེད་ཚོའི་མགོ་བོ་སྒུར་མ་མྱོང་།།
གངས་དཀར་ཨ་མའི་བུ་རྒོད་རྣམ་པར་ཟོལ་མེད་དང་བའི་སྙིང་གིས་བསྟོད།།

གཉེན་དང་ཉེ་བའི་དུང་བར་བསམ་ཚེ་ཁྱེད་ཚོའི་སེམས་ཁམས་བལ་ལས་འཇམ།།
རང་རིགས་འཇོམས་པའི་དགྲ་དང་ཐུག་ཚེ་ཁྱེད་ཚོའི་དཔའ་ངར་ཐོག་ལས་བཙན།།
གངས་རི་དཀར་པོའི་ལས་དོན་བསམ་ཚེ་ཁྱེད་ཚོའི་བློ་རྒྱ་མཚོ་ལས་ཟབ།།
དགའ་མེད་སྡུག་གི་ནམ་ཟླའི་ཁྲོད་ནས་དཔའ་རྒོད་ཁྱེད་ཚོ་རྗེས་སུ་དྲན།།

འཚེ་མེད་ལྟ་གྲུབ་ཐུགས་ལ་བཅངས་ནས་ཁྱེད་ཚོས་ཞི་བའི་རུ་བསྟར་བསྒྲིགས།།
བདག་ལས་གཞན་གཅེས་ཐུགས་ལ་བཅངས་ནས་ཁྱེད་ཚོས་རང་ལུས་མེ་རུ་སྦར།།
རང་གཞན་རང་དབང་འདྲ་མཉམ་བསམས་ནས་ཁྱེད་ཚོས་ཁུ་ཚུར་གནམ་ལ་འཕྱར།།
ཀི་ཀི་བསྭོ་བསྭོ་ཕོ་ལྷ་དགྲ་ལྷས་དེ་རིང་ཁྱེད་ཚོར་མགོན་གྱུར་ཅིག།

གངས་རི་དཀར་པོའི་འདབས་རོལ་ཞིག་ན་གཟི་བརྗིད་ལྡན་པའི་བང་སོ་གཅིག།
དབྱངས་གསལ་སོ་བཞིའི་ཚེག་ཁྱིམ་ཞིག་ན་རིགས་ཞེན་ལ་རྒྱའི་ཞལ་ཆེམས་གཉིས།།
ལོ་རྒྱུས་ཆེན་པོའི་གླེགས་བམ་གསེབ་ན་ཟུམ་མེད་དཔའ་བོའི་མཚན་བྱང་གསུམ།།
ཆོལ་གསུམ་སྤུན་ཟླའི་སྙིང་གི་དབུས་སུ་བསུབ་ཏུ་མེད་པའི་རྡོ་རིང་ཡིན།།

མྱ་ངན་སྡུག་གི་ལོ་ཟླའི་ཁྲོད་ནས་སྙིང་སྟོབས་མེ་ལྕེ་དགུང་ལ་མཆེད།།
ངན་རྩུབ་ཁྲིམས་ཀྱི་སོ་ཁ་ཞིག་ནས་སྤོབས་པའི་ཁུ་ཚུར་གནམ་ལ་འཕྱར།།
ཚེ་སྲོག་དམར་མོའི་གོད་ཆག་ཁྲོད་ནས་ཞུམ་མེད་དཔུང་གདང་མདུན་དུ་བསྒྲིགས།།
འདས་མ་ད་ལྟའི་ཁ་བ་རི་པའི་སྤུན་ཟླ་དཔའ་རྒོད་རྒྱལ་གྱུར་ཅིག།

2013.10.15.ཉིན།

སྙན་ངག

Post navigation

Previous Post: མངོན་བསྟོད་ཞུ་ཚིག
Next Post: ཡིད་སྐྱོ་བའི་གཏམ་རྒྱུད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme