Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་དཔོན་ལེཊ་ལྡན་འབྱེད་ཀྱིས་མྱོང་བ་སྔོན་སོང་གིས་བསྒྲུབས་པ།

Posted on 2013-03-212013-03-21 By ཁ་བརྡ་ 8 Comments on སློབ་དཔོན་ལེཊ་ལྡན་འབྱེད་ཀྱིས་མྱོང་བ་སྔོན་སོང་གིས་བསྒྲུབས་པ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

ལེགས་ལྡན་འབྱེད་ཀྱིས། ད་ལྟའི་སྐྱེ་སྲིད་འདི་སྔོན་མའི་ཡང་སྲིད་ཡིན་ཏེ། སྔོན་གྱི་སྲིད་པ་དྲན་པའི་གང་ཟག་ཡོད་པའི་ཕྱིར། ཞེས་མྱོང་བ་སྔོན་སོང་གིས་བསྒྲུབས་པ་བཞི་ཡོད་པ་ལས། ༼མིག་བརྒྱད་པས། སྐྱེས་རབས་ལས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས། །ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ཅེས་པ་ལྟར། ཇི་སྐད་བཤད་པའི་རིགས་པ་རྣམས་ཀྱིས་ཚེ་རབས་སྔ་མ་ཡོད་པར་གྲུབ་ཅིང༌། དེ་གྲུབ་པས་ན། ཚེ་ཕྱི་མ་ཡོད་པ་ཡང་དོན་གྱིས་གྲུབ་སྟེ། ཚེ་སྔ་མ་ནས་འདིར་འོངས་ཤིང༌། འདི་ནས་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་བཤད་དུ་མེད་པས་སོ། །རྣམ་འགྲེལ་ལས། མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་གྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །ཅེས་པ་ལྟར། སྦྱོར་ངག་ཏུ་བཀོད་ན། ཚེ་འདིའི་རིག་རྒྱུན་ཐ་མ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། ཞེས་པའོ། །སློབ་དཔོན་ཞི་བ་ཚོས། འཆི་ཁའི་སྐད་ཅིག་རྣམ་ཤེས་ནི། །རང་གི་ཉེར་ལེན་སྐྱེད་ནུས་ཏེ། །ཆགས་པ་བྱས་པའི་འབྲེལ་བ་ཉིད། །སྔོན་གྱི་རྣམ་པར་ཤེས་པ་བཞིན། །ཞེས་སོ།།

ཡང་གོང་གི་དེ་ཉིད་དུ། རྟོག་གེ་འབར་བ་རྩ་འགྲེལ་ལས། ཚེ་རབས་དྲན་པ་སོགས་ཡོད་དང༌། །ཞེས་དང༌། འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གང་གིས། ཚེ་རབས་སྔ་མའི་རྣམ་དུ་མ་དྲན་པར་བྱེད་པ་དག་དང༌། ཞེས་གསུངས་པའི་རིགས་པའི་རྒྱལ་པོ་ཆེན་པོ་དེའི་ཚུལ་གསུམ་ངེས་ཚུལ་གྱི་རྣམ་གཞག་མདོར་བསྡུས་ཤིག་བརྗོད་ན།

སྐྱེས་བུ་རྣམས་ཆོས་ཅན། ཚེ་རབས་སྔོན་སོང་གི་གང་ཟག་ཡིན་ཏེ། སྐྱེ་བ་སྔོན་མ་ཇི་བཞིན་དུ་དྲན་པའི་གང་ཟག་ཡོད་པའི་ཕྱིར། ཞེས་འགོད་དགོས་ལ། དེ་ལའང་མ་རྟོགས་པ་དང༌། ལོག་པར་རྟོགས་པ། ཐེ་ཚོམ་གྱི་བློ་སྐྱེ་བ་དག་ལ། སེལ་ངེས་ཀྱི་ཚུལ་གསུམ་པོ་རིམ་བཞིན་སྒྲུབ་པ་ལ།

རྟགས་ནི། སྔོན་དང་ད་ལྟའི་དུས་ན་སྐྱེ་བ་སྔོན་མ་ཇི་བཞིན་དུ་དྲན་པ་དང༌། དྲན་ནས་སྔོན་དུས་ཀྱི་ས་ཆ་ཡོ་བྱད་རང་གི་སྐྱེ་བ་སྔོན་མའི་གང་ཟག་གི་ཆ་བྱད་སོགས་བདེན་པ་རྭ་སྤྲོད་ཀྱི་ཚུལ་དུ་ངོས་བཟུང་བའི་ཡིད་ཆེས་ཁུངས་ཐུབ་ཀྱི་ངོ་མཚར་བའི་གཏམ་མང་དུ་ཡོད་པ་དག་སྟེ། འདི་ཙམ་གྱིས་ཡིད་མ་ཆེས་ན། བདེན་པའི་ཚིག་ཅིག་སུ་ཡིས་སུ་ལ་འཆད་དུ་ཡོད།

རྗེས་ཁྱབ་ནི། གང་སྔ་མའི་ལུས་ལོངས་སྤྱོད་སོགས་ཇི་བཞིན་དུ་དྲན་ན། དེ་ལ་སྐྱེ་བ་སྔ་མའི་གང་ཟག་ཅིག་ཡོད་པར་གྲུབ་པས་ཁྱབ་སྟེ། དེ་ལྟར་ཆོས་དེ་དག་ུདརན་པ་ལ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་དགོས་པ་གང་ཞིག ད་ལྟའི་ཚེ་འདིར་དེ་དག་མཐོང་ཐོས་ཀྱི་ཡུལ་དུ་གཏན་ནས་མ་གྱུར་ན། སྔ་མའི་གང་ཟག་ལས་གཞན་དུ་མྱོང་མཁན་ཞིག་འཚོལ་དུ་མེད་པས་སོ། །རྟགས་སྔ་མ་གྲུབ་སྟེ། ལན་ཚྭའི་རོ་གཏན་མ་མྱོང་ན། ཅི་ཡང་དྲན་རྒྱུ་མེད་པ་བཞིན་ནོ།།

ལྡོག་ཁྱབ་ནི། གང་སྐྱེ་བ་སྔ་མ་སྔོན་སོང་མ་ཡིན་ན། སྔ་མ་དྲན་རྒྱུ་མེད་པས་ཁྱབ་སྟེ། སྐྱེ་བ་སྔ་མ་ཆོས་དེ་དག་ཉམས་སུ་མ་མྱངས་བའི་ཕྱིར། གལ་ཏེ་མཉས་སུ་མ་མྱངས་ཀྱང་དྲན་ན། ཐམས་ཅད་ནས་ཐམས་ཅད་དྲན་པར་ཐལ་བ་ཟློག་ཏུ་མེད་དོ། །དེ་ཡང་ཆོས་དགའ་རེ་དྲན་ལ་དགའ་རེ་མི་དྲན་པ་ནི། མཉས་སུ་མ་མྱངས་བའམ་མྱོང་ཡང་བག་ཆགས་ཐུག་པོས་བསྒྲིབས་ནས་མི་གསལ་བ་ལས། རྒྱུ་མཚན་གཞན་གང་ཡང་འགོད་མི་ནུས་སོ། །གལ་ཏེ་དེ་ལྟའི་སྐྱེ་བ་དྲན་པ་པོ་དེ་ཉིད་ལ་སྐྱེ་བ་སྔ་མ་ཡོད་ཀྱང༌། སྐྱེས་བུ་ཐམས་ཅད་སྐྱེ་བ་སྔ་མ་ཡོད་པར་མི་འགྲུབ་སྙམ་ན། ཤིན་ཏུ་འགྲུབ་སྟེ། དཔེར་ན། དུ་བ་དེ་ཚང་མང་གི་མེ་དང་རྒྱུ་འབྲས་སུ་གྲུབ་ན། ཕྱོགས་དུས་ཀྱི་མེ་མཐའ་དག་གི་སྟེང་དུ་དེ་ལྟར་རྒྱུ་འབྲས་ཡིན་པར་མངོན་སུམ་དུ་མཐོང་མ་ནུས་ཀྱང༌། རྒྱུ་འབྲས་གང་དང་གང་ཡིན་ཀྱང་རང་སྐྱེ་བྱེད་ཀྱི་ཐོག་མའི་ཉེ་ལེན་གྱི་རྒྱུ་དེ་ནམ་ཡང་རིགས་བརྗེ་བ་ཞིག་གཏན་མི་སྲིད་པའི་གནད་ཀྱིས། དུ་བ་དེ་ཡུལ་གང་དུ་ཡོད་ཀྱང་མེ་སྒྲུབ་པ་ལ་ནམ་ཡང་མི་འཁྲུལ་བ་བཞིན་ནོ།།༽

རིགས་པ་དང་པོ་གསུམ་ནི་ཁྱབ་འབྲེལ་ངེས་པ་མེད་པས་ནུས་པ་ཅི་ཡང་མི་འདུག ༼ཅེས་པ་ནེ་ཡང་གོང་དུ་བཀོད་པ་རྣམས་ཀྱིས་ངེས་ཟིན་པ་ཡིན་ལ།༽ བཞི་བ་ཚེ་རབས་རྗེས་དྲན་གྱི་རིགས་པ་འདི་ནི། རྟོག་པ་འོག་འགྱུ་ཙམ་མིན་པར་མིག་མཐོང་ལག་ཟིན་གྱི་གནས་ཚུལ་གཞི་ལ་བཞག་ནས་བཀོད་པ་ཡིན་འདུག་པས། ༼རིག་ལམ་དེ་ལྟ་བུའི་སྒོ་ནས་༽དཔྱད་དགོས་ཤིང༌། ༼གོང་དུ་བཀོད་པ་ལྟར་སློབ་དཔོན་སོ་སོའི་གསུང་ཚུལ་མི་འདྲ་བ་བྱུང་བ་ནི། སྐབས་དེ་དུས་ཀྱི་རྩོད་ཟླ་ཕྱི་རོལ་བའི་སློབ་དཔོན་སུ་ཡིན་གྱི་རྒོལ་བ་དེར་ལྟ་དགོས་པ་མ་ཟད།༽ དུས་ད་ལྟའི་བར་དུ་དངོས་གཙོ་སྨྲ་བ་དང༌། འཕེལ་འགྱུར་སྨྲ་བ་སུས་ཀྱང་༼སྐྱེ་བ་སྔ་ཕྱི་ཡོད་མེད་སྐོར་ལ་༽འགྲེལ་བཤད་བློ་ཡིད་ཚིམས་པ་ཞིག་བརྒྱབ་ཐུབ་མེད་མོད། ཚན་རིག་གི་ཤེས་ཚད་གོང་འཕེལ་དུ་ཕྱིན་ཚེ། ནམ་ཞིག་བློ་ཡུལ་ལས་འདས་པའི་གསང་བ་ཞིག་རྙེད་སྲིད་པ་ཡིན་༼ན། དེ་དང་བསྟུན་ཏེ་སངས་རྒྱས་པས་ཀྱང་མཐུན་དང་མི་མཐུན་གྱིས་རིག་པ་གསར་པ་གོང་འཕེལ་དུ་གཏོང་དགོས་པ་ནི་དགོས་གལ་ཤིན་ཏུ་ནས་ཆེ་བར་སྙམ།༽

 

དཔྱད་རྩོམ།

Post navigation

Previous Post: སྨྲ་བརྗོད་རང་དབང་དང་ལག་ཆ།
Next Post: འདུད་དོ། ཞུམ་པ་མེད་པའི་སྙིང་སྟོབས་ལ།

Comments (8) on “སློབ་དཔོན་ལེཊ་ལྡན་འབྱེད་ཀྱིས་མྱོང་བ་སྔོན་སོང་གིས་བསྒྲུབས་པ།”

  1. བན་དེ་བ། says:
    2013-03-21 at 4:08 am

    ལོ་ངོ་སྟོང་ཕྲག་མང་པོའི་གོང་དུ་བཤད་རེད་ཟེར་ནས་ལུང་གི་ཕུང་པོ་མང་པོ་ཞིག་འདྲེན་པ་ནི་དེ་དག་ལ་ཡིད་ཆེས་དང་མོས་པ་ཡོད་མཁན་ཚོར་ཕན་རེ་ཆེ་ཡང། སློབ་དཔོན་དེ་ཚོ་དང་ལུང་དེ་ཚོར་ཡིད་ཆེས་མེད་མཁན་ཚོར་བསྒྲུབ་ཁག་པོ་རེད་སྙམས། ད་ལྟ་མིག་མཐོང་ལག་ཟིན་དང་ཚན་རིག་པའི་དཔྱད་པ་ཞིབ་འཇུག་བྱེད་སྟངས་དང་མཐུན་པའི་སྒོ་ནས་སྐྱེ་བ་སྔ་ཕྱི་བསྒྲུབ་ཐུབ་ན་ཡག་པོ་འདུག
    དུས་རབས་དང་འཚམས་ལ་མི་རྣམས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་གི་རེད

  2. རི་རྒྱལ་ཏི་སེ། says:
    2013-03-21 at 4:36 am

    བན་དེ་བས་གསུང་པའི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་ཁ་བཞན་ལ་རྐྱང་རྐྱང་མ་སྐལ་བར། རང་ངོས་ནས་དེ་དང་མཐུན་པར་རྩོམ་གནང་རྒྱུ་ནི་ཁ་ཚ་དགོས་གལ་དུ་མཐོང་ངོ༌།།

  3. ལེགས་བཤད། says:
    2013-03-21 at 6:03 am

    ནང་བསྟན་སློབ་གཉེར་བ་ཞིག་གི་ངོས་ནས་བསམ་ན་སྔོན་གྱི་སློབ་དཔོན་དེ་དག་གི་གཞུང་ནི་བསྟན་པ་འདི་ལ་ཚད་མར་གྱུར་བ་ཡིན་པས། རང་རེའི་བོད་ཀྱི་ལོ་ཙཱ་པ་དང་མཁན་སློབ་ཆོས་རྒྱལ་སྐབས་ནས་གཞུང་ལུགས་དེ་དག་ནི་སྲོག་ལྟར་གཅེས་སུ་བཟུང་ནས་ད་ལྟའི་དུས་སུའང་འཛམ་གླིང་ན་སྐྱེ་བ་སྔ་མ་དྲན་མཁན་བྱུང་དང་འབྱུང་བཞིན་པ་ལྟར་གཞུང་དེ་དག་ནས་བཤད་པའི་གཏན་ཚིགས་རེ་རེ་བཞིན་ཚན་རིག་གི་དཔྱད་གཞིར་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཡང་ཡང་དྲན་གསོ་གཏོང་དགོས། ཡང་དང་བསྐྱར་དུ་འགོད་དགོས།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-21 at 7:19 am

    སྔོན་གི་རིཀ་མཚན་ཉིད་པའི་བསམ་བློ་གཏོང་སྟངས་དེ། དིང་སང་ཚན་རིག་པའི་བསམ་བློ་གཏོང་སྟངས་དང་མི་མཐུན་ཡང་། གི་རིག་མཚན་ཉིད་པའི་བསམ་བློ་གཏོང་སྟངས་དེ་མ་བྱུང་བ་ཡིན་ན། དིང་སང་ཚན་རིག་པ་འབྱུང་ཐབས་མེད་ཅེས་པ་ཞིག་ཐོས་སོ།།

  5. གཙན་ནག་པ། says:
    2013-03-21 at 7:25 am

    ཕ་མ་མེད་པར་བུ་རབས་ཚ་རྒྱུད་འབྱུང་རབས་མེད་པས་སྔར་གྱི་ལོ་པན་དག་གི་བཀའ་འདྲིན་བསམ་ཤེས་བྱ་དགོས་སོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-03-21 at 9:38 am

    ནང་པས་ཕྱི་རོལ་རྫས་ཀྱི་ནུས་པའི་སྐོར་ཚན་རིག་ཚད་ལྡན་དང་བསྟུན་དགོས་ཀྱང་། ནང་སེམས་ཀྱི་ནུས་པའི་སྐོར་ལ་ཚན་རིག་པས་ནང་ཆོས་ལ་བསྟུན་དགོས་པ་ཆགས་ཡོད།

  7. རི་རྒྱལ་ཏི་སེ། says:
    2013-03-21 at 8:28 pm

    རིགས་པ་དང་པོ། དཔལ་ལྡན་ཆོས་གྲགས་ཀྱིས་རིགས་འདྲ་སྔོན་སོང་གིས་བསྒྲུབས་པ་དང༌། མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། སློབ་དཔོན་དཔའ་བོས་གོམས་པ་སྔོན་སོང་གིས་བསྒྲུབས་པ་གསུམ་ནི། ཁྱབ་འབྲེལ་ངེས་པ་མེད་པས་ནུས་པ་ཅི་ཡང་མི་འདུག ཅེས་པ་ནི་གོང་དུ་བཀོད་པ་རྣམས་ཀྱིས་ངེས་ཟིན་པ་ཡིན་ལ། བཞི་བ་ཚེ་རབས་རྗེས་དྲན་གྱི་རིགས་པ་འདི་ནི། རྟོག་པ་འོག་འགྱུ་ཙམ་མིན་པར་མིག་མཐོང་ལག་ཟིན་གྱི་གནས་ཚུལ་གཞི་ལ་བཞག་ནས་བཀོད་པ་ཡིན་འདུག་པས། རིག་ལམ་དེ་ལྟ་བུའི་སྒོ་ནས་དཔྱད་དགོས་ཤིང༌། གོང་དུ་བཀོད་པ་ལྟར་སློབ་དཔོན་སོ་སོའི་གསུང་ཚུལ་མི་འདྲ་བ་བྱུང་བ་ནི། སྐབས་དེ་དུས་ཀྱི་རྩོད་ཟླ་ཕྱི་རོལ་བའི་སློབ་དཔོན་སུ་ཡིན་གྱི་རྒོལ་བ་དེར་ལྟ་དགོས་པ་མ་ཟད། དུས་ད་ལྟའི་བར་དུ་དངོས་གཙོ་སྨྲ་བ་དང༌། འཕེལ་འགྱུར་སྨྲ་བ་སུས་ཀྱང་སྐྱེ་བ་སྔ་ཕྱི་ཡོད་མེད་སྐོར་ལ་འགྲེལ་བཤད་བློ་ཡིད་ཚིམས་པ་ཞིག་བརྒྱབ་ཐུབ་མེད་མོད། ཚན་རིག་གི་ཤེས་ཚད་གོང་འཕེལ་དུ་ཕྱིན་ཚེ། ནམ་ཞིག་བློ་ཡུལ་ལས་འདས་པའི་གསང་བ་ཞིག་རྙེད་སྲིད་པ་ཡིན་ན། དེ་དང་བསྟུན་ཏེ་སངས་རྒྱས་པས་ཀྱང་མཐུན་དང་མི་མཐུན་གྱིས་རིག་པ་གསར་པ་གོང་ འཕེལ་དུ་གཏོང་དགོས་པ་ནི་དགོས་གལ་ཤིན་ཏུ་ནས་ཆེ་བར་སྙམ་མོ།།

  8. དྲི་མེད་ལྷག་བསམ། says:
    2013-03-21 at 9:05 pm

    མིག་བརྒྱད་པའི་གསུང་པ་དེའང་ཤིན་ཏུ་ཡག་པོ་འདུག གཞན་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོར་ཡང་། སྐྱེ་བ་སྔ་ཕྱིའི་སྐོར་སློབ་དཔོན་རྣམས་ཀྱི་བཞེད་པ་རེ་རེ་ནས་ལུང་རིགས་གཉིས་ཀ་གསལ་རྒྱས་བཞུགས། དངོས་པོ་རྡུལ་ཕྲན་དང། ཡུལ་དང་དབང་པོ་ལས་ཡིད་དང་ཆོས་ཁམས་མིན་ཚད་ཚན་རིགས་པའི་འགྲེལ་སྟངས་འཐུས་ཚང་རེད་སྙམ། སེམས་སེམས་བྱུང་། སྔགས་ཀྱི་སྣང་གསུམ་འཕོ་བའི་བག་ཆགས། ཤིན་ཏུ་ཕྲ་བའི་རླུང་སེམས་སོགས་ནང་པ་ལེགས་ཤོས་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme