Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག

Posted on 2013-03-192013-03-19 By ཁ་བརྡ་ 36 Comments on མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག

མཁན་ཆེན་ཞི་བ་འཚོས། ཚེ་འདིའི་དབང་དུ་བྱས་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་རྣམ་ཤེས་སྔ་མའི་ཉེར་འབྲས་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར། ཞེས་ཉེར་ལེན་སྔོན་སོང་གིས་བསྒྲུབས། ༼མིག་བརྒྱད་པས། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པ་ལྟར། དཔེར་ན། ནས་ཀྱི་མྱུ་གུའི་ཉེར་ལེན་ལ། ནས་ཀྱི་ས་བོན་ངེས་བར་དགོས་པ་ལྟར། རྣམ་ཤེས་ཀྱི་ཉེར་ལེན་ལ། རྣམ་ཤེས་ཀྱི་རྒྱུ་སྔ་མ་ཞིག་ངེས་བར་དགོས་པས། ཚེ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང༌། རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་དགོས་པའི་རྒྱུ་མཚན་སྔར་ལྟར་རོ། །སློབ་དཔོན་ཞི་ཚོས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་གི་ཉེར་ལེན་སྟོབས་ལས་བྱུང༌། །ཞེས་གསུངས་པ་ལྟར་རོ།།

སྐྱེ་བ་སྔ་ཕྱིའི་རིག་ལམ་གྱི་གནད་མདོ་ཙམ་བརྗོད་པ་ལས། དབུ་མ་རྒྱན་ལས། དེ་བས་གོམས་འདྲ་དེ་ཉིད་ཕྱིར། །དང་པོ་རང་གི་རིགས་ལས་སྐྱེས། །ཞེས་པའི་ཚིག་རྐང་གཉིས་པོ་དེ་ཉིད། སྐྱེ་བ་སྔོམ་སྒྲུབ་པའི་རིགས་པའི་དངོས་ཡིན་ཏེ། དེ་ཡང་རྟགས་སྦྱོར་དུ་འགོད་ན། འཇིག་རྟེན་འདིར་སྐྱེས་མ་ཐག་པའི་སེམས་སྐད་ཅིག་དང་པོ་ཆོས་ཅན། རང་གི་རིགས་མཐུན་གྱི་སེམས་སྔོན་མ་ལས་སྐྱེས་པ་ཡིན་ཏེ། གོང་དུ་རྒྱུ་མེད་དང༌། རྒྱུ་རྟག་པ་དང༌། ཕྱི་དོན་གྱི་ངོ་བོར་གྱུར་པའི་རྒྱུ་རྣམས་རྒྱ་ཆེར་བཀག་ནས། རྣམ་པ་སྣ་ཚོགས་པ་འདི་གོམས་པའི་བག་ཆགས་ལས་བྱུང་བར་གྲུབ་པའི་ཕྱིར། དཔེར་ན། འདོད་འཇིགས་གོམས་པའི་སྣང་བ་བཞིན་ནོ། །ཞེས་བཀོད་པ་ལགས་སོ།།

འདིའི་ཚུལ་སྒྲུབ་པ་ལ། རྟགས་ནི། རྒྱུ་མེད་ལས་སྐྱེས་ན། རྟག་ཏུ་ཡོད་མེད་དུ་ཐལ་བ་དང༌། རྒྱུ་རྟག་པ་ཡིན་ན་འབྲས་བུ་རྟག་པ་དང༌། ཕྱི་དོན་ནི་རིགས་པར་མི་གྲུབ་པའི་ཚུལ་གཞུང་རྣམས་ལས་གསུང་པ་དག་ལ་ཞིབ་ཏུ་དཔྱད་ན་ངེས་པ་ཡང་དག་འདྲོང་ནུས་པས། འདིར་རྒྱས་པར་མ་བཀྲལ་ལོ།།

རྗེས་ཁྱབ་ནི། གོམས་པའི་བག་ཆགས་ལས་བྱུང་བ་ཡིན་ན། རང་གི་རིགས་འདྲ་སྔ་མའི་སེམས་ཀྱི་ཆོས་ལས་གཞན་གང་དུའང་འགྲོ་ས་མི་རྙེད་པའི་ཕྱིར་ཏེ། དུས་མཉམ་གྱི་ཆོས་རྣམས་ནི་དེ་སྐྱེད་བྱེད་དུ་མི་འགྲུབ་ལ། སྔ་མའི་ཆོས་ལ་དེ་ལས་གཞན་མེད་པའི་ཕྱིར་ཏེ། དཔེར་ན་རྨི་ལམ་གྱི་སྣང་བ་དེ། ཕྱི་དོན་ལས་མ་བྱུང་ཞིང༌། རྒྱུ་རྐྱེན་ལས་འབྱུང་དགོས་པ་ཡིན་ཕྱིན། གཉིད་ཀྱི་ཤེས་པ་སྔ་མ་ལས་གཞན་རྒྱུ་རྐྱེན་གང་ཡང་འཚོལ་དུ་མེད་པ་དང༌། གཞུང་ཉིད་ཀྱི་འདོད་འཇིགས་ཀྱི་དཔེ་སོགས་ཀྱི་སྟེང་ནས་ཀྱང་ཞིབ་ཏུ་ཤེས་པའི་ཕྱིར་རོ།།

ལྡོག་ཁྱབ་ནི། གང་རིགས་མཐུན་གྱི་སེམས་སྔ་མ་གཏན་ནས་མེད་ན། འབྲས་བུ་བག་ཆགས་ལས་བཡུང་བའི་སེམས་སོགས་ཀྱང་ངེས་པར་ལྡོག་པ་སྟེ། དེ་ལྟར་ཁྱབ་ལྡན་གྱི་གཏན་ཚིགས་རྣམ་པར་དག་པས་གྲུབ་པ་ཡིན་ན། གནས་འདི་ལ་མ་རྟོགས་པ་དང༌། ལོག་པར་རྟོགས་པ། ཐེ་ཚོམ་རྣམས་ཚུལ་གསུམ་པོ་ཚན་མས་གྲུབ་པས་རིམ་བཞིན་བསལ་ནས། ངེས་པ་རྣམ་དག་སྐྱེད་ཐུབ་པ་ལགས་སོ།།

དེ་ལྟར་སྔོན་མཐའ་ཐུག་མེད་དུ་གྲུབ་པ་དེ་བཞིན་དུ། འདོད་ཆགས་དང་མ་བྲལ་བའི་སེམས་ཀྱང༌། བདག་དང་བདག་གི་ལ་ཆགས་པ་ཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་བའི་ཕྱིར། རྒྱུ་ཚོགས་ཚང་ཞིང་གེགས་མེད་པས་ན། སྲིད་པ་ཕྱི་མར་མཚམས་སྦྱོར་བ་ཡིན་ནོ།།

རྟགས་སྦྱོར་དུ་འགོད་ན། འཆི་སེམས་སྐད་ཅིག་ཐ་མ་ཆོས་ཅན། ཕྱི་མའི་སེམས་སྐད་ཅིག་དང་པོ་སྐྱེད་ངེས་ཡིན་ཏེ། རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར།

རྟགས་ནི། འཁོར་བའི་སེམས་ཕྱི་མ་སྐྱེད་པ་ལ། སེམས་ལས་གཞན་པ་དབུགས་འབྱིན་རྔུབ་དང༌། རྡུལ་ཕྲན་སོགས་མི་ཚང་རྒྱུའི་ཆོས་གང་ཡང་མེད་པར་ཕྱི་དོན་གོགས་པའི་རིགས་པ་རྣམས་ཀྱིས་གྲུབ་ལ། ཆགས་བཅས་ཀྱི་སེམས་སྔ་མ་དེ་ཡོད་ཅིང༌། གེགས་བདག་མེད་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་ཚོགས་ཚང་ཞིང་གེགས་མེད་ན། འབྲས་བུ་སྐྱེ་ངེས་ཀྱི་ཁྱབ་པའང་སྨྱུ་གུ་སྐྱེ་མ་རན་པའི་ས་བོན་བཞིན་དུ་གྲུབ་ཅིང༌། གང་འབྲས་བུ་དེ་མ་ཐག་ཏུ་སྐྱེ་ངེས་མ་ཡིན་ན། རྒྱུ་མ་ཚང་བའམ་གེགས་ཀྱི་དབང་གིས་ཡིན་པས། ལྡོག་ཁྱབ་ཀྱང་འགྲུབ་པས། སྐྱེ་བ་ཕྱི་མ་ཡོད་ངེས་ཀྱི་རྣམ་གཞག་ཚུལ་བཞིན་དུ་གྲུབ་པ་ལགས་སོ། །ཞེས་སོ།།༽

རྩོམ་རིག

Post navigation

Previous Post: ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ།
Next Post: ལུས་སེམས་འཚོ་བ་གསུམ་གྱི་འབྲེལ་བ།

Comments (36) on “མཁན་ཆེན་ཞི་བ་འཚོས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ། ཧི་མ་ལ་ཡའི་འཕྲུལ་སྨྱུག”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-19 at 12:30 am

    ལོག་པར་རྟོགས་པ། ཞེས་པ་ཤེས་བྱ་ལ་སྲིད་དམ། སྲིད་ན། འཇལ་རྟོགས་ངེས་གསུམ་དོན་གཅིག་ཡིན་པ་ཁོ་བོ་བསྡུས་གྲྭ་སྦྱོང་བའི་དུས་སུ་ཐོས། དེས་ན། རྟོགས་པ་ཞེས་པ་ངེས་པ་ཡིན་པས། ངེས་པ་ལ་ནི་སུ་ཡིས་འགོང་། རྟོགས་པ་དེ་མེད་པར་བཟོ་མི་ཐུབ། དེས་ན། འདིའི་དག་ཆ་ལ། མ་རྟོགས་པ་དང་། ལོག་པར་རྟོག་པ། ཞེས་ལན་མ་གཅིག་པར་ཁོ་བོས་བྲིས་སོ།།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-19 at 12:34 am

    ཞེས་ལན་མ་གཅིག་པར་ཁོ་བོས་བྲིས་སོ།། ཞེས་ལན་གཅིག་མ་ཡིན་པར་ཁོ་བོས་བྲིས་སོ།། ཞེས་ཀློག་པར་མཛོད།

  3. ཨ་རོག says:
    2013-03-19 at 12:40 am

    ཨོ་ལ་དྭགས་བ་ལ་བདེན་ཁ་སྦྱིན་ནོ།

  4. ཡ་མ་ཚེ་རིང་། says:
    2013-03-19 at 3:42 am

    རྒན་ལ་དྭགས་པ་ལགས། སྐུ་མཁྱེན་ནམ་རྒྱུན། པ་པོ་མ་མོ་དང་གྱ་གྱི་བ་པའི་སྒང་ལ་མ་ཁྲིད་རོགས། རྩ་བ་བོར་ནས་ཡལ་ཀ་འཇུས་བསྡད་ན་བགྲོ་གླེང་ཡག་པོ་ཡོང་བ་ལ་གནོད་གྱིན་འདུག་རྒན་ལགས་ལ་དྲང་མོ་ཞུས་པ་ཡིན་དགོངས་འགལ་མེད་པར་ཞུ།

  5. རི་རྒྱལ་ཏི་སེ། says:
    2013-03-19 at 11:05 am

    ད་ཡིན་ན་སྐྱེ་བ་སྔ་ཕྱི་ཡོད་མེད་ངས་ནི་མི་ཤེས་ལ། འདིར་ཕེབས་དྲ་གྲོགས་ང་ཡིན་ཟེར་མཁན་རྣམས་ཀྱང༌། མཆན་བུ་གནད་ལ་འཁེལ་བ་ཞིག་རྒྱག་ཐུབ་མཁན་གཅིག་ཀྱང་མེད་པ་ལ་ལྟས་ན། ཚང་མ་ང་དང་འདྲ་བོ་དྲ་བོ་རྐྱང་རྐྱང་ཡིན་པའི་བཟོ་ལྟ་འདུག་གཱ།

  6. སྤྱང་ཤོག་ says:
    2013-03-19 at 11:16 am

    འཁོར་བ་ཐོག་མེད་དུ་འདོད་པ་དང་། སྐྱེ་བ་སྔ་ཕྱིའི་སྒྲུབ་པ། དགེ་སྡིག་སྤང་བླང་འདོད་པ་རྣམས།
    གསང་བ་བསམ་གྱིས་མི་ཁྱབ་པའི་ཁུངས་སུ་བཞག་ན་བཟང་།

  7. རི་རྒྱལ་ཏི་སེ། says:
    2013-03-19 at 11:31 am

    དབུ་མ་འཇུག་པའི་ནང་དུ་ ལས་འབྲས་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་ཡང་གསུང་ཡོད་ལ། རྒྱུད་བླ་མའི་ནང་དུ་ བདེ་གཤེགས་སྙིང་པོ་བསམ་གྱིས་མི་ཁྱབ་ཡིན་ཚུལ་ཡང་བཀོད་ཡོད་པ་རེད། སྐྱེ་བ་སྔ་ཕྱི་བསམ་གྱི་ཁྱབ་པ་ཡིན་ཚུལ་གྱི་ལུང་དེ་འདྲ་གཟིགས་ཚེ་དྲ་གྲོགས་རྣམས་ནས་འདིར་འགོད་རོག་གནང་ཟེར་རྒྱུ་ཡིན།

  8. རི་རྒྱལ་ཏི་སེ། says:
    2013-03-19 at 11:56 am

    ཚ་བ་མདའ་སྨྱུག་དང༌། ཧི་མ་ལ་ཡི་འཕྲུལ་སྨྱུག་གཉིས་ཆར་ནང་བསྟན་རིང་ལུགས་པ་ཞིག་པར་བརྟེན། རྩོམ་འདིར་ཡང་ཤཱཀ་ཐུབ་རྗེས་འབྲང་བའི་བཀའ་བསྟན་གཞིར་བཞག་སྟེང་ནས་ཤོད་ཀྱི་ཡོད་ནའང༌། དྲ་རྒྱ་འདིའི་སྐུ་མགྲོན་མི་ཉུང་བ་ཞིག་བོན་བསྟན་རིང་ལུགས་པ་ཕེབས་མཁན་རྣམས་ཀྱང༌། མཐོང་ནའང་མ་མཐོང་བའི་ཟོལ་དུ་མ་བཞུགས་པར། བོན་གྱི་བཀའ་བསྟན་ནས་ཇི་ལྟར་བྱུང་ཚུལ་གྱི་བསམ་ཆར་གང་མང་བྲི་ཐུབ་ཚེ། རང་གཞན་ཐམས་ཅད་ལ་བློ་སྐྱེད་ཆེན་པོ་ཡོང་རྒྱུར་ངེས་ན། དགོངས་ཆར་ལྷུག་སྩོལ་ཡོང་བའི་རེ་བ་ཡོད།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-03-19 at 12:53 pm

    ་་་་་ འབུ་སྲིན་སོགས་ཚོར་བ་ཡོད་པའི་སེམས་ལྡན་གྱི་དངོས་པོའི་རིགས་ཀྱང་དུ་མ་ཡོད། དེར་བརྟེན་འགྲོ་བ་མི་ཞེས་བྱ་བ་དེ་ནི་སེམས་ལྡན་དངོས་པོའི་རིགས་གཅིག་ཡིན་སྟབས་ཐོག་མར་ཕ་མ་གཉིས་ཆགས་པའི་སེམས་ལས་ཕན་ཚུན་ཉལ་པོ་སྤྱད་དེ་འདུས་པ་ལས་གྱུར་པའི་རྒྱུ་ཁུ་ཁྲག་སྐྱོན་མེད་དང་།
    སྲིད་པ་བ་མ་དོར་སྐྱེ་བའི་གནས་འཚོལ་ཞིང་ལས་རླུང་དྲག་པོའི་དབང་གིས་འཁྱམས་ཞིང་རྒྱུ་བའི་སྲིད་པ་བར་བདོའི་སེམས་དང་།
    དེར་འདུས་པའི་ཤིནཏུ་ཕྲ་བའི་འབྱུང་བ་རྣམ་པ་ལྔ་སོགས་རྒྱུ་རྐྱེན་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལས་མ་ཡི་མངལ་དུ་ལུས་ཆགས་པ་དང་། དེ་ནས་འཕེལ་ཞིང་རྒྱས་པ། མཐར་བཙས་ཏེ་རིམ་བཞིན་དུ་ཕ་མ་དང་གཞན་གྱི་བྱམས་བརྩེའི་གཅེས་སྐྱོང་དང་རོགས་རམ་ལ་བརྟེན་ནས་སྨྲ་ཤེས་པ་དང་། དོན་གོ་བ། བླང་དོར་ཤེས་པ། འདོད་དོན་གྲུབ་པ་སོགས་འགྲོ་བ་མི་ཞེས་བྱ་བ་རང་བྱུང་ཁམས་ཀྱི་ནང་འཚོ་བའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཏུ་གྱུར་པ་ཡིན། ་་་་
    ཁ་བརྡར་སྐལ་དོན་གྱིས།

  10. བན་དེ་བ། says:
    2013-03-19 at 1:18 pm

    རི་རྒྱལ་ཏི་སེ་ལགས་ང་ཚོས་ཅིག་བཤད་ན་རྣ་ལམ་ལ་འགྲོ་མདོག་མ་རེད།
    འཁོར་བ་ལ་ཐོག་མ་ཡོད་པར་འདོད་པ་དང་མེདམཔར་འདོད་པ་གཉིས་སུ་ཡོད་མོད དགོངས་གཞི་སོ་སོ་འམ་གྲུབ་མཐའ་སོ་སོ་བ་ཡིན་ལར་བརྟེན་འདོད་ལུགས་འདྲ་གི་མེད། འཁོར་བ་ལ་ཐོག་མ་ཡོད་པར་འདོད་མཁན་པས། ཐམས་ཅད་སེམས་ཉིད་ལས་བྱུང་བས་ན་འཁོར་བ་ལ་ཐོག་པ་མ་ཡོད་པར་འདོད་པ་དང། གཞན་ཡང་གང་ཟག་སྒོས་བཙན་པར་ཆ་བཞག་ན། བར་དོའི་སྐབས་སུ་སྒྲ་དང་འོད་ཟེར་གསུམ་ཞེས་རང་སྒྲ་རང་འོད་རང་ཟེར་གསུམ་དུ་ཤར་ནས། དེ་དག་རང་སྣང་དུ་མ་ཤེས་ཤིང་གཞན་སྣང་དུ་བཟུང་བ་ལ་བརྟེན་ནས་ཆགས་སྡང་རྨོང་གསུམ་བྱུང་། དེ་ལས་འདོད་ཆགས་ལས་འདོད་ཁམས་སུ་འཁོར། ཞེ་སྡང་ལས་གཟུགས་ཾཁམས་སུ་འཁོར། གཏི་མུག་ལས་གཟུགས་མེད་དུ་འཁོར་བས། དེས་ན་བར་དོའི་སྒྲ་འོད་ཟེར་གསུམ་ནི་འཁོར་བའི་གཞི་རུ་གཞི་རུ་གྱུར་བས་ན་ཐོག་མའང་དེ་ཡིན་པ་རེད། ཡིན་ནའང་འདི་དག་ནི་སེམས་ཕྱོགས་ཀྱི་གཞུང་ནས་བཤད་ཚུལ་ཞིག་རེད། མ་གཞི་ནས་འཁོར་བའི་ཐོག་མ་ཡོད་མེད་ཀྱི་སྐོར་ལ་་་་་གཡུང་དྲུང་བོན་གྱི་དྲ་རྒྱ་དང་་་ཧི་མ་ལའི་བོན་དྲ་རྒྱའི་ནང་དུ་ཉེ་འཆར་བོན་དགེ་ཞིག་གིས་དཔྱད་རྩོམས་བྲིས་འདུག དེ་ཡང་ལུང་ལས། མ་རིག་པ་ལ་ཐུག་མེད་ཕྱིར། འཁོར་བར་ཐོག་མ་མེད་པར་བཞེད། གཞི་ལས་སྐྱེས་ཞིང་འགག་པའི་ཕྱིར། འཁོར་བའི་ཐོག་མ་ཡོད་པར་གསུངས།

  11. མེ་ཏོག་དཀར་པོ says:
    2013-03-19 at 1:37 pm

    ལས་འབྲས་ཕུན་སུམ་ཚོགས་པ་ནི།།
    ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན།། ཞི་བ་ལྷས་སོ།།

  12. པདྨ་རྡ་རྗེ། says:
    2013-03-19 at 3:05 pm

    བོད་རིགས་པ་བ་རྣམས་ཀྱིས་

  13. ཀརྡོ་གཉེར་ཕྱག་པ་ says:
    2013-03-19 at 5:06 pm

    དེ་ལས་འདོད་ཆགས་ལས་འདོད་ཁམས་སུ་འཁོར། ཞེ་སྡང་ལས་གཟུགས་ཾཁམས་སུ་འཁོར། གཏི་མུག་ལས་གཟུགས་མེད་དུ་འཁོར་བས། དེས་ན་བར་དོའི་སྒྲ་འོད་ཟེར་གསུམ་ནི་འཁོར་བའི་གཞི་རུ་གཞི་རུ་གྱུར་བས་ན་ཐོག་མའང་དེ་ཡིན་པ་རེད། ་་་་་ཟེར་བ་མི་འཐད་དེ།
    ཞེ་སྡང་དང་གཏི་མུག་ལས་གཟུགས་གཟུགས་མེད་འཁོར་བ་མི་འཐད་དེ། དགེ་བའི་ལས་ཀྱིས་ཀྱང་འཁོར་མི་ཐུབ་པ་ལ། ཞེ་སྡང་དང་གཏི་མུག་ལས་ག་ལ་ཐུབ།

  14. རི་རྒྱལ་ཏི་སེ། says:
    2013-03-19 at 6:23 pm

    བན་དེ་བ་ལེགས། གཞན་གྱི་རྣ་བར་འགྲོ་རུང་མ་འགྲོ་རུང༌། རིམ་པར་རྣ་འཇགས་སུ་ཁྱེར་ཏེ་དེ་དང་དེའི་གྲུབ་མཐར་བློ་ཁ་འཁོར་བའང་མི་ཉུང་ཞིག་ཡོད་སྲིད་པས། བོོན་གྱི་སྐོར་ལ་དགོངས་ཚུལ་མང་ཙམ་བྲིས་པ་ཡིན་ན། བོན་གྱི་བསྟན་པ་འཕེལ་ཕྱོགས་ཕན་ནུས་ཆེ་རབ་རློམ་པས། བོན་ཕྱོགས་པ་ཡོངས་དགོངས་རྒྱ་ཆེ་ཙམ་བཞེས་ན་སྙམ་པའི་རེ་བ་ཡོད།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-19 at 10:27 pm

    ཡ་མ་ཚེ་རིང་ལེགས། ཁྱེད་ཀྱི་བསམ་འཆར་ལ་བདག་ཤིན་ཏུ་དགའ། ངས་བོད་ཀྱི་ཡི་གེ་འབྲི་བ་པོ་རྣམས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་རྣམས་ལ་གང་ཐུབ་བལྟས་ཏེ། དེ་དག་དང་མཐུན་པར་འབྲི་བ་མ་གཏོགས། བརྡ་སྤྲོད་ལུང་དུ་སྟོན་པ་ཞིག་གཞིར་བཟུང་སྟེ། འདི་དང་མཐུན་པ་ཞིག་དགོས་ཞེས་ནམ་ཡང་མི་སྨྲ། འབྲི་བ་པོ་རྣམས་ཀྱིས་གོང་བརྗོད་བཀའ་བསྟན་གསུང་འབུམ་རྣམས་ཀྱི་གཞུང་དཔེའི་དག་ཆ་དང་མི་མཐུན་པ་ཞིག་ཡོད་ན། ད་ལྟ་མ་འོངས་ནམ་ཡིན་ན་ཡང་། རང་ཅག་རྣམས་ཀྱི་རྣམ་འདྲེན་བླ་མ་མཆོག་གི་བཞེད་པ་འགྲུབ་ཕྱིར་རང་རེས་སྨྲ་དགོས་པ་ཡིན། རང་རེའི་རྣམ་འདྲེན་བླ་མ་མཆོག་གིས། “འབྲི་ན་ཡི་གེ་དག་པོ་འབྲི་བ་ལ་བརྩོན་དགོས། དེ་ལྟར་མ་བྱུང་ན་མ་འབྲི་ན་ལེགས།” ཞེས་གསུངས་པ་ལ་དྭགས་རི་རྫོང་རིན་པོ་ཆེ་བརྒྱུད་ནས་ཁོ་བོས་ཐོས།
    “རྩ་བ་བོར་ནས་ཡལ་ཀ་འཇུས་”ཞེས་ཁྱེད་ཀྱིས་གསུངས་པ་དེ་ལས་ཁོ་བོས་ནི་བོད་ཀྱི་གདན་ས་ཙམ་མ་ཡིན་པར་རྒྱ་གར་དང་། ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་དག་ཏུ་སློབ་སྦྱོང་ལ་འགྲིམས་སྐབས། གཙུག་ལག་སློབ་ཆེན་མོ་དེ་དག་ན། ཡི་གེའི་དག་ཆ་དེ་གཙོ་བོར་བྱེད་པ་མཐོང་། དེ་བཞིན་རང་རེ་བོད་པས་ཀྱང་བྱེད་དགོས་ཀྱང་། བཀའ་བསྟན་གསུང་འབུམ་དག་གི་དག་ཆ་ལ་བརྩིས་མེད་ཀྱིས། ཁ་སྐད་གཙོ་བོར་བྱས་ཏེ། སྩལ་པ་ལ་སྩལ་བ། འགྲེལ་པ་ལ་འགྲེལ་བ། འབྲེལ་པ་ལ་འབྲེལ་བ། ཞེས་འབྲི་བ་སོགས་ལ་སྐྱོན་བརྗོད་ཀྱི་སྒོ་ནས། རང་ཅག་གི་བགོ་སྐལ་བཟང་པོར་ཐོབ་པའི་རིག་གཞུང་གི་གླེགས་བམ་རྒྱ་མཚོ་ལྟ་བུ་བཞུགས་པ་རྣམས་ཀྱི་དག་ཆ་སྲུང་བ་ལ་བརྩོན་པ་བཞིན་དུ། ཁྱེད་ཀྱིས་ཀྱང་དེ་བཞིན་མཛད་པའི་རེ་འདུན་བཅས་བྲིས་སོ།།

  16. མེ་ཏོག་དཀར་པོ says:
    2013-03-19 at 10:43 pm

    ཏི་སེ རང་བསྟན་ལ་སྲི་ཞུ་བྱ འདོད་ཅན་ཞིག་རེད་འདུག་ག བསྟན་པར་སྲི་ཞུ་ཟེར་བ་སྤེལ་བ་འདི་རེད་ད།

  17. དྲི་མེད་ལྷག་བསམ། says:
    2013-03-20 at 4:17 am

    མཆན་༤་པ། ཡ་མ་ཚེ་རིང་ལེགས། བརྡ་སྤྲོད་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པ་ཉིད་ཀྱིས་དགོངས་ངེས། དེས་ན་རྩ་བ་ཡིན་པ་ལས། ཡལ་གར་ག་ལ་འགྱུར། རང་རེ་རྒན་ལ་དྭགས་པའི་ལོ་ཚོད་ལ་སླེབས་དུས་རིག་གཞུང་ལ་འདི་འདྲའི་མཁྲེང་ཞེན་དང་། འགན་ལེན་བྱུང་ཐུབ་མིན་བཤད་དཀའ། ངས་ནི་མ་འོངས་པར་སློབ་ཁྲིད་བྱེད་དགོས་བྱུང་ན། རྒན་ལ་དྭགས་པའི་རྣམ་ཐར་འདི་སློབ་མ་རྣམས་ཀྱི་རྣ་ལམ་དུ་འཇོག་ངེས་ཡིན། དེ་བཞིན་རང་གིས་ཀྱང་ཁོང་གི་གསུང་རྒྱུ་མཚན་ལྡན་པ་ཚོ་དྭངས་ལེན་བྱས། ཐེ་ཚོམ་ཡོད་རིགས་མཆན་དུ་བཀོད་ནས་བརྟགས་དཔྱད་བྱེད་པའི་སྐབས་ཡིན། སྤྱིར་ང་ལྟ་བུའི་བོད་ཡིག་བོད་སྐད་རྒྱ་ཆེར་མི་ཤེས་མཁན་ཞིག་ལ་བསམ་ན། ཁོང་ནི་མུན་ཁང་གི་སྒྲོན་མེ་ལྟ་བུ་རེད་བསམ། ལས་འབྲས་དང་། སྐྱེ་བ་སྔ་ཕྱི་སོགས་རང་རེའི་གཞུང་ཆེན་རྣམ་ལ་རྒྱུན་དུ་བཤད་པ་དེ་ལས་ཁ་གསལ་ནི་ད་དུང་སུ་ཞིག་གིས་གསུང་ཐུབ་མ་སོང། རྒན་ལ་དྭགས་པས་བོད་ཀྱི་བརྡ་རྙིང་རང་རེའི་བརྗེད་ནས་ཡོད་པ། ཡིག་ནོར་རྒྱུན་དུ་ཉམས་འཇོག་གནང་གི་མེད་ས་མང་པོ་གསུངས་པས་བློ་སྐྱེད་བྱུང་། ཐུགས་རྗེ་ཆེ་ཞུ། །

  18. ཀརྡོ་གཉེར་ཕྱག་པ་ says:
    2013-03-20 at 4:47 am

    རྒན་འཇམ་དཔལ་ལགས་ཀྱིས།
    བོད་ཡིག་ཐོག་བྲིས་ཟིན་པའི་གསུང་པོད་རྒྱ་མཚོ་ལྟ་བུའི་འབྲི་སྲོལ་དང་། བརྡ་སྤྲོད་སྔ་ཕྱི་བར་གསུམ་དུ་བཟོས་པ། ད་ལྟ་བཟོ་བཞིན་པ་དང་། ད་དུང་མ་འོངས་པར་ཡང་འབྲི་བར་འགྱུར་བ་གཉིས་ལས། བརྡ་སྤྲོད་ལས་བཀའ་བསྟན་གསུང་འབུམ་གྱི་འབྲི་སྟངས་ཁུངས་བཙུན་པར་གདམས་པ་ལ་རྒྱུ་མཚན་མེད་པ་མ་རེད།
    འོནད་ཀྱང་བརྡ་རྙིང་དག་ཁུངས་བཙུན་པར་བཟུང་ནས། བརྡ་རྙིང་ཡོད་ཚད་དུས་ད་ལྟ་ཡང་བེད་སྤྱོད་བྱེད་དགོས་པ་དང་། མ་འོངས་པར་ཨུ་ཚུགས་ཀྱིས་སྤེལ་བ་ནི་ཐལ་དྲགས་པ་མིན་འགྲོ་སྙམ་ལགས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-20 at 6:21 am

    ཀརྡོ་གཉེར་ཕྱག་པ་ལེགས། ཁྱེད་ཀྱིས་མི་མཁྱེན་པའི་བརྡ་རྙིང་དག་བཀོལ་དགོས་ངས་གཏན་ནས་བཤད་མེད། བོད་སྐད་དུ་ཡོངས་གྲགས་ཀྱི་མིང་ཚིག་རྣམས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་དང་མཐུན་པ་རྣམས་ལ་ལུང་པ་སོ་སོའི་ཁ་སྐད་དབང་གིས་་སྒྱུར་བཅོས་མ་བཏང་ན། རང་ཉིད་དང་། མ་འོངས་པ་ན་བོད་ཀྱི་གཞོན་ནུ་རྣམས་རྣམས་ཀྱིས་བོད་ཀྱི་རིག་གཞུང་གི་ཚིག་རྣམས་སླ་བའི་སྒོ་ནས་གོ་ཐུབ་པ་ནི་ཞུ་ག་ལ་དགོས།
    ལྷ་ས་བཀའ་འགྱུར་འདུལ་བ་ཏ་པ་ནས་དྲངས་པའི་འོག་གི་ཡིག་འཕྲེང་དེ་དག་ན། ང་ལ་ནི་བརྡ་རྙིང་མི་ཤེས་པ་གཅིག་རང་ཡོད་ཀྱང་། དེ་ནི་ཚིག་མཛོད་དག་ལ་བལྟས་པས་སླ་བར་ཤེས། འོན་ཀྱང་ལུང་པ་སོ་སོའི་ཁ་སྐད་ཀྱིས་འགྱུར་བ་ཕོག་ངེས་ཀྱི་ཚིག་འགའ་ཞིག་ཀྱང་མཐོང་བས། དེ་དག་ལ་འགྱུར་བ་མི་ཕོག་པར་གཟབ་དགོས་པ་འདུག
    ་
    བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཆེན་པོའི་ཕྱི་རོལ་གྱི་གྲོང་ཁྱེར་ན། རྫ་མཁན་གྱི་དཔོང་སའི་ཁང་པ་ཞིག་ཡོད་པར་གྱུར་ཏོ། །སངས་རྒྱས་མི་བཞུགས་པའི་ཚེ་ན། རང་སངས་རྒྱས་ཕོངས་པ་དང་དམན་པ་ལ་སྙིང་རྗེ་པ། སེམས་ཅན་ལ་ཕན་འདོགས་པར་ཞུགས་པ་འབྱུང་ང་ོ། །དེ་ནས་རང་སངས་རྒྱས་ཤིག་རྫ་མཁན་གྱི་དཔོང་སའི་ཁང་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྫ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན། དཔོང་སའི་ཁང་པའི་ཕྱོགས་གཅིག་ཏུ་གནས་བཅའོ། །
    ་
    བཀའ་འགྱུར་གྱི་མིང་ཚིག་འདི་རྣམས་ན་ཁྱེད་ཀྱིས་མི་མཁྱེན་པའི་མིང་ཚིག་དེ་འདྲ་འདུག་གམ།

  20. ཀརྡོ་གཉེར་ཕྱག་པ་ says:
    2013-03-20 at 9:18 am

    རྒན་འཇམ་དཔལ་ལགས།
    ཁྱེད་བདེན་ནོ། ངས་མ་ཤེས་པའི་ཚིག་གཅིག་ཡོད་པ་དེ་ནི། དཔོང་སའི་ཁང་པ་འདི་རེད་འདུག དེ་ཚིག་མཛོད་ནང་ལ་བལྟས་པ་དང་། དཔོན་ཁང་ནི་དཔོང་ས་དང་དོན་གཅིག ར་སྐོར། ཆོས་གྲྭ གྲ་ཤག འདུས་ས། རྩེན་ས་ལ་གོ་བ་གསལ་འདུག་ལགས།

  21. དྲི་མེད་ལྷག་བསམ། says:
    2013-03-20 at 9:29 am

    རྒན་ལ་དྭགས་པ་དང་། ཀ་རྡོ་པ་གཉིས་ལ་ཞུ་བ། སྔོན་ཆད་ཁྱོད་གཉིས་ཀྱིས་མདོ་སྡེ་ཕལ་པོ་ཆེའི་(སངས་རྒྱས་རྨད་ག་ཅད་)ཅེས་པ་ལ་འགྲེལ་བ་ཞིག་གནང་སོང་། སླར་ཡང་ཞལ་གསལ་ཞིག་ཞུ། ངས་རྒྱ་ནག་ཡི་གེར་བལྟས་པ་ཡིན། དེ་ལ་ཕྱོགས་ཡོངས་ཀྱི་སངས་རྒྱས་ཞེས་པར་བསྒྱུར་འདུག

  22. ཡ་མ་ཚེ་རིང་། says:
    2013-03-20 at 9:52 am

    རྒན་ལ་དྭགས་སོགས་ལ་ཞུ་རྒྱུར། བརྡ་སྤྲོད་པའི་གཞུང་འདི་གལ་ཆེ་བ་ལོས་ཤེས་མོད་སྒོ་སྒེའུ་ཁུང་ཆ་ཚང་ནང་ལ་འདི་ཁྲིད་མ་ཡོང་རོགས། སྐབས་དོན་ལ་སྒྲིབ་ཀྱིན་འདུག་ཞུས་པ་ཡིན་གོ་ནོར་མ་ཐེབས་རོགས།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-20 at 10:16 am

    དྲི་མེད་ལྷག་བསམ་མཆོག་ལ། ང་ལ་མདོ་སྡེ་ཕལ་པོ་ཆེའི་སྐོར་ལ་རྒྱུས་ཆེར་མེད་ལགས། དེའི་ནང་སྡོང་པོ་བཀོད་པའི་མདོ་རྐྱང་རྐྱང་ལེགས་སྦྱར་མ་དཔེ་དེ་སྔར་ཝཱ་ཎར་བོད་སྐད་དང་བསྡུར་ནས་མཇལ་མྱོང་། ཨ་རི་པ་བརྩོན་འགྲུས་ཅན་ཞིག་གིས་མདོ་ཕལ་པོ་ཡོངས་རྫོགས་ཨིན་སྐད་དུ་ལེགས་པར་བསྒྱུར་ཡོད་པ་ཀློག་པ་ན་རང་ཉིད་བྱང་ཆུབ་སྤྱོད་པའི་དབྱིངས་ལ་ཤོར་བའིཉམས་ཤར་བ་ལྟ་བུ་འདུག་ཅེས་བཤད་པ་ཐོས། དེས་ན། སངས་རྒྱས་རྨད་ག་ཅད། ཞུ་བའི་སྐོར་ལ་འགྲེལ་བཤད་མཛད་མཁན་དེ་དཔལ་ཀ་རྡོ་གཉེར་ཕྱག་ཡིན་ནམ་ཞུའོ།།

  24. ཀརྡོ་གཉེར་ཕྱག་པ་ says:
    2013-03-20 at 10:28 am

    (སངས་རྒྱས་རྨད་ག་ཅད་)ཅེས་པའི་ཁུངས་མཐོང་བ་མི་དྲན། ཐད་ཀར་ཚིག་མཛོད་ནང་གསལ་གཞིར་བཞག་བྱས་ན། ཕལ་པོ་ཆེའི་སངས་རྒྱས། ཡང་དག་པའི་སངས་རྒྱས། འོལ་ཚོད་ཙམ་བྱས་ན། རྨད་དུ་བྱུང་བའི་སངས་རྒྱས་ལ་ཡང་གོ་བ་མིན་འགྲོ་ཡག་པོ་རང་ཤེས་མ་སོང་ལགས།

  25. lobsang199 says:
    2013-03-20 at 10:35 am

    ཡ་མ་ལགས། སྒོ་སྒེའུ་ཁུང་ཆང་ཚང་ནང་ལ་འདི་འཁྱེར་ཡོང་གི་མིན། ཡིན་ཀྱང་ཁྱེད་རང་ཁ་རྡ་ཚང་གི་ཁང་པའི་ནང་ལ་འཛུལ་གྱི་ཡིན་ན། ངེས་པར་དུ་སྒོ་ནས་འཛུལ་དགོས། ཁྱེད་ཀྱི་བཤད་སྟངས་འདི་དང་ཁ་སྔོན་དགེ་བཤེས་རིན་ཆེན་ཟེར་བ་དེས་བཤད་སྟངས་གཅིག་པ་འདུག་ཁྱེད་གཉིས་་་་་་

  26. དྲི་མེད་ལྷག་བསམ། says:
    2013-03-20 at 10:50 am

    གཅིག་བྱས་ན་(ཕལ་པོ་ཆེ་)ཟེར་བའི་དོན་རེད། བམ་པོ་དང་པོ་ལ། སངས་རྒྱས་(ཕལ་པོ་ཆེ་)ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ཞེས་བྲིས་འདུག བམ་པོ་གཉིས་པ་ནས། སངས་རྒྱས་་(རྨད་ག་ཅད་)ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ཞེས་བམ་པོ་ཐམ་ཅད་ལ་བྲིས་འདུག མཐའ་མ་སྡོང་པོས་བརྒྱན་པར། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ། ཞེས་བྲིས་འདུག

  27. lobsang199 says:
    2013-03-20 at 10:58 am

    དགེ་འཇམ་དཔལ་ལེགས། ང་ལ་མི་གོ་བའི་ཚིག་འདི་རྣམས་ལ་འགྲེལ་ཞིག་སྐྱོན་སྒྲོགས་གནང། རྗེའི་སྲས་ཁྱོད་ལ་„བཀའ་མཆིད་„སྙན་པ་ཞིག་གསོལ་ལོ། །དེས་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ལྷ་དང་མིའི་གཏམ་སྙན་ཐོས་པར་གྱུར་ཅིག །གཏམ་སྙན་པ་ཇི་ལྟ་བུ་ཞིག །ཇི་ལྟར་བདག་གི་„དཀུ་གཡས་„རོལ་མི་བདེ་བས་ན་གོར་མ་བཀུམ་པར་བདག་གིས
    „བཀའ་མཆིད་„འདི་གོ་ཁག་པོ་འདུག „དཀུ་གཡས་„དཀུ་ཞེས་ལུས་ཆ་ཤས་གང་ཞིག་ལ་དངོས་འཛིན་དགོས།

  28. དྲི་མེད་ལྷག་བསམ། says:
    2013-03-20 at 10:58 am

    འདིའི་དོན་ལ་དཔེ་ཀློག་ཁ་ཤས་བྱས་པ་ཡིན། སོག་པོའི་་ལྕང་ལུང་པཎྜི་ཏའི་སློབ་མ་ཞིག་གི་ཐོབ་ཡིག་ཏུ། བདེ་བར་གཤེགས་པ་ཕལ་པོ་ཆེའི་མཛད་པ་བསྟན་པའམ་སངས་རྒྱས་རྨད་ག་ཅད་ཅེས་བྱ་བ། ཞེས་བྲིས་འདུག དེ་ལའང་ཁུངས་ཤིག་ཡོད་དམ། བོད་སྐད་ཡིན་ནམ་རྒྱ་སྐད་ཡིན་ད་དུང་ཤེས་མ་སོང་།

  29. ཀརྡོ་གཉེར་ཕྱག་པ་ says:
    2013-03-20 at 12:10 pm

    དེས་ན། རྨད་ག་ཅད། དེའི་དོན་ཕལ་པོ་ཆེ་ཡིན་པ་རེད། འདི་བོད་སྐད་རེད་འདུག དེ་ཡང་བརྡ་རྙིང་པ་། རྨག་ཆད་དང་། རྨ་ག་ཆད་ཀྱང་བྲིས་འདུག རྨད་དུ་བྱུང་བའི་ཚིག་དང་འབྲེལ་བ་ཡོད་བཟོ་འདུག

  30. མེ་ཏོག་དཀར་པོ says:
    2013-03-20 at 12:45 pm

    199 ལགས། མཆིད་ནི་མོལ་བ་སྟེ། བཀའ་མོལ་ལ་བཀའ་མཆིད་ཟེར་ཆོག དཀུ་ནི་དཔྱི་སྒོའི་རུས་པ་འབུར་དུ་མཐོན་ས་སྟེ། དཔེར་ན་རྡོར་སེམས་ཀྱི་ཕྱག་གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པ་ཞེས་པ་ལྟ་བུའོ།།

  31. དྲི་མེད་ལྷག་བསམ། says:
    2013-03-20 at 9:23 pm

    ཀ་རྡོ་གཉེར་ཕྱག་གིས་གསུང་པ་དེ་རང་ཡིན་པ་འདྲ། ངས་དཔེ་ཀློག་བྱས་འབྲས། བོད་ཀྱི་་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ལས། རྨད་ཆད་ནི། སྙན་གྱི་གོང་རྒྱན་དང་ཡང་དག་ཕལ་ཆེར་ལ་འཇུག ཅེས་གསུངས་ཞེས་བརྡ་སྤྲོད་གསེར་མེ་ལ་ལུང་དྲངས་འདུག ཕལ་སྐད་བྱས་ན་མང་ཆེ་བ། ཟེར་བའི་དོན་ཡིན་པ་འདྲ།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-21 at 11:29 am

    བཀའ་མཆིད་སོགས་ལ་མེ་ཏོག་དཀར་པོ་མཆོག་གིས་འགྲེལ་བཤད་སྐྱོན་པར་བཀའ་དྲིན་ཆེ། དོན་དུ་གནས་སོ། གོར་མ་བཀུམ་པ་དང་། གོར་མ་ཆག་པ་ གཉིས་ཐེ་ཚོམ་མེད་པའི་དོན་ལ་བོད་རྒྱ་ཚིག་མཛོད་ན་འདུག
    ་
    ཀ་རྡོ་གཉེར་པ་དང་དྲི་མེད་ལྷག་བསམ་ལྷན་རྒྱས་སོགས་ལ་ཞུ་བ། བུདྡྷཱ་བ་ཏནྶ་ཀ་ བོད་སྐད་དུ། སངས་རྒྱས་ཕལ་པོ་ཆེ། ཞེས་པའི་ཕལ་པོ་ཆེ་ལ་རྒྱན་གྱི་གོ་དོན་ཡོད་དམ། བོད་རྒྱ་ཚིག་མཛོད་ན། “སངས་རྒྱས་ཕལ་པོ་ཆེ་ཞེས་པ་བརྡ་རྙིང་རྨ་ག་ཆད་དུ་གྲགས་ཤིང། ཡང་སྙན་གྱི་གོང་རྒྱན་དུའང་བསྒྱུར་བ་ཡོད་ལ།” ཞེས་བྲིས་སོ། བུདྡྷཱ་བ་ཏནྶ་ཀ་ རྒྱ་ནག་སྐད་དུ། ཅི་ཡོད་དམ། ཞེས་དྲི་བ་ཡོད་ལགས།

  33. དྲི་མེད་ལྷག་བསམ། says:
    2013-03-21 at 12:06 pm

    རྒན་ལ་དྭགས་པ་ལེགས། རྒྱ་ནག་སྐད་དུ་འདི་ལྟར་བརྗོད། 《大方廣佛華嚴經》ལ་ཏཱ་ཧྥང་བཀྭང་ཧྥོ་ཧྭ་ཡན་ཅིང་ཟེར། ཏཱ་ཞེས་པ་ཆེན་པོ། ཧྥང་ཞེས་པ་ཕྱོགས་དང་། ཆ་ཤས་ལ་འཇུག སྐབས་འདིར་ཕལ་པོ་ཞུ་བ་ཡིན་པ་འདྲ། བཀྭང་ཞེས་པ་ཡངས་པ་དང་རྒྱ་ཆེན་པོ། ཧྥོ་ཞེས་པ་སངས་རྒྱས། ཧྭ་ཞེས་པ་སྡོང་པོ་དང་། མེ་ཏོག གཟི་བརྗིད་སོགས་ལ་འཇུག ཡན་ཞེས་པ་རྒྱན་དང་། ལྷུན་སྟུག་པ། བཀོད་པ་ཕུན་སུམ་ཚོགས་པ་སོགས་ལ་ཡང་འཇུག ཚིག་བསྒྱུར་བྱ་ན། རྒྱ་ཆེ་བ་སངས་རྒྱས་ཕལ་པོ་ཆེ་སྡོང་པོ་བཀོད་པའི་མདོ། ཞེས་སྒྱུར་དགོས་པ་འདྲ། ཡང་ན། ཕྱོགས་ཀྱི་སངས་རྒྱས་ཆེན་པོ་བཀོད་པ་རྒྱ་ཆེ་བའི་མདོ། ཞེས་བསྒྱུར་ཀྱང་རུང་ཙམ་ལགས། སྡོང་པོ་བཀོད་པ་ཕལ་ཆེན་གྱི་ཆ་ཤས་ཞིག་ཡིན་པ་རྒྱ་སྐད་དུའང་གསལ།

  34. ཨོ་རྒྱན་ཉི་མ། says:
    2013-03-21 at 5:46 pm

    མིག་བརྒྱད་པ་ཞེས་པ་སུ་རེད།

  35. མེ་ཏོག་དཀར་པོ says:
    2013-03-21 at 9:11 pm

    ཚངས་པ་རེད།

  36. དྲི་མེད་ལྷག་བསམ། says:
    2013-03-22 at 1:56 am

    ཡང་རྒན་ལ་དྭགས་པ་སོགས་དྲ་ཐོག་མཁས་པ་རྣམས་ལ་བཀའ་འདྲི་ཞུ་རྒྱུ། རང་རེ་བོད་ལ་རྩོད་པ་ཆེ་བའི། 《ཡུམ་གསུམ་གནོད་འཇོམས》ལ་རྒྱ་དཔེ་ཡོད་མེད་དང་། ཉེ་བའི་དུས་རབས་སུ་རྙེད་པའི་ཡིག་ཆར་སུས་མཛད་ཐག་ཆོད་པོ་ཡོད་མེད་གསལ་བཤད་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme