Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་ཐར་གོ་སླའི་ཚིགས་སུ་བཅད་པ་དད་གདུང་རྒྱལ་སྲས་འཇུག་ངོགས།

Posted on 2013-04-062013-04-06 By ཁ་བརྡ་ 5 Comments on རྣམ་ཐར་གོ་སླའི་ཚིགས་སུ་བཅད་པ་དད་གདུང་རྒྱལ་སྲས་འཇུག་ངོགས།

ཆབ་མདོ་ངག་ཕུན།
“ཆུ་གླང་རྩ་ཚིག་བསྒྲགས་ནས་ལོ་ངོ་ཆིག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན།”

ཕྱི་ལོ་མ་བྱུང་སྔོན་ལ། །བོད་མི་སྤྱི་ལ་དབང་བའི།།
བོད་ཀྱི་རྒྱལ་པོ་ཐོག་མ། །གཉའ་ཁྲི་བཙན་པོ་བྱུང་གྲགས།།
དེ་ནས་གླང་དར་བར་ལ།།རྒྱལ་རབས་ཞེ་གཅིག་བྱུང་བ།།
ལྷ་ཐོ་གཉན་བཙན་སྐབས་སུ། །དམ་པའི་ཆོས་ཀྱི་དབུ་བརྙེས།།
ཆོས་རྒྱལ་སྲོང་བཙན་སྐབས་སུ། །བོད་ཡིག་གསར་བཏོད་གནང་སྐད།།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། །གངས་ཅན་བོད་ཀྱི་ལྗོངས་སུ།།
དགེ་འདུན་གསར་འཛུགས་མཛད་སྐད། །ཆོས་རྒྱལ་ཁྲི་རལ་སྐབས་སུ།།
འཕགས་བོད་ལོ་པཎ་རྣམ་པས། །བོད་ཡིག་གོ་བདེར་ཡོང་ཆེད།།
སྐད་གསར་གཏན་འབེབས་མཛད་སྐད། །རྒྱལ་པོ་གླང་དར་སྐབས་སུ།།
དམ་པའི་ལྷ་ཆོས་བསྣུབས་སྐད། །རྒྱལ་པོ་གླང་དར་བཀྲོངས་པས།།
གངས་ལྗོངས་སིལ་བུར་འཐོར་ནས། །བོད་ཀྱི་རྒྱལ་བརྒྱུད་རྫོགས་སྐད།།
དེ་ནས་ས་སྐྱ་ཕག་གྲུ། །རིན་སྤུངས་གཙང་པ་བཅས་ཀྱིས།།
བོད་ཀྱི་ཆབ་སྲིད་བསྐྱངས་སྐད། །བོད་གཞུང་དགའ་ལྡན་ཕོ་བྲང་།།
དབུ་བརྙེས་དེ་ནས་བཟུང་སྟེ། །༸རྒྱལ་མཆོག་སྐུ་ཕྲེང་ན་རིམ།།
བཀའ་དྲིན་བླ་མེད་ཐོག་ནས། །བོད་ཀྱི་ཆབ་སྲིད་བསྐྱངས་སྐད།

དེ་རིང་གླེང་བྱ་གཙོ་བོ། །༸རྒྱལ་མཆོག་བཅུ་གསུམ་པ་ཡིན།།
གངས་ཅན་བོད་འབངས་ཡོངས་ལ། །བཀའ་དྲིན་ཤིན་ཏུ་ཆེ་བའི།།
ཁོང་གི་ལོ་རྒྱུས་གཞིར་བཟུང་། །གོསླའི་ཚིགས་བཅད་སྤེལ་ལོ།།
༸སྐུ་ཕྲེང་བཅུ་གསུམ་པ་ནི། །དྭགས་པོ་གླང་མདུན་གྲོང་ཁྱིམ།།
ཡབ་ཆེན་ཀུན་དགའ་རིན་ཆེན། །ཡུམ་ཆེན་བློ་བཟང་སྒྲོལ་མ།།
གཉིས་ཀྱི་སྲས་སུ་འཁྲུངས་བ། །འཇིག་རྟེན་མགོན་པོ་མཆོག་ཉིད།།
འཁྲུངས་བར་འགྱུར་བའི་ཡོན་ཏན། །སྔ་ལྟས་ས་ཆེན་འདར་ཞིང་།
རྟེན་འབྲེལ་སྣ་ཚོགས་ཤར་ཡོད། །གངས་ཅན་བོད་ཀྱི་ལྗོངས་ལ།།
ཡང་སྲིད་བཅོ་ལྔ་ཟླ་བ། །བྱོན་པའི་བོད་འབངས་ཡོངས་ལ།།
སྐྱིད་པའི་ཉི་མ་ཤར་ཞིང་། །ཡབ་ཡུམ་ལྷན་རྒྱས་འཁོར་བཅས།།
དབུས་ཕྱོགས་ཆོས་ཀྱི་ཞིང་ལ། །རིམ་གྱིས་གདན་འདྲེན་ཞུས་པ།།
པཎ་ཆེན་བསྟན་པའི་དབང་ཕྱུག །དབུ་སྐྲ་གཙུག་ཕུད་བཞེས་ནས།།
མཚན་ལ་རྗེ་བཙུན་ངག་དབང་། །བློ་བཟང་ཐུབ་བསྟན་རྒྱ་མཚོ།།
འཇིགས་བྲལ་དབང་ཕྱུག་ཕྱོགས་ལས། །རྒྱལ་བའི་སྡེ་ཞེས་གསོལ་མཛད།།
ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས། །གསེར་ཁྲིར་མངལ་གསོལ་མཛད་པའི།།
མཛད་སྒོ་རྒྱས་པ་གནང་ཡོད། །ཡོངས་འཛིན་བགྲེས་གཞོན་དྲུང་ནས།།
དགེ་ཚུལ་སྡོམ་པ་བཞེས་ནས། །གཞུང་ཆེན་བཀའ་པོད་ལྔ་ལ།།
སློབ་གཉེར་མཐར་ཕྱིན་མཛད་པ། །ལྷ་ལྡན་སྨོན་ལམ་ཆེན་མོར།།
ལྷ་རམས་དམ་བཅའ་མཛད་ཡོད། །མཚན་སྙན་ས་གསུམ་ཁྱབ་ཡོད།།
དགུང་ལོ་བཅོ་བརྒྱད་ཐོག་ལ། །བོད་ཀྱི་ཆོས་སྲིད་གཉིས་ཀྱི།།
ཐུགས་འགན་བདག་གིར་བཞེས་མཛད། །སྲིད་སྐྱོང་རྟ་ཚག་སྐབས་སུ།།
དབྱིན་གཞུང་ཕྱོགས་ཀྱི་ངོས་ནས། །གངས་ཅན་བོད་ཀྱི་ཕྱོགས་ལ།།
ར་ཤི་དབང་ཤུགས་ཡོད་མེད། །དབྱིན་ཇི་བོད་ཕྱོགས་ཡོང་ཐབས།།
ཐབས་ཤེས་རིམ་པར་བྱས་ཀྱང་། །རང་རེའི་བོད་ཀྱི་ཕྱོགས་ནས།།
སྔོན་འགོག་རིམ་པར་བྱས་ཡོད། །དེ་བསྟུན་མན་ཇུ་གོང་མས།།
བོད་ལ་དབང་ཤུགས་ཡོད་མདོག །རྫུན་སྒྲོག་དུ་མ་བྱས་རྐྱེན།།
དབྱིན་ཇིས་ཡིད་ཆེས་བྱས་ཏེ། །དབྱིན་མན་གཉིས་ཀྱི་ཕྱོགས་ནས།།
བོད་གཞུང་མེད་པའི་ཐོག་ནས། །ཚོང་དོན་ཆིངས་ཡིག་བཞག་ཡོད།།
རྒྱ་གར་དབྱིན་གཞུང་ངོས་ནས། །ཆིངས་ཡིག་དེ་ལ་གཞིར་བཟུང་།།
བོད་གཞུང་འབྲེལ་བ་བྱས་ཀྱང་། །བོད་གཞུང་ཕྱོགས་ཀྱི་ངོས་ནས།།
ངོ་རྒོལ་མཐའ་གཅིག་བྱས་ཏེ། །ངོས་ལེན་རྩ་ནས་གནང་མེད།།
རིམ་གྱིས་དབྱིན་ཇིའི་ཕྱོགས་ནས། །མན་ཇུ་བོད་ཀྱི་ཕྱོགས་ལ།།
དབང་ཤུགས་གང་ཡང་མེད་པ། །རིམ་གྱིས་གསལ་པོར་རྟོགས་ནས།།
བོད་ལ་ཐད་ཀར་འབྲེལ་བ། །དེ་ནས་བྱེད་མགོ་བཙུགས་ཡོད།།
འོན་ཀྱང་དོན་སྙིང་ལྡན་པའི། །འབྲེལ་ལམ་བཟང་པོ་མ་བྱུང་།།
དེང་རབས་གོ་མཚོན་ལྡན་པ། །དབྱིན་ཇིའི་དམག་མི་རྣམས་ཀྱིས།།
རིམ་གྱིས་བཙན་འཛུལ་བྱས་ནས། །ཕན་ཚུན་དམག་འཁྲུག་བྱུང་ཡོད།།
རང་རེའི་བོད་གཞུང་ཕྱོགས་ལ། །གོད་ཆག་ཆེན་པོ་བྱུང་ནས།།
༸གོང་ས་སྟོན་འཁོར་བཅས་པ། །ལེ་བར་བརྒྱ་ཕྲག་བརྒལ་ནས།།
སོག་བོད་ཆོས་འབྲེལ་ཆེ་བའི། །སོག་པོའི་ཡུལ་ལ་ཕེབས་ཡོད།།
སོག་པོའི་སྡེ་འབངས་ཡོངས་ཀྱིས། །ཕེབས་བསུ་གཟབ་རྒྱས་ཞུས་ཡོད།།
སོག་པོའི་རྒྱལ་འབངས་རྣམས་ལ། །ཆོས་ཀྱི་སྣང་བ་བསྩལ་བས།།
ཞི་བདེའི་འོད་སྣང་བསྐྲུན་ཡོད། །སོག་པོར་ལོ་ཤས་བཞུགས་ནས།།
སྐུ་འབུམ་ཕྱོགས་སུ་ཕེབས་པ། །དགོན་པའི་ལས་སྣེ་ཡོངས་ཀྱིས།།
ཕེབས་བསུ་གཟབ་རྒྱས་ཞུས་ཡོད། །རྒྱ་ནག་རི་བོ་རྩེ་ལྔར།།
གནས་གཟིགས་ཕེབས་པར་མཛད་ཅིང་། །ཐུགས་སྨོན་ཟབ་རྒྱས་མཛད་བཞིན།།
རི་བོ་རྩེ་ལྔ་བརྒྱུད་ནས། །རྒྱ་ནག་ཕྱོགས་སུ་ཕེབས་ཏེ།།
གོང་མ་ཡུམ་སྲས་གཉིས་གཙོས། །རྟ་དམག་རྐང་དམག་རུ་སྒྲིག།
ཕེབས་བསུ་གཟབ་རྒྱས་ཞུས་ཡོད། །༸གོང་ས་༸སྐྱབས་མགོན་ཆེན་པོས།།
གོང་མ་ཡུམ་སྲས་གཉིས་ལ། །བོད་རྒྱ་མཆོད་ཡོན་ཙམ་ལས།།
གཅིག་འོག་གཅིག་ཏུ་མིན་པ། །བོད་རྒྱ་ཐ་དད་ཡིན་སོགས།།
འགྲེལ་བཤད་རྒྱས་པར་གནང་ཡོད། །དེ་ནས་བོད་ཀྱི་ཕྱོགས་ལ།།
ཆིབས་བསྒྱུར་གནང་བ་མཛད་ཅིང་། །གཞུང་ཞབས་ཆེ་འབྲིང་རྣམ་པས།།
ས་ཚུགས་རིམ་པ་བྱས་ཏེ། །ཕེབས་བསུ་གཟབ་རྒྱས་ཞུས་ངོར།།
ཆོས་ལྡན་གངས་ཅན་ལྗོངས་སུ། །༸རྒྱལ་བ་ཞབས་སོར་འཁོད་པ།།
གངས་ཅན་བོད་འབངས་ཡོངས་ལ། །བདེ་སྐྱིད་ཉི་མ་ཤར་ཡང།།
གློ་བུར་རྒྱ་དམག་ལྷགས་ནས། །བོད་ལ་བཙན་འཛུལ་བྱས་པས།།
༸རྒྱལ་མཆོག་བཅུ་གསུམ་པ་ཡིས། །ཚེ་སྨོན་སྲིད་སྐྱོང་བསྐོས་ནས།།
རྒྱ་གར་འཕགས་པའི་ཡུལ་དུ། །བཙན་བྱོལ་ཕེབས་དགོས་བྱུང་བ།།
རྒྱ་གར་འཕགས་པའི་ཡུལ་ལ། །བཞུགས་རིང་བོད་དོན་ཆེད་དུ།།
ཕྱི་རྒྱལ་འབྲེལ་ཡོད་རྣམས་ལ། །འབྲེལ་བ་གང་ཐུབ་གནང་ཡོད།།
ལྷ་སར་ཡོད་པའི་ཨམ་བན། །ཏཱ་ལའི་བླ་མ་ཞེས་པའི་མཚན་གནས།།
གནས་དབྱུང་བཏང་བ་ཡིན་ཚུལ། །དེ་བརྗོད་ཐོབ་ཐང་མེད་ཀྱང་།།
ཧམ་བཤད་ཁོ་ན་བྱས་ཡོད། །འོན་ཀྱང་༸གོང་ས་མཆོག་གི།
མཛད་འཕྲིན་དབྱར་མཚོ་རྒྱས་ལྟར། །འཕགས་ཡུལ་ཕྱོགས་སུ་ཁྱབ་པས།།
མན་ཇུར་ཅི་བྱེད་མེད་པར། །སྔ་ཕྱིའི་དྲིལ་བསྒྲགས་དེ་དག།
དོར་ཏེ་ཏཱ་ལའི་བླ་མའི། །གོ་གནས་བསྐྱར་གསོ་བྱས་ཚུལ།།
སྔར་གྱི་གོ་གནས་བཞིན་དུ། །ལྷ་སར་གདན་འདྲེན་ཞུ་རྒྱུ།།
དྲིལ་བསྒྲགས་ལ་སོགས་བྱས་ཀྱང་། །༸རྒྱལ་བ་ཡིད་བཞིན་ནོར་བུས།།
གོ་གནས་བཞེས་རྒྱུ་མིན་ལ། །བོད་ཀྱི་ཆོས་སྲིད་ལས་དོན།།
སྔར་བཞིན་བྱེད་བཞིན་ཡོད་ཅེས། །ཐ་ཚིག་ནན་པོ་བསྒྲགས་པས།།
རྒྱ་མིའི་དཔོན་རིགས་དེ་དག། །ངོ་ཚ་ཁ་སྐྱེངས་ལྷགས་སོ།།
རིམ་གྱིས་རྒྱ་ནག་ནང་དུ། །དུས་ཀྱི་འཕོ་འགྱུར་དང་བསྟུན།།
གངས་ལྗོངས་བོད་འབངས་ཡོངས་རྫོགས། །བློ་རྩེ་གཅིག་ཏུ་བསྒྲིལ་ནས།།
བོད་སྡོད་རྒྱ་མི་གཅིག་ཀྱང་། །མེད་པར་མཐའ་སྐྲོད་བཏང་ཡོད།།
༸རྒྱལ་མཆོག་སྟོན་འཁོར་བཅས་པ། །གངས་ཅན་ལྗོངས་སུ་ཕེབས་ནས།།
རང་དབང་བདེ་སྐྱིད་ཉི་མ། །བོད་འབངས་ཡོངས་ལ་ཤར་བ།།
༸རྒྱལ་བ་ཐུབ་བསྟན་རྒྱ་མཚོས། །འཛམ་གླིང་འཕོ་འགྱུར་དང་བསྟུན།།
ཐུགས་དགོངས་བླ་མེད་བཞེས་ནས། །གངས་ལྗོངས་བུ་ཕྲུག་འགའ་ཞིག །
དེང་དུས་སློབ་སྦྱོང་ཡོང་ཆེད། །ཕྱི་རྒྱལ་ཡུལ་གྲུ་ཁག་ལ།།
སློབ་སྦྱོང་ཆེད་དུ་བཏང་ཡོད། །དེ་བཞིན་རྒྱལ་ཁབ་གཅིག་ལ།།
ཧ་ཅང་དགོས་མཁོ་ཆེ་བའི། །དངུལ་བཟོ་ཌག་ཡིག་འཁོར་ལམ།།
བཟོ་ལས་གློག་ཁང་གསར་འཛུགས། །རྫོང་ཁག་སློབ་གྲྭ་གསར་འཛུགས།།
ཐོན་སྐྱེད་འཕེལ་རྒྱས་ཡོང་བའི། །ཐབས་ཤེས་རིམ་པར་གནང་ཡོད།།
འོན་ཀྱང་ཕུགས་རྒྱང་ཐུང་བའི། །བསམ་མེད་ལས་སྣེ་འགའ་ཤས།།
དགོངས་འདུན་ཚུལ་བཞིན་མ་བསྒྲུབས། །ད་ལྟའི་གནས་སྟངས་འདི་བྱུང་།།
གངས་ཅན་བོད་འབངས་ཡོངས་ལ། །ཆུ་གླང་རྩ་ཚིག་བསྒྲགས་ནས།།
གངས་ཅན་བོད་ཀྱི་ཞིང་ལ། །རྒྱ་ནག་གཞུང་གི་དབང་འོག །
ནམ་ཡང་ཚོད་མྱོང་མེད་ལུགས། །རྩ་ཚིག་ནན་པོ་བསྒྲགས་ཡོད།།
རྩ་ཚིག་དེ་ཉིད་བསྒྲགས་ནས། །ལོ་ངོ་ཆིག་བརྒྱ་འཁོར་བའི།།
གངས་ཅན་བོད་འབངས་ཡོངས་ཀྱི། །འདི་ཉིད་དྲན་གསོ་བྱེད་དགོས།།
རྒྱལ་ཁབ་གཞན་དང་མཉམ་དུ། །ཆིངས་ཡིག་འགའ་ཤས་བཞག་ཡོད།།
ཁོང་ནི་བོད་གངས་ཅན་བོད་ལ། །བཀའ་དྲིན་ཧ་ཅང་ཆེ་བས།།
བཀའ་དྲིན་སྙིང་ནས་ཞུ་འོ། །བདག་ཉིད་ཤེས་བྱ་དམན་དབང་།།
བརྗོད་བྱ་རྗོད་བྱེད་སོགས་ལ། །སྐྱོན་དང་ནོར་འཁྲུལ་མཆིས་ཚེ།།
བཟོད་གསོལ་སྙིང་ནས་ཞུ་འོ། །

མཆན།༽ བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཆུ་གླང་རྩ་ཚིག་བསྒྲགས་ནས་ལོ་ངོ་ཆིག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་སྤེལ་བ་ཞིག་ཀྱང་ཡིན། ཞེས་པ་འདི་ནི་གུས་པས་ཚོར་ཤུགས་ཆེན་པོའི་སྦྱར་བས་ཀུན་གྱིས་དེ་དོན་རྟོགས་པར་ཤོག །

རྩོམ་རིག

Post navigation

Previous Post: ཏ་རེ་ཏུ་རེ་ཡི་འགྲེལ་བཤད།
Next Post: ཐོལ་བྱུང་གི་སེམས་ཚོར།

Comments (5) on “རྣམ་ཐར་གོ་སླའི་ཚིགས་སུ་བཅད་པ་དད་གདུང་རྒྱལ་སྲས་འཇུག་ངོགས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-04-06 at 10:43 am

    །༸གོང་ས་༸སྐྱབས་མགོན་ཆེན་པོས།།
    གོང་མ་ཡུམ་སྲས་གཉིས་ལ། །
    བོད་རྒྱ་མཆོད་ཡོན་ཙམ་ལས། །
    གཅིག་འོག་གཅིག་ཏུ་མིན་པ། །
    བོད་རྒྱ་ཐ་དད་ཡིན་སོགས། །
    འགྲེལ་བཤད་རྒྱས་པར་གནང་ཡོད། །ཟེར།

  2. དྲན་དཀར་དཔལ་ཡོན་ says:
    2013-04-06 at 11:46 am

    སྐྱབས་སུ་འཛིན་གོང་ས་བཅུ་གསུམ་པ་སྐྱབས་སུ་འཛིན་ནོ།
    འགྱོད་དོ་གོང་ས་བཅུ་གསུམ་པ་ཁེར་རྐྱང་བཞག་པར་འགྱོད་དོ།
    འདྲེ་ལ་ཡི་རང་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང་ཉེས་ལྟུང་གི་ཚོགས་
    ཅི་མཆིས་པ་ཐམས་ཅད་གསར་འགྱུར་བརྒྱུད་ལམ་དུ་མཐོལ་ལོ།
    མི་འཆབས་པོ་འཆགསསོ།

  3. བསམ་ཤེས། says:
    2013-04-06 at 7:56 pm

    རྒྱལ་མཆོག་འདི་ངོ་མཚར་ཅན་ཞིག་རེད་སྙམ། སྐུ་ཚེ་གང་པོར་ཆབ་སྲིད་ཀྱི་གྱ་གྱུ་མང་པོའི་དོན་དུ་ཕྱོགས་ཕེབས་མང་པོ་མཛད་དགོས་བྱུང་རུང་། ཐོས་བསམ་སྒོམ་གསུམ་ལ་འཐུས་ཤོར་མི་གནང་བའི་ཁྱད་པར། དཔེར་ན། ལྷ་རམས་པ་དགེ་བཤེས་གཏོང་གནང་མཛད་པ་དང་། སྙིང་ཆོས་བསམ་ཡུལ་ལས་འདས་པ་མང་པོ་གསན་ཐུབ་པ། དེ་བཞིན་དབུས་གཙང་མདོ་སྟོད་སྨད་ཀྱི་བླ་མ་མང་པོའི་དྲུང་ནས་ཟབ་ཆོས་མང་ཤོས་གསན་པ། སྐུ་འཕྲེང་དེ་ཁོ་ནའི་སྐབས་ལ་འཇིགས་བྱེད་ཀྱི་སྙེན་ཆེན་ལ་ཞུགས་ཐུབ་པ་སོགས་རེད་ལགས།

    དེ་བཞིན་རྒྱལ་བ་སྐུ་འཕྲེང་འདི་པ་ནི། ཆོས་ཀྱི་གསན་རྒྱ་དང་རྟོགས་པ་ཆེ་ཆེར་ཡོད་པའི་ཐོག་ལ་ཆབ་སྲིད་ཀྱི་དགོངས་རྒྱ་ཤིན་དུ་ཆེ་བ། རྒྱལ་སྤྱིའིན་འཕོ་འགྱུར་ལ་དོ་སྣང་ཆེ་བ། ལྷག་དོན་མི་རིགས་དང་རང་དབང་གི་སྐོར་ལ་དོ་སྣང་ཆེན་པོ་ཡོད་པ་ནི་རང་བཙན་བསྒྲགས་གཏམ་སོགས་ལས་ཤེས་ཐུབ།

    ད་དུང་ཆོས་ཟབ་པའི་ཐོག་ལ་འཇིག་རྟེན་འཐུས་ཤོར་མེད་པ་ནི། བོད་ལ་སྐྱ་བོའི་རིག་གནས་དར་སྤེལ་ཡོང་བར་སྐུ་ལས་ཆེན་པོ་སྐྱོན་ཡོད་པ་དང་། གོང་ས་རང་ཉིད་ནས་སྐྱ་ཆས་ཡང་སེ་བཞེས་ནས་སྐུ་དྲག་ཚོར་སྐྱ་བོའི་རིག་གཞུང་ལ་སྣེ་སྟོན་ལྟ་བུ་གནང་བ་དང་། ཁྱིམ་གྱི་སྒྲིག་ཆས་དང་། སྒེར་གྱི་ཅ་དངོས་སོགས་ལ་དོ་སྣང་ཤིན་དུ་ཆེན་པོ་མཛད་ནས། ཆོས་དང་འཇིག་རྟེན་གཉིས་ཀར་ཐུགས་སྣང་ཆེན་པོ་ཡོད་སྐད། དཔེར་ན། རྒྱལ་བ་འདི་པ་སྣ་ཐག་བཞེས་པར་སྤྲོ་ཞིང་། སྣ་ཐག་གི་ཤེལ་དམ་དེ་ཚོར་དོ་སྣང་ཆེ་ལ། གཞན་ལ་ཡང་སྣ་ཐའི་སྐོར་ལ་ལོ་རྒྱུས་མང་པོ་གསུང་ཐུབ་པ་དང་། འཇིག་རྟེན་གྱི་གཏམ་སྣ་ཚོགས་ལ་ཤིན་དུ་མཉེས་པའི་རྣམ་པ་བསྟན་ནས། སྐྱ་བོ་མང་པོ་སློབ་མར་འགུགས་ཐུབ་པ། སྐུ་དྲག་ག་གེ་མོའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་གསན་ན། ཁོང་ནས་རོགས་པ་གནང་ནས་ཁོང་ཚོའི་མི་རྒྱུད་མི་ཆད་པར་སྐུ་སྒེར་ནས་མནའ་མ་སོགས་ངོ་སྤྲོད་གནང་བའི་ལོ་རྒྱུས་ནི། ལྷ་ཀླུ་དང་བསམ་གྲུབ་ཕོ་བྲང་། དེ་བཞིན་ཁྱིམ་ཚང་གཞན་ལ་མནའ་མ་དང་མག་པ་སོགས་གཏོང་བར་གན་འཁུར་བཞེས་པ་གསུངས་རྒྱུ་འདུག ཁོང་གི་ཐུགས་སྲས་ནང་ལ་སྐྱ་བོ་འཇོན་ཐང་ཅན་འགའ་ཤས་བྱུང་ཡོད་པ་ནི། སྤྱན་གསལ་ཀུན་འཕེལ་ལགས་དང་། ལྕང་ལོ་ཅན། བླ་སྨན་མཁྱེན་རབ་ནོར་བུ། དེ་བཞིན་རིན་སྒང་དང་། བྱང་ངོས་པ། ལུང་ཤར། ཁྲི་སྨོན་སོགས་སྐུ་དྲག་བྱས་པ་ཅན་མང་པོ་གསོ་སྐྱོང་ཐུབ་ཡོད།

    ཆོས་ཀྱི་རྟོག་པ་མཐོན་པོར་གཤེགས་པའི་ཡོན་ཏན་འདུ་མ་རྒྱལ་བ་འདི་ལ་ཞུ་གསོལ་སྣང་། དཔེར་ན། དགའ་ལྡན་ལ་གནས་གཟིགས་ལ་ཕེབས་དུས། སྐྱེ་བ་གོང་མ་དག་གསལ་པོར་དྲན་ནས། ཞབས་ཕྱི་ཚོར་གསུང་མང་པོ་བྱོན་པ་རྩེ་འགག་གི་ཡིག་ཆའི་ནང་ལ་བསལ་འདུག དེ་བཞིན་ཨ་མདོར་ཕེབས་སྐབས་གང་གི་ཡང་སྲིད་བྱོན་རྒྱུའི་ས་ཆ་དེར་དུས་ཡུན་རིང་པོའི་རིང་གཟིགས་ནས་སྨོན་ལམ་བཏབ་པ་འཆིབས་ཞབས་རྣམས་ལ་གསུང་རྒྱུ་ཡོད་པ་དང་། དེ་ནས་སྐུ་གཤེགས་མཁར། ར་སྒྲེང་ལ་ཕེབས་ནས་ར་སྒྲེང་རིན་པོ་ཆེར་ཆེད་བློ་ཉེ་ཚུལ་བསྟན་ནས་ཁོང་ལ་གསང་སྔགས་ཀྱི་མན་ངག་མང་པོ་གསུངས་ནས་ར་སྒྲེང་རིན་པོ་ཆེའི་ཐུགས་སད་པའི་མཛད་པ་བསྟན་པ། དེ་ནས་ཕ་བོང་ཁ་རིན་པོ་ཆེར་དམ་བསྒྲགས་མང་པོ་མཛད་ནས་ཤུགས་བསྟན་བཀག་གནང་བ་ལ་སོགས་ཡིན་ལགས།

  4. དབང་འདུས། says:
    2013-04-06 at 11:21 pm

    གཞུང་ཆེན་བཀའ་པོད་ལྔ་ལ།།
    ཐོས་བསམ་མཐར་ཕྱིན་གནང་ཀྱང་།།
    སྲིད་དཔལ་དམག་གི་ལས་དོན།།
    ཅུང་ཟད་སྦྱང་བཙོན་མེད་པར།།
    གངས་ཅན་བོད་མི་ཡོངས་ཀྱི།།
    སྲིད་ཀྱི་མགོ་ཁྲིད་གྱུར་ཚུལ།།
    དཔྱོད་ལྡན་དགའ་བའི་གཏམ་ཡིན།།

    སྲིད་ཀྱི་འགག་རྩར་ཐུག་དུས།།
    གནས་སྐོར་གནས་གཟིགས་བྱས་སོགས།།
    དཀར་པོའི་བྱ་བ་ཡིན་ཀྱང་།།
    སྲིད་ཀྱི་འགག་རྩ་བརྒལ་ལུགས།།
    དེ་དང་དེ་འདྲ་ཨེ་ཡིན།།

    ལྷ་ལྡན་སྨོན་ལམ་ཆེན་མོར།།
    ལྷ་རབས་དམ་བཅའ་བཞུགས་པ།།
    དགེ་ལྡན་ལུགས་སུ་ཆེ་ཡང་།།
    ཀུན་གྱིས་བསྔགས་ཡུལ་ཨེ་ཡིན།།

    རྒྱ་ནག་གོང་མར་ཐུག་ནས།།
    བོད་རྒྱ་ཐ་དད་ཡིན་ཚུལ།།
    གསལ་བཤད་གནང་བའི་དཔང་པོ།།
    ཁུངས་ལྡན་གང་ན་གསལ་ལགས།།

    དབྱིན་ཇིའི་བཙན་རྒོལ་ཞེས་པར།།
    དེང་རབས་མཁས་པའི་ཁྲོད་ན།།
    བཤད་ཚུལ་ཐ་དད་མང་བས།།
    བདེན་པའི་ཁུངས་སྐྱེལ་ཡོད་དམ།།

    འོན་ཀྱང་ཆོད་སེམས་བཙན་པོས།།
    བོད་རྒྱ་ཐ་དད་ཡིན་ལུགས།།
    བསྒྲགས་པའི་ལོ་རྒྱུས་བདེན་ཀྱང་།།
    གྲོས་ཆོད་བཅུ་བདུན་ལྷག་སོང་།།

    ལོ་རྒྱུས་ཇི་ལྟར་བཀོད་ཀྱང་།།
    འཇོན་རབས་ཁོ་ན་མ་གཏོགས།།
    ཕམ་རབས་མཐོང་རྒྱུ་མེད་པ།།
    དོན་གྱི་བདེན་པ་ཨེ་ཡིན།།

  5. ཆབ་མདོ་ངག་ཕུན། says:
    2013-04-08 at 12:51 am

    སྐུ་ཞབས་དབང་འདུག་ལགས་ཀྱིས།།
    དགོངས་ཚུལ་གསུང་བ་དེ་ལ།།
    སྙིང་ནས་དགའ་བ་དང་འབྲེལ།།
    གསལ་བཤད་ཕྲན་བུ་བྱས་ན།།
    གནས་གཟིགས་གནང་བ་ཕེབས་པ།།
    ནོར་འཁྲུལ་ག་ལ་ཡིན་སྲིད།།
    ལྷ་ལྡན་སྨོན་ལམ་ཆེན་མོར།།
    ལྷ་རབས་དམ་བཅའ་བཞུགས་པ།།
    དེ་ཡོད་ཀུན་གྱིས་བསྔགས་ཡོད།།
    གོང་མོ་ཡུམ་སྲས་ཐུག་ནས།།
    བོད་རྒྱ་ཐ་དད་ཡིན་ཚུལ།།
    བོད་ཀྱི་སྲིད་དོན་རྒྱལ་རབས།།
    དེ་བཞིན་༸རྒྱལ་མཆོག་སྐུ་ཕྲེང་།།
    བཅུ་གསུམ་མཛད་རྣམ་སྙིང་བཏུས།།
    བཅས་ལ་གསལ་པོ་བཀོད་འདུག།
    དབྱིན་ཇིའི་བཙན་འཛུལ་བྱས་པར།།
    དེང་རབས་མཁས་པའི་ཁྲོད་ན།།
    བཤད་ཚུལ་ཐ་དད་མང་ཡང་།།
    སྲིད་དོན་རྒྱལ་རབས་སོགས་ནང་།།
    གསལ་པོ་བྱས་ནས་བཀོད་འདུག།
    གཞི་རྩ་དེ་ལ་བཟུང་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme