Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ།

Posted on 2013-03-292013-03-29 By ཁ་བརྡ་ 21 Comments on རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

གསང་སྔགས་རྡོ་རྗེ་ཐེག་པ་ལ་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པ་སྨོས་མ་དགོས་མོད། ཆེས་མངོན་གསལ་དོད་ཤོས་ཤིག་ནི། དགེ་སྡིག་དང་རྒྱུ་འབྲས་ཀྱི་འགྲོ་ལུགས་རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ། ཐེག་པ་འོག་མའི་སྐབས་ལྟར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པའི་དཀའ་ཚེགས་གང་ཡང་བརྒྱུད་མི་དགོས་པར་རྨད་དུ་བྱུང་བའི་གདམས་ངག་གི་རྐྱེན་བྱས་ཏེ་གནད་དོན་ཡོད་ཚད་བླ་མའི་བྱིན་རླབས་ཀྱིས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་ཆོག་པ་འདི་བྱུང་བ་རེད།
འོན་ཀྱང་བསམ་བློ་ཞིབ་ཚགས་ཤིག་བཏངབ་ཡིན་ན། (དགེ་སྡིག་དང་རྒྱུ་འབྲས་ཀྱི་འགྲོ་ལུགས་གང་ཡང་རྒྱུད་མི་དགོས་པའི་གནད་ཡོད་)ཅེས་པའི་ཚིག་དེ་རྣམས་ནི་ཐལ་ཆ་ཆེ་དྲག་པའི་སྐྱོན་ཡོད་དེ། ཀྱཻའི་རྡོ་རྗེ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེའི་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་ལ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེས་བརྩམ། །ཞེས་པ་དང༌། སྡོམ་བཟུང་ལས། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །ཞེས་པ་དང༌། ཡང་དེ་ཉིད་ལས། དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །ཞེས་པ་དང༌། དཔུང་བཟང་ལས། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ནི། །ཚུལ་ཁྲིམས་རྣམ་དག་འདུལ་བའི་བསླབ་པ་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉིས་སུ་བླང་བར་བྱ། །ཞེས་དང༌། རྣམ་སྣང་མངོན་བྱང་ལས། བཅོམ་ལྡན་འདས་ལ། རྗེ་བཙུན་གསང་བའི་བདག་པོས། གསང་སྔགས་ཀྱི་དམ་ཚིག་གང་ལགས་ཞུས་པས། མི་དགེ་བ་བཅུ་སྤོང་པའོ་གསུངས། མི་དགེ་བ་བཅུ་ནི། མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་དང༌། རང་སངས་རྒྱས་དང༌། ཉན་ཐོས་དང༌། ཕྱི་རོལ་པ་རྣམས་ཀྱིས་ཀྱང་བགྱིད་ན། ཇི་ལྟར་མི་དགེ་བ་བཅུ་སྤོང་བས་ན་སྔགས་ཀྱི་དམ་ཚིག་ཏུ་འགྱུར་ཞུས་པས། མི་དགེ་བ་བཅུ་སྤོང་བ་གཅིག་ཀྱང༌། བསམ་པ་འདོད་པ་ཐ་དད་པ་རྣམས་ཀྱིས་དམ་ཚིག་དང་སྡོམ་པ་ཐ་དད་པར་འགྱུར་ཞེས་གསུངས་པས།  ཟབ་གསལ་དངོས་ཡོད་ཀྱི་རྒྱུད་སྡེ་འདི་རྣམས་རྩིས་མེད་རྡོག་རོལ་དུ་བཏང་བ་ནི། བསྒྲགས་རྩོམ་འདིའི་ཁྱད་ཆོས་ཤིག་ཏུ་ཁུམས་སོ།།

 

རྩོམ་རིག

Post navigation

Previous Post: རྨི་ལམ་སྐྱིད་པོ་གཏོང་བཞིན་པའི་སྒང་རེད། སྐལ་བཟང་དོན་ལྡན།
Next Post: རྩོམ་བསྡུའི་བརྡ་ཐོ།

Comments (21) on “རྡོ་རྗེ་ཐེག་པས་རྒྱུ་འབྲས་བརྒྱུད་མི་དགོས་པར་བླ་མའི་བྱིན་རླབས་ཀྱིས་ཆོག་ཚུལ།”

  1. ལེགས་བཤད། says:
    2013-03-29 at 3:02 pm

    རྒྱུ་འབྲས་ཀྱི་འགྲོ་ལུགས་གང་ཡང་རྒྱུད་མི་དགོས་པའི་གནད་ཡོད་ཅེས་པ་ངག་འཁྱལ་ཡིན་ཏེ།
    བསྐྱེད་རིམ་ཆོས་ཅན། རྒྱུད་ལ་སྐྱེས་རིམ་གྱི་སྒོ་ནས་བཞིར་དབྱེར་ཚུལ་ཡོད་དེ། ལས་དང་པོ་བ་དང་། ཡེ་ཤེས་ཅུང་ཟད་བབས་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་དང་། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པའི་གང་ཟག་སྡེ་བཞིར་ཕྱེ་ནས། དེ་དག་གིས་ཇི་ཙམ་ཞིག་དང་ཇི་ལྟར་སྒོམ་པའི་རྣམ་དབྱེ་ནི། དེ་ལ་དང་པོའི་སྐབས་སུ་རང་གི་སྒྲུབ་ཐབས་ནས་བྱུང་བའི་བསྐྱེད་རིམ་གྱི་ཆོ་ག་ཐམས་ཅད་རྫོགས་པར་བསྒོམ་དགོས་ལ། དེ་ཡང་བསྐྱེད་རིམ་དང་པོར་སྒོམ་པ་ནས་བཟུང་སྟེ་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་ཐམས་ཅད་གསལ་བར་འཆར་མི་ནུས་པའི་བར་ཐམས་ཅད་ལས་དང་པོ་བར་གསུངས་སོ།། ཡེ་ཤེས་ཅུང་ཟད་བབས་པ་ནི། གཞན་ཡས་ཁང་དང་དེ་ལ་བཀོད་པའི་ལྷ་རགས་པ་རྣམས་ནམ་གསལ་བཏབ་ན་ཡན་ལག་ཉིང་ལག་ཐམས་ཅད་དུས་གཅིག་ཏུ་གསལ་ཞིང་བརྟན་པར་འཆར་ཐུབ་ཀྱང་སྐྱེ་མཆེད་ཀྱི་ལྷ་ས་སྙིང་སོགས་ལ་དེ་ལྟར་བྱེད་མི་ནུས་པའོ།།འདི་དང་ལས་དང་པོ་བ་གཉིས་ཀྱི་མངོན་རྟོགས་སྒོམ་ཚུལ་ལ་ཁྱད་པར་ཡོད་དེ། ལས་དང་པོ་བས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དལ་བུས་རིམ་ཅན་དུ་གསལ་བཏབ་ནས་སྒོམ་དགོས་ལ། འདིར་ནི་རགས་པ་རྣམས་དུས་གཅིག་ཏུ་དྲན་པར་བྱས་རྗེས་སུ་སྐྱེ་མཆེད་ཀྱི་ལྷ་ཕྲ་བ་རྣམས་རིམ་གྱིས་གསལ་བཏབ་ནས་སྒོམ་དགོས་པའི་ཕྱིར། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ནི། རགས་པར་མ་ཟད་སྐྱེ་མཆེད་ཀྱི་ལྷ་ཕྲ་བ་རྣམས་ཀྱང་ཡན་ལག་ཉིང་ལག་ཐམས་ཅད་དུས་གཅིག་ཏུ་གསལ་ཞིང་བརྟན་པར་འཆར་ཐུབ་པ་ནས་ཡེ་ཤེས་ལ་ཡང་དག་པར་དབང་མ་ཐོབ་པའི་བར་ཐམས་ཅད་དོ།།འདི་ལ་བསྐྱེད་རྫོགས་གཉིས་ཀའི་སྐབས་ཡོད་པར་གསུངས་སོ།།ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་ཕྱོགས་གཅིག་ནི་རྫོགས་རིམ་གྱི་སྐབས་ཡིན་ལ། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ནི་རྫོགས་རིམ་མཐོན་པོར་སོང་བའི་སྐབས་ཡིན་པར་གསུངས་སོ།།
    བསྐྱེད་རིམ་གྱི་སྤང་བྱ་ཐ་མལ་བའི་སྣང་ཞེན་ནི། རྟེན་དང་བརྟེན་པ་་ཐ་མལ་བར་སྣང་བ་དང་ཞེན་པའི་ང་རྒྱལ་དེ་ཡིན་པའི་ཕྱིར། དེ་ལ་ཐ་མལ་བའི་སྣང་བ་ནི་དབང་ཤེས་ལ་སྣང་བའི་སྣོད་བཅུད་མིན་གྱི། ཡིད་ཤེས་ལ་ཐ་མལ་གྱི་སྣོད་བཅུད་སྣང་བ་དེ་ཡིན་ལ། དེ་དང་ཐ་མལ་བའི་ང་རྒྱལ་གཉིས་བསྐྱེད་རིམ་གྱིས་འགོག་ཚུལ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་ས་བོན་སྤོང་བ་ལྟར་གཏན་ལོག་ཏུ་སྤོང་བ་མིན་ཞིང་འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་ནས་སྤོང་བ་ལྟར་མངོན་གྱུར་དུ་སྤོང་བའང་མ་ཡིན་ནོ།། འོ་ན་ཇི་ལྟར་འགོག་པ་ཡིན་ཞེ་ན། གློ་བུར་བའི་འགལ་རྐྱེན་གཞན་མེད་པ་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ང་རྒྱལ་བཟུང་བའི་ཚེ་ཐ་མལ་བའི་ང་རྒྱལ་ལོག་ནས་ལྷའི་ང་རྒྱལ་བཅོས་མིན་སྐྱེ་བ་དང་གསལ་སྣང་ཡང་དེ་ལྟར་བཅོས་མིན་སྐྱེ་ཞིང་། དེས་ཡིད་ངོའི་ཐ་མལ་བའི་སྣང་ཞེན་གཉིས་བཟློག་པ་ལ་འགོག་པའི་དོན་དུ་གསུངས་པས་སོ།།སྔགས་རིམ་ལས། དེས་ན་ཁྱད་པར་ཅན་གྱི་སྣང་བས་ཡིད་ཤེས་ཀྱི་ངོར་ཐ་མལ་བའི་སྣང་བ་འགོག་པའི་ནུས་པ་ཐོབ་ན་དེས་དགོས་པ་འགྲུབ་ལ། དངོས་པོ་ལ་ལྷར་མ་སོང་ཡང་ལྷའི་བཅོས་མིན་གྱི་ང་རྒྱལ་སྐྱེས་ནའང་དེས་དགོས་པ་འགྲུབ་པོ་ཞེས་གསུངས་སོ།།
    བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ནི་ཐ་མལ་བའི་སྣང་ཞེན་ཡིན་ལ། དེའི་ཐ་མལ་བའི་སྣང་བ་ནི་དབང་ཤེས་ལ་སྣང་བའི་སྣོད་བཅུད་མིན་གྱི། ཡིད་ཤེས་ལ་ཐ་མལ་བའི་སྣོད་བཅུད་དུ་སྣང་བ་དེ་ཡིན་པས། སྣང་བ་དེའི་གཉེན་པོར་དག་པའི་རྟེན་དང་བརྟེན་པར་འཆར་བའི་སྣང་བ་དང་། ཐ་མལ་གྱི་ཞེན་པའི་གཉེན་པོར་དག་པའི་རྟེན་དང་བརྟེན་པའི་ང་རྒྱལ་སྒོམ་པ་ཡིན་ལ། དེ་ཡང་ང་རྒྱལ་སྒོམ་པ་ནི་གཙོ་བོ་དང་། སྣང་བ་སྒོམ་པ་ནི་དེའི་ཡན་ལག་ཡིན་པར་གསུངས་སོ།། ཁྱད་པར་ཅན་གྱི་སྣང་བ་དང་ང་རྒྱལ་དུ་འཕོ་ཚུལ་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་པའི་ཚེ་གསལ་གང་བཏབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་བརྟན་པའི་སྣང་བ་སྐྱེས་ནས་ཡིད་ངོའི་ཐ་མལ་བའི་སྣང་བ་བཟློག་ཅིང་། དེ་དང་དེའི་ང་རྒྱལ་བཟུང་བའི་ཚེ་ཡིད་ངོའི་ཐ་མལ་བར་ཞེན་པའི་ང་རྒྱལ་བཟློག་སྟེ་རྟེན་དང་བརྟེན་པ་ལྷའི་ང་རྒྱལ་དུ་འཕོ་བ་དེ་ཡིན་པའི་ཕྱིར་རོ། དེ་ལྟར་འཕོ་བ་ལ་སོ་སོར་རྟོག་པས་དཔྱད་ནས་སྐྱོང་བ་དང་། དམིགས་པ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ལས་གཙོ་བོ་གང་བྱེད་དགོས་ཟེར་ན། གསལ་སྣང་དང་ང་རྒྱལ་གཉིས་ཀྱི་གསལ་སྣང་སྒོམ་པ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་ཡང་དང་ཡང་དུ་གསལ་འདེབས་དགོས་པས་དཔྱད་སྒོམ་གཙོ་ཆེ་ལ། རྣམ་པ་གསལ་བཏབ་པའི་འོག་ཏུ་དེ་དང་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་རེ་ཡང་བསྐྱེད་དགོས་པས་གཉིས་ཀ་བྱ་ལ། གསལ་སྣང་སྐྱེ་བ་ལ་སྔོན་དུ་དེ་ལ་དམིགས་པའི་ཞི་གནས་སྒྲུབ་དགོས་པ་ཡང་མིན་ལ། ལྷ་རེ་རེ་ནས་མ་གོམས་ན་མི་སྐྱེ་བ་ཡང་མིན་ཞིང་། ཡང་དག་པའི་དོན་གོམས་པ་ཡང་མི་དགོས་པར་གསུངས་སོ། ། སྣང་བ་དང་ང་རྒྱལ་དེ་གཉིས་བརྟན་ཆགས་པར་གནས་ཚུལ་དང་། དེ་ལྟར་དུ་གནས་པའི་ཐབས་གང་ཡིན་དང་། ཐབས་དེ་སྒོམ་ཚུལ་ནི། རྣམ་པ་ཡང་དང་ཡང་དུ་ཡིད་ལ་བྱེད་པ་གོམས་ན་དེ་ཙམ་གྱིས་གསལ་སྣང་སྐྱེ་མོད་ཀྱང་བརྟན་པོར་གནས་པ་དེས་མི་རྙེད་ལ། བརྟན་ཆགས་པར་གནས་པ་མེད་ན་ནི་ཐ་མལ་བའི་སྣང་ཞེན་འགོག་མི་ནུས་པས། བསྐྱེད་རིམ་གྱི་སྐབས་སུ་ངེས་བར་ཞི་གནས་བསྒྲུབ་དགོས་ལ་དེ་ཡང་ཕྲ་ཐིག་གི་རྣལ་འབྱོར་གྱིས་བྱ་དགོས་སོ།།ཕྱག་མཚན་ནམ་ཐིག་ལེ་ཕྲ་མོའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སྒོམ་པ་ནི་ལས་དང་པོ་བ་དང་ཡེ་ཤེས་ཅུང་ཟད་བབས་པ་གཉིས་ཀྱི་སྐབས་སུ་སྒོམ་པ་མིན་གྱི། ཡེ་ཤེས་ལ་དབང་ཐོབ་པ་ནས་སྒོམ་དགོས་པས། གནས་སྐབས་དང་པོ་གཉིས་ཀྱི་དུས་སུ་སྟེང་འོག་གི་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་ལ་སེམས་འཛིན་པ་ཡིན་ནོ།། དེ་ཡང་དང་པོ་གཉིས་ཀྱི་སྐབས་སུ་ཕྲ་ཐིག་སྒོམ་པ་ནི་གཙོ་ཆེར་མངོན་རྟོགས་སྒོམ་པ་ལ་བྱིང་རྒོད་གཅོད་པའི་ཆེད་ཡིན་ལ། ཕྲ་ཐིག་ལ་དྲིལ་ནས་སེམས་བརྟན་པར་བྱེད་པའི་ གནས་པ་སྒྲུབ་པ་ནི་གནས་སྐབས་གསུམ་པ་ནས་བྱེད་པར་གསུངས་སོ། །བསྐྱེད་རིམ་ལ་བསྙེན་སྒྲུབ་ཡན་ལག་བཞི་དང་། རྣལ་འབྱོར་བཞི་དང་། ཡན་ལག་དྲུག་དང་། ཏིང་ངེ་འཛིན་གསུམ་དང་། དེ་ཉིད་ཞེ་དགུ་སོགས་ཀྱི་ཆིངས། དེ་དག་ནི་ཕ་རྒྱུད་དང་། མ་རྒྱུད་་དང་། ཐུན་མོང་གི་རྒྱུད་ནས་ཐ་སྙད་དངོས་སུ་བཏགས་པའི་དབང་དུ་བྱས་ཏེ་སོ་སོར་བཤད་པ་ཙམ་ཡིན་གྱི། དེ་དག་ནང་ཕན་ཚུན་འགལ་བ་མ་ཡིན་ནོ།། བླ་མེད་རྡོ་རྗེ་ཐེག་པའི་རིམ་པ་དང་པོའི་ལམ་རྣམས་ཆིངས་གཉིས་སུ་ཇི་ལྟར་སྡུད་ཚུལ་ཡོད་དེ། ཕ་རྒྱུད་ཀྱི་ལམ་རྣམས་ཡན་ལག་བཞི་དང་རྣལ་འབྱོར་བཞིའི་ཆིངས་སུ་སྡུད་པ་གང་ཞིག །མ་རྒྱུད་ཀྱི་ལམ་རྣམས་ཡན་ལག་དྲུག་དང་ཏིང་ངེ་འཛིན་གསུམ་གྱི་ཆིངས་སུ་སྡུད་པའི་ཕྱིར། དང་པོ་གྲུབ་སྟེ། བསྙེན་པ་དང་ཉེ་བརསྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞིས་བསྐྱེད་རིམ་སྡུད་པར་བྱེད་པ་གང་ཞིག །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བཞིས་ཀྱང་སྡུད་པའི་ཕྱིར། དང་པོ་དེར་ཐལ། ཡེ་ཤེས་ཀྱི་ས་ནས་ལྷག་མོས་ལུས་ལ་བསྡུས་པ་ཡན་ཆད་་བསྙེན་པའི་ཡན་ལག་དང་། འོད་གསལ་ལས་ལངས་ཏེ་དང་པོའི་མགོན་པོར་བསྐྱེད་པ་ནས་་ལུས་དཀྱིལ་བསྒོམ་པའི་བར་ཉེར་སྒྲུབ་དང་། སྒོ་གསུམ་བྱིན་གྱིས་རླབས་ནས་རིགས་བདག་གིས་རྒྱས་འདེབས་པའི་བར་ནི་སྒྲུབ་པ་དང་། དཀྱིལ་འཁོར་རྒྱལ་མཆོག་མན་ཆད་སྒྲུབ་ཆེན་གྱི་ཡན་ལག་ཡིན་པའི་ཕྱིར། དེ་ལྟར་ཡན་ལག་དང་པོ་གསུམ་དང་པོ་སྦྱོར་བ་དང་རང་གི་དོན་སྒྲུབ་པའི་ཡན་ལག་དང་། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་རྣམས་གཞན་དོན་ཆེན་པོ་སྒྲུབ་པའི་ཡན་ལག་ཏུ་བྱའོ།།གཉིས་པ་དེར་ཐལ། མངོན་བྱང་ལྔ་ལས་བསྒྲུབ་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཅན་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་རྣལ་འབྱོར་དང་། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་རྗེས་སུ་རྣལ་འབྱོར་དང་། ཡུམ་གྱི་པདྨར་བསྐྱེད་པའི་ལྷའི་འཁོར་ལོ་སྤྲོས་ནས་རང་གནས་སུ་བཀོད་པ་ཤིན་ཏུ་རྣལ་འབྱོར། སྐུ་གསུང་ཐུགས་གསུམ་བྱིན་གྱིས་རློབ་པ་མན་ཆད་རྣལ་འབྱོར་ཆེན་པོ་ཡིན་པའི་ཕྱིར། ཐུན་མཚམས་ཀྱི་རྣལ་འབྱོར་དང་། སྦྱོར་བ་ཚོགས་གསོག་དང་། སྲུང་འཁོར་དང་རྟེན་གཞལ་ཡས་ཁང་བསྐྱེད་པ་རྣམས་རྣལ་འབྱོར་བཞིེར་མ་བསྡུས་སོ།། གོང་གི་རྟགས་གཉིས་པ་གྲུབ་སྟེ། སྣང་མཛད་ཀྱི་སྒོ་ནས་སྟོང་བའི་ངང་ལས་གཟུགས་ཕུང་རྣམ་དག་རྟེན་གཞལ་ཡས་ཁང་བསྐྱེད་པ་ཡན་ལག་དང་པོ་དང་། མངོན་བྱང་ལྔའི་སྒོ་ནས་བརྟེན་པ་དམ་ཚིག་པའི་འཁོར་ལོ་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ནས་བྱིན་གྱིས་བརླབས་པ་རྣམས་རྡོར་སེམས་རིགས་ཀྱི་ཡན་ལག། རིག་མ་བརྒྱད་ཀྱིས་མི་བསྐྱོད་པའི་ངོ་བོ་ཆུ་དབང་བསྐུར་བ་མི་བསྐྱོད་པའི་རིགས་ཀྱི་ཡན་ལག །གསུང་རྡོ་རྗེ་ཚིམ་བྱེད་བདུད་རྩི་མྱངས་པ་པདྨའི་རིགས་ཀྱི་ཡན་ལག །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་དོན་གྲུབ་རིགས་ཀྱི་ཡན་ལག །དཀྱིལ་འཁོར་བའི་ལྷ་ཚོགས་ལ་བསྟོད་པ་རིན་འབྱུང་གི་རིགས་ཀྱི་ཡན་ལག་སྟེ་དྲུག་གི་སྒོ་ནས་སྡུད་པ་གང་ཞིག །རྟེན་གྱི་དབུས་སུ་རང་ཉིད་དཀྱིལ་འཁོར་བའི་ལྷ་སྤྲུལ་པ་པོ་གཙོ་བོ་ཡབ་ཡུམ་སོགས་སུ་སྒོམ་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན། ཡུམ་གྱི་པདྨར་སྤྲུལ་བའི་དཀྱིལ་འཁོར་བའི་ལྷ་བསྐྱེད་པ་རྣམས་རང་གནས་སུ་བཀོད་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན། །དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཀྱིས་ཞིང་སྦྱོང་སོགས་ཀྱི་སྤྲུལ་བའི་མཛད་པ་མཛད་པ་ལ་སོགས་པའི་འཕྲིན་ལས་ལྷག་མ་རྣམས་སྒོམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ཀྱང་སྡུད་པའི་ཕྱིར། དང་པོ་གྲུབ་སྟེ། མི་ཐུབ་ཟླ་བས། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད།།དབང་ནི་མི་བསྐྱོད་དེ་བཞིན་གཤེགས།།བདུད་རྩི་མྱང་པ་འོད་དཔག་མེད།།བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ།།མཆོད་པ་དོན་ཡོད་ཡང་དག་མཆོད།།རྗེས་ཆགས་རྡོ་རྗེ་སེམས་དཔའ་འོ།།ཞེས་རིགས་དྲུག་གི་སྒོ་ནས་ཡན་ལག་དྲུག་ཏུ་མཛད་དོ། །རྒྱུད་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་རྡོར་ཕྲེང་ལས། བསྐྱེད་རིམ་སྡུད་པའི་སྤྱི་ཆིངས་ཀྱི་དབྱེ་བ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་བསྡུས་ཏེ། རྣལ་འབྱོར་བཞི་ལ་རྒྱལ་མཆོག་གཉིས་ཀྱི་རྣལ་འབྱོར་གཉིས་བསྣན་པས་རྣལ་འབྱོར་དྲུག་ཡིན་ལ། དང་པོ་བཞི་དང་པོ་སྦྱོར་བར་བསྡུས་པས་ཏིང་ངེ་འཛིན་ནམ་རྣལ་འབྱོར་གསུམ་ཞེས་བྱའོ།། འདུས་པ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་ཀྱིས་དེ་བཞི་འཇོག་ཚུལ་མི་འདྲ་བ་ནི། འཕགས་ལུགས་པས་བསྙེན་པ་ཉེར་སྒྲུབ་སྒྲུབ་པ་གསུམ་ནི། དང་པོ་སྦྱོར་བ་དང་རང་དོན་སྒྲུབ་པའི་ཡན་ལག་ཏུ་འདོད་ཅིང་། རྒྱལ་མཆོག་གཉིས་སྒྲུབ་ཆེན་དང་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འདོད་དེ། རྟེན་དང་བརྟེན་པའི་རྣལ་འབྱོར་རྫོགས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་བརྩི་བས་བརྟེན་པ་རྐྱང་པ་དང་ལྷ་རེ་རེ་བ་ལ་མི་སྦྱོར་རོ།།ཡེ་ཤེས་ཞབས་ལུགས་པས་ལྷ་གཅིག་གི་ཡང་དམ་ཚིག་པ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་བྱིན་རླབས་ཉེར་སྒྲུབ། སྒོ་གསུམ་བྱིན་རླབས་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྒྲུབ་ཆེན་དུ་འཇོག་ཅིང་། དེ་ཡང་སྲིད་ཞིར་མི་གནས་པས་བསྙེན་པ། སྒྲུབ་པ་དང་ཉེ་བས་སྒྲུབ་པ། སྒོ་གསུམ་སྐུ་གསུམ་དུ་སྒྲུབ་པས་སྒྲུབ་པ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སྒྲུབ་ཆེན་ཏེ། སྒྲུབ་པ་ལས་ཁྱད་པར་དུ་འཕགས་པས་སོ་གསུངས་སྟེ།།ཡན་ལག་བཞི་ཆེ་འབྲིང་ཆུང་གསུམ་གྱི་རྣམ་བཞག་ཀྱང་བཞེད་མོད། ཡན་ལག་བཞི་རྫོགས་པ་ལ་ལྷ་རེ་རེ་བའི་བསྐྱེད་རིམ་གྱིས་མི་ཆོག་པར་དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་དགོས་སོ་ཞེས་སྔགས་རིམ་ལས་གསུངས་སོ།།
    འཇིགས་བྱེད་ལ་ཚོགས་ཞིང་ནས་སེམས་དཔའ་སུམ་བརྩེགས་ཀྱི་བར་ནི་དང་པོ་སྦྱོར་བ་དང་། གསང་འདུས་ལ་ཡེ་ཤེས་ཀྱི་ས་སྒོམ་པ་ནས་མཆོད་པའི་ང་རྒྱལ་གྱི་བར་དང་སྦྱོར་ཡིན་པའི་ཕྱིར། འདུས་པའི་རྒྱུད་ཕྱི་མ་ལས་བསྟན་པའི་བསྙེན་སྒྲུབ་ཡན་ལག་བཞི་ཡོད་དེ། བསྙེན་པ་དངོས་ནི་ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡིན་ལ། ཡེ་ཤེས་ཀྱི་ས་བསྐྱེད་པ་ནས་ལྷག་མོས་ལུས་ལ་བསྡུས་པའི་བར་ནི་བསྙེན་པ་དངོས་ཀྱི་ཡན་ལག་ཡིན་པས་བསྙེན་པའི་ཁོངས་སུ་བསྡུ་བ་དང་། འདུས་པ་འཕགས་ལུགས་ལ། སྦྱོར་བ་ཚོགས་གསོག་དང་སྲུང་འཁོར་གཉིས་སྒྲུབ་ཐབས་དངོས་ཀྱི་ཡན་ལག་ཙམ་ཡིན་གྱི་སྒྲུབ་ཐབས་དངོས་མ་ཡིན། རྒྱུད་རྡོར་ཕྲེང་ལས་བསྟན་པའི་དེ་ཉིད་ཞེ་དགུ ། མ་རྒྱུད་གུར་གྱི་ལེའུ་བདུན་པ་ལས་བསྟན་པའི་ཡན་ལག་དྲུག་གི་ཆིངས། དགྲ་ནག་སོགས་ལས་བཤད་པའི་རྣལ་འབྱོར་བཞིའི་ཆིངས། དེ་ཉིད་ང་གཅིག་འདོད་པ་དང་ཞེ་དགུ་འདོད་པའི་ཚུལ་གཉིས་བྱུང་བ་ཇི་ལྟར་ཡིན་ཞེ་ན། ས་བོན་ལས་བྱང་ཆུབ་པའི་དེ་ཉིད་དང་། ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད་དང་། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་གསུམ་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པའི་དེ་ཉིད་ཅེས་བགྲངས་ན་ཞེ་དགུའི་གྲངས་འགྲིག་པར་མདོ་བསྲེ་དང་ནཱ་རོ་བའི་རྒྱུད་ཕྱི་མའི་འགྲེལ་བ་གཉིས་དང་གུང་བསྒྲིགས་ནས་གསལ་བར་མཛད་པ་འདི་སྙིང་ལ་བཅང་འོས་བ་ཡིན། བསྐྱེད་རིམ་དངོས་གྲུབ་ལས། དེ་ཉིད་སོ་བརྒྱད་དུ་བཤད་པ་དང་དེ་ཉིད་ཞེ་དགུར་བཤད་པ་གཉིས་རྡོ་རྗེ་ཕྲེང་བའི་གཞུང་ལས་བྱུང་ཡང་། ཕྱི་མ་རྒྱ་དཔེ་དག་པའི་ལུགས་ཡིན་ཞིང་དེ་ཉིད་སྒྲུབ་ཐབས་ཡོངས་སུ་རྫོགས་པའི་ཆིངས་ཡིན་ལ། ཞེས་དང་། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རིམ་ལས། མཁས་གྲུབ་རྗེའི་བཞེད་པ་བཀོད་པའི་མཐར། རྗེས་ཆགས་དང་མཆོད་པ་གཉིས་རིག་མ་འདུ་བྱ་སོགས་ཀྱི་དེ་ཉིད་ཅེས་གཅིག་ཏུ་བསྡུས་པས་ཞེ་དགུའོ།།ཞེས་རྗེ་བཙུན་ཤེས་རབ་སེང་གེ་ཡབ་སྲས་བཞེད་གསུངས་སོ། མཁས་པ་ཁ་ཅིག་གིས། །རྣལ་འབྱོར་དག་རིམ་བྲིས་མ་འགའ་ཞིག་ན་རིག་མ་འདུ་བྱ་བ་སོགས་ཀྱི་དེ་ཉིད་ཅེས་ཞེ་དགུ་མ་གཏོགས་ང་གཅིག་བགྲངས་པ་མི་སྣང་གསུང་བ་ཡང་འདི་དང་མཐུན་ཤས་ཆེའོ། །ཞེས་དང་། རྒྱུད་རྡོར་ཕྲེང་ལས། རྣལ་འབྱོར་དབྱེ་བ་བཅོ་ལྔ་ཡིན།།བཅུ་བདུན་རྗེས་སུ་རྣལ་འབྱོར་ཡིན།།དེ་ནས་དཀྱིལ་འཁོར་རྒྱལ་མཆོག་ལ།།དེ་ཉེད་དབྱེ་བ་རྣམ་པ་ལྔ།།དེ་ནས་ལས་ཀྱི་རྒྱལ་མཆོག་ལ།།དེ་ཉིད་དབྱེ་བ་བཅུ་གཉིས་སོ།། རྡོ་རྗེ་བཞི་བསྐྱེད་ནི། རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ།།གཉིས་པ་ས་བོན་བསྡུས་པའོ།།གསུམ་པ་གཟུགས་ཉིད་རྫོགས་པ་སྟེ།།བཞི་པ་ཡི་གེ་འགོད་པའོ།།ཞེས་བསྟན་པའི་རྡོ་རྗེ་བཞི་བསྐྱེད་བཞག་ཏུ་ཡོད་དེ། འཆི་བ་ཆོས་སྐུའི་ལམ་འཁྱེར་དང་། དང་པོའི་མགོན་པོ་མངོན་བྱང་ལྔ་བསྐྱེད་ཀྱི་དང་པོ་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི་སྟོང་ཉིད་ལས་བྱང་ཆུབ་པའི་རྡོ་རྗེ་དང་། མངོན་བྱང་བར་མ་ཉི་མ་དང་ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པ་གསུམ་ནི་ས་བོན་བསྡུས་པའི་རྡོ་རྗེ། མངོན་བྱང་ལྔ་བ་དང་པོའི་མགོན་པོ་བསྐྱེད་པ་སྐུ་རྫོགས་པ་ལས་བྱང་ཆུབ་པ་ནས་ལུས་དཀྱིལ་རྫོགས་པའི་བར་ནི་གཟུགས་ཉིད་རྫོགས་པའི་རྡོ་རྗེ། སྐུ་བྱིན་རླབས་མན་ཆད་ཡི་གེ་འགོད་པའི་རྡོ་རྗེ་སྟེ་བཞི་བོ་དེ་ཡིན་པའི་ཕྱིར།
    མདོར་ན་གོང་བརྗོད་དེ་དག་གིས་རྒྱུ་འབྲས་ཀྱི་འགྲོ་ལུགས་གང་ཡང་རྒྱུད་མི་དགོས་པའི་ལོག་རྟོག་རྣམས་སེལ་བར་འགྱུར་ཏེ། དྲི་མེད་རིགས་པས་དཔྱད་ནས་སྔགས་ཀྱི་དོན།།ཞེས་གསུངས་པ་ལྟར་རོ།།

  2. རྟ་མ། says:
    2013-03-29 at 4:05 pm

    ཏག་ཏག་བཟོས་ཤག ལན་ཚ་པོ། བྱ་དགའ་ལ་ཨ་སྒོར་ས་ཡ་1000000,00000,00000.

  3. རྟ་མ། says:
    2013-03-29 at 4:05 pm

    གོང་གི་འདི་ལེགས་བཤད་ལའོ།

  4. སྤྱང་ཤོག་ says:
    2013-03-29 at 4:53 pm

    བླ་མས་དབང་མ་བསྐུར་ན་སློབ་མའི་སྔགས་ཉམ་ལེན་བྱེད་མི་ཆོག་པ་ཟེར་བ་འདི་་་་

  5. བན་དེ་བ། says:
    2013-03-29 at 9:19 pm

    གསང་བ་ཁྲོམ་བསྒྲགས།

  6. ལེགས་བཤད། says:
    2013-03-29 at 9:58 pm

    མདོ་སྡེ་རྒྱན་ལས། དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་པ་འབྱུང་།།ཞེས་དང་། རྗེ་མི་ལས། ཐོས་པ་མེད་པའི་སྒོམ་པ་ནི།།ལག་རྡུལ་བྲག་ལ་འཛེགས་པ་འདྲ།།ཞེས་དང་། རྗེ་རིན་པོ་ཆེས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།ཞེས་པ་ལྟར་ཐོས་པས་བག་ཆགས་འཇོག །བསམ་པས་སྒྲོ་འདོགས་གཅོད། སྒོམ་པས་རྟོགས་པ་འཕེལ་བ་ནི་མདོ་སྔགས་ཐམས་ཅད་ལ་ཡིན། སྔགས་ལ་ཡང་དང་པོར་བླ་མའི་དྲུང་ནས་དབང་དང་གདམས་ངག་ཉན་བསམ་བྱེད་པ་གལ་ཆེ་སྟེ། སྔགས་ལ་འཇུག་པའི་སྒོ་དབང་ཡིན་པའི་ཕྱིར། སྔགས་ཀྱི་ཁྱད་ཆོས་གཙོ་བོ་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གཉིས་ཡིན་ལ་དེ་གཉིས་ཀྱང་ཞི་ལྷག་གཉིས་ཀྱིས་བསྒྲུབ་དགོས་པ་ཡིན་པའི་ཕྱིར། འདི་དག་རྒྱུ་འབྲས་ཀྱི་གོ་རིམ་ཡིན་ཏེ། སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་ཕྱིར། མགོན་པོ་ཀླུ་སྒྲུབ་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།།སྐས་ཀྱིས་རིམ་པ་ལྟ་བུར་གསུངས།།ཞེས་གསུངས་སོ།།

  7. ལེགས་བཤད། says:
    2013-03-29 at 9:59 pm

    ཡིག་ནོར། དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་།།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-29 at 10:28 pm

    དཔུང་བཟང་ལས།
    ་
    རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ནི།
    ཚུལ་ཁྲིམས་རྣམ་དག་འདུལ་བའི་བསླབ་པ་ལ།
    སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌།
    ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ།།
    ་
    རྒྱུད་འདིའི་ཚིགས་བཅད་འགའ་ཞིག་ལམ་རིམ་ཆེན་མོར་ལུང་དུ་བཀོད་པ་མཇལ། རྒྱུད་འདིར་རབ་དུར་ཁྲོད་ནས་མི་ཤ་བླངས་ཏེ། ཁྲོམ་དུ་སུ་ཉོ་བར་འདོད་ཅེས་སྒྲ་སྒྲོགས་ཚུལ་གསུངས་པའི་དགོས་པ་ངས་མ་རྟོགས། ཁྱེད་རྣམས་ལ་འགའ་ཞིག་མཁྱེན་མཁན་འདྲ་ཡོད་ན་འབྲི་གྲོགས་མཛོད།
    ་
    ལེགས་བཤད་མཆོག་ནས། རྒྱུད་པས་སྦྱང་དགོས་པ་མང་པོ་ཞིག་བཀོད་པར་ངོ་མཚར་ཆེ། འོན་ཀྱང་མིང་མཐའ་འདྲེན་ཚུལ་གང་ལ་ཁུངས་གཏུགས་པའི་མ་དཔེ་ན་དེ་འདྲ་མེད་བསམ་པ་མང་པོ་མཐོང་བས། སྔར་གྱི་དག་ཆ་ལ་བརྩིས་ཏེ། དཔེ་ཆ་གཟིགས་མཁན་དང་འབྲི་མཁན་ཚང་མའི་དགོངས་དབྱིངས་སུ་མངའ་བ་མཁྱེན། ཅེས་ཞུ་བ་ལགས་སོ།།

  9. ཁྱབ་འཇུག says:
    2013-03-30 at 4:41 am

    ཧི་མ་ལའི་འཕྲུལ་སྨྱུག་ནི་མི་བུ་མདུན་སྤྱོད་དང་སྙི་སྟོབས་ཅན་ཞིག་རེད། དོགས་སློང་དང་དཔྱད་ཞིབ་བྱེད་མི་ཆོག་པའམ་བྱེད་རྒྱུ་མེད་པའི་རིག་གཞུང་ཅིག་ཡོད་ན་དེ་ནི་ཏག་ཏག་ཁྱིམ་ཕྱགས་ཤིག་ཡིན་སྲིད། དེ་བས་དོགས་སློང་ནི་འཕེལ་རྒྱས་ཀྱི་རྩ་བའོ།།

  10. ལུང་རྟོགས། says:
    2013-03-30 at 4:49 am

    ཧི་མ་ལ་ཡའི་འཕྲུལ་སྨྱུག་ཞེས་པ་འདིས་དང་པོ་ཚ་བའི་མདའ་སྨྱུག་དགག་གི་ཡོད་པ་ལྟ་བུ་ཞིག་བཤད་སོང་རུང་། ད་བྱས་དུས་གསར་རྙིང་བར་ལ་དཀྲུགས་ཤིང་འཕེན་མཁན་ཞིག་རེད་འདུག

  11. ཀརྡོ་གཉེར་ཕྱག་པ་ says:
    2013-03-30 at 6:00 am

    གྲུབ་ཆེན་གྱིས་རི་དྭགས་རྔོན་པ་འདི། དགེ་སྡིག་དང་རྒྱུ་འབྲས་ཀྱི་འགྲོ་ལུགས་བརྒྱུད་པ་རེད་དམ། མ་བརྒྱུད་པ་རེད། ལགས། ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-30 at 7:28 am

    གཞན་ཡང་སྔོན་བསྟན་འགྱུར་གྱི་དཔེ་ཆ་ཞིག་ན། འདི་ལྟར་མཐོང་བ་དྲན།
    ་
    ཕྱི་དོན་མངོན་སུམ་ཚད་མས་གྲུབ་པར་སྨྲ་བ་བྲེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་མེད་པར་སེམས་ཙམ་ཡོད་པར་སྨྲ་བ་རྣལ་འབྱོར་སྤྱོད་པ་པ་དང་། ཕྱི་དོན་དང་སེམས་གཉིས་ཀ་བདེན་མེད་དུ་སྨྲ་བ་དེ་དབུ་མ་པ། ཞེས་བཤད་པ་དེ་ཁྱེད་རྣམས་ལས་འགའ་ཞིག་གིས་བསྟན་འགྱུར་ན་གཟིགས་ཡོད་ན། དཔེ་ཆའི་མཚན་དང་མཛད་པ་པོའི་མཚན་བཅས་ཞིབ་གསལ་འབྲི་ན་རང་གཞན་ལ་ཕན་པར་འགྱུར། སྤྱི་ལོ་བརྒྱ་རབས་བཅུ་བཞི་པར་བྱུང་བའི་མ་དྷ་བཱ་ཅཱརྱ་ཞེས་པས་བྲིས་པའི་རྒྱ་གར་གྱི་ལྟ་བ་ཐམས་ཅད་བསྡུས་པ། ཞེས་པའི་བསྟན་བཅོས་སུ་ཡང་དེ་ལྟར་སྣང་བས་སངས་རྒྱས་པའི་བསྟན་བཅོས་ཤིག་གཞིར་བཟུང་སྟེ། དེ་ལྟར་བཤད་པར་སེམས་སོ།།

  13. ཡར་འཕེལ། says:
    2013-03-30 at 8:59 am

    ཟབ་མོ་གསང་བ་སྔགས་ནི། གཉིས་བྲལ་སྒྲིབ་པ་དག་པའི་སངས་རྒྱས་ཀྱི་ས་རེག་པའི་མྱུར་ལམ་ཞིག་ཡིན་པར་བཤད་ན། དོན་ལྷ་ང་རྒྱལ་ལ་གནས་པས། རང་རྒྱུད་ཀྱི་ངར་འཛིན་གཅོག་ཐུབ་བམ། གཅོག་སྟངས་ཇི་ལྟར་ཡིན་ནམ།

  14. ཡར་འཕེལ། says:
    2013-03-30 at 9:00 am

    སངས་རྒྱས་ཀྱི་ས་ལ།

  15. lobsang199 says:
    2013-03-30 at 10:51 pm

    ལེགས་བཤད་ཀྱིས། ཐ་མལ་པའི་ཞེན་པ་དང་། ཐ་མལ་པའི་ང་རྒྱལ་གཅིག་པར་བཤད་འདུག་ དེ་ག་འདྲ་ཡིན་ན། གཞན་ཡག་པོ་བྲིས་ཡོད་ས་རེད། ཚད་ཐུབ་ཀྱི་གཞུང་རྣམས་སུ་ཐ་མལ་གྱི་སྣང་བ་དང་ཞེན་བ་གསུངས་པ་ལས་། ཐ་མལ་པའི་ང་རྒྱལ་ཞེས་པ་མ་མཐོང་ངོ། །ང་རྒྱལ་དང་ཞེན་བ་དོན་སོ་སོ་ཡིན་པ་ཁྱེད་མཁྱེན་ངེས།

  16. ཀརྨ་ཟླ་བ། says:
    2013-03-30 at 11:15 pm

    སེམས་པ་སྐྱིད་པོ་བྱེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-03-31 at 5:57 am

    ལྷའི་ང་རྒྱལ་བསྒོམ་ནས་ཐ་མལ་བའི་སྣང་ཞེན་འགོག་པ་དང་། དེ་འགོག་པ་ལ་བརྟེན་ནས་ཐ་མལ་བའི་ཤེས་པ་རགས་པ་དགག་པའི་ཕྱིར་དུ་ཡིན་པ་ལས། ངར་འཛིན་ནི་བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ངར་འཛིན་གཅོག་པ་ལ་འབད་དགོས། དེས་ན་ལྷའི་རྣལ་འབྱོར་ཐམས་ཅད་ཀྱི་སྔོན་དུ། ་་་་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་་་་་ཞེས་སོགས་བསྒོམ་དགོས་པ་ནི་ཤིན་ཏུ་གལ་ཆེ་བས་སོ། །

  18. གངས་སེང་ says:
    2013-03-31 at 11:50 am

    བཀྲ་ཤིས་བདེ་ལེགས།

  19. གངས་སེང་ says:
    2013-03-31 at 11:55 am

    སྔགས་རྣམས་སུ་བླ་མའི་དམ་ཚིག་ཉམས་ན་གཞན་བསྐྱེད་རྫོགས་སོགས་གང་བྱས་ཀྱང་ཕན་འབྲས་གང་ཡང་མི་འབྱུང་བར་གསུང་པ་དེའི་དོན་ཇི་ལྟར་འགྲེལ་རྒྱུ་ཡིན། དྲ་གྲོགས་རྣམ་པས་ལན་ཡོད་པར་ཞུ།

  20. གངས་སེང་ says:
    2013-03-31 at 11:55 am

    སྔགས་རྣམས་སུ་བླ་མའི་དམ་ཚིག་ཉམས་ན་གཞན་བསྐྱེད་རྫོགས་སོགས་གང་བྱས་ཀྱང་ཕན་འབྲས་གང་ཡང་མི་འབྱུང་བར་གསུང་པ་དེའི་དོན་ཇི་ལྟར་འགྲེལ་རྒྱུ་ཡིན། དྲ་གྲོགས་རྣམ་པས་ལན་ཡོད་པར་ཞུ།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-03-31 at 12:45 pm

    སྔགས་རྣམས་སུ་བླ་མའི་དམ་ཚིག་ཉམས་ན་གཞན་བསྐྱེད་རྫོགས་སོགས་གང་བྱས་ཀྱང་ཕན་འབྲས་གང་ཡང་མི་འབྱུང་བར་གསུང་པ་དེའི་དོན་ནི། གསང་སྔགས་ཉམས་ལེན་བྱེད་དུས་རང་དང་གཅིག བླ་མ་དང་གཉིས། ཡི་དམ་གསུམ་མཉམ་བསྲེས་བྱས་ནས་ཉམས་སུ་ལེན་དགོས་པ་ལ། ཡ་རྒྱལ་བླ་མ་གཅིག་མེད་ན་འབྲས་བུ་མེད་པ་ཆགས་འགྲོ་བ་རེད། དེའི་ནང་ནས་ཀྱང་བྱིན་རླབས་མེད་ཉམས་ལེན་བྱ་རྒྱུ་མེད་ལ། བྱིན་རླབས་དེ་ཡང་བླ་མ་ཉག་གཅིག་ལས་ཐོབ་དགོས་པས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme