Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽

Posted on 2013-05-082013-05-08 By ཁ་བརྡ་ 41 Comments on ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽

སྐལ་བཟང་ལེགས་བཤད།

ཡོད་དམ་མེད་ཅེས་པ་དེ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མེད་ཀྱི་སྟེང་ནས་བཤད། ཡོད་པའི་རིགས་ལ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བའི་རིགས་གཅིག་དང་། འགྱུར་བ་མི་འགྲོ་བའི་རིགས་གཅིག་སྟེ་གཉིས་ཡོད། འགྱུར་བ་འགྲོ་བའི་རིགས་ལའང་ཚད་གཞལ་རྒྱུ་ཡོད་པའི་གཟུགས་ཅན་གྱི་རིགས་གཅིག་དང་། མྱོང་ཙམ་གྱི་བདག་ཉིད་གྱི་ཤེས་པ་ཟེར་བའི་རིགས་གཅིག་དང་། དེ་གཉིས་གང་རུང་དུ་མི་གཏོགས་པ་དཔེར་ན། དུས་ལྟ་བུ་ལྡན་མིན་འདུ་བྱེད་ཀྱི་རིགས་བཅས་གསུམ་ཡོད་པ་རེད།
དེ་རྣམས་བསྡུས་གྲྭ་ནས་ཚུན་ཆད་ནས་བཤད་ཀྱིན་ཡོད། གང་ལྟར་ཤེས་པའི་རྣམ་བཞག་དེ་ཤེས་དགོས་པ་གལ་ཆེན་པོ་རེད། ང་ཚོའི་ཁ་ནས་གསལ་ཞིང་རིག་པ་ཞེས་བརྗོད་མོད་ཀྱང་། དེ་ཙམ་གྱིས་མ་ཚིམས་པར་ཤེས་པ་ཞེས་པ་དེ་ཇི་འདྲ་ཞིག་ཡིན་པ་དང་། དེའི་དབྱེ་བ་སོགས་རིགས་འདྲ་མིན་ཇི་ལྟར་ཡོད་པ་རྣམས་ཤེས་དགོས་པ་རེད། དཔེར་ན། མཐོང་ཆོས་ལ་ལུས་དེ་རྟེན་དང་དེ་ལ་བརྟེན་པའི་བརྟེན་པ་རྣམ་ཤེས་ཞེས་བརྗོད་པ་ལྟར། གསལ་རིག་ཙམ་གྱི་མྱོང་བའི་བདག་ཉིད་ཙམ་དུ་གྲུབ་པའི་ཆོས་གཅིག་གྱུར་ཡིན་ཡང་། མིའི་ལུས་དང་འབྲེལ་བའི་ཆ་ནས་མིའི་ཤེས་པ་དང་། དུད་འགྲོའི་ལུས་དང་འབྲེལ་བའི་ཆ་ནས་དུད་འགྲོའི་ཤེས་པ་ཞེས་བརྗོད། དེ་ལྟ་བུའི་ཤེས་པ་དེ་རྟེན་བརྟེན་པའི་འབྲེལ་བ་ཡོད་པའི་གནས་སྐབས་ལ་གཟུགས་ཅན་རགས་པ་དེ་ལ་བརྟེན་ནས་ཡོད་པ་གསལ་བོ་རེད།

ཤེས་པ་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནི་གསལ་རིག་མྱོང་ཙམ་གྱི་བདག་ཉིད་ཡིན་ཞིང་། དེ་འདྲ་བའི་ཤེས་པ་དེ་སྐྱེ་བ་ལ་ཁོ་རང་གི་སྔ་མ་སྔ་མའི་རིགས་འདྲའི་རྒྱུན་ཞིག་ཡོད་པའི་སྟེང་ནས་སྐྱེ་དགོས་པར་བཤད། འདིའི་སྟེང་ནས་སྐྱེ་བ་སྔ་མ་དང་། ཤེས་པ་ལ་ཐོག་མ་མེད་པར་སྒྲུབ་ཀྱིན་ཡོད། ཤེས་པ་ལ་ཐོག་མ་ཡོད་ན་ཤེས་པ་དང་པོ་དེ་ཡང་། རང་དང་རིགས་མཐུན་པའི་ཉེར་ལེན་ལས་མི་སྐྱེ་བར་འགྱུར་བ་དང་། ཡང་ན། རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འགྱུར་བས་དེ་ལྟར་དུ་མི་འཐད། དེ་ལྟར་ཤེས་པ་ལ་ཐོག་མ་མེད་པར་སྒྲུབ་པ་འདི་དག་ལ་གོ་བ་ཆ་ཚང་ཆགས་པའི་སྟེང་ནས་སྟོང་ཉིད་ཀྱི་སྐོར་ཤེས་དགོས་པ་དང་། ལམ་ཉམས་ལེན་བྱས་ཏེ་སེམས་ལ་བཟོ་བཅོས་རྒྱག་དགོས་པ་འདི་ཤིན་ཏུ་གལ་ཆེ།
རྒྱང་འཕེན་པས་ལུས་སེམས་རྫས་གཅིག་པས་ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པར་འདོད་པ་རེད། དེ་བཞིན་དུ་ཚན་རིག་པ་ཚོས་འདོད་པ་ལྟར། ཤེས་པ་ཟེར་བ་ཀླད་པ་ཁོ་ན་ལས་སྐྱེས་པ་ཡིན་ན་ཀླད་པ་འགག་ན་ཀླད་པའི་བྱ་བ་འགག་འགྲོ་བས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་འཇོག་དཀའ། བྱེ་བྲག་སྨྲ་བས་བེམ་རིག་རྒྱུན་ཆད་འདོད་ཅིང་གྲུབ་མཐའ་གོང་མ་རྣམས་ཀྱིས་གསལ་རིག་གི་ཤེས་པའི་སྟེང་ནས་སྐྱེ་བ་སྔ་ཕྱིའི་ཤེས་པ་ལ་ཐོག་མ་དང་མཐའ་མའི་མཐའ་མེད་པར་འདོད་ཅིང་། མཐར་རྣམ་མཁྱེན་གྱི་སར་འགྲོ་རྒྱུ་ཡོད་པར་བཤད་པ་རེད།

༼ སེམས་གསལ་རིག ༽
མདོ་དང་བསྟན་བཅོས་དུ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ།།ཞེས་དང་། བརྒྱད་སྟོང་བ་ལས། སེམས་ལ་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར་གྲུབ་མཐའ་སོ་སོ་ལ་སྦྱར་ནས་སེམས་ཀྱི་རང་བཞིན་འོད་གསལ་བའི་སྐོར་བཤད་ཚུལ་ཕྲ་རགས་དུ་མ་ཡོད་མོད། དེའི་ནང་ནས་སེམས་གསལ་རིག་གི་སྐོར་དེང་དུས་གལ་གནད་ཆེ་བར་སྣང་བས། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དུ་ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་མཐུན་ཡང་། གསལ་རིག་གི་དོན་འཇོག་ཚུལ་གྲུབ་མཐའ་འོག་མ་དང་སྦྱར་ན་དཔྱད་དཀའ་བས། དབུ་མ་ཐལ་འགྱུར་བའི་ལུགས་དང་སྦྱར་ནས་བཤད་ན། གསལ་རིག་གི་ངོ་བོ་ཅི་འདྲ་ཞིག་ཏུ་སྐྱེས་ཕྱིན་ཆད་རང་གི་སྣང་ཡུལ་དང་འཇུག་ཡུལ་གཉིས་ཚོགས་ལས། རང་གི་ངོ་བོ་སྣང་ཡུལ་ལ་མི་བསླུ་བ་དྲན་ཤེས་ཀྱི་ཡུལ་དུ་གསལ་བའི་རིག་པ་ཙམ་ལ་གསལ་རིག་གི་ངོ་བོ་འཇོག་གི་ཡོད་པ་རེད།

གསལ་རིག་ཅེས་པའི་སྤྱིར་གསལ་བ་ལའང་གཟུགས་ཅན་དང་གཟུགས་ཅན་མིན་པ་གཉིས་སུ་ཡོད་པས། དང་པོ་ནི་ཉི་ཟླ་དང་གློག་དང་མར་མེའི་འོད་ལ་སོགས་པ་ཡིན་ལ། འདི་དག་ནི་གཟུགས་ཅན་གཞན་གྱི་ངོ་བོ་གསལ་བ་ཙམ་ལས་བྱེ་བྲག་དང་ཁྱད་པར་སོགས་སྤུ་རིས་ཕྱེས་ནས་འབྱེད་མི་ནུས་ཤིང་ངེས་ཤེས་འདྲེན་པའང་མི་ནུས། དུས་སྔ་ཕྱི་དྲན་པའང་མི་ནུས་ཤིང་། གཟུགས་ཅན་གཞན་གྱིས་གོ་འབྱེད་པ་དང་། གོམས་པས་འཕེལ་འགྲིབ་ཀྱང་མི་རུང་བ་དང་། གཟུགས་ཅན་དང་མ་འདྲེས་བའི་དོན་གང་ཡང་གསལ་མི་ནུས་པ་དང་། དེ་ཡང་ཡུལ་ད་ལྟ་གསལ་བ་ཙམ་ལས་འདས་མ་འོངས་ཀྱི་ཆོས་དང་ལྐོག་གྱུར་གྱི་དོན་གང་ཡང་གསལ་བར་མི་ནུས་སོ། །གཟུགས་ཅན་མིན་པའི་གསལ་བ་ལའང་རིག་པའི་གསལ་བ་དང་། ཆོས་ཉིད་ཀྱི་གསལ་བ་གཉིས་སུ་ཡོད་པས། དང་པོ་རིག་པའི་གསལ་བ་ནི། ཤེས་པ་རང་ཉིད་སྐྱེས་ཙམ་གྱིས་རང་གི་སྣང་བ་གསལ་བ་སྟེ་རང་གི་སྣང་བ་ལ་མངོན་སུམ་དུ་ཉིད་དུ་སྐྱེས་པས་ན་གསལ་བ་ཞེས་བྱ་ལ། ཡུལ་ལ་སྤུ་རིས་འབྱེད་ཅིང་ངེས་ཤེས་དངོས་སུ་འདྲེན་པས་ན་རིག་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུའི་གསལ་བ་དང་རིག་པའི་ཚོགས་པ་ལ་ཤེས་པ་ཞེས་ཐ་སྙད་རྙེད་པ་ཡིན་ནོ། །དེའི་ཕྱིར་གསལ་བ་ཞེས་པ་ཤེས་པའི་རང་གི་ངོ་བོར་བསྟན་ནས། རིག་པ་ཞེས་པ་དེའི་བྱེད་ལས་བསྟན་ཅིང་རིགས་མི་མཐུན་སེལ་བྱེད་དུ་སྦྱར་ན། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དུ་འཐད་པ་ལེགས་པར་གྲུབ་པོ།

ཤེས་པ་གང་ཡིན་རང་གི་སྣང་བ་ལ་མངོན་སུམ་གྱི་ཚད་མ་ཉིད་དུ་སྐྱེས་པ་དེ་གྲུབ་མཐའ་འོག་མ་ལ་བཤད་དུ་མི་རུང་བས། ཁོང་ཚོས་ཤེས་པའི་མཚན་ཉིད་ཀྱི་དོན་ཡང་འཇོག་དཀའ་ཞིང་། ཤེས་པ་གང་ཡིན་ཡང་རང་ཡུལ་གསལ་བ་དང་རང་གི་ངོ་བོ་རང་གིས་གསལ་བའི་ཆ་གཉིས་འདུག་པས། རང་གི་ངོ་བོ་གསལ་བྱེད་ནི་རང་རིག་ཡིན་ནོ་ཞེས་རིགས་པའི་སྒོ་དུ་མ་དང་བཅས་ཏེ་སྒྲུབ་པར་བྱེད་དོ། །དེས་ན་ཤེས་པ་རང་གི་ངོ་བོ་གསལ་བྱེད་དེ་གང་ཡིན་བཏགས་དོན་བཙལ་ན་རྙེད་དགོས་པར་སྨྲ་ཕྱིན་ཆད་རང་རིག་ཁས་མི་ལེན་ཀ་མེད་བྱུང་བ་ནི་ཕྲ་བའི་རྟེན་འབྲེལ་འཇོག་ལུགས་མི་ཤེས་པའི་དབང་གིས་ཡིན་གསུངས། །གསལ་རིག་ཅེས་པའི་གསལ་ཚུལ་ཡང་གཟུགས་ཅན་གསལ་བ་ལས་ལྡོག་ཏེ་དེ་དང་དེའི་ནང་གསེས་ཀྱི་བྱེ་བྲག་སྤུ་རིས་འབྱེད་པ་དང་། གཟུགས་ཅན་གཞན་གྱིས་གོ་མི་འབྱེད་པས་ཐོགས་རེག་དང་བྲལ་བ་དང་། གཙོ་བོ་རིགས་མཐུན་སྔ་མ་གོམས་པ་ལས་ཕྱི་མ་སྐྱེས་པས་གོམས་པས་འཕེལ་འགྲིབ་ཆེ་བ་དང་། འདས་པ་དང་མ་འོངས་པ་དང་། གཟུགས་ཅན་མིན་པ་དང་ལྐོག་གྱུར་གྱི་དོན་རྣམས་ཀྱང་གསལ་ནུས་པས་ན་གཟུགས་ཅན་གྱི་གསལ་བ་དང་གཏན་མི་འདྲའོ། །

གཉིས་པ་ཆོས་ཉིད་ཀྱི་གསལ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ།།ཞེས་པ་སྟེ། རང་གི་ངོ་བོ་རྡུལ་དང་དྲི་མས་བསླད་པ་མ་ཞུགས་ཤིང་། དེའི་རྟེན་ནམ་ཆོས་ཅན་གསལ་རིག་གི་རང་བཞིན་དུ་གནས་པ་དང་། ཆོས་ཅན་གྱི་དྲི་མ་ཇེ་དག་ཏུ་སོང་བ་ལ། ཆོས་ཉིད་ཀྱི་རང་མདངས་ཀྱང་ཇེ་གསལ་དུ་སོང་སྟེ། མཐར་ཆོས་ཅན་གསལ་རིག་ལ་དྲི་མའི་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ཏེ་ཟད་པ་ན། ཆོས་ཉིད་ཀྱང་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་དབྱིངས་སམ་གནས་འབའ་ཞིག་ཏུ་གྱུར་བས་ན། དེའི་ཚེ་རྟེན་གསལ་རིག་ཡེ་ཤེས་ཆོས་ཀྱི་སྐུ་དང་བརྟེན་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་གཉིས་ལྷན་ཅིག་ཏུ་འཇུག་པའོ། །དེས་ན་རྨོངས་བའི་ཆ་ཐམས་ཅད་སངས་པ་དང་། སེམས་ཀྱི་གསལ་བ་ཡོངས་སུ་རྒྱས་པས་ན་དེ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན་གྱི། རྒྱུ་མེད་རྐྱེན་མེད་ལས་སམ་རང་བཞིན་གྱི་སངས་རྒྱས་ཤིག་འཇོག་པ་གཏན་མིན་ནོ། །དེའི་ཕྱིར་སེམས་སམ་གསལ་རིག་གི་ཆོས་ཉིད་ལ་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པས་འདི་ལ་གསལ་བའི་ཐ་སྙད་འཇོག་པ་ནི་སངས་རྒྱས་ཀྱི་རིགས་ཀྱི་ངོ་བོར་མཚོན་པའི་ཆེད་ཡིན་ནོ། །འདི་ལ་མཚན་ཉིད་རིག་པས་རྩོད་གླེང་དུ་མ་ཞིག་འོང་སྲིད་ཀྱང་དེ་ནི་སེམས་ཀྱི་ཆོས་ཉིད་ལ་སྦྱངས་བའི་ཉམས་མྱོང་མ་བསགས་པས་ལན་ནོ། །
ས་སྐྱ་བས། གསལ་བ་སེམས་ཀྱི་མཚན་ཉིད་དང་། སྟོང་བ་སེམས་ཀྱི་རང་བཞིན་ཡིན་ཞིང་། གསལ་བས་སྟོང་བ་མི་འདོར། སྟོང་བས་གསལ་བ་མི་འདོར་བ། གསལ་སྟོང་ཟུང་འཇུག་གམ་བརྗོད་བྲལ་འཛིན་མེད་དེ་ཉིད་གནས་ལུགས་མཐར་ལུགས་ཡིན་གསུངས། སྔ་འགྱུར་རྙིང་མ་བས་ཀ་དག་གི་ལྟ་བ་ནི། དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་འདིའི་ནང་དུ་ཆོས་ཐམས་ཅད་རྫོགས་པས་རྫོགས་ཆེན་ཞེས་རྫོགས་ཆེན་གྱི་དོན་དེ་ལྟར་བཤད། རྫོགས་ཆེན་ལ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ཡོད་པ་ལས་སེམས་སྡེ་པ་རྣམས་ནི་སྟོང་ཕྱོགས་ཤས་ཆེ། མན་ངག་གི་སྡེ་པ་རྣམས་གསལ་བ་ཤས་ཆེ། ཀློང་སྡེ་པ་རྣམས་ཟབ་གསལ་ཆ་མཉམ་གཙོ་བོར་མཛད་ཅེས་ཟེར། སེམས་མ་རིག་པའི་སྣང་ཆ་ཅན་ནི་རྣམ་རྟོག་དང་། མ་རིག་པའི་བསླད་པ་མ་ཞུགས་པའི་དབང་གིས་སྤྲོས་བྲལ་གསལ་སྟོང་འཛིན་མེད་ངོ་ཤེས་པ་ནི་རིག་པ་ཟེར་ཀྱང་། ཤེས་པ་དང་རིག་པ་ལ་འབྱེད་ཚུལ་དང་། གསལ་རིག་མ་ཡིན་པའི་རྣམ་རྟོག་བཙལ་དགོས་སོ། །རྫོགས་ཆེན་ལ་རླུང་དབུ་མར་མི་སྡུད། རྒྱང་ཞགས་ཆུ་སྒྲོན་གྱི་ལམ་ནས་ཐོན་པའི་སྣང་བ་དེ་སྒོམ།

༼ སེམས་སེམས་བྱུང་།༽
སེམས་སེམས་བྱུང་རྫས་མཚུངས་ཞེས་པའི་གོ་དོན་ནི་རྫས་རེ་རེ་བར་མཚུངས་ཞེས་པ་ཡིན་ལ། འདི་ཉམས་ལེན་དང་འབྲེལ་བའི་གོ་རྒྱུ་ཆེན་པོ་ཞིག་ཡོད་དེ། སེམས་ཀྱི་ངོ་བོ་གསལ་རིག་ཙམ་དུ་ངོས་ཟིན་ཡང་། སེམས་བྱུང་སོ་སོ་ངོས་མ་ཟིན་ན་རྨུག་པ་སོགས་གཏི་མིག་གི་ཆར་གཏོགས་འགའ་ཞིག་ཏིང་ངེ་འཛིན་དུ་འཁྲུལ་བ་དང་། འདོད་ཆགས་ཀྱི་ཆར་གཏོགས་འགའ་ཞིག་བྱམས་སྙིང་རྗེ་དད་པ་སོགས་སུ་ནོར། ལྟ་ངན་ལ་ཤེས་རབ་ཏུ་ནོར་བ་སོགས་རྟོག་པ་འོག་འགྱུའི་དབང་གིས་རྒྱལ་ཁ་བློན་གྱིས་བསྒྱུར་བ་བཞིན་སེམས་དགེ་མི་དགེ་གང་དུ་སོང་ཤེས་དཀའ་བས་དམ་པ་རྣམས་ཉམས་ལེན་བྱེད་པ་ལ་ཀུན་བཏུས་སམ། མ་མཐར་ཡང་ཕུང་པོ་ལྔའི་རབ་བྱེད་ལྟ་བུར་རེར་སྦྱང་དགོས་པར་གསུངས་ཤིང་སེམས་སེམས་བྱུང་གི་ངོས་འཛིན་མང་པོ་གསུངས་པའི་རྒྱུ་མཚན་དེ་ཡིན་ནོ། །བློན་པོའི་ནང་ནས་ཀྱང་སྐབས་དེར་ཕན་གནོད་གང་བྱེད་པའི་གཙོ་བོ་རང་དེ་ཤེས་ནས་ཐབས་བྱེད་དགོས་པ་ལྟར་སེམས་བྱུང་མང་པོ་ཡོད་ཀྱང་རང་སྟོབས་ཀྱིས་ཡུལ་མྱོང་བའི་ཆ་དེ་བྱེད་མཁན་ཚོར་བ་རྫས་གཅིག་པོ་དེ་ཁོ་ན་ཡིན།
འདི་འདིའོ་ཞེས་སྤུ་རིས་འབྱེད་མཁན་འདུ་ཤེས་གཅིག་བུ་ཡིན་པ་ལྟ་བུ་མཛུབ་མོ་འཛུགས་ས་གཅིག་དགོས་ལ། ཁྱད་པར་གནས་ལུགས་ལ་རྨོངས་ཏེ་འཁོར་རྩ་བྱེད་མཁན་དང་། གནས་ལུགས་རང་སྟོབས་ཀྱིས་རྟོགས་ཏེ་འཁོར་བ་ལས་གྲོལ་བྱེད་གང་ཡིན་རྩ་བར་བཅར་ནས་ངོས་ཟིན་པ་ཞིག་མེད་ན་སྤང་གཉེན་ངོ་འཕྲོད་པའི་སྒོམ་ཚུལ་གནད་ཐོག་ཏུ་ཁེལ་བ་ཞིག་མི་འོང་ངོ་། །

འཕགས་ཡུལ་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་དགོས་དོན་འདི་ཐུགས་ལ་བཞག་པའི་དབང་གིས་སེམས་ཙམ་པ་ལུང་གི་རྗེས་འབྲངས་རྣམས་གནས་ལུགས་སྒྲིབ་བྱེད་མ་རིག་པ་ལྟ་མིན་གྱི་དེ་ཁོ་ནར་ངེས་ཀྱི། ལྟ་བར་གྱུར་བ་གཅིག་སྟེ་མ་རིག་པ་གཉིས་བྱུང་ན་རྫས་མཚུངས་ཉམས་ཟེར་དོན། དཔེར་ན་མི་གཅིག་ལ་རྐུས་བཙུགས་ཡོད་པའི་ཚེ་ཡང་ཕྱོགས་གཞན་གྱི་མི་གཅིག་ལ་རྐུས་དེ་བཙུགས་ན་ངེས་མེད་དུ་འགྲོ་བ་བཞིན། སྲིད་རྩ་གང་ཡིན་བཙལ་ནས་ཏེ་ཐོག་མའི་མ་རིག་པ་ངོས་ཟིན་ཡོད་པ་ནི་གཏད་སོ་མེད་པར་འགྲོ་དོགས་པ་ཡིན།

སེམས་ཙམ་པ་རིགས་པའི་རྗེས་འབྲངས་དང་དབུ་མ་པ་སོགས་ཀྱིས་ལན་འདེབས་ཚུལ་ཡང་། བྱ་བ་ཁྱད་མེད་པའི་མ་རིག་པ་གཉིས་སེམས་གཅིག་གི་འཁོར་དུ་བཞག་ན་རྫས་མཚུངས་ཉམས་པ་བདེན་ཡང་། འདིར་ལྟ་མིན་རང་སྟོབས་ཀྱིས་གནས་ལུགས་སྒྲིབ་པ་ཙམ་བྱེད། འཇིག་ལྟས་རང་སྟོབས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པས་བྱ་བ་མི་འདྲ་ཞིང་། དེའི་ནང་ནས་སྐྱོན་ཆེ་ཤོས་འཇིག་ལྟས་བྱེད་པ་ཡིན་ཏེ། མུན་ཁྲོད་དུ་ཐག་པ་དཔྱིས་ཕྱིན་པར་མ་མཐོང་བ་ལས་ཀྱང་སྦྲུལ་དུ་མཐོང་བ་དེ་ཉིད་ཀྱིས་འཇིགས་སྐྲག་སྐྱེད་པ་བཞིན། རྨོངས་ཙམ་ལས་ཀྱང་འཇིག་ལྟ་དེ་ཉིད་ཆགས་སྡང་སོགས་ཀྱི་རྒྱུའི་གཙོ་བོ་ཡིན་པས། རྣམ་འགྲེལ་ལས། ལོག་པར་དམིགས་ཉིད་མ་རིག་པ།།ཞེས་གསུངས་ཤིང་འཇུག་པའི་དགོངས་པའང་དེ་དང་འདྲ་ལ། མདོ་སྡེ་རྒྱན་ལས། གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ།།དེ་འདྲའི་མུན་ནག་རྣམ་པ་གང་ཞིག།གསུངས་པའི་དཔེའི་ནུས་པ་འདིས་ཐོན་ནོ། །

དཔྱད་རྩོམ།

Post navigation

Previous Post: དུང་སེམས་ཀྱི་རླབས་སྒྲ།
Next Post: རླུང་བུ་བསིལ་བསིལ་ལྡང་ནས་གདོང་ལ་བབ།

Comments (41) on “ཤེས་པ་སྒྲུབ་བྱེད་ཀྱི་རིགས་པ། ༼ལེགས་བཤད་ཀྱི་ཟིན་བྲིས།༽”

  1. ཐུ་བ་རྒྱ་མཚོ། says:
    2013-05-08 at 11:52 am

    སེམས་དང་ཤེས་པ་གསལ་རིག་ཡིན་ན། གསལ་རིག་ག་འདྲ་ཡོད་རེད། མ་མཐར་ཡང་དཔེ་མཚོན་གསལ་པོ་ཅིག་སྟོནརྒྱུ་མེད་དམ། དོན་དག་རྡོག་རྡོག་དེ་ཤེས་ཐུབ་ན་ཤེས་པ་རེད། དེ་མ་གཏོགས་ཡར་མར་བཅོ་བརྒྱད་བཤད་ཡང་། སྒོ་དང་སྐར་ཁུང་མེད་པའི་ཁང་མིག་ཅིག་ལ་ཡ་ཁུང་མ་ཁུང་བརྒྱ་ཕྲག་བཟོས་པའི་ནང་དུ་བྱིས་པ་ཞིག་བཏང་བཞག་ན་མགོ་འཐོམས་ནས་ཕྱིར་ཐོན་དཀའ་བའི་གནས་ལུགས་དང་ཆ་མཚུངས་པ་རེད། ཚེ་གང་བོར་མགོ་འཁོར་ནས་ལྷག་འགྲོ་གི་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 12:47 pm

    སེམས་ནག་པོ། ། སེམས་ཁྲ་བོ། སེམས་དཀར་པོ་གསུམ་དུ་ངེས།

  3. ལེགས་བཤད། says:
    2013-05-08 at 1:00 pm

    ཐུ་བ་རྒྱ་མཚོ། ཕེབས་པར་དགའ་བསུ་ཞུ། གསལ་བ་ལ་གཟུགས་ཅན་གྱི་གསལ་ཚུལ་དང་གཟུགས་ཅན་མ་ཡིན་པའི་གསལ་ཚུལ་གཉིས་ཡོད་པ་ངོ་འཕྲོད་དགོས་པ་རེད། གསལ་ཞིང་རིག་པ་ཞེས་པའི་གསལ་བས་ནི་ཤེས་པའི་ངོ་བོ་བསྟན་ནས་རིག་པ་ཞེས་པས་ཤེས་པའི་བྱེད་ལས་བསྟན་ཏེ། གཟུགས་ཅན་གྱི་གསལ་བ་ལས་མི་འདྲ་བའི་ཁྱད་པར་བསྟན་པའི་ཕྱིར། རིག་པ་ཞེས་རིགས་མི་མཐུན་སེལ་བྱེད་དུ་སྦྱར་བ་ཡིན། འདི་འདིའོ་ཞེས་ཡུལ་གྱི་སྤུ་རིས་འབྱེད་ཐུབ་པ་དང་གཟུགས་ཅན་གཞན་གྱིས་གེགས་མི་བྱེད་པས་ཐོགས་རེག་དང་བྲལ་བ། གོམས་པས་འཕེལ་འགྲིབ་ཆེ་བ་ཡིན་པས་གསལ་རིག་གི་མྱོང་བ་ཤེས་པ་མ་གཏོགས་གཟུགས་ཅན་གྱི་ཆོས་དང་གཏན་ནས་མི་མཚུངས་བ་ཡིན།

  4. དགེ་འདུན་ཆོས་འཕེལ says:
    2013-05-08 at 1:01 pm

    སེམས་ལ་དཀར་ནག་གི་མཚོན་མདོག་ཨེ་ཡོད་དམ་་་

  5. ལེགས་བཤད། says:
    2013-05-08 at 1:04 pm

    ཀརྡོ་གཉེར་ཕྱག་པ་ལགས། སེམས་ལ་ཁ་དོག་མེད་པས་སེམས་ནག་པོ། ། སེམས་ཁྲ་བོ། སེམས་དཀར་པོ་གསུམ་དུ་ངེས། ཞེས་གསུངས་པ་ངོས་འཛིན་ཇི་ལྟར་ལགས།

  6. ལེགས་བཤད། says:
    2013-05-08 at 1:17 pm

    རྫས་རེ་རེ་བར་མཚུངས་ཞེས་པ་སེམས་ཀྱང་རྫས་གཅིག་ལས་མེད་ལ་སེམས་བྱུང་ཡང་རྫས་གཅིག་ལས་མེད་པའི་ཕྱིར། དཔེར་ན། མིག་རྣམ་ཤེས་གཙོ་འཁོར་གཅིག་ན་གཙོ་བོ་མིག་གི་རྣམ་ཤེས་རྫས་གཅིག་ལས་གཉིས་པ་མེད་པ་དང་འཁོར་སེམས་བྱུང་ཚོར་བ་ལྟ་བུ་ཡང་རྫས་གཅིག་ལས་ཚོར་བ་གཉིས་པ་མེད་པ་བཞིན་ནོ། །སེམས་ལས་འཕྲལ་དུ་བྱུང་བས་ན་སེམས་བྱུང་ཞེས་བྱའོ། །སེམས་ཀྱི་སྐད་དོད་ཙི་ཏ་ཞེས་པ་སྒྲ་མདོ་ལས། ཙི་ཏ་ནི་གསོག་པ་ལའོ་ཞེས་པ་ལྟར་བག་ཆགས་གསོག་པས་ན་སེམས་ཞེས་བྱའོ། །

  7. ཐུ་བ་རྒྱ་མཚོ། says:
    2013-05-08 at 1:23 pm

    ལེགས་བཤད་ལགས།
    སེམས་ཞེས་པ་སེམས་ཅན་ཡོངས་ལ་མཐུན་མོང་དུ་ཡོད་ན་དུད་འགྲོ་ཤིག་ལྟ་བུ་ལ་འདི་འདིའོ་སྙམ་པའི་སེམས་དེ་འདྲ་ཡོད་དམ་མེད།
    གསལ་རིག་ཟེར་པ་དེ་མིའི་ཤེས་པ་ཁོ་ན་འཇུག་པ་ཨ་རེད།

  8. ལེགས་བཤད། says:
    2013-05-08 at 1:49 pm

    ཐུ་བ་རྒྱ་མཚོ། འདུ་ཤེས་མཚན་མར་འཛིན་པ་སྟེ། ཞེས་པ་ལྟར་དུད་འགྲོ་ལ་ཡང་འདི་བུའོ་སྙམ་པའི་འདུ་ཤེས་ཡོད་ལ། མཚན་མར་བཟུང་ནས་ངོ་ཤེས་ཐུབ་ཀྱི་ཡོད། དེ་ཡང་དྲི་དང་གཟུགས་ལ་སོགས་པ་ལས་རང་གཞན་གྱི་བུ་ངོ་ཤེས་ཐུབ་ཀྱི་ཡོད་པ་གསུངས་འདུག །སེམས་ཀྱི་རང་བཞིན་འོད་གསལ་བ།།དྲི་མ་རྣམས་ནི་གློ་བུར་བ།།ཞེས་པ་ལྟར་དུད་འགྲོ་ལ་རྨོངས་པ་ཤས་ཆེ་བས་དུད་འགྲོའི་རྒྱུད་ཀྱི་མ་རིག་པ་དེ་ཡང་གསལ་རིག་ཡིན་པ་ལ་འགལ་བ་གང་ཡང་མེད། མ་རིག་པ་ཞེས་པའི་མ་ཡིག་ནི་དམན་པའི་དགག་སྒྲ་ལ་གོ་དགོས་པས། དཔེར་ན། མི་ངན་ལ་ཁྱོད་མི་མ་ཡིན་ཞེས་པ་ལྟར་སྨད་པའི་ཚིག་ཏུ་འགྲོ་བ་ཡིན།

  9. ཐུ་བ་རྒྱ་མཚོ། says:
    2013-05-08 at 1:58 pm

    སེམས་ཀྱི་རང་བཞིན་འོད་གསལ་པ་ཡིན་ན་འོད་དེ་ཉི་མའི་འོད་འདྲ་ཞིག་གསལ་པོ་ཡོད་དམ། ཡང་ན་མར་མེའི་འོད་འདྲ་ཞིག་ཡོད་དམ། འོད་གསལ་སྟངས་ག་འདྲ་ཡིན་ནམ། ལེགས་བཤད་ལགས།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 2:46 pm

    འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་རྣམས་ནི་སེམས་ནག་པོ་རེད། རྟོག་དཔྱོད་གཉིད་འགྱོད་ཐེ་ཚོམས་རྣམས་ནི་སེམས་ཁྲ་བོ་རེད། བྱམས་པ་སྙིང་རྗེ་ཤེས་རབ་སོགས་ནི་སེམས་དཀར་པོ་རེད། སེམས་ལ་ཁ་མདོག་མེད་པ་ཁྱེད་བདེན། འོན་ཀྱང་ཉམས་ལེན་བྱེད་དུས་མིང་དེ་འདྲ་བཏགས་ཕན་ཐོགས་ཆེ།

  11. ལེགས་བཤད། says:
    2013-05-08 at 10:41 pm

    སེམས་ཀྱི་རང་བཞིན་འོད་གསལ་པ་ནིོ་རྡུལ་དང་དྲི་མས་བསླད་པ་མ་ཞུགས་པ་ཡིན། སངས་རྒྱས་པའི་རིགས་སེམས་སྟེང་དུ་བཞག་དགོས་པས་སེམས་ཀྱི་རང་བཞིན་ལ་འོད་གསལ་བ་ཟེར།

  12. ལེགས་བཤད། says:
    2013-05-08 at 10:45 pm

    ཀརྡོ་ལགས། གཉིད་འགྱོད་གཉིས་སེམས་ཁྲ་ཁྲ་ཡིན་དོན་ཅི། འགྲེལ་བཤད་ཅིག་གནོངས།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-05-08 at 11:38 pm

    གཉིད་འགྱོད་གཉིས་ནི། ཀུན་སློང་གི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་གའི་ངོ་བོར་སོང་བ་ཡོད་པས་ན། སེམས་ཁྲ་ཁྲའི་གྲལ་དུ་བཞག་པ་ཡིན་ལགས།

  14. དྲང་པོ། says:
    2013-05-08 at 11:55 pm

    རྩོམ་འདི་ཤིན་དུ་ལེགས། ཐུགས་རྗེ་ཆེ་ལེགས་བཤད་ལགས། ཀློག་གིན་ཀློག་གིན་དང་ངའི་བག་ཆགས་གསལ་ཡོང་དུས། རྒན་ཁྱེད་ཚིག་མཛོད་མཐུག་པོ་སྒྲིག་མཁན། བཀའ་བརྒྱུད་ཀྱི་ཆོས་ལ་དད་པ་དག་སྣང་ཡོད་པ་ལ། དགེ་ལྡན་པའི་ཐོས་པ་ཐར་ཕྱིན་པའི་མཁས་དབང་ཞིག་ཡོད། དེ་མིན་འགྲོ་སྙམས།

    རྒན་ཁྱེད་ཀྱི་ཞབས་དྲུང་ནས། ཕྱག་དཔེ་ཏོག་ཙམ་ཁྲིད་རྒྱུ་བྱུང་ན་ཚེ་འདིར་དོན་ལྡན་ཡིན་པའི་བསམ་བློ་འཁོར་མྱོང་།

  15. དྲང་པོ། says:
    2013-05-09 at 12:08 am

    ཞར་ལ་འདྲི་བ་ཞིག་ཡོད་པ་ནི། གསལ་སྟོང་དེ་བདག་གི་ངོ་བོ་ཡིན་ཟེར་ན་ལན་ཇི་ལྟར་བརྒྱབ།

    སྔོན་མ་ས་སྐྱའི་བླ་མ་ཞིག་གིས་བདག་མེད་ཀྱི་ཆོས་གསུང་བའི་སྐབས་ལ། ཕྱི་རྒྱལ་སློབ་མ་ཞིག་གིས། གལ་ཏེ་ཆོས་ཐམས་ཅད་གསལ་སྟོང་གི་རང་བཞིན་ཡིན་ན། བདག་ཡོད་པར་ཐལ། བདག་གི་ངོ་བོ་ནི་གསལ་སྟོང་ཡིན་པའི་ཕྱིར། དེ་ཡིན་ཏེ། ཆོས་ཐམས་ཅད་གསལ་སྟོང་ཡིན་པས་ཁྱབ་པར་ཐལ། བདག་ཀྱང་གསལ་སྟོང་ཡིན་ཟེར་རྟགས་གསལ་བཀོད་སྐབས། ས་སྐྱའི་མཁན་པོ་དེ་ཞལ་ཅུང་ཁེགས་པའི་སྐབས་ལ། ཕྱི་རྒྱལ་སློབ་མ་དེས། ད་དུང་ཞུ་རྒྱུ་ཡོད་དེ། བདག་ཡོད་པར་ཐལ། རང་བཞིན་གྱི་མ་གྲུབ་པའི་ཕྱིར་ཟེར། 

    དེ་ལ་ལན་ཞིག་གནོངས་རོགས།

  16. ལེགས་བཤད། says:
    2013-05-09 at 1:22 am

    དྲང་པོ་ལགས་ཀྱི་དྲི་བ་ལ་ལན་རོབ་ཙམ་ཕུལ་ན། གསལ་སྟོང་དེ་བདག་གི་ངོ་བོ་ཡིན་ཟེར་ན་ལན་ཇི་ལྟར་བརྒྱབ། དཔལ་ལྡན་ས་སྐྱ་བ་རྣམས་ཀྱི་ཕ་ཆོས་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཁུངས་གཏུགས་སའི་སློབ་བཤད་ནི་གསུང་ངག་ལམ་འབྲས་ཀྱི་སློབ་བཤད་ཁོ་ན་ཡིན་གསུངས། གསལ་བ་སེམས་ཀྱི་མཚན་ཉིད་དང་། སྟོང་བ་སེམས་ཀྱི་རང་བཞིན་ཡིན་ཞིང་། གསལ་བས་སྟོང་བ་མི་འདོར། སྟོང་བས་གསལ་བ་མི་འདོར་བ། གསལ་སྟོང་ཟུང་འཇུག་གམ་བརྗོད་བྲལ་འཛིན་མེད་དེ་ཉིད་གནས་ལུགས་མཐར་ལུགས་ཡིན་ལ། དེ་གཏན་ལ་འབེབས་ཚུལ་ལྷན་སྐྱེས་གསུམ་གྱིས་སེམས་ཐག་བཅད། ཉམས་སུ་བླངས་པའི་གནད་གསུམ་གྱིས་བོགས་བྱུང་། རྒྱུད་གསུམ་གྱིས་མཐར་ཐུག་པར་བྱེད་ཅིང་མདོར་བསྟན་ནས། དང་པོ་ལྷན་སྐྱེས་གསུམ་གྱི་འཇོག་ཚུལ་མ་དག་འཁོར་བའི་གནས་སྐབས་སུ་དེའི་ཁྱད་པར་གསལ་བ། སྟོང་པ། ཟུང་འཇུག་གསུམ་མ་རྟོགས་པའི་དབང་གིས་འཁོར་བའི་ཆོས་མཐའ་དག་འགྲུབ་པ་ཡིན་གསུངས་པ་ལྟར། དེ་འདྲའི་གསལ་སྟོང་དེ་བདག་མིན་ཀྱང་བདག་གི་ངོ་བོ་ཡིན་ཟེར་བ་ལ་འགལ་བ་ཅང་མི་འདུག་སྙམ། གང་ཡིན་ཟེར་ན། འཁོར་བ་འཁོར་མཁན་ནི་བདག་ཡིན་པ་དང་བདག་གི་ངོ་བོ་གསལ་སྟོང་ཟུང་འཇུག་ཏུ་གནས་པས་ན་འཁོར་འདས་ཀུན་གྱི་གཞིར་གྱུར་པ་གཉུག་སེམས་ཀྱི་ངོ་བོར་གནས་པས་སོ།།འོན་ཀྱང་ཆོས་ཐམས་ཅད་གསལ་སྟོང་ཡིན་མི་ཟེར་ཏེ། གོང་ནས་སེམས་གསལ་རིག་སྐབས་ཞུས་ཟིན་པ་ལྟར་གསལ་སྟོང་ནི་སེམས་ཀྱི་ཡོན་ཏན་དུ་གནས་པའི་ཕྱིར། ཕྱིའི་འབྱུང་བཞིའི་སྟེང་དུ་མི་འཇོག་ཏེ། ཉོན་མོངས་རླུང་དང་ཡི་གེ་རྩ་དང་ཁམས།།ཞེས་པ་འཁོར་བའི་ཆོས་འགྲུབ་པ་བདག་གམ་སེམས་ལ་རག་ལས་པས་སེམས་སྟེང་དུ་འཇོག་ཟེར་ན་འགྲིག་གམ་ལགས། །

  17. ལེགས་བཤད། says:
    2013-05-09 at 1:26 am

    ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་བའི་བདག་དེ་ཡོད་ཀྱང་དེའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་དེ་མེད་ཅེས་རྗེ་ཙོང་པས་གསུངས་སོ། །

  18. སྤོབས་པ་མཐའ་ཡས། says:
    2013-05-09 at 1:56 am

    ཀ་རྡོ་ལགས་ཀྱིས་སེམས་ཁྲ་བོ་གདག་ས་དེ་གཞན་འགྱུར་བཞི་ལ་གསུང་གི་ཡོད་པ་འདྲ། དེ་རེད་དམ།

  19. མེ་ཏོག་དཀར་པོ། says:
    2013-05-09 at 3:52 am

    འོ་འོ། ད་བདག་གཅིག་ཀྱང་རྙེད་འདུག

  20. ཀརྡོ་གཉེར་ཕྱག་པ་ says:
    2013-05-09 at 4:41 am

    ལགས་རེད། གཞན་འགྱུར་བཞི་དང་ཐེ་ཚོམ། སེམས་ལུང་མ་བསྟན་ཚང་མ་སེམས་ཁྲ་ཁྲ་འདྲ་བོ་རེད་སྙམ་ལགས།

  21. གནམ says:
    2013-05-09 at 6:41 am

    སྣ་དང་རྣ་བ། མྱིག་དང་ཚོར་བ་བཞི་ཉམ་པའི་ཕར་རོལ་ན་ཀླད་པ་ལས་ཤེས་བ་ཞིག་མེད་པ་རེད། དེ་ནི་སྟོང་ནག་ཆེན་མོ་ཡུལ་གྱི་ལུས་ཕུང་དེ་སྐྱེ་ཤིང་དང་གཅིག་པ་ཡིན་པ་རེད།

  22. ལེགས་བཤད། says:
    2013-05-09 at 8:02 am

    སེམས་ཀྱི་རྨོངས་བའི་ཆ་ཐམས་ཅད་སངས་པ་དང་། སེམས་ཀྱི་གསལ་བ་ཡོངས་སུ་རྒྱས་པས་ན་དེ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན་ལ། ཡང་ན་མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །

  23. ལེགས་བཤད། says:
    2013-05-09 at 8:04 am

    ཀརྡོ་ལགས། ཐེ་ཚོམ་ལ་སེམས་ཁྲ་ཁྲ་གསུང་དོན་ཅི་ལགས། ཐེ་ཚོམ་ནི་སེམས་བྱུང་སྟེ་བློ་རྩེ་གཉིས་པ་ཅན་མ་ཡིན་ནམ་ལགས།

  24. ལེགས་བཤད། says:
    2013-05-09 at 8:06 am

    ཀརྡོ་ལགས། སེམས་ལུང་མ་བསྟན་ཚང་མ་སེམས་ཁྲ་ཁྲ་འདྲ་བོ་རེད་སྙམ་ལགས། འོ་ན་འཆི་སེམས་ཕྲ་མོ་དེ་ཡང་སེམས་ཁྲ་ཁྲ་ཡིན་པར་འདོད་དམ་ལགས།

  25. ཐུ་བ་རྒྱ་མཚོ། says:
    2013-05-09 at 9:25 am

    སེམས། ཤེས་པ། རིག་པ། གསལ་རིག འོལ་གསལ། སངས་རྒྱས་པའི་རིགས། རྡུལ་དང་བྲལ་བ། དྲི་མ་མེད་པ། ཕར་དེད་ན་སེམས་ཞེས་པ་དེ་མཛུབ་མོ་འཛུགས་ས་གང་ཡང་མེད་པའི་སྐད་ཆ་མ་གེ་མོག་གེ་དང་། ཚིག་ར་བེ་རི་བེར་དེ་འདྲ་གང་མང་མང་གིས་སྙད་བཏགས་པའི་མིང་ཅིག་དང་།

    དོན་དངོས་ཐོག་ཤེས་པ་ཟེར་པ་དེ་ཀླད་པའི་ནུས་པ་དང་། མིག་གི་ནུས་པ། རྣ་བའི་ནུས་པ། སྣའི་ནུས་པ། ལྕེ་ཡི་ནུས་པ། ཚོར་པའི་ནུས་པ་བཅས་མ་གཏོགས་པའི་འགྲེལ་བཤད་གཞན་དག་ཕལ་མོ་ཆེ་རྣམས་ནི་འོལ་ཚོད་ཙམ་གྱི་ཚོད་དཔག་གི་ཁོངས་སུ་བཞག་ན་ཡག་ཤོས་རེད།

    ཉིན་མ་རེ་རེའི་གི་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་གཤིས་བཞིན་འགྱུར་ལྡོག་སྣ་ཚོགས་བྱུང་བ་ལྟར་སེམས་ཀྱི་རང་བཞིན་ཡང་དཔེ་དེ་དང་མཚུངས་ཞེས་ཟེར་ན་དེས་འཐུས་པ་ཅིག་རེད། གཞན་ཁོངས་འཁྱོལ་ལ་མ་འཁྱོལ་པའི་ངོས་འཛིན་དེ་ཚོ་ངལ་བའི་རྒྱུ་རུ་གྱུར་འདུག

  26. རྒད་པོ། says:
    2013-05-09 at 9:36 am

    དྲང་པོའི་མཆན་ལྟར་ན། འོ། ཕྱི་རྒྱལ་སློབ་མ་དེས། ས་སྐྱ་བ་ཚོ་ཏག་ཏག་བཟོས་འཚར་ཞག འཕངས་བ་ལ། 

  27. ལེགས་བཤད། says:
    2013-05-09 at 11:45 am

    ཐུ་བ་རྒྱ་མཚོ། ཤེས་པ་རྣམས་རྐྱེན་གསུམ་ལས་སྐྱེ་དགོས་པ་ཡིན། དམིགས་རྐྱེན་མེད་ན་ཤེས་པ་སྐྱེས་མི་ཐུབ། དཔེར་ན་གཉིད་ལོག་པའི་སྐབས་དང་མིག་བཙུམ་པའི་སྐབས་མིག་དབང་དང་ནུས་པ་ཡོད་ཀྱང་མིག་ཤེས་སྐྱེས་མི་ཐུབ་པ་བཞིན། རྟེན་མིག་དབང་གི་སྒོ་ནས་མིག་ཤེས་ཞེས་མིང་འདོགས་ཀྱང་རང་ཡུལ་མཐོང་བ་ལ་འགོག་རྐྱེན་དང་ཕྲད་ན་གཟུགས་འཛིན་ཤེས་པ་ཞིག་ཇི་ལྟར་སྐྱེས་ཐུབ། དཔེར་ན་སྔོན་འཛིན་མིག་ཤེས་དེ་རྐྱེན་གསུམ་གའི་འབྲས་བུ་ཡིན་ཡང་ལག་རྗེས་སོ་སོ་ནས་བཞག་དགོས་པ་ཡིན། སྔོན་པོའི་རྣམ་པར་སྐྱེས་པ་དེ་དམིགས་རྐྱེན་གྱི་ལག་རྗེས་ཡིན། གཟུགས་འཛིན་གྱི་སྒྲ་ལ་སོགས་པ་མི་འཛིན་པ་ནི་བདག་རྐྱེན་གྱི་ལག་རྗེས་ཡིན། གསལ་རིག་གི་ངོ་བོར་སྐྱེད་པ་ནི་དེ་མ་ཐག་རྐྱེན་གྱི་ལག་རྗེས་ཡིན་ལགས། །

  28. ལེགས་བཤད། says:
    2013-05-09 at 11:50 am

    ཕྱི་རྒྱལ་སློབ་མ་དེས། བདག་ཡོད་པར་ཐལ། རང་བཞིན་གྱི་མ་གྲུབ་པའི་ཕྱིར་ཟེར། མ་ཁྱབ་ཟེར་དགོས་པ་ཡིན། རང་བཞིན་གྱིས་མ་གྲུབ་པས་མེད་གོ་མི་ཆོད། བདག་ལ་དགག་བྱའི་བདག་དང་རྣམ་སྨིན་མྱོང་མཁན་གྱི་བདག་གཉིས་བཞག་ཆོག་ཏེ །སྔ་མ་མེད་ཅིང་ཕྱི་མ་ཡོད་པའི་ཕྱིར།

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-09 at 2:47 pm

    སློབ་དཔོན་ལེགས་བཤད་ཀྱིས་ལེགས་པར་བཤད་པའི་རྩོམ་ཡིག་བཀོད་པ་ལ་རྣམ་པར་དཔྱོད་པའི་བློ་གྲོས་མངའ་བ་མང་པོས་རྟགས་བསལ་འཕངས་པ་རྗེས་སུ་ཡི་རང་།

    སློབ་དཔོན་ལེགས་བཤད་ཀྱིས།
    “བྱེ་བྲག་སྨྲ་བས་བེམ་རིག་རྒྱུན་ཆད་འདོད་ཅིང་གྲུབ་མཐའ་གོང་མ་རྣམས་ཀྱིས་གསལ་རིག་གི་ཤེས་པའི་སྟེང་ནས་སྐྱེ་བ་སྔ་ཕྱིའི་ཤེས་པ་ལ་ཐོག་མ་དང་མཐའ་མའི་མཐའ་མེད་པར་འདོད་ཅིང་། མཐར་རྣམ་མཁྱེན་གྱི་སར་འགྲོ་རྒྱུ་ཡོད་པར་བཤད་པ་རེད།”
    བྱེ་བྲག་སྨྲ་བས་བེམ་རིག་རྒྱུན་ཆད་འདོད། ཅེས་པ་ན། སེམས་ཅན་ཞིག་དགྲ་བཅོམ་པའི་གོ་ཕང་ཐོབ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པ་ན། བེམ་རིག་རྒྱུན་ཆད་འདོད་པར་སེམས་ཤིང་། བྱེ་སྨྲའི་ལུགས་ལ་ཐེག་དམན་དགྲ་བཅོམ་པ་དང་། རྫོགས་པའི་སངས་རྒྱས་གཉིས་ལྷག་མེད་མྱ་ངན་ལས་འདས་པའི་དབྱིངས་ལ་ཞུགས་པ་ན་དེ་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་དམ་མེད་ཅེས་ཞུ་བ་ལགས་སོ།།

  30. མྱི་དཀར says:
    2013-05-09 at 7:39 pm

    ཐལ་འགྱུར་བས་རང་རིག་ཁས་ལེན་ནམ་མི་ལེན། གལ་སྲིད་ཁས་མི་ལེན་ན་མི་ལེན་དགོས་པའི་རྒྱུ་མཚན་གང་ཡིན་གསུངས་རོགས། ད་དུང་འགའ་ཞིག་གིས་ཐལ་འགྱུར་བས་ཀུན་གཞི་དང་ཉོན་ཡིད་ཁས་བླངས་ན་རྟག་པའི་ཤེས་པ་ཁས་ལེན་དགོས་པར་འགྱུར་ཞེས་གསུངས་འདུག རྒྱུ་མཚན་ནི་དེ་དག་གི་མཚན་ཉིད་འཇོག་སྐབས་དུས་རྟག་ཏུ་ཞེས་པའི་ཚིག་སྦྱར་བ་ཡོད་དེའི་མི་འགྲིག་པར་བཤད་འདུག་པ་འདི་ཡི་ཚུལ་གསལ་བཤད་ཡོད་པ་ཞུ། །

  31. ལེགས་བཤད། says:
    2013-05-09 at 11:08 pm

    རྒན་ལ་དྭགས་པས་བཀའ་དྲི་གནང་བར། བྱེ་སྨྲས་ཐེག་གསུམ་གྱི་དགྲ་བཅོམ་པ་ལ་ལྷག་བཅས་པས་ཁྱབ་པ་ཁས་ལེན་པས། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་མར་མེ་ཤི་བ་ལྟར་རིག་པ་རྒྱུན་ཆད་དུ་འདོད་པ་ལགས་ཞུ།

  32. ལེགས་བཤད། says:
    2013-05-09 at 11:34 pm

    མྱི་དཀར་ལགས་ཀྱི་དྲི་བ། ཐལ་འགྱུར་བས་རང་རིག་ཁས་ལེན་ནམ་མི་ལེན། གལ་སྲིད་ཁས་མི་ལེན་ན་མི་ལེན་དགོས་པའི་རྒྱུ་མཚན་གང་ཡིན་གསུང་རོགས། ཐལ་འགྱུར་པས་རང་རིག་ཁས་མི་ལེན་པ་ཡིན། སོར་མོས་རང་གིས་རང་ལ་མི་རེག་པ་དང་། རལ་གྲིས་རང་གིས་རང་མི་གཅོད་པ་དང་། མིས་རང་གིས་རང་གི་ཕྲག་པ་ལ་ཞོན་མི་ནུས་པ་ལྟ་བུར་ཡིན་པའི་ཕྱིར། ཤེས་པ་གང་ཡིན་ཡང་རང་ཡུལ་གསལ་བ་དང་རང་གི་ངོ་བོ་རང་གིས་གསལ་བའི་ཆ་གཉིས་འདུག་པས། རང་གི་ངོ་བོ་གསལ་བྱེད་ནི་རང་རིག་ཡིན་ནོ་ཞེས་གྲུབ་མཐའ་འོག་མ་དག་གིས་རིགས་པའི་སྒོ་དུ་མ་དང་བཅས་ཏེ་སྒྲུབ་པར་བྱེད་ཅིང་། །དེས་ན་ཤེས་པ་རང་གི་ངོ་བོ་གསལ་བྱེད་དེ་གང་ཡིན་བཏགས་དོན་བཙལ་ན་རྙེད་དགོས་པར་སྨྲ་ཕྱིན་ཆད་རང་རིག་ཁས་མི་ལེན་ཀ་མེད་བྱུང་བ་ནི་ཕྲ་བའི་རྟེན་འབྲེལ་འཇོག་ལུགས་མི་ཤེས་པའི་དབང་གིས་ཡིན་གསུངས། འོ་ན་ཤེས་པ་རང་གི་ངོ་བོ་གསལ་བྱེད་ལ་རང་རིག་མི་འཇོག་ཀྱང་རང་གི་སྣང་ཡུལ་དང་འཇུག་ཡུལ་གཉིས་ཚོགས་ལས། རང་གི་ངོ་བོ་སྣང་ཡུལ་ལ་མི་བསླུ་བ་དྲན་ཤེས་ཀྱི་ཡུལ་དུ་གསལ་བས་རང་གི་ངོ་བོ་གསལ་བྱེད་དུ་འཇོག་ལ། ཤེས་བྱ་ལ་བརྟེན་ནས་ཤེས་པ་དང་ཤེས་པ་ལ་བརྟེན་ནས་ཤེས་བྱ་བཏགས་པ་ལྟར་རིག་པ་ཙམ་ལ་གསལ་རིག་གི་ངོ་བོ་འཇོག་གི་ཡོད་པ་རེད། ཤེས་པ་རང་ཉིད་སྐྱེས་ཙམ་གྱིས་རང་གི་སྣང་བ་གསལ་བ་སྟེ་རང་གི་སྣང་བ་ལ་མངོན་སུམ་དུ་ཉིད་དུ་སྐྱེས་པས་ན་གསལ་བ་ཞེས་བྱ་ལ། ཡུལ་ལ་སྤུ་རིས་འབྱེད་ཅིང་ངེས་ཤེས་དངོས་སུ་འདྲེན་པས་ན་རིག་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུའི་གསལ་བ་དང་རིག་པའི་ཚོགས་པ་ལ་ཤེས་པ་ཞེས་པའི་ཐ་སྙད་འདོགས་པ་ཡིན། །དེའི་ཕྱིར་གསལ་བ་ཞེས་པ་ཤེས་པའི་རང་གི་ངོ་བོར་བསྟན་ནས། རིག་པ་ཞེས་པ་དེའི་བྱེད་ལས་བསྟན་ཅིང་རིགས་མི་མཐུན་སེལ་བྱེད་དུ་སྦྱར་བ་ཡིན།

  33. མྱི་དཀར says:
    2013-05-10 at 9:02 am

    ལེགས་བཤད་ལགས་སུ་ཡང་བསྐྱར་དོགས་ཞུ་ལ། ཤེས་པའི་སྟེང་གི་གསལ་བ་དང་རིག་པའི་ངོ་བོའམ་རང་བཞིན་འཇོག་དུས་བཏགས་དོན་བཙལ་ནས་རྙེད་མི་དགོས་ལ། གསལ་བ་དེ་རང་རིག་ལ་ཁས་བླངས་ཚེ་བཏགས་དོན་བཙལ་ནས་རྙད་དགོས་པར་ག་འདྲ་བྱས་ནས་འགྱུར་བ་རེད། ཤེས་པའི་ངོ་བོ་གསལ་བའི་ཆ་ནས་རང་རིག་འདོད་ཀྱང་དེ་བཏགས་དོན་བཙལ་ནས་རྙེད་མི་དགོས་སོ། །ཟེར་ན་དབུ་མ་པས་ལན་ག་རེ་འདེབས་ཀྱི་རེད།

  34. ལེགས་བཤད། says:
    2013-05-10 at 10:48 am

    རང་རྒྱུད་པ་མན་ཆད་ཀྱིས་ཆོས་གང་ཡིན་བཏགས་དོན་བཙལ་ན་བརྙེད་དགོས་པར་འདོད་ལ། ཐལ་འགྱུར་བས་བཏགས་དོན་བཙལ་ན་གང་ཡང་བརྙེད་རྒྱུ་མེད་པར་འདོད་དོ། །རང་རིག་འདོད་པ་དག་གིས་ཤེས་པ་རང་གི་གསལ་བྱེད་ལ་རང་རིག་འཇོག་པ་དང་། ཐལ་འགྱུར་བས། དཔེར་ན་མར་མེས་རང་ཡུལ་གསལ་བའི་ཆ་ནས་རང་གི་ངོ་བོ་གསལ་བ་འཇོག་པ་ལྟར་ཤེས་པས་རང་ཡུལ་ལ་ངེས་ཤེས་དངོས་སུ་འདྲེན་པས་ན་ཤེས་པ་རང་ཉིད་སྐྱེས་ཙམ་ནས་གསལ་རིག་གི་བདག་ཉིད་དུ་གྲུབ་པས་ཤེས་པ་རང་གི་ངོ་བོ་གསལ་བྱེད་གཞན་ཞིག་འཇོག་པར་མི་འདོད་དོ། །

  35. མྱི་དཀར says:
    2013-05-10 at 11:08 am

    དེང་དུས་ཐལ་འགྱུར་པས་རང་རིག་འདོད་ན་སྐྱོན་མེད་ཟེར་མཁན་དག་གིས་གོངགི་མཆན་སོ་གསུམ་ནང་བཀོད་པ་ལྟར་ཁས་ལེན་འཛིན་གྱི་འདུག

  36. ཀརྡོ་གཉེར་ཕྱག་པ་ says:
    2013-05-11 at 12:40 am

    ཐལ་འགྱུར་བའི་ལུགས་ལ་ཤེས་པ་ཡིན་ན་རང་གི་སྣང་བ་ལ་མི་སླུ་བ་ཡིན་པས་ཁྱབ་བམ། རང་གི་སྣང་བ་ལ་མི་སླུ་བ་ཡིན་ན། རང་ཡུལ་ལ་ཚད་མ་ཡིན་པས་ཁྱབ་བམ། རང་ཡུལ་ལ་ཚད་མ་ཡིན་ན། རང་ཡུལ་རིག་པས་ཁྱབ་བམ། རང་ཡུལ་རིག་པས་ཁྱབ་ན། རང་ཡུལ་རྟོགས་པས་ཁྱབ་བམ། སློབ་དཔོན་ལེགས་བཤད་ལགས། ལགས།

  37. མྱི་དཀར says:
    2013-05-11 at 9:06 pm

    མཁས་པ་ལེགས་བཤད་ལགས། ཐལ་འགྱུར་བའི་ལུགས་ལ་ཤེས་པ་ཡིན་ན་རང་གི་སྣང་བ་ལ་མི་བསླུ་བ་ཡིན་པས་ཁྱབ་པའི་ཁས་ལེན་དེ་བོད་སྔ་ཕྱི་གཉིས་ཀའི་ལུགས་ལ་འཐད་པ་ཨེ་རེད། ལན་གནང་བར་ཞུ། །

  38. མྱི་དཀར says:
    2013-05-11 at 9:11 pm

    འོ་ན་ཤེས་པ་རང་གི་ངོ་བོ་གསལ་བྱེད་ལ་རང་རིག་མི་འཇོག་ཀྱང་རང་གི་སྣང་ཡུལ་དང་འཇུག་ཡུལ་གཉིས་ཚོགས་ལས། རང་གི་ངོ་བོ་སྣང་ཡུལ་ལ་མི་བསླུ་བ་དྲན་ཤེས་ཀྱི་ཡུལ་དུ་གསལ་བས་རང་གི་ངོ་བོ་གསལ་བྱེད་དུ་འཇོག་ལ། འདི་ལའང་གསལ་བཤད་རྒྱས་ཙམ་ཞིག་གནང་རོགས།

  39. ལེགས་བཤད། says:
    2013-05-12 at 4:22 am

    ཀརྡོ་དང་མྱི་དཀར་གཉིས་ཀྱི་དྲིས་ལན། སྟག་ལོས། ཚད་མ་མེད་ཀྱང་ཆོས་ཐམས་ཅད་འཇོག་ཐུབ་གསུངས། མཁས་པ་ཁ་ཅིག་གིས། སོ་སྐྱེས་རྒྱུད་ལ་དུས་མཐའི་སྐད་ཅིག་མར་གྱུར་པའི་ཤེས་པ་མེད་དམ་སྙམ་ཏེ། ཡོད་ན་ཕལ་བས་དེའི་ཡུན་ལ་ཡུལ་རྟོགས་པའི་བྱ་བ་ཐུབ་པར་འགྱུར་བའི་ཕྱིར། གསུངས། མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་འཇོག། ཚད་མ་ལ་མི་བསླུ་པ་ཞེས་པའི་དོན། ཤེས་པ་གང་ཡིན་རུང་རང་མཚན་སྣང་བ་ལ་ལྟོས་ཏེ་མི་བསླུ་བ་མ་ཡིན་པར་རང་གི་འཛིན་སྟངས་ཀྱི་ཡུལ་གཙོ་བོ་ལ་གང་ཡིན་པ་དེ་ལ་མི་བསླུ་བ་ཡིན་པས་དེའི་ཆ་ནས་ཚད་མར་འཇོག་ཀྱང་རང་མཚན་སྣང་བའི་ཆ་ནས་འཁྲུལ་བར་འཇོག །ལོག་ཤེས་ཡིན་ཡང་རང་གི་སྣང་བ་དེ་ལ་མངོན་གྱུར་ཡིན་པས་མངོན་སུམ་ཚད་མ་ཡིན། རང་གི་ངོ་བོ་སྣང་ཡུལ་ལ་མི་བསླུ་བས་ཚད་མ་འཇོག་ལ། དྲན་ཤེས་ཀྱི་ཡུལ་དུ་གསལ་བར་བྱེད་པས་རང་གི་ངོ་བོ་གསལ་བྱེད་དུ་འཇོག་ལགས།

  40. མྱི་དཀར་ says:
    2013-05-12 at 5:30 am

    ལགས་སོ། །ལེགས་བཤད་ཀྱིས་ལེགས་བཤད་བསྩལ་བ་ཐུགས་རྗེ་ཆེ།

  41. ངེས་དོན་ཉི་མ་ says:
    2018-11-04 at 1:21 am

    ཤེས་པ་སྐད་ཅིག་དང་པོའི་རྒྱུ་གང་ཡིན། རང་གི་རང་མཐུན་ཡིན་དང་མི་མཐུན་ཡིན། རིགས་མཐུན་ན་སྐད་ཅིག་པོ་སྔོན་དུ་སྐད་ཅིག་མ་ཞིག་ཡོད་པར་ཐལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme