Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འཕྲིན།

Posted on 2013-04-102013-04-10 By ཁ་བརྡ་ 29 Comments on བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འཕྲིན།

༄༅།། དགེ་ལྡན་བསྟན་པའི་སྲོག་ཤིང་དམ་པ་སེར་སྨད་རྒྱལ་རོང་མཁན་ཟུར་༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་གི་བླ་བྲང་དང་། མཁས་གྲུབ་བྱེ་བའི་འབྱུང་གནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། རྒྱལ་རོང་ཁང་ཚན་འདུས་སྤྱི། དེ་བཞིན་དུ་ཁོང་གི་ཞལ་སློབ་དང་ནང་མི་ཉེ་འབྲེལ་ལྷན་རྒྱས་མཆོག་གི་དྲུང་དུ།

སྐྱོ་གདུང་ཚད་མེད་དང་བཅས་གུས་པས་ཞུ་གསོལ། དེ་རིང་སྟེ་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་དཔལ་ལྡན་བླ་མ་དམ་པ་སེར་སྨད་རྒྱལ་རོང་མཁན་ཟུར་ ༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན་ལ་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཧ་ཅང་ཡིད་སྐྱོའི་གནས་སུ་གྱུར།

དཔལ་ལྡན་བླ་མ་དམ་པ་མཁས་དབང་སེར་སྨད་རྒྱལ་རོང་མཁན་ཟུར་ ༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཤིང་གླིང་ཕྱི་ལོ་ ༡༩༢༥ ལོར་བོད་མདོ་སྨད་རྒྱལ་མོ་ཚ་བ་རོང་དུ་ཡབ་དོན་འགྲུབ་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། ཕྱི་ལོ་ ༡༩༤༢ རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་སྟེ་ཁོང་དགུང་གྲངས་བཅུ་བདུན་སྟེང་གདན་ས་ཆེན་པོ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། ལོ་ཉི་ཤུའི་རིང་གྲྭ་ཚང་དེ་ཉིད་དུ་གཞུང་ཆེན་བཀའ་པོད་ལྔ་ལས་མཛོད་བར་དུ་སློབ་གཉེར་མཐར་ཕྱིན་པ་གནང་། བོད་རབ་བྱུང་བཅུ་དྲུག་ཆུ་སྟག་ཕྱི་ལོ་ ༡༩༦༢ ལོར་བཙན་བྱོལ་དུ་ཕེབས། སྦག་ས་ཆོས་སྒར་དུ་ཆོས་ཞུགས་མཛད་ནས་སྔར་གྱི་སློབ་སྦྱོང་གི་འཕྲོ་མཐུད་ཏེ་སློབ་སྦྱོང་མཐར་ཕྱིན་པ་གནང་།          བོད་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་ཕྱི་ལོ་༡༩༦༤ ལོར་ལྷ་རམས་དགེ་བཤེས་ཨང་དང་པོའི་མཚན་རྟགས་བཞེས། ལོ་དེ་གའི་ནང་དུ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེར་སྨད་གྲྭ་ཚང་གི་ཆོས་སྲིད་ཀྱི་བདག་པོ་མཁན་ཁྲིར་མངའ་གསོལ་མཛད། ལོ་བཅུ་གཅིག་རིང་གྲྭ་ཚང་འདིའི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཁོང་གིས་ཉིན་རེར་འཛིན་གྲྭ་བདུན་བརྒྱད་ཙམ་ལ་དཔེ་ཁྲིད་ཆགས་མེད་གནང་སྟེ། སེར་སྨད་གྲྭ་ཚང་གི་སྲོག་ཤིང་ལྟ་བུ་གྱུར། སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་པས་སེར་སྨད་གྲྭ་ཚང་གི་བླ་སྤྲུལ་དང་། བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་ནས་ཉིད་ཀྱི་སློབ་མར་མ་གྱུར་བ་མེད་པ་ལྟ་བུ་ཡིན། སྔ་ཕྱིར་བོད་དང་ཤར་ནུབ་རྒྱལ་ཁབ་མང་པོར་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བོད་རབ་བྱུང་བཅུ་བདུན་པའི་ས་སྟག་ཕྱི་ལོ་ ༡༩༩༨ ལོར་སེར་སྨད་གྲྭ་ཚང་གི་འདུ་ཁང་གསར་བཞེངས་ཀྱི་ཐུགས་འགན་བཞེས་ཏེ་ཕྱི་ལོ་ ༢༠༠༠ ལོར་འདུ་ཁང་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་། མདོར་ན་ཁོང་དགུང་གྲངས་ཉེར་གཉིས་ནས་བཟུང་། ད་བར་དུ་དད་ལྡན་འཁོར་ཚོགས་ཡོང་ལ། གཞུང་ཆེན་བཀའ་པོད་ལྔའི་འཆད་འཁྲིད་རྒྱུན་མི་ཆད་པར་གནང་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རྨད་དུ་བྱུང་བའི་མཛད་རྗེས་བཞག་ཡོད།

དེ་རིང་སྟེ་ཕྱི་ཚེས་ ༩ ཉིན་དམ་པ་གང་གིས་སྐུ་ཚེ་ཐ་མའི་མཛད་པ་བདག་གིར་བཞེས་པ་འདི་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་བླ་བྲང་གི་གཙོས་རྗེས་འཇུག་ཞལ་སློབ་རྣམས་དང་། དམ་པ་དེ་ཉིད་ལ་དགའ་ཞེན་ཅན་གྱི་མི་སྣ་མཐའ་དག་ལ། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར། ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ ལ་ཕུལ།།

གསར་འགྱུར།

Post navigation

Previous Post: གཞན་སེམས་ཀྱི་སྡུག་བསྔལ་རང་སྟེང་ནས་ཚོར་བྱུང་།
Next Post: སའི་གོ་ལར་མཛུབ་མོ་བཙུགས་པ།

Comments (29) on “བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འཕྲིན།”

  1. དྲན་དཀར་དཔལ་ཡོན་ says:
    2013-04-10 at 11:47 am

    ཇི་སྐད་དུ་མཁན་ཆེན་ཞི་བ་འཚོས།
    ཟབ་མོའི་ཆོས་ཀྱི་ཡང་དག་ཉིད།།
    སྟོན་པ་མཛད་པའི་ཐུབ་ཆེན་གྱི།།
    གྲགས་པ་དག་ནི་ཕྱོགས་ཉིད་ཀྱི།།
    རབ་འབྱམས་ཀུན་ཏུ་རྒྱས་པར་བྱེད།།
    ཆོས་ལ་བདག་མེད་སྒྲུབ་པར་བྱེད།།
    སློབ་དཔོན་སྔ་མ་སྟོང་སྙེད་ཀྱི།།
    སྒྲུབ་པ་རྣམས་ནི་སྦྱར་མཛད་པ།།
    མ་ཁྱབ་འདྲ་བ་གང་ཡིན་རྣམས།།
    མཁས་རྣམས་ཡང་དག་དག་པ་འདི།།
    ཤེས་ནས་ད་ནི་དེ་དག་ལ།།
    འདོད་པས་དྲི་མེད་རབ་འབྲེལ་བ།།
    རྣམ་པར་ངེས་པར་བྱེད་པར་ཤོག །
    ཞེས་དང་། བཟང་སྤྱོད་ལས།
    འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།
    དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཅིང་།།དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
    དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས།།བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།།
    བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།།བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།།
    ཕྱག་འཚལོ།།

  2. འདྲེ་རྐང་ཐོ། says:
    2013-04-10 at 12:08 pm

    དེང་སོང་མདོ་སྨད་དབུས་རྒྱུན་ལས་ཁང་ན་ཡིག་ནོར་མི་འབྲི་མཁན་ཞིག་མེད་སོང་བ་རེད་དམ།

  3. ཤར་ཕྱོགས་ཁུག་རྟ། says:
    2013-04-10 at 12:25 pm

    འཚམས་འཕྲིན་ཡག་པོ་སྤྲིངས་འདུག

  4. སྲིན་པོ་རྫ་རྒན། says:
    2013-04-10 at 12:49 pm

    མདོ་སྨད་དབུས་རྒྱུན་གྱིས་ལས་ཤོག་སྟེང་ཡི་གེ་དག་མོ་ཞིག་བྲིས་མྱོང་ཡོད་པ་མ་རེད།

  5. དབང་ཕྱུག་ཚེ་རིང་། says:
    2013-04-10 at 3:17 pm

    བརྗོད་བྱ་སོགས་མི་སྒེར་ཞིག་གི་འབྲི་སྟངས་ལས་ཚོགས་པ་དང་སྡེ་ཚན་གྱི་འབྲི་སྲོལ་དེ་འདྲ་མ་རེད། མི་སྒེར་གྱི་སྤྲེལ་ལབ་འཁྲབ་སྟངས་དང་། ཚོགས་པའི་ཆེ་མཐོང་གནང་ཕྱོགས་གཉིས་ལ་ཧེ་བག་ཆེ། ཡིན་ནའང་ཁག་མེད། ལས་ཁུངས་ནང་ཨ་ཁུ་ཨ་ལོ་བཞུགས་ཡོད་ཚོད་འདུག་པས་འདི་ཙམ་བྲིས་པའང་ཡག་བྱུང་།

  6. ཆུ་ཐིགས་སྔོན་མོ says:
    2013-04-10 at 4:24 pm

    དམ་པ་ཁོང་གི་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན།
    མདོ་སྨད་ཆོལ་གས་འཚམས་འཕྲིན་དག་མོ་ཞིག་ཀྱང་འབྲི་རྒྱུའི་འགོ་མ་འཁྱོངས་པ་རེད་དམ་་་་སྔ་མོ་ནས་ལས་བྱེད་ཚོ་རང་ཕྱོགས་དང་བརྒྱུད་ལག་ཁོ་ན་ལ་བརྟེན་ནས་ཡོང་གི་ཡོད་རབས་ཤིག་འདུག་པ་དེ་རིང་མངོན་གསལ་དུ་ཐོན་འདུག་ཀ་་་

  7. ལྷ་སྡེ་གནམ་ལོ་ཡག says:
    2013-04-10 at 4:37 pm

    མཁན་ཟུར་རིན་པོ་ཆེ་མཆོག་ལ་ཕྱི་ལོ༢༠༠༠ལོར་མཇལ་མྱོང་། དམ་པ་ཁོང་ནི་ངེས་པ་དོན་གྱི་སྤྱོད་ཡོན་གཉིས་ལྡན་གྱི་མཁས་དབང་ཞིག་དང་། རང་རེའི་གཞོན་རབས་པའི་བསྐྱེད་བསྲིངས་ཐད་དོ་ཁུར་བླ་ལྷག་གིས་བཞེས་མཁན་ཞིག་རེད། མི་འགྱངས་པར་ཡང་སྲིད་བྱོན་ནས་འགྲོ་དོན་མུ་མཐུད་གནང་སྐྱོང་བའི་སྨོན་འདུན་དང་གུས་ཕྱག་བཅས།

  8. སྤོབས་པ་མཐའ་ཡས། says:
    2013-04-10 at 8:45 pm

    གྲོགས་པོ་ཚོ། ཡང་སྲིད་འབྱུང་བ་ལ་སྨོན་ལམ་ཅང་འདེབས་དགོས་པ་མ་རེད། སྐྱེ་བ་སྔ་ཕྱི་འདོད་མཁན་ཞིན་ཡིན་ཕྱིན་ཡང་སྲིད་མ་འབྱུང་ན་བསམ་ཡང་འབྱུང་གི་རེད། ཡང་སྤྲུལ་འདྲ་བྱུང་ན་ཡག་ཤོས་རེད། ཡིན་ན་ཡང་བོད་ཀྱི་ལུགས་སྲོལ་རྙིང་པ་བཞན་བུ་ཆུང་ཞིག་ངོས་འཛིན་གྱིས་གསེར་ཁྲིའི་ཁར་འདོན་པའི་མཛད་སྒོ་བྱེད་པ་དེ་འདྲའི་ཡང་སྤྲུལ་ནི་མ་བྱོན་ན་དགའ་ས་རེད་བསམ།

  9. བན་དེ་བ། says:
    2013-04-10 at 8:54 pm

    མགོ་འཁོར་སོང།
    ཁ་བྱང་གི་མགོ་བརྗོད་དུ་་་་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན། ཞེས་བྲིས་འདུག་ཅིང་་་་ལས་ཤོག་སྟེང་་་་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་་་ཞེས་བྲིས་འདུག་་་་མ་གཞི་ནས་ཀྲུང་གོའི་བོད་ལྗོངས་ཞེས་པ་དང་་་་བོད་ལྗོངས་མདོ་སྨད་ཅེས་པ་ནི་གོ་མ་བདེ་བ་ཞིག་འདུག

  10. ཡ་མ་ཚེ་རིང་། says:
    2013-04-10 at 9:22 pm

    དྲ་གྲོགས་ཚོ་ག་རེ་སྣང་བ་འགྲོ་མ་སོང་ཤོག་ངོས་གཉིས་ཀྱི་སྟེང་ཡིག་ནོར་ག་ཚོད་འདུག གསུང་དང་ངས་བལྟས་ན་ལྟོས་འཇོག་གི་ང་ཚོའི་སྤྱི་ཚོགས་ནང་ནས་འདི་ཡིག་ནོར་ཉུང་ཤོས་གྲས་རེད་འདོད།

  11. མེ་ཏོག་དཀར་པོ says:
    2013-04-10 at 9:37 pm

    འཁོར་བའི་རྩ་བ་མ་རིག་པ།།
    མ་སྤངས་བར་དུ་སྲིད་པ་རུ།།
    སྲིད་པ་མ་བཟུང་ཐབས་མེད་པས།།
    ཡང་སྲིད་དགོས་ཞེས་ཅི་ལ་ཟེར།།

  12. སངས་དོན། says:
    2013-04-10 at 9:49 pm

    ལས་རྟགས་སྟེང་ན༼བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།༽ ཞེས་བཀོད་ཡོད་པ་དང་། ལས་ཤོག་ཁ་བྱང་ལ༼མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།༽ཞེས་བཀོད་ཡོད་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཟེར་བ་དེ་ཡིན་ས་རེད། མདོ་སྨད་དབུས་རྒྱུན་ནས་ཡི་གེ་ནོར་བ་སྤེལ་ཡོད་ན། དེ་ནོར་བ་རེད་མ་གཏོགས། མང་ཉུང་གི་ཁྱད་པར་གང་ཡང་ཡོད་པ་མ་རེད། མ་འགྲིག་པ་རེད། ཡིན་ནའང་། མདོ་སྨད་རྒྱུན་ལས་ནས་ཆེད་མངགས་ཡིག་ནོར་སྤེལ་བ་ཡིན་རྒྱུ་མ་རེད། དེ་ང་ཚོས་ཤེས་དགོས་པ་རེད།

    གཤམ་གྱི་འདི་དག་ནི་ཡིག་ནོར་རེད།

    ཤིང་༼གླིང་༽
    འཕྲོ་མཐུད་༼ཏེ་༽
    དཔེ་ཁྲིད་༼ཆགས༽་མེད
    སློབ་མར་མ་གྱུར་༼བ༽
    དད་ལྡན་འཁོར་ཚོགས་༼ཡོང་༽ལ
    ༼ཐ༽་མའི་མཛད་པ་བདག་གིར་བཞེས་
    དེ་ཉིད་ཀྱི་བླ་བྲང་༼གི་༽གཙོས་རྗེས་འཇུག་

  13. བློ་བཟང་། says:
    2013-04-10 at 10:12 pm

    ཐུགས་རྗེ་ཤིན་ཏུ་ཆེ། ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་ཞིག་དང་། རྒྱ་གར་དུ་གཞི་ཆག་སྐབས་ནས་ཟུང་ད་བར་བསྟན་པ་ལ་མཛད་བྱེད་ཧ་ཅང་ཆེ།

  14. གཞོན་སྐྱེས། says:
    2013-04-10 at 10:35 pm

    ཆུ་ཐིགས་སྔོན་མོ་ཟེར་བ་སྟེ་མི་བསམ་མེད་པ་ཞིག་ཡིན་ཐག་ཆོད་རེད། ག་དུས་ཡིན་ཡང་སྐྱོན་བརྗོད་མ་གཏོགས་གཞན་བཤད་མ་ཤེས་མཁན་ཞིག་རེད།
    སྙིང་རྗེ་རེད།

  15. བན་དེ་བ། says:
    2013-04-11 at 2:55 am

    ལས་རྟགས་སྟེང་ན༼བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།༽ ཞེས་བཀོད་ཡོད་པ་དང་། ལས་ཤོག་ཁ་བྱང་ལ༼མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།༽ཞེས་བཀོད་ཡོད་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཟེར་བ་དེ་ཡིན་ས་རེད།
    མཚན་ཉིད་རིགས་པ་འཆད་དུས་དོན་གཅིག་གི་རྣམ་གྲངས་ཞེས་བཀོལ་སྤྱོད་བྱེད་ཆོག་ཀྱང། ཚོགས་པ་དེབ་བསྐྱེལ་བྱེད་དུས་ལས་ཤོག་སྟེང་མིང་གང་ཡོད་པ་དེ་རང་ལ་དེབ་བསྐྱེལ་བྱེད་དགོས་པ་ལས་དོན་གཅིག་མིང་གི་རྣམ་གྲངས་ཞེས་བཤད་ས་མེད། མ་གཞི་ནས་བོད་ལྗོངས་མོད་སྨད་ཅེས་པ་དེ་རིང་མ་གཏོགས་གོ་མ་མྱོངས། སྔ་དུས་སུ་ཨ་མདོ་བ་རྣམས་ལྷ་སར་འགྲོ་དུས་་་བོད་ལ་འགྲོ་གི་ཡིན་ཞེས་བཤད་སྲོལ་ཡོད།

  16. མེ་ཏོག་དཀར་པོ says:
    2013-04-11 at 3:15 am

    དེང་སང་། ལ་དྭགས་པས་ལ་དྭགས་ནས་དིལླིར་འགྲོ་དུས་རྒྱ་གར་ལ་ཆས་ཟེར། མངའ་སྡེ་གཞན་གྱི་མི་ལ་རྒྱ་གར་པ་ཟེར།
    བལ་ཡུལ་གྱི་མཐའ་མཚམས་པས་ཀྛ་མན་ཌུ་ལ་བལ་ཡུལ་ཟེར།
    དེ་ལ་རྟགས་བསལ་གཏོང་ན་སྐྱིད་པ་ལ།

  17. བན་དེ་བ། says:
    2013-04-11 at 3:33 am

    དེ་ལ་རྟགས་བསལ་ཞིག་གཏན་གཏན་འདུག
    དེས་ག་རེ་མཚོན་གྱི་འདུག་ཟེར་ན་སྔ་དུས་སུ་ཡུལ་ལུང་དེ་དག་དེ་ཡི་ཆ་ཤས་སུ་གཏོགས་པ་མིན་པར་ཐག་ཆོད།
    བོད་དང་བོད་ཆེན་པོ་ཞེས་བཤད་སྲོལ་དེ་ག་དུས་ནས་བྱུང་ངམ། ནམ་ཞིག་ནས་དར་བ་ཡིན་ནམ།

  18. ཨ་རིག་དགེ་མཐོང་། says:
    2013-04-11 at 3:47 am

    སྐྱེས་ཆེན་དམ་པ་ཁོང་གཤེགས་པ་ནི་ང་ཚོའི་གྱོང་གུད་རེད། གདན་ས་ན་མདོ་སྔགས་ཟུང་ལ་མཁས་པ་ཁོང་ལྟ་བུ་ཉུང་ཉུང་དང་ལྷག་པར་སྔགས་ཕྱོགས་དང་འདུལ་བ་ལ་དམིགས་བསལ་གྱིས་མཁས་ཞེས་ཐོས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-11 at 12:34 pm

    ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ།
    ང་ལ་དད་ཅིང་གུས་པར་བྱེད་པ་རྣམས།
    དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས།
    མ་འོངས་མངོན་སུམ་གཟིགས་ལ་གསོལ་བ་འདེབས།།
    ་
    བྲོམ་སྟོན་བདག་གིས་རྭ་སྒྲེང་ལྷ་ཁང་བཞེང།
    འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས།
    དགའ་ལྡན་གནས་ནས་རབ་གནས་མེ་ཏོག་གཏོར།
    བྱིན་རླབས་དངོས་སུ་འབེབས་ལ་གསོལ་བ་འདེབས།།
    ་
    ཞེས་བྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་པ་ལྟར།
    ༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་དགའ་ལྡན་དུ་བྱོན་ཏེ། བོད་དང་ལྷག་པར་བདག་སོགས་ལ་དྭགས་པ་ཡོངས་ལ་བོད་སྐད་དང་བོད་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་བྱིན་རླབས་ཆུ་བོའི་རྒྱུན་བཞིན་དུ་སྩོལ་བར་མཛད་དུ་གསོལ། རྗེ་བཙུན་བླ་མ་མཁྱེན་ནོ།།

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-11 at 12:56 pm

    ཁོ་བོས་བོད་ཀྱི་སྐད་ཡིག་དག་པར་དམིགས་ཏེ། གཉིས་སྟོང་དགུ་ལོར་གློག་ཀླད་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་སྤར་པའི་ཆོས་ལུགས་ཁག་དང་བསྟན་འགྱུར་མཛོད་རང་འགྲེ་དང་། སྤྱོད་འཇུག་འགྲེལ་ཆེན་ཀྲིན་ཏུར་སྤར་པ་སོགས་དཔེ་ཆ་རྣམས་ལ་སྤར་རྙིང་རྣམས་དང་གོ་བསྡུར་བྱས་ཏེ་ཤོག་བུ་བརྒྱད་ཅུ་ཙམ་བཀྲམ་པ་ལ་༧རང་ཅག་གི་རྣམ་འདྲེན་བླ་མ་མཆོག་གི་ཡིག་ཚང་དང་། འཇམ་དབྱངས་མཁྱེན་བརྩེ་དགོན་གསར་རིན་པོ་ཆེ་དང་། དགེ་ལྡན་བསྟན་པའི་སྲོག་ཤིང་དམ་པ་སེར་སྨད་རྒྱལ་རོང་མཁན་ཟུར་༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནས་དེ་ལྟར་རིག་གཞུང་ལ་ཞབས་ཏོག་ཞུ་བ་ལེགས་པ་ཡིན་ཞེས་ཕྱག་བྲིས་སྩལ་པ་ནི་བོད་རིག་གཞུང་ལ་ཐུགས་བསྐྱེད་བཅོས་མ་མ་ཡིན་ཡོད་པའི་རྟགས་སུ་ངོས་འཛིན་ཞུ་འོས་པར་མཆིས་སོ།།

  21. ཐུ་བ་རྒྱ་མཚོ། says:
    2013-04-11 at 1:50 pm

    ཁ་བརྡའི་ཞུ་ཆེན་པ་རྒན་ལ་དྭགས་པ་ལགས།

    བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལྟར་ན། ཚིགས་བཅད་རྩོམ་ཡིག་གི་རྐང་མཐར་ཉིས་ཤད་འབྲི་དགོས་པ་དང་། ང་ཡིག་དང་ཤད་གཉིས་ཀྱི་དབར་དུ་ཚེག་ཡོད་པ། བོད་ཡིག་གི་ཨང་ཀི་ ༧ ལྟ་བུ་འདི་བཞིན་༧རྒྱལ་པཎ་རྣམ་གཉིས་ལས་གཞན་དུ་གང་བྱུང་འབྲི་སྲོལ་མེད་པའི་གངས་ཅན་ཡེ་གེ་བྱེད་པོ་ཀུན་གྱིས་གཏན་ལ་ཕབས་པའི་བཀས་བཅད་ཡི་གེའི་ཁོངས་སུ་རེད། རང་གར་གང་བྱུང་དུ་བྲིས་ན་བརྡ་སྤྲོད་སྒོ་ང་བྲག་ལ་བརྡབ་པ་དང་རིག་གཞུང་རི་མོ་ས་ལ་བསྲེས་པ་དང་ཆ་རེད།

    ཁྱེད་ཀྱིས་རྒྱུན་དུ་མི་རྣམས་ལ་བརྡ་སྤྲོད་དང་བསྟུན་དགོས་པའི་བསླབ་བྱ་བརྒྱབས་པ་ཉུང་ཉུང་མིན། གཞན་ལ་བརྟག་པའི་མིག་ཡོད་ན། །རང་ཉིད་བརྟག་པའི་བློ་ཡོད་དགོས། །ཞེས་ཐལ།

  22. ལ་སྟོད་པ་ says:
    2013-04-12 at 12:42 am

    ཡིད་སྐྱོ་བ་ལ་ དམ་པ་ཁོང་ནི་བསྟན་པ་སྤྱི་དང་ལྷག་པར་སེར་སྨད་གྲྭ་ཚང་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་པོ་རེད་
    བྱས་ཙང་ཐུགས་ཀྱི་བཞེས་དོན་ལྷུན་གྱི་འགྲུབ་པར་ཤོག་

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-12 at 12:44 am

    ཐུ་བ་རྒྱ་མཚོ་ལེགས།
    སུས་ཞུས་དག་བྱས་པ་དེ་ཁས་ལེན་རུང་མིན་ཇི་ལྟར་ཡང་། ནོར་ནས་ཞུས་དག་བྱས་པ་ཞིག་ཀྱང་། དེ་ལ་བརྟག་དཔྱད་བྱེད་ན། བོད་ཀྱི་དག་ཆ་ལེགས་པ་འབྱུང་བ་ལ་ཕན་པ་མ་གཏོགས་ག་ལ་གནོད། མ་འགྲིག་པ་ཀུན་བྲིས་ནས་ཐད་ཀར་བསྟན་ཐུབ་ན། བོད་ཀྱི་རིག་གཞུང་ལ་ཕན་པས་ཚང་མས་མཛད་དགོས་པར་མཐོང་།
    ་
    བོད་ཀྱི་གླེགས་བམ་དཔེ་རིང་དང་། དཔེ་ཐུང་དག་ན། ཚིགས་བཅད་རྣམས་འབྲི་བ་ན་མུ་མཐུད་ནས་ཡོད་པ་ལ་གཉིས་ཤད་ཡོད་པ་ཤིན་ཏུ་མཛེས། མཛུབ་མོའི་ཚིགས་བཞིན་བཅད་ཡོད་པས་ན། ཚིགས་སུ་བཅད་པ་ཞེས་མིང་ཡང་བཏགས། བདག་གིས་ཚིགས་བཅད་རྣམས་འབྲི་བ་ན། མུ་མཐུད་པ་མ་ཡིན་པར་ཚིགས་རྐང་རེ་རེ་བཞིན་སོ་སོར་ཕྲལ་ནས་འབྲི་བ་ན་ཤད་གཅིག་གིས་ཆོག་པར་མ་ཟད་གཉིས་ཤད་རྒྱབ་པ་ན་མཛེས་པ་ཞིག་མེད་པ་ཁོ་བོས་ལོ་མང་སྔོན་དུ་བྲིས་ཟིན་པ་ཞིག་ཡིན།
    སྔོན་རྒྱ་གར་ཀ་ལི་ཀ་ཏ་དང་། རུས་ཀྱི་ཡུལ་སོགས་སུ་བོད་དཔེ་འགའ་ཤས་སྤར་པ་དག་ལ་ཡང་། བོད་ཀྱིས་ཆོས་དཔེར་གུས་བཀུར་གྱིས་ལོ་ངོ་བརྒྱ་ཙམ་སྔོན་དུ་མཁས་པ་དག་གིས་སྤར་བསྐྲུན་བྱས་པའི་དཔེ་ཆ་མང་པོར་ཁོ་བོའི་ཤད་རྒྱབ་ཚུལ་ཇི་ལྟ་བ་བཞིན་ཡོད་པ་མཐོང་།
    “༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་” ཅེས་གནས་ཚུལ་འགོད་པ་པོས་བྲིས་པ་ཇི་ལྟ་བ་བཞིན་འདྲ་བཤུས་བྱས་པས་དེ་ལྟར་བྱུང་བ་ཡིན། རང་རང་གི་བླ་མའི་ཆེ་བར་དེ་ལྟར་འབྲི་བ་ཡོད་པ་སེམས་ལ་ཤར་ནས་བྲིས།
    ་
    “༧རྒྱལ་པཎ་རྣམ་གཉིས་ལས་གཞན་དུ་གང་བྱུང་འབྲི་སྲོལ་མེད་པ་”ཞེས་པ་བརྟག་དཔྱད་ཀྱི་གཞིར་སྣང་། ཆོས་ལུགས་སོ་སོས་རང་རང་གི་སྐྱབས་མགོན་རིན་པོ་ཆེ་རྣམས་ལ་དེ་ལྟར་འབྲི་སྲོལ་ཡོད་མེད་ལ་བརྟག་དཔྱད་དགོས་པར་མཐོང་།
    ་
    གཏན་ལ་ཕབས་པའི་ཞེས་པར་ཕབས་ལ་སའི་ཡང་ཡོད་མེད་ཀྱང་། བརྟག་དཔྱད་ཀྱི་གནས་ཏེ། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ། །ཞེས་བདག་གི་ལན་མང་དུ་མཐོང་མྱོང་བ་ཡིན། དེ་བཞིན་བར་དུ་ཞེས་པར་དབར་ཞེས་ད་སྔོན་འཇུག་དགོས་པ་ལ་ཁུངས་ཡང་དག་ཅིག་མེད་པར་མ་ཟད་། བར་ཆད། ཞེས་པ་དང་། བར་དུ་གཞུངས་ལུགས་ཐམས་ཅད་གདམས་པར་ཤར། ཞེས་སོགས་དང་འགལ་བར་མཐོང་། བདག་གི་དག་ཆ་སྐྱོན་ཤོར་ཡོད་ཉེས་ཞུས་དག་མཛད་ཐུབ་ན་དགའ་བསུ་ཞུའོ།།

  24. དཀར་མཛེས་གངས་ཕྲུག་ says:
    2013-04-12 at 1:40 am

    བླ་བྲང་རྒྱུ་ནོར་མ་སྟོང་ན།།
    ཡང་སྲིད་བྱོན་མིན་སེམས་ཁྲལ་མེད།།
    མི་ཆོས་ཆགས་པས་མ་སྟོང་ན།།
    བླ་ལོག་བྱེད་མིན་སེམས་ཁྲལ་མེད།།

  25. ཐུ་བ་རྒྱ་མཚོ། says:
    2013-04-12 at 2:37 am

    གཞན་སྐྱོན་ཉེསཔ་ཕྲ་མོ་ཙམ། །
    ལྷག་པར་སྒྲོག་ལ་མཛུབ་མོས་བཀེར། །
    རང་སྐྱོན་རི་བོ་ཙམ་པོ་ཡང་། །
    ཞི་རྟུག་བཞིན་དུ་སྦས་ལ་འབད། །

    ཚིགས་བཅད་རྐང་མཐར་ཉིས་ཤད་དང་། །
    ང་ཡིག་མ་གཏོགས་ཡིག་ཤད་དབར། །
    ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
    བརྡ་སྤྲོད་མཁན་པོས་གཏན་ལ་ཕབས། །

    དབར་ནི་བར་གྱི་བརྡ་རྙིང་དང་། །
    ཕབས་ནི་ཕབ་ཀྱི་འབྲི་ཚུལ་གཞན། །
    བོང་བུས་མ་བགྲོད་ལམ་ཕྲེང་མང་། །
    ཁྱེད་ཀྱིས་མ་མཐོང་ཐ་སྙད་མང་། །

    གཞན་ལ་བརྡ་སྤྲོད་བསླབ་ན་ཡང་། །
    རང་གི་གང་བྲིས་ནོར་བའི་ཚིག །
    ངོས་ལེན་མེད་པའི་སྤྱོད་ལོག་འདི། །
    མིག་དཔེ་ངན་པའི་སྲོལ་ངན་ཡིན། །

  26. ཆབ་བྲག་ཕོ་ཉ། says:
    2013-04-12 at 4:30 am

    དགུང་ལོ་དགུ་བཅུར་ཉེ་གྱུར་ཅིང། དོན་ཆེན་ཕལ་ཆེར་གྲུབ་གྱུར་ན
    རྗེས་སུ་ཡི་རང་དང་བཅས་ཏེ། སླར་ཡང་འབྱོན་པར་སྨོན་པས་འཚེངས།

    གཞན་ཕན་བྱ་གཞག་མ་གྲུབ་པར། དུས་མིན་གཤེགས་པའི་སྐྱེས་བུ་དག
    ཕྱི་ནང་བར་ཆད་ཀུན་ཞི་ནས། མཐུན་རྐྱེན་མ་ལུས་འཛོམས་པར་ཤོག

  27. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-12 at 10:40 am

    “ལྷག་པར་སྒྲོག་ལ་མཛུབ་མོས་བཀེར།”
    ཞེས་པ་བོད་ཀྱི་ཚད་ལྡན་གཞུང་།
    ཟ་མ་ཏོག་དང་ངག་སྒྲོན་ལ།
    རྩིས་མེད་བྱས་པ་མ་ཡིན་ནམ།།

    ལོ་གཞོན་དུས་ནས་བློར་བཟུང་བའི།
    འཇམ་དབྱངས་བསྟོད་པ་གང་བློ་ན།
    ལས་ཀྱི་ལྕགས་སྒྲོག་ཅེས་པ་དང་།
    འབྲུག་ལྟར་ཆེར་སྒྲོགས་ཞེས་པ་ཡོད།།

    ཅེས་སོགས་བཀའ་བསྟན་གསུང་འབུམ་ཚིག
    དག་ཡིག་ཟ་མ་ཏོག་ཉིད་དང་།
    ངག་གི་སྒྲོན་མར་བཀོད་པ་ཡོད།
    ཁོ་བོས་གུས་པས་དེ་ལ་སྦྱོང་།།

    “དབར་ནི་བར་གྱི་བརྡ་རྙིང་དང་། །
    ཕབས་ནི་ཕབ་ཀྱི་འབྲི་ཚུལ་གཞན། །
    བོང་བུས་མ་བགྲོད་ལམ་ཕྲེང་མང་། །
    ཁྱེད་ཀྱིས་མ་མཐོང་ཐ་སྙད་མང་། །”

    སྐད་གསར་བཅད་བཅོས་བཀའ་བསྟན་དང་།
    གསུང་འབུམ་དག་ན་ཡོད་ན་སྟོན།
    འབྲི་ཚུལ་གཞན་ཞེས་ག་ལ་ཕན།
    རྐང་པ་ཕྱི་མ་གཉིས་ཀྱི་དོན།
    ཁྱོད་ཀྱིས་བཤད་པ་བདེན་ན་ཡང་།
    ཁོ་བོས་ལན་མང་བྲིས་ཟིན་པའི།
    ཨ་ཡིག་ཨེ་ཡིག་ཏུ་བསྒྱུར་པ།
    སྐྱོན་འདི་ཁྱོད་ལ་ཡོད་པར་སྣང་།།

    བདག་གིས་བྲིས་ནོར་ཤོར་བ་མང་།
    ཚད་དང་ལྡན་པར་དག་བཅོས་ལ།
    བཀའ་དྲིན་ཆེ་ཞེས་དང་དུ་ལེན།
    སྔར་བྱས་ད་ལྟ་མ་འོངས་མཚུངས་།།

  28. ཐུ་བ་རྒྱ་མཚོ། says:
    2013-04-12 at 4:32 pm

    རྒས་ན་དབང་བོ་མཉམ་འགྱུར་བ། །
    མི་རྣམས་ཐམས་ཅད་མཚུངས་ན་ཡང་། །
    རྒས་དུས་རང་མཐོང་ཆེ་བ་འདི། །
    ལ་དྭགས་བློ་བཟང་འཇམ་དཔལ་ཉིད། །

    རང་གི་མིག་ལ་མ་མཐོང་པའི། །
    ཚིག་གང་བརྡ་སྤྲོད་གཞུང་དག་ན། །
    མེད་པར་རློམ་པའི་རྨོངས་བཤད་འདི། །
    ཐོས་ན་གད་མོས་རྒྱུ་མ་གཟེར། །

    གངས་ཅན་བརྡ་སྤྲོད་གཞུང་ལུགས་འདི། །
    རྒྱ་མཚོ་བཞིན་དུ་གཏིང་ཟབ་ལ། །
    ནམ་མཁའ་བཞིན་དུ་མཐའ་ཡས་བས། །
    ཁྲོན་སྦལ་བློ་ཡིས་དཔོག་ནུས་མིན། །

    གལ་སྲིད་ཉིད་ཀྱིས་མ་མཐོང་བའི། །
    ཚིག་དེ་མེད་པར་འདོད་དགོས་ན། །
    གངས་ཅན་རིག་བརྒྱའི་བང་མཛོད་ལས། །
    བགྲང་ཡས་ཐ་སྙད་རྣམས་ཀྱང་མེད། །

    གང་གིས་ཕྱིར་ན་ཁྱོད་ཀྱིས་ནི། །
    མཛུབ་མོ་བཀུག་པའི་དཔེ་ཀློག་ཙམ། །
    གྲངས་སུ་བགྲང་ནས་མཐའ་ཡས་གཞུང་། །
    དཔང་དུ་འཇོག་པ་ཅི་འདྲའི་གླེན། །

    སྒྲོག་ནི་བསྒྲག་གི་ད་ལྟ་བ། །
    བསྒྲག་ནི་སྒྲོག་གི་མ་འོངས་པ། །
    བསྒྲགས་ནི་སྒྲོག་གི་འདས་པ་དང་། །
    སྒྲོགས་ནི་བསྒྲག་གི་སྐུལ་ཚིག་ཡིན། །

    དཔེར་ན་རང་དབང་འབོད་སྒྲའི་ཚིག །
    ན་ནིང་བསྒྲགས་ཀྱང་ད་ལོ་སྒྲོག །
    སང་ལོ་བསྒྲག་ལ་རྟག་པར་སྒྲོགས། །
    འདི་ཙམ་གྱིས་ནི་གོ་བར་བྱ། །

    བོད་ཀྱི་བརྡ་དང་ཐ་སྙད་རྣམས། །
    མཐའ་ཡས་རྒྱ་མཚོའི་ཆུ་ཐིགས་བཞིན། །
    མངོན་བརྗོད་འབྲི་ཚུལ་གཞན་ལ་སོགས། །
    བརྡ་རྙིང་བརྡ་གསར་མཛོད་དུ་ལྟེམས། །

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-12 at 7:10 pm

    ལ་དྭགས་ཡུལ་གྱི་གཏམ་དཔེ་ལས།
    མཁས་པ་བརྒྱ་ལ་ལན་ཐེབས་ཀྱང་།
    ཨུ་ཚུགས་ཅན་ལ་ལན་མི་ཐེབས།
    འདི་ཉིད་ཁྱོད་དམ་ཡང་ན་ང་།།
    ་
    ལོ་ངོ་བརྒྱད་ཅུར་ཐལ་ན་ཡང་།
    དབང་པོ་ཉམས་པ་མེད་པ་འདིས།
    གཞོན་པ་ལྟ་བུར་ལས་ལ་འབུངས།
    བླ་མའི་བྱིན་རླབས་འཇུག་པར་གོ།
    ་
    འདི་ལ་ང་རྒྱལ་འཆང་མི་རུང་།
    མེད་པར་འགྱུར་བ་ཡུད་ཙམ་ཡིན།
    ཁྱོད་ཀྱིས་སྨྲས་པ་དེ་དག་ནི།
    ཁྱོད་དང་ང་ལ་མཚུངས་པར་འཇུག།
    ་
    ཁྱོད་དང་ང་གཉིས་དབང་པོ་མཉམ།
    ཁྱོད་ལ་མིག་གཉིས་བདག་ལའང་གཉིས།
    བདག་གི་མིག་གིས་བཀའ་བསྟན་ལྟ།
    ཁྱོད་ཀྱི་མིག་གིས་དེར་མི་ལྟ།།
    ་
    དུ་བ་ལས་ནི་མེ་ཤེས་དང་།
    ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།
    སྨྲ་ཚུལ་དབང་གིས་ཁྱོད་ཀྱིས་གང་།
    ང་ཡིས་གང་ཤེས་རྟོགས་པར་ནུས།།
    ་
    སྐྱེ་བོ་འགའ་ཞིག་རང་གི་སྐྱོན།
    གང་ཡིན་གཞན་ལ་འགོད་པར་བྱེད།
    ཁྭ་ཏས་མི་གཙང་ཟོས་པའི་མཆུ།
    ས་གཙང་གཞན་ལ་རྦད་ནས་འཕྱིད།། ས་སྐྱ་ལེགས་བཤད་ལས།
    ་
    གལ་ཏེ་ཁྱོད་ཉིད་གཟུར་གནས་ཤིག
    ཡིན་ན་སྔ་རབས་པའི་སྐད་སྦྱོངས།
    ཉན་ནམ་མི་ཉན་ཁྱོད་རང་ཤེས།
    གཟུ་བོར་གནས་པའི་བགྲོས་གླེང་ཡིན།
    ་
    རྒས་པས་ཅི་བྱ་མ་བསམས་པར།
    བཀའ་བསྟན་གཞུང་ལུགས་གུས་པས་ཀློག
    ཞར་དུ་ལེགས་སྦྱར་ཨིན་སྐད་སོགས།
    སྦྱོང་བའི་སྐབས་ཐོབ་སྐལ་བཟང་སྙམ།
    ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme