Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་ཁའི་དམག་འཁྲུག

Posted on 2013-04-092013-04-09 By ཁ་བརྡ་ 38 Comments on ཀ་ཁའི་དམག་འཁྲུག

མེ་ཏོག་དཀར་པོ།

དུས་ཞིག་གི་ཚེ་ཚེ་དང་ལྡན་པ་རྩམ་གཟན་དང་ང་མེ་ཏོག་དཀར་པོ་གཉིས་ཁ་བརྡའི་དྲྭ་བར་དབྱངས་བཞིའི་གོ་བགོས། ཀ་མད་སུམ་ཅུའི་མཚོན་ཐོགས་ནས་གཡུལ་བཤམས་པ་གཤམ་གསལ།
ཁོ་ན་རེ།
ཀ་ཡེ་གསོན་དང་བེ་རི་འཇིགས་མེད་ལགས།།
ཁ་ཙམ་མིན་པར་ང་ལ་ཚུར་གསོན་དང་།།
ག་ནས་བསམ་ཡང་བཟོད་ཐབས་མི་འདུག་པས།།
ང་ཡི་འཕྲིན་ཞིག་ཁོང་ལ་ཕུལ་རོགས་གནང་།།

ཅ་ཅོ་མང་པོས་ཚོགས་མི་དཀྲུགས་མཁས་པའི།།
ཆ་ལུགས་དགེ་སྦྱོང་ཚུལ་གྱི་མགོ་རིལ་བ།།
ཇ་མར་ཤ་སོགས་སྐོར་ལ་སྤྱོད་དྲག་པས།།
ཉ་སྦས་ལྟ་བུའི་དབྱིབས་དང་ཁ་དོག་ཅན།།

པ་ར་མི་ཏའི་གཞུང་ལུགས་མི་ཤེས་ཤིང་།།
ཕ་རོལ་དགྲ་ལ་ངོ་ཡང་མི་ཚ་བར།།
བ་ལང་བཞིན་དུ་སྐད་ངན་ཆེན་པོའི་སྒྲས།།
མ་ཡུམ་གཉིས་པ་རྡ་ས་བཀང་སོང་སྐད།།

ཙ་རའི་ཁྲིམས་ཀྱིས་ཆད་པ་མ་བཅད་ན།།
ཚ་ཚའི་དབྱིབས་ཅན་གཡུང་དྲུང་རྒྱལ་མཚན་གྱི།།
ཛ་ལང་སྤྱོད་པ་ཐུལ་ཐབས་མི་འདུག་པས།།
ཝ་མོའི་འཇུག་མ་བཅད་ན་མི་ལེགས་སམ།།

ཞ་ལྟར་གཙུག་ཏུ་བཀུར་འོས་ཚོགས་གཙོ་ལ།།
ཟ་ལེ་རྒྱལ་དེས་རྒྱུ་མཚན་མེད་བཞིན་དུ།།
འ་ཅག་དགེ་སྦྱོང་རང་འཚང་ངོམས་པའི་སླད།།
ཡ་ལན་ལན་གཅིག་མིན་པར་བྱས་འདུག་པས།

ར་བ་གཅིག་ནང་གནས་པའི་རང་རིས་ང་།།
ལ་ལུང་མང་པོ་བརྒལ་ནས་བྲོས་ན་འདོད།།
ཤ་ཚ་ཡོད་ན་ཤ་རུས་གཅིག་པ་འགའ།།
ས་མཐར་སྡོམ་པའི་གནས་ཚུལ་དྲན་པར་གྱིས།།

ཨ་མ་མ་ཡུམ་དགྲ་བོས་བཟུང་པའི་སྐབས།།
ཧ་ཅང་ཁྲོས་པའི་སྡང་མིག་མེད་པ་ལ།།
ཨ་ལོང་ལྟ་བུའི་ཚོགས་རར་ཞུགས་ཉིན་མ།།
ཧ་ལས་ཁྲོས་པའི་སྤྱོད་ལམ་གཟབ་རོགས་གནང་།།

བེ་རི་ལགས། གཡུང་དྲུང་རྒྱལ་མཚན་གཙོས་པའི་སེར་མོ་བའི་སྤྱི་འཐུས་འགའ་ཤས་ལ་ངེས་འཕྲོད་ཡོད་པ་གནང་རོགས་ཞུ།།
ངས།
ཀ་བཤད་བྲིས་ལ་ཐོགས་པ་མེད་པའི་གྲོགས། །
ཁ་བདེ་ལྕེ་འཁྱུག་རྩམ་གཟན་མིང་ཅན་ཁྱེད། །
ག་དུས་ཡིན་ཡང་ཁུ་སིམ་མི་སྡོད་པར། །
ང་ཡིན་ཟེར་མཁན་རྩོམ་པ་པོ་ཞིག་རེད། །

ཅ་ཅོ་མང་པོ་བཤད་ཁོམས་མིན་འདུག་མོད། །
ཆ་ཙམ་མ་བཤད་ཞེ་བློ་མ་བདེ་བས། །
ཇ་མངར་འཐུང་བཞིན་ཀ་རྩོམ་ཁྱར་ཁྱོར་ཞིག །
ཉ་ཉུང་ཁྱད་པར་ཤེས་ཆེད་ཁྱོད་ལ་བྲིས། །

ཏ་ཡི་སྡེ་ཚན་ཁྱོད་ཀྱིས་དོར་ན་ཡང་། །
ཐ་སྙད་མཁན་ངས་ཀ་མད་གོ་རིམ་བཞིན་། །
ད་ལམ་ཙམ་མིན་སྔ་མོ་ནས་བཟུང་སྟེ། །
ན་རེར་བྲིས་པ་མ་གཏོགས་ཆད་རབས་མེད། །

པ་ར་ཤོ་སོགས་རྒྱན་ལ་མ་ཡེངས་པར། །
ཕ་ཡུལ་རྒྱ་འདྲེའི་ལག་ནས་ལོན་རྒྱུའི་ཆེད། །
བ་མོས་ཁྱབ་པའི་རྡ་སའི་རི་མགོའི་ཁྲོད། །
མ་ལུས་བོད་མིས་བཀྲབ་པའི་སྤྱི་འཐུས་ཚོར། །

ཙནྡན་དར་གོས་ཡོ་བྱད་སྣ་མང་དང་། །
ཚ་གྲང་བཏུང་བས་བསྙེན་བཀུར་མ་ནུས་ཀྱང་། །
ཛ་ལང་སྤྱོད་པ་རྩིང་པོས་ནམ་ཞག་ཀུན། །
ཝ་མོ་ཞེས་སོགས་སྨོད་པ་མ་ཐལ་ལམ། །

ཞྭ་དམར་སེར་སོགས་གངས་ཅན་ཆོས་རྒྱུད་ཀྱི། །
ཟ་མའི་ཕུད་བཞིན་མཁྱེན་དཔྱོད་ལྡན་གྲས་རྣམས། །
འ་ཅག་རྣམས་ཀྱིས་བདམས་པ་དྲན་མཛོད་ལ། །
ཡ་མེད་ཁ་གཏོང་བྱེད་རྒྱུ་ཉུང་ན་ལེགས། །

རྭ་བ་མཚོ་ཡིས་ལེགས་བསྐོར་འཛམ་གླིང་གི །
ལ་ལ་ཕུད་པའི་གྲོས་ཚོགས་མང་པོའི་ནང་། །
ཤ་འཁོན་རྩོད་འདྲའི་རྙོགས་དྲས་གང་འདུག་པ། །
ས་སྟེང་དམངས་གཙོའི་གཞུང་གི་ཁྱད་ཆོས་ལགས། །

ཧ་ཅང་ཉེས་པ་ཆེ་ལུགས་བཤད་ན་ཡང་། །
ཨ་ཕོས་བསམ་ན་གྲོས་ཚོགས་རྩོད་གླེང་འདི། །
ཧ་ལས་དགོས་པའི་ཉེས་པ་མ་ཡིན་ཁར། །
ཨ་མ་དམངས་གཙོ་མཛེས་པའི་རྒྱན་དུ་མཐོང་། །

བེ་རི་ལགས།
་་་་་འདི་ཡང་ཁོང་ཚོ་ལ་འཕྲོད་ངེས་གནང་རོགས།

ཁོ་ན་རེ།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །
ཧ་ཅང་མང་བའི་ཁ་བརྡ་མི་དགོས། །

ས་མཐར་འཁྱམས་པའི་བུ་ཆུང་ང་ཡི། །
ཤ་ཚའི་སྙིང་གཏམ་སེམས་ལ་ཟུངས་དང་། །
ལ་མགོ་དེ་ནས་སྤྱོད་ངན་མཐོང་དུས། །
ར་གན་གསེར་གཉིས་གཅིག་ཏུ་བཟུང་ཞིང་། །

ཡ་ལན་མེད་པར་འདུག་བཟོ་མ་བདེ། །
འ་ཅག་བོད་མིའི་རྩ་དོན་བོར་ནས། །
ཟ་ཉལ་བྱེད་པའི་ངོ་ཚབ་དེ་འདྲ། །
ཞྭ་ལྟར་གཙུག་ཏུ་བཀུར་ཐབས་མིན་འདུག །

ཝ་ལེར་ཡིད་ལ་གསལ་པོར་ཤེས་དུས། །
ཛ་དྲག་གནས་སུ་ལྷུང་དུ་དོགས་པས། །
ཚ་ཚ་འུར་འུར་སྐྱོན་ཆ་གླེང་དུས། །
ཙ་གེ་ཙིག་གེ་བྱེད་དོན་མི་འདུག །

མ་ཡུམ་གཉིས་པར་གྲོས་ཚོགས་ནང་དུ། །
བ་ལང་སོ་ཅན་དེ་དག་མི་དགོས། །
ཕ་རོལ་དགྲ་ལ་ཁ་གཏད་གཅོག་པའི། །
པ་སངས་ལྟར་དཀར་ལྷག་བསམ་དགོས་འདུག །

ན་ཟུག་བཏང་བའི་ཚིག་གི་མདའ་མོ། །
ད་ནི་བཟུང་དེ་གྲོས་ཚོགས་ནང་དུ། །
ཐ་བེ་ཐུ་བེ་སྨྲ་བ་མང་ན།༼ཚིག་དོན་དང་སྒྲིག་ལམ་སོགས་འཆོལ་བའམ་ཉོག་པར་གྱུར་པའི་བརྡ་རྙིང་ཞིག༽
ཏཱ་ལའི་བླ་མའི་བཀའ་དང་འགལ་འགྲོ། །

ཉ་རྒྱ་ཚུད་འདྲའི་བོད་རིགས་ཀུན་ལ། །
ཇ་མར་ཕུལ་བའི་དབང་ནུས་མེད་ཀྱང་། །
ཆ་འཇོག་རུང་བའི་ཚིག་གི་རི་མོ། །
ཅ་རེ་གླེང་བའི་དམ་བཅའ་ཡོད་དོ། །༼ཅ་རེ་ནི་དུས་རྒྱུན་དུ་ཞེས་པ་ལ་གོ༽

ང་རང་སྒེར་དང་འབྲེལ་བའི་གཏམ་ཞིག །
ག་དུས་ཡིན་ཡང་གླེང་འདོད་མེད་ཀྱང་། །
ཁ་ཙམ་མེད་པར་བོད་མིའི་སྐྱིད་སྡུག །
ཀ་མད་བསྣོལ་ནས་གླེང་དགོས་བྱུང་སོང་། །

ངས།
ཨ་མའི་བུ་ལ་ཡོན་ཏན་ཡོད་མེད། །
ཧ་ཅང་ཁ་ནས་མ་གླེང་ན་ཡང་། །
ཨ་ལི་ཀ་ལིའི་གོ་རིམ་བསྒྲིགས་པའི། །
ཧ་ཕྲེང་ཀ་ཕྲེང་བྲིས་དུས་ཤེས་ཡོང་། །

ས་སྟེང་རྒྱལ་ཁབ་མང་པོའི་གྲོས་ཚོགས། །
ཤ་ཡི་མིག་ཅན་ཁྱོད་ཀྱིས་ལྟོས་དང་། །
ལ་རྒྱས་ཕན་ཚུན་རྩོད་མཁན་འདི་ཚོ། །
རྭ་ཅོ་ཅན་གྱི་བ་གླང་རེད་དམ། །

ཡ་རབས་བཟང་པོའི་ཀུན་སྤྱོད་ཟེར་བཞིན། །
འ་འུར་མེད་པར་ལགས་སོ་ལགས་སོས། །
ཟ་མ་སོགས་ལ་སྤྱོད་ཀྱིན་ཚོགས་ན། །
ཞྭ་ལྟར་མི་བསྐུར་ཟེར་ཀྱང་ཁྱོད་བདེན། །

ཝ་སྐྱེས་སེང་ལྤགས་གྱོན་པའི་གང་ཟག །
ཛ་ཛོར་རེ་གཉིས་ཡོད་དུ་ཆུག་ཀྱང་། །
ཚ་གྲང་དབྱེ་འབྱེད་གང་ཡང་མེད་པར། །
ཙནྡན་དབྱུག་པས་ལེབ་བརྡུང་མ་གནང་། །

མ་མཛེས་པ་ཞིག་གང་ཡང་མིན་འདུག །
བ་ལང་སོ་ཅན་དེ་བས་མིན་འདུག །
ཕ་རོལ་དགྲ་བོར་ཁ་གཏད་གཅོག་འདུག །
པ་སངས་ལྟ་བུའི་ལྷག་བསམ་ཡང་འདུག །

ན་ནིང་ལོ་ཡི་རྩོད་གཞི་གཅིག་གིས། །
ད་ལྟའི་བར་དུ་ངོ་ཚབ་ཁོང་ཚོར། །
ཐ་ཤལ་ཚིག་གིས་སྤྱོས་རང་དྲག་ན། །
ཏཱ་ལའི་བླ་མའི་ཐུགས་ལ་ཨེ་བབ། །

ཉ་དང་ཉུང་མའི་ཁྱད་པར་ཤེས་དགོས། །
ཇ་དང་ཆང་གི་དབྱེ་བ་འབྱེད་དགོས། །
ཆ་འཇོག་ཡོད་པའི་དགེ་སྐྱོན་གླེང་དང་། །
ཅ་ཅོའི་ཚིག་ཕྲེང་མ་སྤེལ་ཆོག་ག །

ང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱིས། །
ག་ཟི་གཙོས་པའི་སྤྱི་འཐུས་ཚང་མར། །
ཁ་བ་རི་པའི་བདེ་སྡུག་མགོན་དུ། །
ཀ་ཡིག་བཞིན་དུ་གོང་དུ་བཀུར་རོ། །

ཁོ་ན་རེ།
ཀ་བ་གདུང་མ་མཛེས་པའི་གྲོས་ཚོགས་ནང་།།
ཁ་བའི་མདོག་ཅན་ལྷག་བསམ་དྲི་མེད་ཅིག།
ག་དུས་ཡིན་ཡང་བསྙེལ་བ་མེད་པ་ཞིག།
ང་ཚོའི་ངོ་ཚབ་དག་གིས་གནང་རོགས་ཞུ།།

ཅ་ཅོ་གཏམ་ངན་ཤོད་རྒྱུ་མང་ཐལ་ན།།
ཆ་འཇོག་བྱེད་མཁན་དཀའ་ཁག་ཆེ་བར་བརྟེན།།
ཇ་ནེ་གཅིག་ནང་བཏུང་བའི་ཚོགས་མི་དག།
ཉ་དང་ཆུ་བཞིན་འབྲེལ་ལམ་མཐུན་ན་ལེགས།།

པ་ཏྲའི་རི་མོ་བཞིན་དུ་འཁྱོག་དྲག་ན།།
ཕ་བཟང་བུ་ཡི་ལས་དོན་འཕྱུག་དོགས་པས།།
བ་སོ་ལྟ་བུའི་བསྲེས་སླད་མེད་པའི་གཏམ།།
མ་གདན་བྱེད་ནས་ལྷུག་པོར་གསུངས་རོགས་གནང་།།

ཙ་རིར་འགྲོ་འདོད་ཆེ་བའི་བོད་མི་རྣམས།།
ཚ་གྲང་ཆ་མི་སྙོམས་པའི་མི་ཡུལ་དུ།།
ཛ་དྲག་ངང་དུ་སྡོད་པ་འདི་ཉིད་ཀྱང་།།
ཝ་ལེར་མ་བརྗེད་ལན་གཅིག་དྲན་པར་མཛོད།།

ཞ་སྨྱུག་ཐོག་པའི་མེ་ཏོག་དཀར་པོ་ཁོང་།།
ཟ་ལེ་རྒྱལ་དེའི་རྗེས་སུ་འབྲང་ན་ཡང་།།
འ་ཡོ་ཆུང་ངུའི་སྤྱོད་ཚུལ་འདི་འདྲ་ལ།། ༼འ་ཡོ་ནི་ཁྱི་ཕྲུག་གི་མིང་༽
ཡ་མཚན་དེ་ཙམ་སྐྱེ་དགོས་མི་འདུག་གོ།

ར་རོའི་སྤྱོད་པ་བརྙན་འཕྲིན་ནང་དུ་འདུག།
ལ་རྒྱ་ཡོད་ན་ད་ནས་གླེང་རན་འདུག།
ཤ་ཞེན་ཡོད་ན་ད་ནས་བརྗེ་རན་འདུག།
ས་བོན་ངན་པ་རྩད་ནས་གཅོད་རན་འདུག།

ཧ་ཅང་ཐལ་བའི་ཁྲོ་ཉམས་མ་སྟོན་ན།།
ཨ་རིལ་ཡོད་པའི་དོན་གོ་མི་ཆོད་པའི།།
ཧ་ལས་བུ་སུག་དོགས་པའི་བསམ་ཚུལ་ཞིག།
ཨ་ཇོ་གཡུང་དྲུང་ཁོང་ལ་མེད་དམ་སྙམ།།

ངས།

ཀ་ཤིའི་རས་དམར་གོས་སུ་གྱོན་པའི། །
ཁ་བ་ཅན་གྱི་དགེ་སྦྱོང་ཁོང་གིས། །
ག་ཡིན་འདི་ཡིན་མེད་པ་ཞིག་ལ། །
ང་ལ་ཁྱི་ཕྲུག་འ་ཡོ་གསུངས་བྱུང་། །

ཅ་ཅོའི་ཚིག་ཕྲེང་མ་སྤེལ་ཞུས་པས། །
ཆ་འཇོག་གནང་རྒྱུ་ཕར་ལ་བཞག་ནས། །
ཇ་རོ་ལྟ་བུའི་ཀ་ཕྲེང་བྲིས་ཏེ། །
ཉ་ཤའི་བྲོ་བ་ཡོད་མདོག་གནང་གིས། །

ཏ་ལའི་ཐོག་གི་གྲོས་ཚོགས་ནང་ལ། །
ཐ་ཤལ་སྐྱེ་བོས་གང་འདུག་གསུངས་པར། །
ད་རང་དེ་འདྲ་མ་གསུངས་ཞུས་པས། །
ན་ཉིན་སྤྱོད་ངན་མཐོང་བྱུང་གསུངས་གིས། །

པ་ཕ་འདྲ་བའི་ངོ་ཚབ་ཁོང་ཚོས། །
ཕ་རོལ་ཁ་གཏད་གཅོག་གིས་ཞུས་པར། །
བ་གླང་སོ་ཅན་ཟ་ལེ་རྒྱལ་ཚོ། །
མ་འཇོན་མ་གཏོགས་མེད་རབས་གསུངས་གིས། །

ཙ་ར་བྱས་ནས་དབྱེ་འབྱེད་མེད་པར། །
ཚ་ཚ་འུར་འུར་མ་གནང་ཞུས་པས། །
ཛ་དྲག་དུས་ཚོད་གཉན་ཕྲང་འདི་ལ། །
ཝ་སྐྱེས་ཁོང་ཚོར་སྨད་རང་དགོས་གསུངས། །

ཞྭ་ལྟར་ཁོང་ཚོར་གུས་བཀུར་ཞུས་ཏེ། །
ཟ་བཏུང་སོགས་ཀྱིས་བསྙེན་འོས་ཞུས་པར། །
འ་ཅག་བོད་མིའི་བདེ་སྡུག་བལྟ་བའི། །
ཡ་རབས་སྣ་གཅིག་མེད་ཚུལ་གསུངས་གིས། །

ར་བ་གཅིག་གི་གྲོགས་པོ་ཁོང་ལ། །
ལ་རྒྱ་མིན་འདུག་ཞུས་མྱོང་མེད་ཀྱང་། །
ཤ་རུས་གཅིག་པའི་བོད་རིགས་རྣམས་དང་། །
ས་མཐོའི་བོད་ལ་ཞེེན་གོག་ཡོད་གསུངས། །

ཧ་ལམ་འཕྱི་རང་དྲག་སོང་དྲན་ནས། །
ཨ་ལེ་བཞུགས་ཞེས་ཞུས་པའི་ལན་དུ། །
ཧ་ལས་མདོག་གིས་མེ་དཀར་བྲོས་ཞེས། །
ཨ་ཁུ་ཁོང་གིས་བྲིས་པ་གནང་འདུག །

ཁོ་ན་རེ།

ཀ་མད་སུམ་ཅུའི་གོ་རིམ་བསྒྲིགས་ཕྱིར།།
ཁ་སེང་ནས་བཟུང་རྔུལ་ནག་ཕྱིས་བཞིན།།
ག་ལེར་ཉིན་གཅིག་ཨུ་ཚུག་བརྒྱབས་པས།།
ང་ཡི་རྗེས་ཟློས་ཙམ་ཞིག་བྱུང་འདུག།

ཅ་ནོར་ཁབ་ཙམ་འཐོབ་རྒྱུ་མེད་པའི།།
ཆ་མེད་གཏམ་ཞིག་བཤད་འདོད་མེད་ཀྱང་།
ཇ་དཀྲུག་འདྲ་བའི་སྐྱེ་བོ་མཐོང་དུས།།
ཉ་དྲི་ཐུལ་བཞིན་ཚིག་འགའ་ཐལ་སོང་།།

ཏ་ལའི་ལོ་མས་སྡེར་མ་བྱས་ནས།།
ཐ་ཤལ་འབྲས་དང་རྡ་ལི་ཟོས་བཞིན།།
ད་དུང་ང་ཡིས་བསམ་ཞིང་བསམ་ལ།།
ན་ནིང་ལོ་རྒྱུས་བརྗེད་ཐབས་མི་འདུག།།

པ་ཕ་བཟང་པོའི་བུ་ཞིག་ཡིན་ན།།
ཕ་རོལ་དེ་ན་དགྲ་བོ་ཡོད་བཞིན།།
བ་སྤུ་གཡོ་བའི་ཚིག་གི་མཚོན་ཆ།།
མ་གཅིག་བུ་ལ་འཕེན་དགོས་མེད་སྙམ།།

ཙ་ར་གཅོད་རྒྱུ་མ་རྙེད་ཆེ་ནས།།
ཚ་ཚ་འུར་འུར་བྱེད་པའི་སྒོ་ནས།།
ཛ་དྲག་མེད་པའི་ལམ་གྲོན་ཞིག་ལ།།
ཝ་དང་སྤྱང་ཀིའི་ངང་ཚུལ་བསྟན་བྱུང་།།

ཞ་ཐུལ་གོན་པའི་དགེ་བཤེས་ཞིག་གིས།།
ཟ་འཐུང་རྩོད་ནས་སྐེ་རྩ་འཕར་བཞིན།།
འ་ཅག་དགེ་འདུན་གྲལ་མགོར་བསྡད་ལ།།
ཡ་མཚན་དེ་ཙམ་སྐྱེ་དགོས་མིན་འདུག།།

ར་ལུག་ཁྱུ་ཡི་རྗེས་སུ་སྙེགས་པའི།།
ལ་མགོའི་རྫི་བོ་དཀྱུས་མ་ཡིན་ཡང་།།
ཤ་ཚ་སྙིང་ཉེའི་བོད་རིགས་སྤུན་ཟླ།།
ས་མཐར་འཁྱམས་ལ་བཟོད་སྒོམ་ལོས་བྱེད།།

ཨ་པོ་པད་དཀར་དགོངས་པ་མ་ཚོམ།།
ཧ་ཅང་ཐལ་བའི་ཚིག་འགའ་ཐལ་སོང།།
ཨ་ཁུ་ཁོང་དག་ཚིག་པ་ཟོས་ཀྱང་།།
ཧ་ལས་དེ་ཙམ་སྐྲག་དོན་མི་འདུག།།

ངས།
ཀ་ལི་ལྷུ་ལག་བསྒྲིགས་པའི་རྩམ་གཟན། །
ཁ་བརྡའི་ནང་ལ་བྲེལ་བ་ཚུབ་ཚུབ། །
ག་རུ་སོང་ཡང་ལས་ཀྱི་དབང་གིས། །
ང་ཡི་མདུན་ན་རྔུལ་ནག་ཛིར་ཛིར། །

ཅ་ཟིང་ཅན་གྱི་སྤྱི་ཚོགས་ནང་ལ། །
ཆ་ལུགས་ཆོས་ལུགས་མི་གཅིག་སྣ་ཚོགས། །
ཇ་རོ་སྤུངས་པའི་ཕུང་པོ་འདྲ་ཚུལ། །
ཉ་པས་ཀྱང་ནི་ཤེས་ཚོད་རེད་གོ །

ཏ་ལའི་བླ་མ་གོང་དུ་ཕུད་རྗེས། །
ཐ་མལ་ཕལ་པའི་གང་ཟག་རྣམས་ལ། །
ད་གཟོད་སྐྱོན་ཞིག་མེད་པ་མིན་ཀྱང་། །
ན་ཡམས་ཁ་བརྡུང་གཏོང་ན་མི་ལེགས། །

པ་སངས་ལྟར་དཀར་བྱམས་བརྩེ་ལྡན་པའི། །
ཕ་བུའི་བར་ནའང་བཤད་རེས་འབྱུང་སྲིད། །
བ་ཞིག་ཞིང་ལ་འཛུལ་བའི་ཉེས་པ། །
མ་ལུས་ཕྱུགས་ལ་བཀལ་བ་མི་ལེགས། །

ཙ་ར་གཅོད་པའི་རྣམ་དཔྱོད་ཡོད་ཅིང་། །
ཚ་གྲང་གཟོད་པའི་སྙིང་སྟོབས་ཡོད་ན། །
ཛ་ཛོར་སྨྲ་རྒྱུ་ཉུང་ཙམ་བྱས་ཏེ། །
ཝ་སྐྱེས་སེང་ལྤགས་བཤུས་རོགས་གནང་དང་། །

ཞྭ་མོ་ནག་པོ་གཡོགས་པ་ཙམ་དང་། །
ཟ་ལེ་རྒྱལ་ཞེས་བཀའ་བཀྱོན་ཙམ་གྱིས། །
འ་ཅག་རྣམས་ལ་ཕན་པ་མེད་པས། །
ཡ་ཡུད་གསང་བའི་རྫུན་རྐུབ་བརྟོལ་དང་། །

ར་རྫི་སོགས་ལས་ཧ་ཅང་ཁག་པའི། །
ལ་ལ་མིན་པར་བོད་སྤྱིའི་རྫི་བོར། །
ཤ་ཚ་སྙིང་རྗེ་གང་ཡང་མེད་པར། །
ས་བརྡུང་རྡོ་བརྡུང་མ་གནང་ཨེ་གོ །

ཧ་ཅང་ལེགས་ཞེས་ཁྱོད་ཀྱི་རྩོམ་ལ། །
ཨ་བུས་བསྔགས་བརྗོད་ལོས་ཀྱང་ཞུ་སྟེ། །
ཧ་ཨའི་གོ་རིམ་ཉེས་ལུགས་འདི་ཡིས། །
ཨ་ཁ་མ་ཟེར་ཀ་མེད་བྱུང་སོང་། །

ཁོ་ན་རེ།

ཧ་ལས་ཚབ་ཆེན་དོན་རྐྱེན་བྱུང་དུས།།
ཨ་མའི་པང་དུ་གཉིད་ལ་ཡུར་ན།།
ཧ་ལམ་ཕལ་ཆེར་བོད་མའི་གྲལ་ནས།།
ཨ་ཙི་ཁྱོད་རང་བུད་པ་མིན་ནམ།།

ཀ་ཤིའི་རས་ལ་སྤུས་ཚད་མེད་ན།།
ཁ་དོག་བསྒྱུར་དང་མ་བསྒྱུར་མི་འདུག།།
ག་ནས་བསམ་ཡང་འཆི་མ་དཀུ་བས།།
ང་རང་སྙིང་ནས་ཡི་ག་ལོག་སོང་།།

ཅ་ཅོ་མང་པོ་སྨྲ་བ་མང་ན།།
ཆ་ལུགས་དགེ་སྦྱོང་ཚུལ་གྱིས་མི་ཕན།།
ཇ་སོགས་དཀོར་ལ་ཧ་ཅང་སྤྱོད་ན།།
ཉ་མོའི་ལྟོ་བ་རྡོལ་བར་དོགས་སོང་།

ཏ་ཐ་ག་ཏའི་དོན་ལ་མཁས་ཤིང་།།
ཐ་མལ་གཤིས་ཀ་རྒྱུད་ལ་ཡོད་ན།།
ད་ནས་བཟུང་སྟེ་སྤྱི་བོའི་གཙུག་ཏུ།།
ན་ཚ་བྱུང་ཡང་བཀུར་རྐྱང་བྱེད་ཆོག།།

པ་ཅོག་དམ་པོར་ཐོད་དུ་བཅིངས་ཤིང་།།
ཕ་རོལ་དགྲ་བའི་མདུན་ལ་ཐོན་ན།།
བ་སོའི་ཕོར་པ་འོ་མས་བཀང་ནས།།
མ་ལུས་ཚང་མ་མདུན་དུ་བཅར་ཆོག།།

ཙ་རིའི་གནས་སྐོར་མིང་གི་དོན་རེད།།
ཚ་གྲང་ངལ་བ་ལྟོ་ཡི་དོན་རེད།།
ཛ་ལང་སྤྱོད་པ་ཐོབ་ཀྱི་དོན་རེད།།
ཝ་ལེར་བསམ་ན་ཐམས་ཅད་རང་དོན།།

ཞ་སྨྱུག་ཐོག་པའི་པད་དཀར་ལགས་ཁྱེད།།
ཟ་བཏུང་ལས་ལ་བྲེལ་བ་མེད་ན།།
འ་འུར་མེད་པར་དྲང་པོའི་ཐོག་ནས།།
ཡ་ང་མེད་པར་ལྷུག་པོར་གསུངས་རོགས།།

ར་ཕྲོད་ཐུབ་པའི་གཏམ་འགའ་བྱུང་ན།།
ལ་ལ་དག་ལ་ཕན་པ་འོང་སྲིད།།
ཤ་འཁོན་མེད་པའི་དྲ་གྲོགས་ཁྱེད་ཉིད།།
ས་མཐའི་ཡུལ་དུ་ཐུག་པ་དགའ་སོང་།

ཧ་ལམ་བོད་མའི་ན་གཞོན་ཕལ་ཆེར།།
ཨ་རིར་འགྲོ་རྒྱུའི་ལས་ལ་བྲེལ་ཡང་།།
ཨ་ཉོག་ང་རང་ཨ་མའི་ལུང་པ།།
ཧ་ཅང་སེམས་ནས་དྲན་པ་འདུག་གོ།

ངས།

ཀ་མ་ལ་ཡི་འཇམ་མཉེན་གདན་སྟེང། །
ཁ་དོག་མ་ངེས་འཇའ་འོད་གུར་ནང་། །
ག་ལེར་བཞུགས་པའི་ངག་གི་ལྷ་མོས།།
ང་ཡི་གྲོགས་པོ་ཁྱོད་ལ་སྲུངས་ཤིག །

ཅ་ལག་དངོས་རྫས་ཕལ་ཆེར་སྤངས་ཤིང་། །
ཆ་ལུགས་ཞི་དུལ་བག་ཡོད་ངང་ནས། །
ཇ་འབྲས་ལྡ་ལི་ཙམ་ལ་བརྟེན་ཏེ། །
ཉ་ཉོག་མེད་པར་བཞུགས་ཁྱོད་ལེགས་སོ། །

ཏ་རེའི་བྱིན་རླབས་ངག་ལ་ཞུགས་ཏེ། །
ཐ་སྙད་ཚིག་ལ་ཆགས་ཐོགས་མེད་པ། །
ད་ལྟའི་དུས་ཀྱི་སྨྱུག་འཛིན་ཁྱོད་ལ། །
ན་གཞོན་ང་ཡིས་གོང་དུ་བཀུར་རོ། །

པ་ར་མི་ཏའི་དགོངས་དོན་ཐམས་ཅད། །
ཕ་མར་སྙིང་རྗེ་འདི་ལ་ཐུག་སྟབས། །
བ་ཕྱུགས་ཚུད་པའི་སྐྱེ་འགྲོ་ཚང་མར། །
མ་མཐར་སྙིང་རྗེ་ལོས་ཀྱང་གནང་ཡོད། །

ཙ་རིར་གནས་བསྐོར་མ་ཕེབས་ན་ཡང་། །
ཚ་བའི་ཡུལ་ན་དཀའ་ཐུབ་སྤྱད་པས། །
ཛ་དྲག་རྐྱེན་ངན་ཐོག་ཏུ་བབ་དུས། །
ཝ་ལེར་ཉམས་ལེན་གནང་བའི་དགེ་སྦྱོང་། །

ཞ་སྨྱུག་ཐོགས་པའི་མེ་ཏོག་དཀར་པོ། །
ཟ་བཏུང་ལས་ཀྱི་བྲེལ་བ་ཆེ་ཡང་། །
འ་ཅག་བོད་མིའི་བདེ་སྡུག་ཐུག་དུས། །
ཡ་མེར་སྡོད་པའི་མི་གཅིག་མིན་ལགས། །

ར་འཕྲོད་ཐུབ་པའི་གཏམ་འདྲ་ཡོད་ན། །
ལ་ལ་མ་ཚད་ཀུན་ལ་ཕན་ཀྱང་། །
ཤ་འཁོན་རྩོད་འདྲའི་ཚིག་རྙོགས་དེ་ཚོ། །
ས་རྡུལ་ལྟ་བུ་ཁྱབ་རྒྱུ་མང་སོང་། །

ཧ་ལམ་ཨ་རིར་སླེབས་པ་ཡིན་ན། །
ཨ་སྒོར་སྔོན་པོ་གང་མཚམས་བསགས་ཏེ། །
ཧ་ཅང་མང་པོ་མ་བྱུང་ན་ཡང་། །
ཨ་ཁུ་ཁྱོད་ལ་ང་ཡིས་གཏོང་ཡོང་། །

ཁོ་ན་རེ།

ཀ་ཤི་ངུར་སྨྲིག་ལུས་ལ་གོན་བཞིན་དུ།།
ཁ་ནས་བོད་མའི་སྐྱིད་སྡུག་གླེང་ཞོར་ལ།།
ག་ལོག་འདྲེས་པའི་ཚིག་འགའ་ཐལ་སོང་བས།།
ང་རང་ངོས་ནས་དགོངས་དག་ཞུ་ན་འདོད།།

ཅ་དངོས་རྒྱ་ཆེན་འབུལ་རྒྱུ་མེད་མོད་ཀྱང་།།
ཆ་རྒྱུས་ལོན་པའི་གྲོགས་ཁྱེད་མདུན་ས་རུ།།
ཇ་མར་ཤ་རྩམ་ཕྲན་བུ་ཁྱེར་དང་ལྷན།།
ཉ་ཉོག་བཤད་ལ་དགོངས་དག་ཞུ་ན་འདོད།།

ཏཱ་ལའི་བླ་མའི་སློབ་འབངས་གཅིག་པ་ཡི།།
ཐ་ཐོར་གནས་པའི་བོད་རིགས་ཡོངས་རྫོགས་ལ།།
ད་ནས་བཟུང་སྟེ་རྩ་དོན་མ་ཐུག་བར།།
ན་ཚ་སློང་བའི་གཏམ་འགའ་ངས་མི་བཤད།།

པ་སངས་ལྟར་དཀར་ལྷག་བསམ་ཆེས་ཆེ་ཞིང་།།
ཕ་མེས་རིགས་གཞུང་འཛིན་པའི་གྲོགས་ཁྱེད་ལ།།
བ་སྤུ་གཡོ་བཞིན་སྙིང་ཁོང་རུས་སྟེང་ནས།།
མ་རབས་གང་བྱས་དགོངས་དག་ཞུ་ན་ཆོག།

ཙ་རི་གནས་སྐོར་ལྷན་དུ་འགྲོ་རྒྱུའི་ཆེད།།
ཚ་གྲང་ངལ་བ་ཁྱད་དུ་བསད་བྱས་ཤིང་།།
ཛ་ཧུའི་བུ་མོ་བརྒལ་ལ་དཔུང་བསྒྲིགས་ནས།།
ཝ་སྐྱེས་དགྲ་བོ་མཐར་བཀྲོད་བྱེད་ལ་སྤྲོ།།

ཞྭ་ལྟར་བཀུར་འོས་༧གོང་ས་མཆོག་གི་བཀའ།།
ཟ་ཟི་མེད་པར་ཡིད་ལ་བཅང་ཡོད་པས།།
འ་འུར་ཉིད་དུ་ཐོབ་ཐང་རྩོད་པའི་ཆེད།།
ཡ་ཆུང་སྙིང་གི་འཕར་རྩ་ཇེ་འགྱོགས་རེད།།

ར་མ་ལུག་ལྟའི་སྲིད་དབང་སྒེར་གཅོད་འགའ།།
ལ་རྒྱ་ཆེ་བའི་དཔའ་བོ་དཔའ་མོ་ཡིས།།
ཤ་ཚ་མེད་པར་དུམ་བུར་གཏུབ་ཐུབ་ན།།
ས་མཐའ་སྡོམ་པའི་བུ་ཆུང་ཞེ་བློ་བདེ།།

ཧ་རེ་ལང་ནས་སྡོད་པ་འདི་ཀོ་ལས།།
ཨ་ཝ་གླང་མགོའི་མདུན་སར་འགྲོ་ན་ལེགས།།
ཨ་ཙི་བསམ་ཞིང་བསམ་ལ་ནང་ཁུལ་དུ།།
ཧ་ཅང་མཐུན་ལམ་བཟང་ལ་ཅིས་མི་འབད།།

ཡང་ཁོ་ན་རེ།

ཀ་ཤི་དྲི་མེད་མགུལ་ལ་གཡོག་ནས།།
ཁ་བརྡ་ཚིག་གསུམ་ཁྱོད་ལ་ཞུ་འདོད།།
ག་ལེར་ཨ་རི་ཡུལ་ལ་སླེབས་དུས།།
ང་ཡི་སེམས་གཏམ་ཡིད་ལ་བཟུང་རོགས།།

ཅ་ག་བྱེད་རྒྱུ་རང་གི་ལུས་རེད།།
ཆ་ལུགས་བོད་མི་རྣལ་མའི་གོས་རེད།།
ཇ་མར་རྩམ་པས་ལུས་ལ་ཕན་རེད།།
ཉ་སྦལ་སྦྲུལ་སོགས་ཟ་རྒྱུ་མ་མང་།།

ཏཱ་ལའི་བླ་མ་སྙིང་ནས་མ་བརྗེད།།
ཐ་ཤལ་སྤྱོད་པའི་གྲོགས་ངན་མ་འགྲོགས།།
ད་ནས་བཟུང་སྟེ་གཟབ་གཟབ་བྱེད་ནས།།
ན་ཚ་མེད་པའི་འཕྲོད་སྟེན་གལ་ཆེ།།

པ་ལགས་ཁོང་གི་ཅི་གསུངས་ཉན་ནས།།
ཕ་མེས་རིགས་གཞུང་རླག་ཏུ་མ་བཅུག།
བ་ལང་རྟུལ་ཞུགས་སྤྱོད་ལ་མཁས་པའི་།།
མ་རྒན་དབྱིན་མོའི་རྗེས་སུ་མ་རྒྱུགས།།

ཙ་ར་གཅོད་རྒྱུ་བོད་མའི་རྩ་དོན།།
ཚ་གྲང་ངལ་བ་ཁྱད་དུ་བསད་ནས།།
ཛ་དྲག་ཡོད་པའི་གནད་དོན་འདི་ཉིད།།
ཝ་ལེ་ཡིད་ནས་བརྗེད་པ་མ་གནང་།།

ཞ་ཉེའི་རིགས་ཅན་མགོ་སེར་དག་དང་།།
ཟ་མ་ལ་སོགས་སྤྱོད་ཚོད་བཟུང་དགོས།།
འ་ཅག་བོད་མའི་ཀུན་སྤྱོད་བཟང་པོ།།
ཡ་མ་ཟུང་དུ་འགྱུར་ན་འཕང་ག།

ར་རི་མེད་པའི་གཤིས་རྒྱུད་བཟང་པོ།།
ལ་ལུང་གང་དུ་འགྲོ་ཡང་གལ་ཆེ།།
ཤ་ཚ་བྱེད་ས་ཕ་མ་དྲིན་ཆེན།།
ས་ཕྱོགས་གང་དུ་སླེབས་ཀྱང་མ་བརྗེད།།

ཧ་ཅང་སྙན་པའི་གཏམ་ཞིག་མེད་ཀྱང་།།
ཨ་ཇོ་ཁྱོད་ལ་དུང་པའི་སེམས་ཀྱིས།།
ཧ་བེ་ཧོབ་བེ་ཚིག་འགའ་ཐལ་ལ།།
ཨ་མཆོག་ཚ་ན་དགོངས་དག་ཞུ་ཆོག།

ངས།
ཀ་ཋ་མན་ཌུའི་རྒྱལ་སའི་དཀྱིལ་ནས། །
ཁ་བ་ཅན་ཅན་གྱི་ན་གཞོན་མེ་ཏོག །
ག་བུ་དྲི་ཞིམ་ལུས་ལ་བཏོར་ཏེ། །
ང་ཡིན་བསམ་བསམ་ཞིག་གི་ངང་ནས། །

ཅ་ལག་ཡིག་ཆ་ལག་ཏུ་ཐོགས་ཏེ། །
ཆ་རྒྱུས་ཅན་གྱི་ལམ་བུ་དེ་ལ། །
ཇ་ཡུན་ཙམ་ཞིག་འཁོར་ལོར་སྡོད་རྗེས། །
ཉ་མོ་ང་རང་མཚོ་ནང་སླེབས་ཐལ། །

ཏ་ལ་མང་པོ་བརྩེགས་པ་མེད་པའི། །
ཐ་ཐོར་ཅན་གྱི་གྲོང་འཁྱེར་དེ་ཡི།།
ད་གཟོད་གཞུང་ཚབ་ཁང་དུ་ཞུགས་ཀྱང་། །
ན་ཟུག་ཙམ་ལས་འདོད་དོན་མ་གྲུབ། །

པ་ཕའི་ལོ་ཚོད་ཅན་གྱི་རྒད་པོ། །
ཕ་གི་རྐུབ་སྟེགས་སྟེང་ན་སྡོད་དེས། །
བ་རེ་བི་རེ་ཁ་ཤས་བཤད་རྗེས། །
མ་ལུས་རེ་བ་སྟོང་ཟད་བཟོས་ཐལ། །

ཙ་རིའི་གནས་བསྐོར་ཕར་ཟད་རེད་འདུག །
ཚ་བའི་དཀའ་ངལ་འདི་ན་ཆེ་འདུག །
ཛ་དྲག་ཞུ་བ་འཐེན་ས་མིན་འདུག །
ཝ་ཞྭ་ལྐོག་རྔན་སྤྲོད་ས་མིན་འདུག །

ཞྭ་གོས་ལྷམ་སོགས་འགྲིག་ཙམ་ཞིག་དང་། །
ཟ་བཏུང་བྲོད་ཁོག་རྒྱག་ཙམ་ཞིག་ལ། །
འ་ཆད་སྡུག་རུས་སྡོད་རྒྱུ་ཙམ་ལས། །
ཡ་མཚན་རྒྱས་སྤྲོས་ཡོང་རེ་བྲལ་ཐལ། །

ར་རི་ལྷད་ཀྱིས་མ་བསླད་སེམས་པས། །
ལ་ལུང་མང་པོའི་ཕ་རོལ་ཞིག་ནས། །
ཤ་ཚའི་སྙིང་གཏམ་གསོན་པོ་དེ་དག །
ས་སྟེང་སྡོད་རིང་ག་ལ་བརྗེད་སྲིད། །

ཧ་ལས་རེ་བ་སྔོན་ནས་མེད་པས། །
ཧ་ཅང་སེམས་ལ་དཀའ་མ་ཕྲད། །
ཨ་ཇོ་མེ་ཏོག་ལས་དོན་འདི་ལ། །
ཨ་ཁུས་ཐུགས་སྨོན་མ་གནང་ཨེ་རེད། །ཅེས་པས་རྫོགས་པར་བྱས་སོ།།

རྩོམ་རིག

Post navigation

Previous Post: གྲོགས་དམ་པ། ཁྱེད་རང་ཕེབས་སོང་།
Next Post: སྙུག་མིང་འོག་གི་ཁ་བརྡ་དང་ཤི་གསོན་བར་གྱི་བརྩེ་བ།

Comments (38) on “ཀ་ཁའི་དམག་འཁྲུག”

  1. ཨ་ཕྱི་ཆོས་སྒྲོན says:
    2013-04-09 at 1:00 am

    ཧ་བོ་མེ་ཏོག་དཀར་པོ་ཟེར་བའི་རྙིང་རྒན་འདིས། །
    ཨ་ཁ་དོན་མེད་དུས་ཚོད་འཕྲོག་བརླགས་བཏངས། །
    ཀ་ཁའི་དམག་འཁྲུག་དགྲ་ཁ་ནང་ལ་གཏད། །
    ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་རེད། །
    དགའ་ལྡན་ཕོ་བྲང་དཔོན་ལ་རྒོལ་རྐྱང་བྱེད། །
    རིས་མེད་དགེ་བཤེས་བེ་རུ་འཇིགས་མེད་དང་། །
    གཡུང་དྲུང་དགེ་བཤེས་སྨོན་ལམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    དེ་ཙམ་ཡིན་་་བདེ་མོ་གྱིས

  2. མེ་ཏོག་དཀར་པོ says:
    2013-04-09 at 1:12 am

    ཨ་ལ་འབྲི་གུང་བསྟན་པའི་སྲུང་མ་ཆེ།།
    ཨ་ཕ་ཐོས་པ་དགའ་ཡི་གྲོགས་མོ་སྟེ།།
    ཨ་མ་རྡོ་རྗེ་གཡུ་སྒྲོན་བཞུགས་ཡོད་ན།།
    ཁྱོད་མཚན་རྐུས་པའི་རྐུ་མ་འདི་ལ་གཟིགས།།

  3. མེ་ཏོག་དཀར་པོ says:
    2013-04-09 at 4:30 am

    ཨ་ལ་འབྲི་གུང་བསྟན་པའི་སྲུང་མ་ཆེ།།
    ཨ་ཕ་ཐོས་པ་དགའ་ཡི་གྲོགས་མོ་སྟེ།།
    ཨ་མ་རྡོ་རྗེ་གཡུ་སྒྲོན་བཞུགས་ཡོད་ན།།
    ཨ་ཕྱི་ཟེར་ཏེ་ཁྱོད་མཚན་རྐུས་འདིར་གཟིགས།། ཞེས་སུ་བཅོས

  4. གྲིབ་གཟུགས། says:
    2013-04-09 at 6:53 am

    མི་ལས་མེད་ཅིག་གི་ལས་ཀ་རང་རེད།

  5. མེ་ཏོག་དཀར་པོ says:
    2013-04-09 at 7:45 am

    ཁ་བརྡ་ལ་སླེབས་མཁན་མང་ཆེ་བ་ལས་མེད་མ་རེད་དམ།

  6. གངས་ཕྲུག་ says:
    2013-04-09 at 12:39 pm

    མེ་ཏོག་དཀར་པོ་ལགས་ཀ་རྩོམ་ཡག་པོ་བྲིས་འདུག་རྗེས་སུ་ཡི་རང་བསྔགས་བརྗོད་ཡོད་ལས་མེད་མ་རེད་ལས་ཡོད་རེད་ཀ་རྩོམ་བྲིས་པ་ཙམ་གྱི་ལས་ཀ་རེད།་་ཧ་ཧ་ཧ

  7. བན་དེ་བ། says:
    2013-04-09 at 1:38 pm

    མེ་ཏོག་ལགས་ནས་ཀ་རྩོམ་ཡག་པོ་བྲིས་ཤག་བཀླགས་ཟིན།

  8. འདྲེ་རྐང་ཐོ། says:
    2013-04-09 at 1:44 pm

    ལྟས་ངན་་་་མང་དྲག་འདུག་་་་་ཀློག་གི་མིན།

    ཀ་རྩོམ་འབྲི་ན་རྒྱས་བསྡུས་རེན་པར་ཕྲིས། །
    ཁ་རྒྱག་རྩོད་ན་རྩོད་ཚོད་ཟིན་པར་བྱོས །
    ག་དུས་ཡིན་ཡང་གཉིད་རྒྱུར་དགའ་བའི། །
    ང་འདྲའི་རིགས་ནི་ཉན་རྒྱུར་སུན་འགྲོ། །

  9. ཨ་ཕྱི་ཆོས་སྒྲོན says:
    2013-04-09 at 5:47 pm

    ཀ་རྩོམ་རྡོ་ཆག་ལྷུ་སྒྲིག་རེད། །
    ཁ་བཤད་ཆུ་ཡི་ལྦུ་བ་རེད། །
    ག་དུས་ཡིན་ཡང་དོན་མེད་འུར། །
    ང་ཁྱོད་རྩོད་ལ་དགོས་མེད་རེད། །

  10. མེ་ཏོག་དཀར་པོ says:
    2013-04-09 at 10:12 pm

    ཀ་བཤད་ལྷུ་ལག་སྒྲིག་དགོས་བྱུངན།།
    ཁ་ཁོག་ཚང་མ་ལྡེམ་མེར་གང་ཡོད།།
    ག་རེ་ཨ་ཕྱིས་ལེགས་པར་ལྟོས་དང་།།
    ང་ཡི་སྡེབ་སྦྱོར་ས་སྐྱ་པཎ་ཆེན།། ་ཨ་ཕྱི་རྐུབ་རལ་ལའོ།།

    འདིར་ཡུད་ཙམ་གཟིགས་ཤིང་དགོངས་འཆར་སྦུད་ཙམ་གསུངས་པ་པོ་ཡོངས་ལ་བསྟོད་དོ།།

  11. བསམ་ཤེས། says:
    2013-04-09 at 11:14 pm

    ཨ་ཕྱི་དང་མེ་ཏོག་དཀར་པོ། ད་སྐུ་མཁྱེན་འཚོ་དུས་མཐུན་པོ་བྱེད་རོགས། ནམ་ཞིག་ཁྱེད་གཉིས་གང་རུང་རྐྱེན་ལམ་དུ་སོང་ན། ཡང་འདས་པོ་ཁོང་ཟེར་ནས་ང་ཚོས་དྲན་གསོ་བྱེད་དུས། ཁྱེད་གཉིས་ཀ་འགྱོད་པ་སྐྱེས་ནས། སྔོན་མ་ཨ་ཕྱི་གསོན་དུས། ངས་མོ་ལ་ཁ་བརྡུང་བཏང་བ་དེ་ལ་ད་བློ་ཕམ་པོ་བྱུང་ཟེར་དགོས་ཚོད།

  12. མེ་ཏོག་དཀར་པོ says:
    2013-04-09 at 11:18 pm

    བསམ་ཤེས་ཀྱི་བསམ་ཤེས་ལ་ཡི་རངས་ཡོད། བུད་མེད་ཕྲག་དོགས་ཆེ་བས་བུད་མེད་མིང་ཅན་གྱི་ངོས་ནས་ངེད་གཉིས་འཁྲུག་པ་རྒྱག་གི་ཡོད། ཧ་ཧ་ཧ་

  13. དྲན་དཀར་དཔལ་ཡོན་ says:
    2013-04-10 at 9:12 am

    མེ་ཏོག་དཀར་པོ་བྱོན་པ་ལེགས། ཀ་ཁའི་དམག་འཁྲུག་ནི་གླ་བའི་དམག་འཁྲུག་དྲག་མོ་ཅིག་ཡིན་པའི་ཚོར་སྣང་བྱུང་།
    བདག་ནི་གླ་བ་འཚོལ་མཁན་ཞིག་ཡིན་ཡིན་ན་ཡང་ལས་ཀ་དང་ལས་གླར་བསམ་བློ་མི་གཏོང་བའི་འབྱོར་ལྡན་རྩ་མེད་དེ་འདྲའི་གྲངས་ཡིན། ཁྱེད་ནི་ཨ་ཕྱི་རྒན་མོ་དང་མི་འདྲ་བར་ནང་ལས་ལ་ཞིབ་ཚགས་ཅན་ཞིག་རེད་ཨང་།

  14. འདྲེ་རྐང་ཐོ། says:
    2013-04-10 at 11:03 am

    ཀྭ་རྡོ་ལྟ་བུའི་རྡོ་ཞིག་མགོ་ལ་རྒྱོབས། །
    ཁ་ནས་ཤོམ་ཆེན་འཐེན་ཞོར་རྐང་ལག་གཉིས། །
    ག་ལེར་མ་འདུག་ཤུགས་ཀྱིས་གཡུག་རྐྱང་བྱོས། །
    ང་ཚོ་ཟུར་འདུག་པ་ཡང་སྐྲག་ཏུ་ཆུགས། །

  15. མེ་ཏོག་དཀར་པོ says:
    2013-04-10 at 12:05 pm

    ཅ་ཟིང་ཅན་གྱི་འདྲེ་ཁྱོད་ཚུ་ར་ཉོན།།
    ཆ་འགྲིག་ཅན་གྱི་ལྷམ་དང་བཅས་པ་ཡིས།།
    ཇ་རིལ་ལྟ་བུའི་ཁྱོད་ཀྱི་མགོ་བོ་ལ།།
    ཉྭ་རིལ་འདར་བཞིན་རྡོག་པས་མི་བསྣུན་རེ།།

  16. འདྲེ་རྐང་ཐོ། says:
    2013-04-10 at 12:32 pm

    ཏྰ་རེ་ལྷ་མོའི་བྱིན་རླབས་འོག་ནས། །
    ཐ་དད་མི་ཡི་མིག་ལོག་ཙམ་ཞིག །
    ད་དུང་དུ་ཡང་འདྲེ་ངའི་གདོང་ལ། །
    ན་མཉམ་སུས་ཀྱང་བལྟས་མྱོང་མེད་དོ། །

  17. མེ་ཏོག་དཀར་པོ says:
    2013-04-10 at 12:59 pm

    པ་ཕའི་ལོ་ཚོད་ཅན་གྱི་རྒད་པོར།།
    ཕ་རོལ་བུ་མོ་མཛེས་མ་དེ་འདྲས།།
    བ་ཡིས་ལྕི་བ་དོར་བ་ལྟར་ལས།།
    མ་བཅོས་འཛུམ་གྱིས་ག་ལ་བལྟས་སྲིད།།

  18. དྲན་དཀར་དཔལ་ཡོན་ says:
    2013-04-10 at 3:04 pm

    ཙ་ར་ཙོ་རེ་འཐུས་མིའི་རྫོབ་རྟགས།།
    ཚ་པོ་ཚ་པོ་ཡི་གེ་ཕབ་པས།།
    ཛ་རེ་ཛོ་རེའི་ཨ་ཕྱི་རྒན་མོ།།
    ཝ་མོ་བཞིན་དུ་ཁྱེད་ཀྱིས་བསད་་འདུག །

  19. ཨ་ཕྱི་ཆོས་སྒྲོན says:
    2013-04-10 at 5:12 pm

    མེ་ཏོག་དཀར་པོའི་མིང་གིས་མཛེས་ན་ཡང། །
    མེ་འབར་འཁྲུག་རྩོད་དགའ་བའི་མ་རབ་ཀྱིས།
    མེ་དཔུང་དཔའ་རྒོད་འུར་སྒྲོག་བྱེད་པའི་ཚོགས། །
    མེར་སྲེག་ཆུ་ལ་རྒོལ་རྣམས་ཤ་རེ་ཚ། །

  20. མེ་ཏོག་དཀར་པོ says:
    2013-04-11 at 2:51 am

    ཨ་ཕྱིའི་མིང་གིས་ཁ་བརྡའི་ལྡུམ་ར་འཛད།།
    ཨ་ལུ་རུལ་འདྲའི་ངན་སྤྱོད་ངོ་སོར་འཁྱེར།།
    ཨ་མའི་བུ་རུལ་ཁྱོད་འདྲ་མཐོང་བའི་དུས།།
    ཨ་ཁ་བསམ་བཞིན་མིག་ནས་མཆི་མ་འཁྲུག །

  21. བན་དེ་བ། says:
    2013-04-11 at 3:02 am

    ཀ་ཁའི་དམག་འཁྲུགས་རེད་མི་འདུག་་་་ལྷོ་བྱང་ཀོར་ཡའི་དམག་འཁྲུགས་རེད་འདུག

  22. མེ་ཏོག་དཀར་པོ says:
    2013-04-11 at 3:09 am

    ཨ་ཕྱི་རྒན་མོའི་ལང་འཚོ་ཡལ་ཟིན་ཀྱང་།།
    ཨ་ཕ་ཨོ་རྒྱན་ཉི་མར་རེ་བ་བཅོལ།།
    ཨ་ཕའི་ཡུལ་ཆེད་རང་སྲོག་དོར་རྣམས་ལ།།
    ཨ་ཙི་སྙིང་རྗེ་ཙམ་ཡང་ཟེར་མ་མྱོང་།།

  23. ཨ་ཕྱི་ཆོས་སྒྲོན says:
    2013-04-11 at 12:12 pm

    ཨ་ཙི་སྙིང་རྗེ་ཟེར་ནས་ངན་སྐུལ་བྱེད། །
    ཧ་བོ་བྱི་ལའི་ཆོས་བཤད་མེ་དཀར་པོ། །
    ས་སྟེང་མི་ལུས་ཐོབ་པར་གསོན་སྲེག་འཁན། །
    ཤ་ཚ་སྙིང་ཉེ་ཡོད་པར་བདེན་སྲིད་དམ། །
    ཨ་ཕྱི་རྒན་གསུམ་རིག་ན་ཐུབ་ཚོད་བྱེད། །
    ཨ་ནེ་བན་ཆུང་མཐོང་ཚེ་གཅིན་སྐྱག་ཤོར། །
    ཨ་མྱེ་སྤྲུལ་སྐུ་རྣམས་ལ་ངན་སྨོད་འཁན། །
    ཨ་ལགས་ཡིན་ཟེར་ངོ་ཡང་མ་ཚ་འམ། །

  24. ཨ་ཕྱི་ཆོས་སྒྲོན says:
    2013-04-11 at 12:12 pm

    ཨ་ཙི་སྙིང་རྗེ་ཟེར་ནས་ངན་སྐུལ་བྱེད། །
    ཧ་བོ་བྱི་ལའི་ཆོས་བཤད་མེ་དཀར་པོ། །
    ས་སྟེང་མི་ལུས་ཐོབ་པར་གསོན་སྲེག་འཁན། །
    ཤ་ཚ་སྙིང་ཉེ་ཡོད་པར་བདེན་སྲིད་དམ། །
    ཨ་ཕྱི་རྒན་གསུམ་རིག་ན་ཐུབ་ཚོད་བྱེད། །
    ཨ་ནེ་བན་ཆུང་མཐོང་ཚེ་གཅིན་སྐྱག་ཤོར། །
    ཨ་མྱེ་སྤྲུལ་སྐུ་རྣམས་ལ་ངན་སྨོད་འཁན། །
    ཨ་ལགས་ཡིན་ཟེར་ངོ་ཡང་མི་ཚ་འམ། །

  25. འབྲས་ལྡན says:
    2013-04-11 at 1:09 pm

    ངོ་མ་་་་་་་་་ཀ་ཁ་གཉིས་ནས་དམག་འཁྲུག་རྫོགས་རྒྱུ་མེད་པ་ཞིག་བརྒྱབ་སོང་ལ། གོ་རྒྱུ་ཞིག་ཡོད་པ་ནི་འབྲི་མཁན་རང་ཉིད་མི་འཇོན་ཐང་ཅན་ཞིག་ཡིན་པ་ཤུགས་ནས་བསྟན་ཡོད།

  26. མེ་ཏོག་དཀར་པོ says:
    2013-04-11 at 1:12 pm

    རྭ་ཅོ་འདྲ་བའི་གཤིས་རྒྱུད་གྱོང་པོ་ལ།།
    ལ་ཕུག་བཟོ་འདྲའི་སྤྱོད་ངན་དྲི་མ་འཐུལ།།
    ཤ་ཚའི་ཡུལ་ལ་སྙིང་རྗེ་ཙམ་མེད་པ།།
    ས་སྟེང་འདི་ཡི་ཁུར་པོ་རྐུབ་རལ་ཁྱོད།།

  27. བན་དེ་བ། says:
    2013-04-11 at 1:16 pm

    ཀ་ཁའི་དམག་འཁྲུགས་ཚ་བོ་རྒྱབ་བཞིན་འདུག་དེས་ན་གཟུ་བོས་ལྟས་ན་མེ་དཀར་འདི་ཡི་མེ་མདའ་ལ་རྣོ་ངར
    ཆེ་ཙམ་འདུག

  28. ཨ་ཕྱི་ཆོས་སྒྲོན says:
    2013-04-11 at 1:25 pm

    ཨ་ལ་ཀུ་རེ་ཡིན་ནོ་མེ་ཏོག་དཀར་པོ། །
    ཨ་མཚར་བདེན་པར་མ་བཟུང་མི་ནག་ཆོས་བཤད། །
    ཨ་ལགས་ཁྱེད་ཉིད་དགོངས་པ་ཡོངས་སུ་རྫོགས་ཕྱིར། །
    ཨ་ཕྱི་ཆོས་སྒྲོན་ཁ་བརྡར་གྱེས་ཕྱག་འཚལ་ལོ། །
    ཨ་རོགས་ཁྱེད་ཚོ་མདའ་ཚན་མགོན་པོ་བཞིན་དུ། །
    ཨ་ཁུ་གཤིན་རྗེས་ཞགས་པས་མ་ཟིན་བར་དུ། །
    ཨ་ལགས་དམ་པ་ཚོ་ལ་སྒྲོ་བཀུར་འདེབས་ནས། །
    ཨ་གསར་འདོ་མེད་ཚོ་དང་མི་ཚེ་སྐྱོལ་ཞིག །

  29. མེ་ཏོག་དཀར་པོ says:
    2013-04-11 at 1:47 pm

    འདི་ན་འཁྲུལ་པས་མ་བསླད་ཆོས་འགའ་ཡང་།།
    མེད་ངེས་གོ་བས་ཤེས་རྒྱུད་ཅུང་བརླན་པས།།
    ཅི་བཤད་བདེན་པར་འཛིན་པའི་རྨོངས་པའི་རྒྱར།།
    ཚུད་དོ་སྙམ་པའི་གུ་དོག་མ་བྱེད་ཅིག །

    ཨོ་རྒྱན་ཉི་མར་མ་བཤད་ཚིག་ངན་མེད།།
    བན་དེ་བ་དང་མ་འཁྲུག་སྐབས་ཤིག་མེད།།
    ཨ་ཕྱི་ཁྱོད་དང་སྔ་ཕྱིར་བཤད་རེས་བྱས།།
    དེ་དག་ཐམས་ཅད་བློ་བུར་ཙམ་ཞིག་ལས།།
    ཤ་འཁོན་རྩོད་པ་དེ་འདྲ་ག་ལ་ཡིན།།
    དེ་ཕྱིར་གྲོགས་ཁྱོད་འདི་འདྲའི་རྐྱེན་ཞིག་ཀྱང་།།
    མ་བཟོད་ཁ་བརྡའི་གླིང་ལས་བྱོལ་ལོ་ཞེས།།
    སྙིང་ཆུང་རང་བཞིན་མངོན་པར་བྱས་པ་འདིར།།
    མི་ངན་མེ་ཏོག་ང་ནི་བློ་མ་བདེ།།

  30. གཉིས་མེད་སེངྒེ says:
    2013-04-11 at 1:53 pm

    ཀ་རྩོམ་མཛོ་ཁལ་ལོངས་པ་ཞིག་བྲིས་འདུག་ལྟ་ནང་ནི་དོན་ནང་འཛིང་རྐྱང་རྐྱང་ཡིན་བཟོ་འདུག་པས། ངས་བཀླག་མི་ཁོམ་ལ་ཀློག་སྙིང་ཡང་མི་བྲོ།

  31. རོང་པོ་མཇོ་ན་ནས་ says:
    2013-04-11 at 2:30 pm

    ཁ་བརྡའི་ལྡུམ་རྭ་སྐྱེས་པའི་མེ་དཀར་དེ།།
    བེ་རི་སྨྱོན་པས་ཕྱག་གིས་ལྷོད་ལྷོད་ཀྱིས།།
    ཨ་ཕྱི་ཆོས་སྒྲོན་དགྱེས་པའི་མཆོད་སྤྲིན་དུ།།
    ཕུལ་ལ་འདྲས་དང་བན་དེ་སྤྲོ་བ་འཕེལ།།

  32. རོང་པོ་མཇོ་ན་ནས་ says:
    2013-04-11 at 2:33 pm

    ཁ་བརྡའི་ལྡུམ་རྭ་སྐྱེས་པའི་མེ་དཀར་དེ།།
    བེ་རི་སྨྱོན་པས་ཕྱག་གིས་ལྷོད་ལྷོད་ཀྱིས།།
    ཨ་ཕྱི་ཆོས་སྒྲོན་དགྱེས་པའི་མཆོད་སྤྲིན་དུ།།
    ཕུལ་ལ་འདྲེ་དང་བན་དེ་སྤྲོ་བ་འཕེལ།།

  33. བན་དེ་བ། says:
    2013-04-11 at 10:25 pm

    ཨ་ཏི་ཡོ་ག་ཡི་ཆོས་ལ་ཞེན་མདོག
    ཨ་ཏི་སྙིང་དོན་ཚུལ་བཞིན་དེ་མ་རྟོགས།
    ཨ་ཕྱི་དཀྲུགས་རྡོས་གྱེས་ཕྱག་འཚལ་བར།
    ཨ་བོ་དགའ་བས་སྐྱེལ་མ་རང་ཞུས་ཆོག

    ཨ་ཕྱིའི་མིང་ནས་གྱེས་ཕྱག་འཚལ་ནའང།
    ཨ་བོ་གསང་མཚན་མིང་གི་བྱང་འོག་ནས།
    ཨ་ཕྱུག་ཚག་འབུ་བཞིན་དུ་ཁ་བརྡ་འདིར།
    ཨ་མེས་ཆོས་ལ་སྒྲོས་སྐུར་འདེབས་པར་ངེས།

  34. ཀརྡོ་གཉེར་ཕྱག་པ་ says:
    2013-04-12 at 4:08 am

    ཀ་ཁའི་དམག་འཁྲུགས་མ་རེད། །
    ཁ་ལྕེའི་རྩོད་པ་རེད་འདུག །
    ག་ལེར་ཞི་འཇམ་བྱུང་ན། །
    ང་ཚོ་ལྷོད་མཇལ་ཡོང་བ། །

  35. མེ་ཏོག་དཀར་པོ says:
    2013-04-12 at 8:00 am

    ཅ་ཅོ་གཅིག་པུ་མ་རེད།།
    ཆ་མེད་ཡ་ཐོའང་མ་རེད།།
    ཇ་མངར་ཞིམ་པོ་ནང་བཞིན།།
    ཉ་ཤ་བྲོ་བ་ཅན་བཞིན།།

  36. ཁྱི་རྒན། says:
    2013-04-12 at 12:59 pm

    ༢༠༡༠ ལོའི་རྩམ་གཟན་ཤི་ནས་ཡང་སྲིད་སྐྱེས་ཚར་འདུག མེ་དཀར་ལགས། འདི་ཉར་ཚག་ཇི་ལྟར་བྱས་སམ

  37. ཁྱི་རྒན། says:
    2013-04-12 at 1:00 pm

    ཚེ་ལས་འདས་པ་ཟེར་དགོས་རེད་པ

  38. མེ་ཏོག་དཀར་པོ says:
    2013-04-13 at 2:51 am

    ག་རེ་ཡིན་མི་སྲིད། རྩམ་གཟན་ཤི་ནས་རྡོ་ྗེ་ངང་དཀར། དེ་ཤི་ནས་ཁྱི་རྒན་དུ་སྐྱེ་སྲིད་ལེན་ནམ་སྙམ། ཨེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme