Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་སྙན་ངག

Posted on 2013-04-12 By ཁ་བརྡ་ 21 Comments on ང་དང་སྙན་ངག

པཀྵི

སྙན་ངག་མ་བྲིས་མི་ལོ་མང་དུ་ཐལ།།
སྙན་ངག་མ་བཀླགས་ལོ་ཡི་ཕྲེང་བ་འགོར།།
སྙན་ངག་འབྲི་དུས་དགོས་པའི་ཡིད་འགྱུ་བོར།།
སྙན་ངག་ཀློག་དུས་ཡོད་པའི་ཚོར་བ་ཉམས།།

སྙན་ངག་འབྲི་བསམ་གློག་ཀླད་མདུན་དུ་འཐེན།།
སྙན་ངག་མ་ཡོང་གློག་ཀླད་ཕར་ལ་དེད།།
སྙན་ངག་བཙུར་ནས་མི་ཡོང་རེ་ཐག་ཆད།།
སྙན་ངག་བཙན་གྱིས་མི་ཕྲིས་ངེས་ཤེས་རྙེད།།

སྙན་ངག་བློས་བསླངས་བྱེད་ཚུལ་དྲན་པར་མེད།།
སྙན་ངག་སྙན་མོའི་ཚིག་ལ་བརྒྱུས་མ་ཤེས།།
སྙན་ངག་ཚོར་བའི་ཀློང་དུ་བསྟིམ་མ་ཐུབ།།
སྙན་ངག་འགྱུ་བག་དབྱིངས་སུ་སྤུར་མ་ནུས།།

སྙན་ངག་ཉམས་དང་འགྱུར་བར་ཨེ་འདྲོང་བལྟས།།
སྙན་ངག་མ་འདྲོང་ར་བཟིའི་བྲོ་ལྟར་གྱུར།།
སྙན་ངག་ཆུ་བཞིན་སེམས་ནས་ཨེ་བཞུར་དྲན།།
སྙན་ངག་མ་བཞུར་འདམ་ཆུ་བཞིན་དུ་འགག།

སྙན་ངག་དེ་ལ་སྲོག་ཅིག་ཨེ་རྙེད་དྲན།།
སྙན་ངག་སྲོག་དེས་ལུས་ཤིག་ཨེ་ལོན་བལྟས།།
སྙན་ངག་ལུས་ལ་རྒྱན་ཞིག་ཨེ་ཐོགས་བསམ།།
སྙན་ངག་རྒྱན་ལ་ཉམས་འགྱུར་ཨེ་ཐོན་སྙམ།།

སྙན་ངག་སྤྲིན་པའི་ཀློང་ནས་ལེན་དུ་རེ།།
སྙན་ངག་རུམ་ནས་སྤྲིན་པ་རྒྱང་དུ་བཞུད།།
སྙན་ངག་ཟླ་བའི་ཞལ་ནས་འཐུ་ན་བསམ།།
སྙན་ངག་ཟླ་བ་ཆུ་མོའི་གཞུང་ལ་ཐིམ།།

སྙན་ངག་ཁུ་བྱུག་ངག་ལས་བྲིས་ན་བསམ།།
སྙན་ངག་མ་ཕྲིས་ཁུ་བྱུག་མོན་དུ་ལོག།
སྙན་ངག་རྨ་བྱའི་སྒྲོ་ལས་རྙེད་ན་བསམ།།
སྙན་ངག་མ་རྙེད་ལྷོ་འབྲུག་གཉིད་དུ་ཡུར།།

སྙན་ངག་རི་བོའི་རྩེ་ནས་མཐོང་ན་བསམ།།
སྙན་ངག་མ་མཐོང་རི་རྩེ་སྤྲིན་པས་བསྒྲིབས།།
སྙན་ངག་རི་བོའི་འདབས་ནས་རིག་ན་དྲན།།
སྙན་ངག་མ་རིག་རི་འདབས་སྨུག་པས་བཟུང་།།

སྙན་ངག་བརྩེ་བ་ཟབ་མོའི་ཀློང་དུ་བཙལ།།
བརྩེ་བའི་བདག་མོ་རྒྱང་རིང་ཡུལ་དུ་ལུས།།
སྙན་ངག་དྲན་ཤིང་རྣོན་པོའི་རྩེ་རུ་བཙལ།།
དྲན་པའི་སྙིང་སྡུག་གཞན་གྱི་བདག་མོར་གྱུར།།

སྙན་ངག་གངས་དཀར་རི་བོའི་མདངས་ལ་རེ།།
གངས་དཀར་རི་བོའི་རང་མདངས་དམར་པོར་གྱུར།།
སྙན་ངག་གངས་དཀར་ཕྲེང་བའི་སུལ་ན་བསམ།།
གངས་དཀར་རི་བོའི་རི་སུལ་མུན་པས་བསྒྲིབས།།

སྙན་ངག་ཨ་མའི་བྱམས་བརྩེའི་ཀློང་ན་དྲན།།
ཨ་མའི་བྱམས་བརྩེ་བསྣམས་ནས་གཏན་དུ་བཞུད།།
སྙན་ངག་ཨ་ཕའི་ལར་ཞེན་དབུས་ན་བསམ།།
ཨ་ཕས་་ལར་ཞེན་འཁུར་ནས་གཏན་དུ་གྱེས།།

སྙན་ངག་སྐྱིད་སྡུག་འཚོ་བའི་ནང་དུ་བཙལ།།
སྐྱིད་སྡུག་འཚོ་བའི་ཁ་དོག་མོག་པོ་ཉིད།།
སྙན་ངག་དགའ་སྡུག་ཚོར་བའི་ཀློང་ནས་བཙལ།།
དགའ་སྡུག་ཚོར་བའི་འགྱུ་བག་དལ་མོར་གྱུར།།

སྙན་ངག་བཙལ་ནས་ནམ་མཁའི་དབྱིངས་སུ་འཕུར།།
སྙན་ངག་བཙལ་ནས་རྒྱ་མཚོའི་ཀློང་དུ་འཁྱམས།།
སྙན་ངག་བཙལ་ནས་དོག་མོའི་ས་གཞི་འགྲིམས།།
སྙན་ངག་མ་རྙེད་སྐྱོ་བའི་གླུ་འདི་ཤོར།།

སྙན་ངག་དང་ཁ་བྲལ་ནས་མི་ལོ་བཅུ་ཕྲག་ལྷག་སོང་རྗེས་ཀྱི་དེ་རིང་ཚོར་བ་ཞིག་གིས་སླར་ཡང་སྙན་ངག་ཅིག་འབྲི་འདུན་ཤར་ཏེ།  གློག་ཀླད་སྟེང་ཅི་ཞིག་འབྲི་དགོས་བསམ་ནས་ཡུན་རིང་བསྡད་ནའང་། སེམས་ལ་ཅི་ཞིག་ཇི་ལྟར་འབྲི་དགོས་མིན་གྱི་སྐྱ་རིས་ཙམ་ཡང་མ་འཆར་བ་ལ་བརྟེན་ནས་རང་དགར་འུ་ཐུག་གི་གླུ་འདི་ཁ་ལས་ཐལ་ལོ།།

སྙན་ངག

Post navigation

Previous Post: གློ་བུར་གྱི་དྲན་སྣང་ཐར་ཐོར།
Next Post: སྐྱབས་འགྲོའི་བློ་ཤུཊ་ཇི་ཙམ་ཆེ་ན་བྲན་གཡོག་གི་འདུ་ཤེས་ཆེ་བའི་སྐོར།

Comments (21) on “ང་དང་སྙན་ངག”

  1. མེ་ཏོག་དཀར་པོ། says:
    2013-04-12 at 9:30 am

    བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་

  2. Gedun says:
    2013-04-12 at 10:13 am

    གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་གྱིས་བོད་ནང་གི་མཚར་གཏམ་ཞིག་འདི་ལྟར་བཤད་བྱུང་། ཟི་ལིང་ན་བོད་ཀྱི་གཞོན་སྐྱེས་ཤིག་ཡོད་པ་དང་། ཁོང་གིས་སྙན་ངག་མ་བྲིས་པར་ཡུན་རིང་འགོར། དེ་ནས་ཁོང་གིས་རང་གིས་གྲོགས་པོ་ཞིག་ལ། “དཀོན་མཆོག་གསུམ། ད་སྙན་ངག་མ་བྲིས་པར་ཟླ་བ་གཅིག་འགོར་སོང་། དེ་རིང་ང་ཁྱིམ་ལ་སོང་ནས་ དཀོན་མཆོག་གསུམ། སྙན་ངག་ཅིག་འབྲི་དགོ་གི་” ཞེས་བཤད་པ་རེད་ཟེར།

  3. པཀྵི says:
    2013-04-12 at 2:20 pm

    མེ་ཏོག་དཀར་པོ་བདེན། བཙུར་ནས་བཙིར་ལ་བཟོ་བཅོས་འཚལ།

  4. པཀྵི says:
    2013-04-12 at 2:23 pm

    ཧ་ཧ་ཧ། ཟླ་གཅིག་ཅི་ཡང་མ་རེད། ང་༩༩ལོ་ནས་བཟུང་སྙན་ངག་དང་རྦད་དེ་བྲལ་བ་རེད། གང་ལྟར་དགེ་རབ་ཕེབས་པ་ཐུགས་རྗེ་ཆེ།

  5. གནམ says:
    2013-04-13 at 5:12 am

    ལོ་ཡི་འཕྲེང་འགོར་བ་ཡིན་ན། ག་ཚོད་ཅིག་འགོར་བ་རེད་ཟེར་གི་ཡོད་པ་རེད།

  6. ཆབ་བྲག་ཕོ་ཉ། says:
    2013-04-13 at 6:13 am

    སྙན་དངགས་ལ་དུངས་མཁན་ཞིག་གི་ངོས་ནས་ལོ་བཅུ་ལྷག་ལ་སྙན་དངགས་མ་བྲིས་པ་འདི་དཔེར་ན། རང་ཉིད་ཀྱི་དགའ་མ་ལ་ལོ་བཅུར་དགའ་མགུར་མ་སྤྱད་དང་མི་འདྲའམ། སྡིག་པ་ལྕིའོ། འགྱོད་བཤགས་ཀྱིས་དུས་ཚོད་ཁ་གསབ་བྱོས་ཤིག་་་་་་་་་་་་་

  7. པཀྵི says:
    2013-04-13 at 6:53 am

    གནམ་ལགས། ལོ་ཡི་ཕྲེང་བ་གོང་དུ་བཀོད་པ་ལྟར་རེད། ༩༩ ལོ་ནས་ད་ལྟའི་བར་དུ་རེད།

  8. པཀྵི says:
    2013-04-13 at 6:55 am

    ཆབ་བྲག་ལགས་ཐུགས་རྗེ་ཆེ། ཐུབ་ཚོད་ཀྱིས་ཆུ་ཚོད་ཁ་གསབ་བྱེད་ངེས་ཡིན།

  9. ཆབ་བྲག་ཕོ་ཉ། says:
    2013-04-13 at 7:06 am

    མཛའ་མོ་བདག་འཛིན་མ་ཐུབ། སྙན་དངགས་བདག་གཅེས་མ་ཐུབ། ལས་ངན་རེད།
    ད་ཅི་ཞིག་ཐོབ་ཡོད། ཐོབ་ཤོར་གྱི་ཡང་ལྕི། ཞེས་པ་ཞིག་འབྲི་རྒྱུ་ཡོད་དམ།
    ད་དགའ་མ་ཕྱིར་མ་ཁུག་ན་ཡང་སྙན་དངགས་ཡོང་རྒྱུའི་ཚུགས་ཀ་ཡོད་གི རེ་བ་ཡོད། སྙན་དངགས་པ་མ་གཤེགས་གོང་ནས་སྙན་དངགས་ཤི་སོང་ན་བོར་སོང་ན་འདི་ངོ་མ་ཕངས་སོ།
    རྩོམ་དགའ་སུ་དང་སུ་ཡིན་ན། དེང་སང་གློག་ཀླད་ཅིག་གི་ཆ་རྐྱེན་ལོས་རག རྩོམ་ཡིག་འབྲི་རོགས། འབྲི་མ་ཐུབ་ན་ཡང་ཀློག་རོགས།
    དེ་སྔོན་ས་རཱ་མཐོ་སློབ་ནས་ཡོང་བའི་སློབ་བུ་རེ་བ་ཅན་མང་པོ་ཞིག་ཀྱང་དེང་སང་ལག་པ་ཞ་སོང་ནས་ན་་ངག་ལྐུགས་སོང་ནས་ན་་་གྲག་རྒྱུ་ཞིག་མེད་ཀི ངོ་མ་ཕངས་ན་ཞིག་རེད།

  10. གནམ says:
    2013-04-13 at 7:51 am

    དེ་ན་ཉི་མའི་ཕྲེང་བ་དང་ཟླ་བའི་ཕྲེང་བ། དུས་ཀྱི་ཕྲེང་བ་དང་སྐར་ཆའི་ཕྲེང་བ། སྐལ་བའི་ཕྲེང་བ་དང་གཟའ་དྲུག་གི་ཕྲེང་བ། སྟོང་ལོའི་ཕྲེང་བ་དང་སྐལ་ཆེན་གྱི་ཕྲེང་བ། སྐད་ཅིག་མའི་ཕྲེང་བ་དང་གྲངས་མེད་ཀྱི་ཕྲེང་བ་ཟེར་བ་དེ་འདྲ་བྲིས་ན་ག་འདྲ་ཡོད་པ་རེད།

  11. ཀླུ་སྨྱོན། says:
    2013-04-13 at 7:55 am

    ཟས་བཅད་ནས་ཉི་མ་གཅིག་ལ་སྡོད་ཐུབ། ཡིན་ཡང་སྙན་ངག་མ་བྲིས་པའམ་སྙན་ངག་གི་སྐོར་ལ་བསམ་བློ་མ་བཏང་བར་ཉི་མ་གཅིག་ལ་ཡང་སྡོད་ཐབས་བྲལ།

  12. པཀྵི says:
    2013-04-13 at 10:56 am

    གནམ་ལགས། ཕྲེང་བ་སྐབས་འདིར་མང་པོའི་དོན་ལ་གོ་དགོས་པ་རེད། ལོ་ཡི་ཕྲེང་བ་ཟེར་ན་ལོ་མང་པོ་ཟེར་བ་རེད། དེ་བས་ཉི་མའི་ཕྲེང་བ་ཟླ་བའི་ཕྲེང་བ་ཟེར་ནའང་ཉི་མ་མང་པོ་དང་ཟླ་བ་མང་པོ་ལ་གོ་བས་དེ་ལྟར་འབྲི་ཆོག་པ་རེད་ལགས།

  13. པཀྵི says:
    2013-04-13 at 11:10 am

    ཧ་ཧ་ཧ། ཆབ་བྲག་འདིའི་ཁ་ཚ་ནོ་ལྟོས། བདེན་པ་རེད། ཅི་ཞིག་སྦྱངས་སྦྱངས་ནས་གཡུག་བཞག་ན་མ་སྦྱངས་པ་དང་གཅིག་པ་ཆགས་སོང་བས། མུ་མཐུད་རྒྱུ་གལ་ཆེན་པོ་རེད། ང་ལ་མཚོན་ན་ད་སྙན་ངག་ཅི་འདྲ་ཞིག་འབྲི་ཐུབ་མིན་མི་ཤེས་ནའང་། དཔེ་ཀློག་གི་ཞོར་ནས་རྩོམ་ཡིག་ཐར་ཐོར་རེ་མུ་མཐུད་འབྲི་འདུན་ཡོད་ལགས། ཉིད་ཀྱི་སློབ་བུ་དག་ལའང་སྐབས་རེར་འབོད་སྐུལ་འདི་འདྲ་ཞུ་ཐུབ་ན་ཟང་ཟིང་གི་འཚོ་བའི་ཁྲོད་ནས་རྩོམ་རིག་གི་དགའ་མའི་སར་སླར་ལོག་རྒྱུའི་རེ་བ་ཡོད་པ་རེད། གང་ལྟར་གཞེན་སྐུལ་ལ་ཐུགས་རྗེ་ཆེ།

  14. པཀྵི says:
    2013-04-13 at 11:29 am

    ཀླུ་སྨྱོན་ལགས་ཕེབས་པ་བཟང་། གསུངས་དེ་ཁྱེད་ལ་མཚོན་ན་ཧ་ཅང་བདེན་པ་རེད། ལྷོ་ཕྱོགས་ཀྱི་འཚོ་བ་སྐྱ་བོ་དེའི་ནང་དུའང་ངས་ཉིད་ཀྱིས་ནམ་ལངས་ནས་ས་མ་རུབ་བར་དུ་ཅིག་བྲིས་ནས་སྡོད་པ་ད་དུང་དྲན་སོས་ཀྱི་འདུག བྲིས་པ་ལྟར་བྱང་ཆའང་སླེབས་འདུག་འདུག་པས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་གསུངས་པ་ཐུགས་ལ་བརྣགས་ནས་་མུ་མཐུད་འབྲི་རྒྱུའི་རེ་བ་ཡོད་ལགས། སྙན་ངག་གི་ཆ་ནས་ངས་ཀླུ་སྨྱོན་ལགས་ནི་དེང་དུས་ཀྱི་ནག་མོ་ཁོལ་རེད་ཟེར་གི་ཡོད། ངོ་མ་བཤད་པ་ཡིན། ཁ་ཡག་ངོ་དགའ་བཤད་རྒྱུར་ང་མི་དགའ། བཟང་བོར་གཟེངས་བསྟོད་དང་ངན་པར་སྐྱོན་བརྗོད་བྱེད་རྒྱུ་དེ་མི་དྲང་མོ་ཞིག་གི་ལས་དཀའ་རེད། ཐུགས་རྗེ་ཆེ།

  15. དཀར་མཛེས་གངས་ཕྲུག་ says:
    2013-04-13 at 11:48 am

    སྙན་ངག་ཞེས་པའི་ཚིག་དེ་མ་ཐག།
    ལྷ་མོ་དབྱངས་ཅན་མི་ཡུལ་བྱོན་འདྲ་བའི།།
    སུས་ཀྱང་དོ་མེད་དགེ་ཆོས་སྨྱོན་པ་དེ།།
    རང་དབང་མེད་པ་ཡིད་ལ་ལྷང་ངེ་ཤར།།

  16. འབའ་སྲས། says:
    2013-04-13 at 3:23 pm

    དྲི་བཞོན་བུ་མོ་ལྷ་ལས་བབས་པས་དཔྱིད་ཀྱི་རྒྱལ་མོའི་རྨི་ལམ་དཀྲོགས།།
    འཇམ་གཉེན་རྩི་ཤིང་གཉིད་ལས་བསླངས་ཏེ་གཅེར་གཟུགས་སྒྲིབ་པའི་གོས་སུ་བསྟེན།།
    སྐྱེ་དངོས་འབུམ་ཕྲག་ལང་ཚོ་ལྡེམ་པའི་དུས་བཞིའི་ཐོག་མ་བདག་གིར་བཞེས།།
    མི་ཡི་ཡུལ་ལ་ལྷ་ཡི་སྐྱེད་ཚལ་མངོན་སུམ་བྱས་འདི་ཨེ་མ་སྐྱིད།།

    དཔྱིད་ཀྱི་དཔལ་མོའི་ལང་ཚོའི་དྲོད་ཀྱིས་འཁྱག་གིས་བསྡམས་པའི་ཆུ་ྐླུང་འབུམ།།
    བཞུས་པའི་ཞུན་མས་གཡུ་འབྲུག་ཟོལ་གྱིས་ས་ཡི་མུ་འཁྱུད་གཅིག་ཏུ་སྦྲེལ།།
    ལེགས་བྱས་དེ་ཡིས་ས་འཛིན་སྒེག་མོར་སྣ་ཚོགས་མེ་ཏོག་རྒྱན་དུ་བཏེགས།།
    ངོ་མཚར་སྲིད་པའི་མཛེས་སྡུག་བསྡུས་འདྲའི་དཔྱིད་ཀྱི་དུས་འདི་སྙིང་ལ་ཞུམ།།

    དཔྱིད་རླུང་མངར་མོས་འཁྱག་གིས་གླན་པའི་ལྗོན་པ་སྟེང་ལ་རེག་དང་ལྷན།།
    སྣ་ཚོགས་གཡུ་ལོ་རྒྱན་དུ་བཏགས་ནས་སྔོ་ལྗང་ལང་ཚོ་རྫོགས་པར་བྱས།།
    འདབ་ཆགས་རི་དྭགས་མགོན་མེད་སེམས་ཅན་ཡི་མུག་སྲེད་པས་གདུང་བའི་ཚོགས།།
    སྤྲོ་དགའི་བྱེད་པོ་དཔྱིད་ཀྱི་དཔལ་འདི་དོན་ཡོད་འཕྲུལ་གྱི་ཞགས་པ་བཞིན།།

    དཔྱིད་ཀྱི་སྦྲང་ཆར་བདུད་རྩི་མངར་མོས་སྣོད་བཅུད་བྲན་པའི་དགེ་མཚན་གྱི།།
    རི་མོ་འབུམ་ཕྲག་སྡུག་གུར་ཆར་འདིས་ལྷ་དང་ལྷ་ཡི་གྲོང་ཁྱེར་ན།།
    མཆོག་ཏུ་འབར་བ་མཛེས་སྡུག་སྙིང་པོ་བསོད་ནམས་རླུང་གི་རྟས་དྲངས་ཏེ།།
    མི་ཡི་ཡུལ་ལ་ལེགས་པར་སྤུངས་སྙམ་ངོ་མཚར་རྒྱན་གྱི་རྩེ་མོར་བསྙེགས།།

    དགུན་གྱི་རང་བཞིན་སྲིན་མོའི་ཁྲོ་གཉེར་དཔྱིད་འདིས་ལྷ་ཡི་ཞལ་དུ་བསྒྱུར།།
    མདོར་ན་ཕྱོགས་བཞིའི་ཁོར་ར་ཁོར་ཡུག་དགའ་བ་སྟོང་གི་དཔལ་གྱིས་སྙེམས།།
    སྙན་ངག་མཁན་པོ་བྱེ་བ་རྒྱ་མཚོས་གཅིག་ཏུ་བྱས་ཀྱང་འགོད་དཀའ་བའི།།
    རྫོགས་ལྡན་དཔྱིད་ཀྱི་མཛེས་སྡུག་བཞིན་མདངས་ཡོངས་སུ་བརྗོད་པའི་སྐལ་བ་ཕྲ།།

    སྙན་བཟང་གི་ངོ་དེབ་ལས་འདིར་བཀོད།

  17. འབའ་སྲས། says:
    2013-04-13 at 3:31 pm

    སྙན་ངག་འབྲི་མ་ཐུབ་ན་དགའ་མ་ལ་འཁྲིག་མ་ཐུབ་པ་དང་གཅིག་རེད། འདི་གཉིས་དོར་ཐུབ་མཁན་ཡོད་ན་ངོ་མ་དཔའ་བོ་རེད། སྡར་མ་ངས་འདི་གཉིས་ལ་མགོ་བཏགས་ཞུ་ཡོད།

  18. མེ་ཏོག་དཀར་པོ says:
    2013-04-13 at 9:04 pm

    སྙན་ངག་མེད་ན་མཇེ་འདི་ཉལ་བ་བཞིན།།
    སྙན་ངག་མེད་ན་སྟུ་འདི་སྐམ་པོ་བཞིན།།
    སྙན་ངག་མེད་ན་མུན་པར་རྒྱོ་བ་བཞིན།།
    སྙན་ངག་མེད་ན་གང་ཡང་མེད་པ་བཞིན།།

  19. ཆབ་བྲག་ཕོ་ཉ། says:
    2013-04-13 at 9:10 pm

    འབའ་སྲས་ལགས་ཀྱི་སྐད་ཆ་འདི། ཀླུ་སྨྱོན་ལས་ཀྱང་ཁ་ཐུག་རེད།
    རང་གཤིས་ཧ་ཅང་དྲང་གྱུར་ན། གླེན་ལྐུགས་ཤེས་ནི་མ་རྣམས་གླེང།

  20. དོལ་སྨྱོན། says:
    2013-04-13 at 10:40 pm

    ་་་་་་སྙན་ངག་འབྲི་མ་ཐུབ་ན་དགའ་མ་ལ་འཁྲིག་མ་ཐུབ་པ་དང་གཅིག་རེད། འདི་གཉིས་དོར་ཐུབ་མཁན་ཡོད་ན་ངོ་མ་དཔའ་བོ་རེད། སྡར་མ་ངས་འདི་གཉིས་ལ་མགོ་བཏགས་ཞུ་ཡོད།་་་་་་

    འབའ་སྲས་ཀྱི་གསུང་ལ་མངོན་པར་བསྟོད་དོ།།
    ང་ལ་མཚོན་ན་སྙན་ངག་ནི་ང་ཡི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། གངས་རྒྱན་མེ་ཏོག་ནི་ང་དང་འབྲལ་མེད་ཀྱི་སྲུང་བ་དང་། དེའི་ནང་གི་སྙན་ངག་ནི་ང་ཡི་རྒྱུན་གྱི་ཁ་འདོན་ལྟ་བུ་ཆགས་ཡོད།

  21. མེ་ཏོག་དཀར་པོ says:
    2013-04-14 at 12:47 am

    དོལ་སྨྱོན་ཁོ་རེ། དེང་སང་གོ་མེད་ཚོར་མེད་རེད་འདུག་ཏ ཅི་རེད་ཐི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme