Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་ཡིན་ཚུལ།

Posted on 2013-04-232013-04-23 By ཁ་བརྡ་ 9 Comments on རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་ཡིན་ཚུལ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དེ་ཡང་སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་སྟེ། ༼ཞེས་པ་དེའང་ཅི་འགྱུར་གྱི་སྒོ་གནས་བརྟག་སྟེ། ཁྱེད་ཀྱིས་བྲིས་པ་ལྟར་དུ། (སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་)དེ་ཡིན་ན། བཀའ་སྡུ་གསུམ་པའི་སྐབས་སུ་ཉན་ཐོས་སྡེ་པ་བཅོ་རྒྱད་དུ་གྱེས་དགོས་པའི་རྒྱུ་མཚན་དེ་ཡང་མ་དྲན་པའི་ཕྱིར་ཏེ། སྡོམ་གསུམ་རབ་དབྱེ་ལས། ཉན་ཐོས་རྩ་བའི་སྡེ་བཞི་ལ། །འདུལ་བ་མི་རྣམ་བཞི་ཡོད། །སྐད་ཀྱང་ལེགས་སྦྱར་རང་བཞིན་དང༌། །ཟུར་ཆག་པ་དང་ཤ་ཟའི་སྐད། །རྣམ་པ་བཞི་རུ་གནས་པ་ཡིན། །དེ་ལས་གྱེས་པ་བཅོ་བརྒྱད་ལ། །འདུལ་བའི་དབྱེ་བའང་བཅོ་བརྒྱད་ཡོད། །དང་པོ་སྡོམ་པ་ལེན་པ་དང༌། །བར་དུ་བསྲུང་དང་ཕྱིར་བཅོས་དང༌། །སོ་སོར་ཐར་པ་འདོན་པ་དང༌། །ཐ་མར་སྡོམ་པ་གཏོང་བའི་ཚུལ། །སྡེ་པ་ཐམས་ཅད་མི་མཚུངས་པས། །གཅིག་གི་བཀག་པ་གཅིག་ལ་གནང༌། །གལ་ཏེ་སྡེ་པ་གཅིག་བདེན་གྱི། །དེ་ལས་གཞན་པ་བརྫུན་སྙམ་ན། །རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལྟར། །སྡེ་པ་ཐམས་ཅད་བདེན་པར་གསུངས། །དེ་དོན་རྒྱས་པར་སྡེ་པ་ནི། །ཐ་དད་བཀླག་པའི་འཁོར་ལོ་དང༌། །འདུལ་བ་འོད་ལྡན་ལ་སོགས་ལྟོས། །ཞེས་གསུངས་སོ།།༽

དེང་སང་ཡོངས་གྲགས་སུ་ཐེག་དམན་གྱི་མདོ་སྡེར་འབོད་པ་འདི་དག་ཙམ་ཡིན། དེ་དག་གི་ཁྲོད་དུ་སྐྱེས་པའི་རབས་དང༌། སྔོན་གྱི་བྱུང་བ་སོགས་ལ་སྒྲུང་གཏམ་གྱི་སླད་གཏན་ནས་མེད་པ་མིན་ཡང༌། གཞིའི་རྩའི་ཆ་ནས་སྟོན་པ་ཉིད་ཀྱི་སྐུ་ཚེ་ལོ་རྒྱུས་དང༌། མཛད་པ་ཕྲིན་ལས་སོགས་དངོས་ཡོད་དང་ཐག་ཉེ་པོ་ཞིག་འཁོད་ཡོད། ༼ཅེས་པའི་(སྐྱེས་པའི་རབས་དང༌། སྔོན་གྱི་བྱུང་བ་སོགས་ལ་སྒྲུང་གཏམ་གྱི་སླད་)པ་མ་ཡིན་ཏེ། གལ་སྲིད་དེ་རྣམས་ལ་སྒྲུང་གཏམ་གྱི་ལྷད་ཡོད་པར་རྩི་ན། ནུབ་ཕྱོགས་རྒེ་རི་སེའི་མེས་པོའི་བློ་གྲོས་དང༌། སྙིང་སྟོབས་དེ་ཙམ་དུ་མའང་བའི་སྔོན་གི་བྱུང་ལོ་རྒྱུས་ཐམས་ཅད་ཀྱང་སྒྲུང་གཏམ་གྱི་མ་སླད་པ་ཞིག་ཡེ་མི་སྲིད་པར་ཐལ་བའི་ཉེས་པའང་ཟློག་ཏུ་མེད་པ་ཞིག་བབ་བོ།།༽

སྟོན་པ་ཉིད་ཞལ་བཞུགས་པའི་དུས་ཀྱི་སློབ་མའི་གཙོ་བོ་མཆོག་ཟུང་དང༌། ཉན་ཐོས་འོད་སྲུང་ཆེན་པོ་སོགས་དང༌། མྱ་ངན་ལས་འདས་ནས་བསྟན་པའི་གཏད་རབས་བདུན་ལ་སོགས་༼ཞེས་པ་དེར་ནི། ཟློས་སྐྱོན་དུ་ཤོར་བའི་ཚིག་དུམ་ཞིག་ཀྱང་མངོན་ལ། ཁོང་རྣམ་པས༽བསྟན་པ་སྐྱོང་བའི་སྐབས་སུ་ཡང་ཐེག་ཆེན་གྱི་གྲགས་འགུལ་ཅི་ཡང་མེད། ༼ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་མཇུག་ཟླུམ་མཛད་པ་ནི། དུད་འགྲོ་ཞར་བའི་རྩྭ་བཟའ་བ་དང་སྒོ་ཀུན་ནས་མཚུངས་པ་ཡིན་ཏེ། མངོན་པ་མཛོད་ཀྱི་གནས་བདུན་པ་ཡེ་ཤེས་བསྟན་པའི་སྐབས་ལས། གནས་དང་གནས་མིན་ཤེས་པ་བཅུ། །ལས་འབྲས་ལ་བརྒྱད་བསམ་གཏན་སོགས། །དབང་པོ་མོས་དང་ཁམས་ལ་ནི། །དགུ་འོ་ལམ་དག་ལ་བཅུ་འམ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །ཟད་པ་དྲུག་གམ་བཅུ་ཡིན་ནོ། །སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ལྷག་མ་ནི། །ས་རྣམས་ཀུན་ན་ཅི་ཡི་ཕྱིར། །འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། །སྐུ་ལ་སྲེད་མེད་བུ་ཡི་སྟོབས། །གཞན་དག་ཚིགས་ན་གླང་ཆེན་སོགས། །བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །ཞེས་པ་ནས། རིགས་དང་སྐུ་བོང་ཚོད་ཀྱིས་མིན། །ཞེས་པའི་བར་གསུངས་པ་དེ་ནི། ཉན་ཐོས་ཁོ་རང་ཚོའི་འདོད་པ་ལྟར་དུ་བཀྲལ་བའི་གཞུང་ལས་གསུངས་པ་ཡིན་ལ།
དེའི་ཁུངས་གཏུག་སའི་སྡེ་སྣོད་རྣམས་ནི། སྟོན་པ་ཉིད་ཞལ་བཞུགས་པའི་དུས་ཀྱི་སློབ་མའི་གཙོ་བོ་མཆོག་ཟུང་དང༌། ཉན་ཐོས་འོད་སྲུང་ཆེན་པོ་སོགས་དང༌། མྱ་ངན་ལས་འདས་ནས་བསྟན་པའི་གཏད་རབས་གཞན་རྣམ་པས་བསྟན་པ་སྐྱོང་བའི་སྐབས་སུ་ཡང༌། འཆད་ཉན་མཛད་པ་ཞིག་ཡིན་པར་བརྟེན། སྐབས་དེ་དུས་ཀྱི་ཉན་ཐོས་ཆེན་པོ་རྣམས་ཀྱི་ཐེག་ཆེན་གྱི་ལམ་ཞིག་ལོགས་སུ་ཡོད་ཀྱང༌། གདུལ་བྱ་ཕལ་ཆེ་བའི་མོས་དབང་དང་བསྟུན་ཏེ་ཡོངས་གྲགས་སུ་མ་བྱས་པའམ། ཡང་ན་ཁོང་རྣམས་པའི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་དགྲ་བཅོམ་པའི་ཡོན་ཏན་ལས་ལོགས་སུ་གྱུར་པ། དགྲ་བཅོམ་ཆེན་པོའམ་སངས་རྒྱས་དེ་ལ་ཡོན་ཏན་ལྷག་པོར་དུ་གྱུར་པ་དེ་ལྟ་བུ་ཞིག་ཐོབ་རྒྱུ་ཡོད་ཅེས་ཤཱཀྱ་ཐུབ་པ་སྐུ་དངོས་ཀྱི་ཞལ་དྲོན་པོ་ནས་གསུང་པ་དེ། དངོས་སློབ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་དུས་དེའི་ཚེར་ཐོས་ཞིང༌། བརྒྱུད་སློབ་རིམ་བྱོན་རྣམས་ཀྱིས་ཀྱང་འཆད་ཉན་གྱི་རྒྱུན་ད་ལྟའི་བར་ཡོད་བཞིན་དུ། དེ་ཐོབ་བྱེད་ཀྱི་ལམ་དེ་ཇི་ལྟ་བུ་ཞིག་ཡོད་སྙམ་པའི་དོགས་པ་ཙམ་ཡང་མ་བྱུང་བའམ། སྣང་མེད་དུ་བཞག་པ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་མི་བྱུང་ཐབས་མེད་ཅིག་ཡིན་ལ། ཁོ་བོའི་བསམ་ཚོད་ལ་ནི། སྐབས་དེའི་མངོན་པ་མཛོད་ཀྱི་རྒྱབ་བརྟེན་དུ་གྱུར་པའི་སྡེ་སྣོད་ཀྱི་རྗོད་བྱ་དང་བརྗོད་བྱེད་ཐམས་ཅད་ནི། ཉན་ཐོས་ཀྱི་ལམ་དང་འབྲས་བུ་ལས་ཁྱད་པར་དུ་འཕགས་པའི་ལམ་ཞིག་བསྟན་ཡོད་པ་དེ་ནི། ཐེག་པ་ཆེན་པོའི་ལམ་དེ་ཡིན་པ་ནི་སྙོན་མེད་དུ་གྲུབ་བོ།།༽

རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། དབྱིན་ཡིག་གི་གུག་རྟགས་()འདིའི་ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།

རྩོམ་རིག

Post navigation

Previous Post: སྒྲུང་རྩོམ་གང་གང་ཡོད་དམ།
Next Post: བཞུད་ཟིན་པའི་རྩོམ་རིག་གི་ལམ་བུར་ཕྱིར་མིག

Comments (9) on “རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་ཡིན་ཚུལ།”

  1. མེ་ཏོག་དཀར་པོ says:
    2013-04-23 at 2:11 am

    རྩོམ་མིང་བཀླགས། རྩོམ་མི་ཀློག
    རྩོམ་མིང་ལྟར་དྲི་བ་ཡོད། ཐེག་ཆེན་སྡེ་སྣོད་སུས་བྲིས་པ་རེད། ཀླུ་སྒྲུབ་ཡིན་ན་ཁོང་སྟོན་པ་ལས་ལྷག་པ་རེད་འདུག དེ་ཙམ་ཁྱོད་ཀྱིས་ཉག་ཉོག་མང་པོ་བྲིས་པའི་རིན་དུའོ།།

  2. མེ་ཏོག་དཀར་པོ says:
    2013-04-23 at 2:12 am

    རྩོམ་མིང་བཀླགས། རྩོམ་མི་བཀླག
    རྩོམ་མིང་ལྟར་ན་དྲི་བ་འདི་ཡོད། ཐེག་ཆེན་སྡེ་སྣོད་སུས་བྲིས་པ་རེད། ཀླུ་སྒྲུབ་ཡིན་ན་ཁོང་སྟོན་པ་ལས་ལྷག་པ་རེད་འདུག དེ་ཙམ་ཁྱོད་ཀྱིས་ཉག་ཉོག་མང་པོ་བྲིས་པའི་རིན་དུའོ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-04-23 at 2:42 am

    དང་པོ་ཉན་ཐོས་ཀྱི་སྒྲ་བཤད་ཤེས་དགོས། ཐེག་པ་ཆེན་པོའི་ཆོས་རང་གིས་(ཉན་)ནས། རང་གི་ཉམས་ལེན་མ་བྱས་པར་གཞན་དག་ལ་(ཐོས་)པའི་ཕྱིར་དུ་སྒྲོགས་པས་ན། ཉན་ཐོས་ཟེར།
    ཐེག་པ་ཆེན་པོའི་ཆོས་སངས་རྒྱས་ཀྱིས་གསུངས་མེད་ན། ཉན་རང་དགྲ་བཅོམ་དང་། སངས་རྒྱས་གཉིས་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཁྱད་པར་ཡོད་པར་འདོད་པ་འདི་ནི་རང་གི་ནང་འགལ་ཆེན་པོ་རེད་དོ། །

  4. རི་རྒྱལ་ཏི་སེ། says:
    2013-04-23 at 8:33 am

    ཐེག་པ་ཆེན་པོའི་ཆོས་རང་གིས་(ཉན་)ནས། རང་གི་ཉམས་ལེན་མ་བྱས་པར་གཞན་དག་ལ་(ཐོས་)པའི་ཕྱིར་དུ་སྒྲོགས་པས་ན། ཉན་ཐོས་ཟེར། ཞེས་པ་དེ། ཉན་ཐོས་ཁོ་རང་ཚོའི་ལུགས་ཀྱི་གཞུང་ལུགས་ལས་གསུང་པ་ཞིག་ཡིན་ནི་གཞུང་དེའི་མཚན་དང༌། ཚིགས་རིས་ཇི་མ་ཇི་བཞིན་སྟོན་དགོས་པར་སེམས་ལ། ཐེག་ཆེན་པས་སྒྲ་བཤད་དེ་ལྟར་དུ་རྒྱག་པ་ཙམ་གྱིས་དེའི་ལུགས་ལ་ཁས་ལེན་དགོས་པའི་སྒྲུབ་བྱེད་ཀྱང་ཅི་འགྱུར་བརྟག་དགོས་སོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-04-24 at 12:12 am

    བརྒྱད་སྟོང་པའི་ནང་གི་གླེང་གཞིའི་ཤོག་ལྷེ་དང་པོ་དང་གཉིས་པའི་ནང་ལ།
    ་་་་་་་་་་ བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་གོ ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱསཔ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཟ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །་་་་་་་་་་་་་ འདི་ཚར་གཅིག་བཀླགས་ནས་དགོངས་བཞེས་ཅིག་གནོངས་དང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-04-24 at 5:41 am

    ཡང་། དགྲ་བཅོམ་པ་དང་། དགྲ་བཅོམ་པ་ཆན་པོ་གཉིས་ལས། སྔ་མ་དེ། རྒྱུ་རྐྱེན་ལས་སྐྱེས་ཀྱང་། ཕྱི་མ་གཅིག་ཤོས་དེ་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་སྨྲ་འདོད་དམ།

  7. བན་དེ་བ། says:
    2013-04-24 at 5:58 am

    རྒན་ཀརྡོ་ལགས།
    བྱ་བ་བྱས་པ། བྱེད་པ་བྱས་པ་་་་་་ཞེས་པ་སངས་རྒྱས་ཀྱི་ཡོན་ཏན་དུ་བསྟན་འདུག་པས་དེ་ཡི་དོན་གང་ཡིན་ནམ།

  8. རི་རྒྱལ་ཏི་སེ། says:
    2013-04-24 at 6:15 am

    ཐེག་ཆེན་གྱི་བཀའ་རྣམས་རྒྱལ་བའི་བཀའ་ཡིན་པར་སྒྲུབ་དགོས་ན། ཉན་ཐོས་པ་རང་ཉིད་ལ་གྲགས་པའི་བཀའ་བསྟན་ལས་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། དེའི་སྟེང་ནས་སྒྲུབ་དགོས་ཀྱི་རེད་མ་གཏོོགས། དགྲ་ཤར་ལ་བཞག །གཏོར་མ་ནུབ་ལ་འཕངས་པ་ཡིན་ན་ནི། ཕྱོགས་སྔའི་ནམ་མ་ལང་པར། འགག་བཞག་གི་ཉི་ཤར་ཞེས་པའི་དཔེ་དེའི་དོན་དང་མཚུངས་པར་སེམས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-24 at 6:24 am

    རྟ་མཆོག་གིས་རྒྱུག་རྩལ་བྱས་ཟིན་པ་དང་། གླང་པོ་ཆེའི་ལས་ཀ་ལྕི་མོ་གཞན་གྱིས་འཁུར་མི་ཐུབ་པ་དག་བྱས་ཟིན་དུས། མི་རྣམས་ཧང་སང་སྟེ། ལྟད་མོ་བལྟས་ནས་འདོད་པ་ལྟར། དགྲ་བཅོམ་པ་དེ་དག་ཀྱང་རང་གི་དོན་བྱས་ཟིན་པ་བསྟན་པ་དང་།
    ཡང་སངས་རྒྱས་ལ་སྦྱར་ན་ཡང་། བྱ་བ་བྱས་པ་ནི། རང་གཞན་གྱི་དོན་བྱས་ཟིན་པ་དང་། བྱེད་པ་བྱས་པ་ཡང་། རང་གཞན་གྱི་དོན་བྱེད་མཁན་ཅིག་ཆགས་ཟིན་པ་བསྟན་པ་མིན་ནམ་སྙམ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme