Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་ཞུ་འཕྲིན།

Posted on 2013-03-162013-03-16 By ཁ་བརྡ་ 11 Comments on རྒྱལ་སྤྱིའི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་ཞུ་འཕྲིན།

ཨོ་རྒྱན་ཉི་མ།

རྒྱལ་སྤྱིའི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་སེམས་གཏིང་ནས་རེ་སྐུལ་ཞིག་ཞུ་ན་འདོད། དེང་སང་ནང་ཆོས་གཙོར་བྱས་པའི་བོད་ཀྱི་རིག་གཞུང་དབྱིན་རྒྱ་གཉིས་སོགས་འཛམ་གླིང་གི་ཡིག་རིགས་འདྲ་མིན་ནང་སྒྱུར་བཞིན་པ་དང་། མི་རིགས་གཞན་པའི་ཚན་རིག་དང་། དཔལ་འབྱོར། ཆབ་སྲིད་ཀྱི་རིག་པ་སོགས་ཀྱང་བོད་པའི་སྐད་ཡིག་སྟེང་ཚུར་བསྒྱུར་བ་སོགས་མདོར་ན་སྐད་སྒྱུར་གྱི་བྱ་བའམ། ལོ་ཙཱའི་ཕྱག་ལས་གནང་མཁན་མང་དུ་འགྲོ་བཞིན་པ་རེད། ཆོས་དང་། དཔལ་འབྱོར། ཆབ་སྲིད། ཚན་རིག ལོ་རྒྱུས། སུམ་རྟགས་སོགས་ཀྱི་བརྡ་ཆད་མི་འདྲ་བ་མང་པོ་རེད། བོད་ཀྱི་སྐད་ཡིག་དང་། མི་རིགས་གཞན་པའི་སྐད་ཡིག་ལའང་ཐ་སྙད་གཅིག་ཡིན་པ་ལ་དོན་མི་འདྲ་བ། དོན་གཅིག་ཡིན་ན་ཡང་ཐ་སྙད་མི་འདྲ་བ་མང་པོ་རེད། དཔེར་ན་བོད་སྐད་ནང་<ཆོས་ལུགས་>ཞེས་པ་ལ། དབྱིན་སྐད་ནང་དང་། རྒྱ་སྐད་ནང་<宗教>ཞེས་པ་མིང་གི་ཆ་ནས་ཆོས་ལུགས་ཙམ་ལ་མཚུངས་ཀྱང་། དོན་གྱི་ཆ་ནས་གང་ཟག་རང་རང་གི་གོ་བ་ལེན་སྟངས་སྣ་ཚོགས་རེད། བོད་བརྒྱུད་ནང་བསྟན་གྱི་དགོས་དོན་མ་རྟོགས་པའི་གང་ཟག་ནུབ་ཕྱོགས་པ་དང་། རྒྱ་རིགས། བོད་རིགས་ན་གཞོན་ཁག་ཅིག་ལ་མཚོན་ན་བོད་ཀྱི་ཆོས་ལུགས་ཟེར་འོངས་དུས། ལམ་སང་ལྷ་ཁང་རྫིག་པོ་ཞིག་དང་། ཁ་ཆེ་མིག་བགྲད་པའི་ཁྲོ་འབག་ཅིག་དང་། རྔ་རྡུང་རོལ་སིལ་འཁྲོལ་ཞིང་། ཞྭ་མོ་སྣ་ཚོགས་གྱོན་བཞིན་པའི་གང་ཟག་ཚོན་པོ་ཞིག་དང་། མི་སེར་གྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བའི་སྐྱིད་ཉལ་རྒྱག་མཁན་ཞིག་ལ་ངོས་འཛིན་པ་དང་། ནང་ཆོས་ཀྱི་ཚིག་དོན་མཐར་ཆགས་ཁོང་དུ་ཆུད་པའམ། ཡང་ན་གོ་བ་རོབ་ཙམ་ཡོད་མཁན་ཞིག་ཡིན་ན། ནང་པའི་ཆོས་ཟེར་བ་དེ་ཕྱིའི་གོས་དང་། སྤྱོད་པ་གཅིག་པུའི་ཐོག་ནས་དབྱེ་བ་འབྱེད་རྒྱུ་མིན་པར། ཤར་ནུབ་ཀྱི་བསམ་བློ་གསར་རྙིང་གི་རིག་གཞུང་གང་གིས་འགྲན་མི་ནུས་ཤིང་། དོན་དམ་པའི་གནས་ལུགས་འཆད་ན་རིགས་པ་དང་ལྡན་ཞིང་། ཆོས་ལུགས་པ་གཞན་དག་སུ་གཅིག་གིས་ཀྱང་དེ་ལྟར་བཤད་མ་མྱོང་བ། ཐ་སྙད་ཚུར་མཐོང་གི་སྣང་ཚུལ་ལ་གཤིབ་བསྡུར་བགྱིས་ན་རྒྱུ་མཚན་ལྡན་པ། མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ན་ཚན་རིག་པ་ཞེས་མིང་ཙམ་ཡང་མེད་པའི་སྔོན་ནས་ཡོད་ཚད་གཏན་ལ་ཕབས་ཟིན་པ་སྟེ། མདོར་ན་ནང་བསམ་བློའི་དཔལ་ཡོན་ཡང་དག་པའི་ལྟ་བ་རྟེན་འབྱུང་དང་། དེས་དྲངས་པའི་སྤྱོད་པ་འཚེ་བ་མེད་པ་གཉིས་ཀྱིས་བསྡུས་པ་ཞིག་ཡིན་པ་ཅིའི་ཕྱིར་མི་རྟོགས།

དེ་ཕྱིར་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཐུགས་བསམ་བཞེས་དགོས་པ་ཞིག་ལ། སྐད་དེ་དོན་ཐོག་ཏུ་འཁེལ་བ་དང་། རྒྱ་བོད་དབྱིན་གསུམ་གང་བསྒྱུར་བ་དེ་གཅིག་གྱུར་ཡོང་བར་འབད་འབུངས་བྱ་རྒྱུ་དེ་ཡིན་པར་སེམས། དཔེར་ན་ནུབ་ཕྱོགས་པའི་མི་རིགས་ནང་ཆོས་ལ་གསར་དུ་ཞུགས་མཁན་དང་། བོད་ཀྱི་དགེ་འདུན་པ་དབྱིན་ཇི་གསར་དུ་སྦྱང་མཁན་གཉིས་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི། ཐ་སྙད་གཅིག་གྱུར་མེད་པ་དེ་རེད། དེ་དང་ཆོས་མཚུངས་པ་རྒྱ་ཡིག་སོགས་ཡིག་རིགས་གཞན་པ་གཅིག་མཚུངས་རེད། དེ་ཙམ་དུ་མ་ཟད་བོད་པའི་ལོ་ཙཱ་བ་དབྱིན་སྐད་ཤེས་མཁན་དང་། ནུབ་ཕྱོགས་པའི་མི་རིགས་ཀྱི་ལོ་ཙ་གཉིས་ལ་ཁྱད་པར་ཆེན་པོ་རེད། བོད་ཀྱི་ལོ་ཙཱ་བ་ཕལ་ཆེ་བར་ནང་ཆོས་དང་། བོད་ཀྱི་རིག་གཞུང་ལ་གོ་བ་ཆེན་པོ་ཡོད་ཀྱང་། དབྱིན་སྐད་ལ་མཚོན་ན་རང་གི་ཕ་མེས་ཀྱི་སྐད་ཡིག་མིན་དུས་རྩ་ནས། དབྱིན་སྐད་ལ་ཇི་ལྟར་མཁས་ཟེར་ན་ཡང་དབྱིན་ཇི་བ་ནང་བཞིན་ཞིག་ཁག་པོ་རེད། སྐད་ཆའི་གོ་བརྡ་འཕྲོད་ཀྱང་ཚིག་དེའི་གོ་བ་དང་། གང་དང་འབྲེལ་བ་ཡོད་མེད། ཇི་ཞིག་ལ་བརྟེན་ནས་བརྡ་དང་ཐ་སྙད་དེ་དག་བྱུང་མིན། དགག་སྒྲུབ་ཀྱི་ཚིག་ཡོད་ཚད་དགག་ཕྱོགས་དང་། སྒྲུབ་ཕྱོགས་གཉིས་སུ་བེད་སྤྱོད་གཏོང་ངེས་ན་ཡང་། དུས་ནམ་ཞིག་དང་། ཚུལ་ཇི་ལྟར། བརྗོད་བྱ་གང་འདྲ་ཞིག་ལ་བེད་སྤྱོད་གཏོང་རུང་བ་དང་། མི་རུང་བའི་རྣམ་གཞག་མང་དུ་ཡོད་པ་རེད།
དཔེར་ན་བོད་སྐད་<ཡོན་ཏན་>ཞེས་པའི་ཚིག་དེ་ལ་མཚོན་ན། <<ལེགས་སྦྱར་སྐད་ལ<གུ་ཎ>ཟེར་བ་དང་། ཡོན་ཏན་ཞེས་པའི་ཐ་སྙད་དེའི་ཐད་གའི་མིང་དང་། དོན་གཉིས་ཀའི་ཆ་ནས་ཟེར་བ་འདི་རེད། དོན་གྱི་ཆ་ནས་ཡོན་ཏན་ལ་གོ་བ་ good quality; དང་ precious qualities; ཡོན་ཏན། ཁྱད་ཆོས། སྤུས་ཀ གཤིས་ཀ་སོགས་ལ་གོ་ཡང་། གཙོ་བོ་ཕྱིའི་བེམ་པོའི་ཆོས་ལ་སྦྱར་ན་ཡང་། ནང་གི་གང་ཟག་དང་། ཤེས་པའི་ཁྱད་ཆོས་ལ་མི་སྦྱར་བའང་མ་རེད། དཔེར་ན་སངས་རྒྱས་ཀྱི་ཡོན་ཏན་ཟེར་ཡོང་དུས། quality of buddha ཟེར་བ་ལྟ་བུ་རེད། virtue; དང་ merit; ཕན་ཡོན། ལེགས་པ། དགེ་བ། མཛངས་མའི་བྱ་བ་རྣམས་གཙོ་བོ་ནང་གི་སེམས་ཅན་དང་། དམ་པའི་ཆོས་ཀྱི་ངོ་བོ་དང་། བྱ་བ་ལ་སྦྱར་བ་དང་། attainment; མཐར་སོན་པ། སྒྲུབ་བྱ། ནུས་པ་དག་གཙོ་བོ་བྱ་བའི་བརྒྱུད་རིམ་ལ་སྦྱར་བ་དང་། knowledge; ཤེས་བྱ། གཞལ་བྱ། ཤེས་ཡོན་སོགས་ལ་འཇུག་ཀྱང་གཙོ་བོ་ནང་བསམ་བློའི་འཕེལ་རིམ་དང་། གོ་རྟོགས་ལ་འཇུག་པ་དང་། value; གནས་སྟངས། ཁྱད་ཆོས། མ་རྩ། རྩིས་ཐང་། རིན་ཐང་དག་ལས་གཙོ་བོ་ཉོ་ཚོང་བྱ་བའི་དངོས་པོ་ལ་འཇུག་པ་དང་། inherent spiritual forces; གཤིས་སུ་གྲུབ་པའི་སེམས་ཀྱི་ཁྱད་ཆོས། ཡང་ན་དོན་ཡིན་ལུགས་སྟེང་དུ་གྲུབ་པའི་ཆོས་ཀྱི་ངོ་བོ་སྟེ། སེམས་དང་། ཆོས་ཀྱི་ཡོན་ཏན་ལ་གོ་དགོས་པ་དང་། positive traits; འགྱུར་མེད་ཀྱི་རང་གཤིས། སྒྲུབ་ཕྱོགས་སུ་ངེས་པའི་ཚིག་སྟེ། གཙོ་བོ་སྒྲུབ་ཕྱོགས་ཀྱི་གཏན་ཚིག་ཅིག་ལ་གོ་དགོས་པར་སེམས། capacities; རྒྱ་ཁྱོན་གྱི་ཚད། ཁོག་རྒྱ། སེམས་ཀྱི་ནུས་པ་སྟེ། ཕྱི་ནང་གི་དངོས་པོའི་རྒྱ་འཁྱོན་དང་། ཆེ་ཆུང་། ཤེས་རྟོགས་ཚད་ལ་གོ་བ་དང་། skill; སྒྱུ་རྩལ། ལག་རྩལ། གཞི་རྩ་སྟེ། གཙོ་བོ་བཟོའི་ཁྱད་ཆོས་ལ་གོ་བ་དང་། ability; ནུས་པ་དང་། འཇོན་ཐང་། སྐྱེས་སྦྱངས་ཀྱི་རྣམ་དཔྱོད་དེ། གཙོ་བོ་རིག་གནས་ཀྱི་ནུས་པ་ལ་གོ་བ་དང་། excellences; ཐུན་མིན་དང་། ཕུལ་བྱུང་གི་ཡོན་ཏན་དང་ཁྱད་ཆོས་ཏེ། བྱ་བ་དང་། དངོས་པོའི་ཁྱད་ཆོས་ཡོད་ཚད་ལ་གོ་རུང་། learning; དང་ education; ཤེས་ཡོན། སློབ་གཉེར། སྦྱོང་བ་སྟེ། ཆོས་གང་ལ་སློབ་པའི་ཐོག་མཐའ་བར་གསུམ་གྱི་བྱ་བ་དང་། དེའི་ངོ་བོ་ལ་གོ་བ་དང་། self-culture, རང་གི་རིག་གཞུང་། མི་རིགས་རང་ཉིད་ཀྱི་ཐུན་མིན་གྱི་ཁྱད་ཆོས་མཚོན་པའི་རིག་གཞུང་ལ་གོ rich inner world, ཕུན་སུམ་ཚོགས་པའི་ནང་གི་འཇིག་རྟེན་ཞེས་པ་ནི། འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ལ་གོ་དགོས། capabilities འཇོན་ཐང་། ནུས་པ། བྱ་བ་གང་ཡིན་ཡང་ལེགས་པོ་བྱེད་ཐུབ་པའི་ནུས་པ་ལྡན་པ་སྟེ། གཙོ་བོ་མིའི་རིགས་ཀྱི་ཤེས་རབ་ལས་ཐོབ་པའི་ནུས་པ་ལ་གོ་དགོས་པར་སེམས།>> དེ་དག་གིས་མཚོན་པའི་བོད་པའི་ཐ་སྙད་རེ་རེ་ལའང་དོན་རྒྱ་ཆེ་བ་དང་། གཏིང་ཟབ་པའི་དབྱེ་བའི་རྣམ་གྲངས་དུ་མ་ཡོད་པ་བཞིན། དེར་སློབ་པའི་གང་ཟག་ཚོས་ཀྱང་དང་པོ་ཉིད་ནས་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་པ་ཡིན་ན། བློ་གྲོས་རྒྱ་ཆེ་བ་དང་། ཐ་སྙད་ཀྱིས་ཕྱུག་པ། གོ་དོན་མི་འཛོལ་བའི་ཁྱད་ཆོས་དུ་མ་ཡོད་པས། རང་དང་སྐལ་བ་མཉམ་པའི་གང་ཟག་ཚོས་བསླབ་པའི་གོ་རིམ་དང་། སློབ་སྟངས་སོགས་མི་ནོར་བའི་རེ་བསྐུལ་ཞུས་པ་ཡིན།

དེ་མིན་<<ཡོན་ཏན།>>ཟེར་དུས་<>ལྟ་བུ་གཅིག་པུ་ལ་བསམ་བློ་བཏང་བསྡད་པ་ཡིན་ན། གོ་དོན་འཛོལ་བ་དང་། ཐོས་རྒྱ་ཆུང་བའི་སྐྱོན་དུ་མ་ཞིག་ཡོད་པ་དེ། ང་རང་ཉིད་ལའང་འདིའི་སྐོར་མྱོང་བ་ཡོད། ངས་སྔོན་མ་<ཡོན་ཏན་>དེ་ཐད་གར་བསྒྱུར་ཡོང་དུས་ལས་གཞན་པ་ལ་གོ་རྒྱུ་ཡོད་མེད་བསམ་བློ་བཏང་མེད། བོད་ཡིག་སྦྱོང་བ་ལ་དགའ་བའི་ནུབ་ཕྱོགས་པའི་ཁྲོད་དུ་ཡང་དཀའ་ངལ་འདི་འཕྲད་བཞིན་པ་རེད། ཁ་སང་དབྱིན་ཇི་བ་འགའ་ཞིག་ལ་བོད་ཡིག་སློབ་སར་ཕྱིན་པ་ཡིན། ཁོ་ཚོའི་ནང་ནས་འགའ་ཞིག་གིས་<ཡོན་ཏན་>ཟེར་འོང་དུས་གཅིག་པུ་ལས། གཞན་པ་གོ་རྒྱུ་ཡོད་མེད་ཙམ་ཡང་བསམ་བློ་འཁོར་མི་འདུག འདིའི་སྐྱོན་དེ་གཅིག་ནས་གང་ཟག་རང་རང་གི་རྣམ་དཔྱོད་ཆེ་ཆུང་དང་། སྦྱང་བརྩོན་རྒྱ་ཆེ་མིན་ལ་ལྟོས་ཏེ་གོ་བའི་གནས་རིམ་མི་འདྲ་བ་དེ་ནི་སྤྱིར་བཏང་ཞིག་རེད། དཔེར་ན་སློབ་གྲྭའི་སློབ་མ་བརྒྱ་ཆའི་དྲུག་ཅུ་དབང་པོ་རྟུལ་པོ་དང་། བརྒྱ་ཆ་སུམ་ཅུ་འབྲིང་དང་། བརྒྱ་ཆ་བཅུ་དེ་དབང་པོ་ཡང་རབ་ཡིན་པའི་དབང་དུ་བཏང་ན། དགེ་རྒན་གྱིས་འཆད་འཁྲིད་བྱས་པ་ཙམ་གྱིས་ཚིག་དོན་མཐར་ཆགས་ཁོང་དུ་ཆུད་མཁན་བརྒྱ་ཆ་བཅུ་ལས་མེད་པ་རེད། དེ་ཕྱིར་བརྒྱ་ཆ་དགུ་བཅུ་ལ་སློབ་སྦྱོང་གི་བྱ་བའི་གོ་རིམ་གཞན་པ་ཞིག་གིས་ཡར་རྒྱས་མ་བཏང་བ་ཡིན་ན། དགེ་རྒན་གྱི་ཐད་ཁྲིད་གཅིག་པུས་སློབ་ཕྲུག་ཕལ་ཆེ་བའི་རྨོངས་པ་བསལ་མི་ནུས་པས། སྐྱོར་སྦྱོང་དང་། བགྲོ་གླེང་། བོད་ཀྱི་ཐུན་མིན་གྱི་བསྡུས་རྟགས་བློ་གསུམ་ལ་བརྟེན་ནས་རྩོད་གྲྭ་ནས་རིག་པའི་ཁོ་ལག་རྒྱས་པའི་ཐབས་ལམ་འབད་པ་དེ་ནི་གལ་ཆེན་པོ་ཞིག་ཡིན་པར་སེམས། ང་ཚོས་འཆད་རྩོད་རྩོམ་གསུམ་གང་བྱས་ཀྱང་། གཙོ་བོ་རྒྱུ་མཚན་ཡོད་མེད་དང་། རྟགས་དང་། གཏན་ཚིགས་ཡང་དག་སོང་མིན་ལ་གཞིགས་ནས་གཤིབ་བསྡུར་བྱེད་བཞིན་པ་དང་། ཚན་རིག་པ་ཚོས་གཙོ་བོ་དངོས་སུ་མིག་གིས་ལྟར་ཐུབ་པ་བྱུང་མིན་ལ་བསམ་བློ་བཏང་སྟེ། བརྟག་ཞིབ་བྱེད་བཞིན་པ་རེད། ཡིན་ན་ཡང་གཉིས་ཀ་ལ་ཡིད་ཚོད་ཀྱིས་ཐག་བཅད་པ་དང་། མྱོང་ཚོར་ལ་བརྟེན་ནས་ཡིད་རྟོན་བྱ་བའི་ཚུལ་མང་པོ་ཞིག་ཡོད་ས་རེད།

དེ་ཕྱིར་ཕུན་སུམ་ཚོགས་པའི་རིག་གཞུང་དང་། དེའི་རྗོད་བྱེད་ཀྱི་ཚིག་རེ་རེའི་གོ་དོན་རྒྱ་ཆུང་རུ་དང་། ལས་སླ་རུ་བཏང་བཞག་ན། རིག་གཞུང་ལ་ཞབས་འདེགས་ཕར་ཞོག ཞབས་འདྲེན་དུ་འགྱུར་བ་ལས་ཕན་ཐོགས་སྐར་གང་མེད་པ་མི་ཆགས་པའི་ངེས་པ་གང་ཡོད། དབྱིན་སྐད་ནང་གི་དེ་<ཡོན་ཏན་>ཞེས་པའི་དོན་ཡིན་ཡང་། གཙོ་བོ་ཕྱིའི་དངོས་པོ་དང་། ཅ་ལག་གི་རིན་ཐང་དང་། ཚད། གནས་ཚད་ཙམ་ལས། ཡུལ་དང་ཡུལ་ཅན། ཕྱི་དང་ནང་གི་དངོས་པོ་ཡོད་ཚད་ཀྱི་ཡོན་ཏན་ལ་གོ་མི་ནུས་པ་བཞིན། དེ་དང་འདྲ་བའི་ཐ་སྙད་མང་པོ་རེད། སྔོན་གྱི་ལོ་ཙཱའི་བརྒྱུད་རིམ་དང་། ལོ་ཙཱ་ཇི་ལྟར་བྱ་བའི་ཚུལ། ལོ་ཙཱའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱ་ཐུབ་ན། ད་གཟོད་ལོ་ཙཱ་ཇི་ལྟར་བྱས་པ་དང་། གང་ལས་བསླབས་པ་དང་། ཚུལ་ཇི་ལྟར་བསླབས་པ། ཚིག་དོན་མ་འདྲེས་པར་འཛིན་པའི་གཟུངས་སྤོབས་ཀྱི་བློ་གྲོས་ག་ཚོད་ཡོད་མེད། སྔོན་གྱི་འགྱུར་གསར་རྙིང་གི་བཀའ་བསྟན་དག་གི་ཚིག་དོན་གྱི་ཆ་ལ་བསམ་བློ་གཏོང་ཐུབ་པ་ཡིན་ན། ཚིག་རེ་རེས་དོན་དུ་མ་སྟོན་ནུས་པ་དང་། གོ་བའི་གནད་འཁྲོལ་བ། དངོས་ཤུགས་བརྒྱུད་གསུམ་ནས་གོ་བ་བླངས་རྒྱུ་ཡོད་པར་མ་ཟད། ཚིག་འགའ་ཞིག་ཐོས་པ་ཙམ་གྱིས་དགོད་འཆོར་ཡོང་བ། བསམ་པ་ཙམ་གྱིས་སེམས་སྤྲོ་སེང་ངེར་ཆགས་པའང་མང་པོ་རེད། དེ་ཕྱིར་སྔོན་གྱི་ལོ་ཙཱ་བ་ཚོས་གཏན་འབེབས་གནང་བཞག་པ་དང་། གནའ་མི་རྒན་པོ་ཚོའི་གཏམ་དཔེར་དྲངས་པའི་ཚིག་སྦྱོར་དག་ལ་གོ་བ་མང་དུ་བླང་རྒྱུ་ཡོད་ཀྱང་། ད་ལྟའི་གང་ཟག་ཕལ་མོ་ཆེས་བསྒྱུར་བ་དང་། བཏགས་པའི་འདོད་རྒྱལ་དང་། རྗེས་སྒྲུབ་ཀྱི་མིང་དང་། ཐ་སྙད་ཀྱི་སྦྱོར་བ་དག་ལ་ཐད་ཀའི་གོ་བ་གཅིག་ལས་གཞན་བླང་དུ་མེད་པ་ཤ་སྟག་རེད། དེ་ཕྱིར་ཐ་སྙད་དང་། ཚིག་ཚོགས་ཐུག་མེད་དུ་འགྱུར་བ་ལས། ཕན་ཐོགས་ཆེན་པོ་ཞིག་ཡོད་པར་མ་མཐོང་བས། ཚང་མས་ཐུགས་བསམ་བཞེས་ན་ལེགས་པར་སེམས།

ཁོ་བོས་སྔོན་མ་ཞིག་ལ་བྲིས་པའི་ལོ་ཙཱ་བའི་སྐྱོན་གྱི་སྐོར་དེ་འདིར་འགོད་རྒྱུ་ཡིན་པས། ཅུང་ཟད་ཕན་པའི་རེ་བ་ཡོད། <<དེང་སང་གནས་ཚུལ་གསར་བ་ཞིག་ནི་སྐད་བསྒྱུར་རམ། ལོ་ཙ་དེ་ཚོས་འཇོན་གྱི་མི་འདུག་ཟེར། ནང་ཆོས་རྒྱ་ཡིག་དང་། དབྱིན་ཡིག་ནང་བསྒྱུར་མཁན་དག་ལས། ཕལ་ཆེ་བ་ཞིག་ལ་ནང་ཆོས་ཀྱི་གོ་བ་མེད་དུས་རྩ་ནས། ཚིག་མཛོད་རྐྱང་རྐྱང་བསྔོགས་ནས་སྐད་བསྒྱུར་བྱེད་བཞིན་པ་དང་། དེ་ཚོས་དཔེར་ན། ནམ་འཆི་ཆ་མེད། ཅེས་པའི་ཚིག་དུམ་ཞིག་བསྒྱུར་དགོས་ན། དང་པོ་ཚིག་མཛོད་ལས་ནམ་ཞེས་པ་བཙལ་བ་ན་དུས་ཚོད་བསྟན་པ་ཙམ་ཞིག་རྟོགས། དེ་ནས་འཆི་ལ་ལྟ་དུས་སྲོག་གི་རྒྱུ་བ་ཆད་པ་ལ་གོ། དེ་གཉིས་ལྷན་དུ་སྡོམ་དུས་ཤི་བའི་དུས་ཚོད་བསྟན་པ་དེ་ཕལ་ཆེར་ཤེས་ཀྱི་ཡོད་པ་འདྲ། དེ་ནས་སླར་ཡང་ཆ་ལ་ལྟ་དུས་དངོས་པོ་འདྲ་པོ་ཟུང་དུ་ཚོགས་པ་ལ་གོ་བ་དང་། མེད་ཅེས་པ་དེ་འཚོལ་དུས་དགག་སྒྲ་ཡིན་དུས་རྩ་ནས་ཆ་མེད་པའི་ཡ་ལ་གོ་ནས། ནམ་འཆི་ཆ་མེད་ཅེས་པ་དེ་འཆི་བའི་ཚེ་རོགས་མེད་པར་གཅིག་པུར་ཕྱི་མའི་ཡུལ་ལ་ཆས་པ་ལ་བསྒྱུར་འདུག་ཅེས་ཧྥི་རན་སིའི་ཆོས་པ་ཞིག་གིས་གསུང་སོང་། དེ་དང་འདྲ་བའི་དོན་ལོག་ཏུ་བསྒྱུར་མཁན་མང་པོ་ཞིག་ཡོད་ཚོད་རེད། དེ་ཕྱིར་གྲྭ་བཙུན་ཚོས་ཐུགས་བསམ་ཞིག་བཞེས་ན་མི་ལེགས་སམ། ངའི་རྡུག་ཁ་འདི་ཡིན་ན། ཡང་སྐད་བསྒྱུར་དེ་ཚོ་འདུག་མི་བཅུག་པར་ཁ་གཏོང་གི་འདུག ཁོ་ཚོ་དགོངས་པ་ཚོམ་སོང་ན། དཔེར་ན་དེང་སང་ནུབ་ཕྱོགས་སུ་ལོ་ཙའི་ཚོགས་པ་ཆེ་ཤོས་པདྨ་ཀ་རའི་སྒྲ་བསྒྱུར་ཚོགས་པ་རེད། ཁོ་ཚོས་དཔལ་སྤྲུལ་སྔོན་འགྲོ་ཐེངས་གསུམ་ལ་ཞུས་དག་བྱས་པ་རེད་ཟེར། ད་དུང་གཙང་མ་གཙང་སིང་ཞིག་བྱུང་མེད་པ་འདྲ། དེའི་ནང་ནས་ཐེངས་གཅིག་སྤྲུལ་སྐུ་པདྨ་དབང་རྒྱལ་གྱིས་གནང་བ་ཡིན་པ་འདྲ། ཁོང་གིས་ཞུས་དག་གནང་དུས་ཚིག་ལ་མ་ལྟོས་པར་དོན་ལོག་པར་བསྒྱུར་བ་རྐྱང་རྐྱང་དག་བཅོས་བྱས་ཡིན་གསུང་གི་འདུག་ཟེར། ད་དུང་གཞན་ཞིག་ནི་སྔོན་གྱི་ལོ་ཙཱ་བ་ཚོས་རྒྱ་ཆོས་བོད་ལ་བསྒྱུར་དུས་ལོ་ཙཱ་བ་ག་ཚོད་མཁས་པ་ཞིག་ཡིན་རུང་། པཎ་ཌི་ཏ་དང་ལྷན་དུ་བསྒྱུར་བ་ལས། དེང་སང་ནང་བཞིན་རང་སྣང་གང་ཤར་ཡོད་ཚོད་མ་རེད། དེ་ཕྱིར་སྐད་བསྒྱུར་ཚོས་ནང་ཆོས་བསྒྱུར་བ་ལ་མཁན་པོ་དང་། དགེ་བཤེས་གང་རུང་དང་མཉམ་དུ་བསྒྱུར་དགོས་པར་སེམས། དེ་བཞིན་བླ་མ་ཡིན་ན་རེད། སྤྲུལ་སྐུ་ཡིན་ན་རེད། མཁན་པོ་ཡིན་ན་རེད། དགེ་བཤེས་ཡིན་ན་རེད། འདིའི་སྐོར་ཐུགས་བསམ་བཞེས་དགོས་པར་སེམས།>>ནུབ་ཕྱོགས་པ་འགའ་ཞིག་གིས་བསམ་འཆར་ལྟར་བྲིས་པ་ཡིན།

ད་ངས་རེ་བ་ཆེ་ཤོས་དེ་གང་ཞུ་རྒྱུ་ཡིན་ཟེར་ན། འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཀྱང་། གནས་རིམ་མཐོ་དམན་གང་ལྟར་ཡང་། བོད་མི་རིགས་དང་། བོད་བརྒྱུད་ནང་བསྟན་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་སྲིད་ན། གང་ཟག་སྒེར་རང་ངོས་ནས་དང་། ཚོགས་པ་ཆེ་ཆུང་གི་འགན་འཛིན་རྣམས་པས་མཚོན་པས་ནུས་པ་གང་ཡོད་བཏོན་ཏེ། ལོ་ཙཱའི་ཚོགས་པ་ཆེན་པོ་ཞིག་འཛུགས་པའི་དུས་ལ་བབས་འདུག དེའི་ནང་དུ་གདན་ས་ཁག་གི་དགེ་བཤེས་དང་། མཁན་པོ། སློབ་གྲྭའི་དགེ་རྒན། གསུང་བསྒྱུར་ལ་ཉམས་མྱོང་ཆེ་བ་ཁག་ཕྱོགས་གཅིག་ཏུ་འཛོམས་ཏེ། ཐ་སྙད་གཅིག་གྱུར་ཞིག་མ་བྱུང་ན། སྐད་བསྒྱུར་མང་ཆེ་བས་ཚིག་མཛོད་རྐྱང་རྐྱང་བསྔོགས་ཏེ། གསུང་བསྒྱུར་གྱི་ལས་དཀའ་བྱེད་བཞིན་པ་དང་། ཚིག་མཛོད་ནང་ཆོས་ཀྱི་ཚིག་དོན་ཡོངས་སུ་རྫོགས་པ་ཞིག་ད་ལྟ་མ་བྱུང་བ་དང་། བོད་སྐད་ནང་ཡོད་ཀྱང་རྒྱ་སྐད་དང་དབྱིན་སྐད་ནང་མེད་པ་དང་། ཡོད་པ་དག་ཀྱང་གཅིག་གྱུར་མེད་པ། དཔེར་ན་ཨ་རིར་བཞུགས་པ་དང་། ཡོ་རོབ་ཁུལ། རྒྱ་གར། རྒྱ་ནག་སོགས་སུ་བཞུགས་པ་ཚོས་བསྒྱུར་སྟངས་མི་འདྲ་བ་དང་། གོ་བ་ལེན་སྟངས་མི་འདྲ་དུས་རྩ་ནས། མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དང་། འགའ་ཞིག་ལ་གོ་དོན་འཛོལ་ཏེ། ཕྱིན་ཅི་ལོག་ཏུ་འཛིན་མཁན་ཡང་མང་པོ་རེད། སྐད་བསྒྱུར་ལ་ནང་ཆོས་ཀྱི་གོ་བ་མེད་ན་བོད་སྐད་ཤེས་ཙམ་དང་། དབྱིན་ཡིག་ཤེས་ཙམ་གྱིས་བསྒྱུར་ཐུབ་རྒྱུ་ཞིག་མ་རེད། བོད་ཀྱི་སྐད་ཡིག་ལ་བརྡ་སྤྲོད་དང་། ཆབ་སྲིད། དཔལ་འབྱོར། རྩིས་རིག ཚན་རིག ཆོས་ལུགས་ཀྱི་ཐ་སྙད་མི་འདྲ་བ་དང་། གོ་བ་མི་འདྲ་བའི་དབྱེ་འབྱེད་ཆེན་པོ་ཞིག་དེ་སྔ་བྱུང་མེད་པ་འདྲ་ཡང་། དབྱིན་ཡིག་ལྟ་བུ་ལ་མཚོན་ན་སྐབས་བབ་ཀྱི་བརྗོད་བྱ་ལ་ལྟོས་ཏེ། གོ་བ་བླང་དགོས་པ་ལས། ཐ་སྙད་གཅིག་གིས་གོ་བའི་རྣམ་གྲངས་ཀྱང་དེ་དང་མཚུངས་པར་གཏན་ལ་ཕབ་ཐུབ་པ་ཁག་པོ་རེད།
ད་དུང་དྲན་ན་ཞུ་ངེས་ཡིན།

འཕྲིན་ཡིག

Post navigation

Previous Post: བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།
Next Post: དེ་རིང་ཕྱི་ཟླ་༣ ཚེས་༡༦ ཉིན་རྔ་པ་ནས་རང་ལུས་མེར་སྲེག་གནས་ཚུལ།

Comments (11) on “རྒྱལ་སྤྱིའི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་ཞུ་འཕྲིན།”

  1. དྲན་དཀར་དཔལ་ཡོན་ says:
    2013-03-16 at 12:33 pm

    གཅེས་ཕྲུག་འདིས་དགོས་དགོས་གོ་གོ་རིག་རིག་ཚང་མ་སྤུངས་འདུག དོན་རྩ་བསྡུས་ནས་གསུང་ན་ཤིན་དུ་ལེགས། ཨོ་རྒྱན་ཉི་མས་བོད་ཡིག་ལ་ལྷག་བསམ་བཅིངས་པར་མོས་མཐུན་ཡོད།

  2. ཨོ་རྒྱན་ཉི་མ། says:
    2013-03-16 at 4:04 pm

    བསྡུ་རོགས་གནོངས།

  3. འདྲེ་རྐང་ཐོ། says:
    2013-03-16 at 10:01 pm

    ཚིག་གི་ལོ་མ་མང་ན་ཡང་། །
    དོན་གྱི་འབྲས་པུ་ཞིམ་པོ་ཞིག །
    ཁ་ལ་ལེན་རྒྱུ་ཉུང་ཉུང་ལས། །
    མེད་པའི་སྡོང་བོར་སུ་ཞིག་སྤྲོ། །

  4. དྲན་དཀར་དཔལ་ཡོན་ says:
    2013-03-16 at 10:17 pm

    ཨོ་རྒྱན་ཉི་མ་བྱོན་པ་ལེགས། ཡིག་སྒྱུར་དགོས་ཀྱི་འདུག དེ་ཡང་སྤུས་དག་པ་དང་གཅིག་གྱུར་དགོས་ཀྱི་འདུག དེའི་ཆེད་དུ་སྒྲ་བསྒྱུར་གླིང་ཡིད་རྟོན་རུང་བ་ཅིག་དགོས་ཀྱི་འདུག དེ་འདྲ་གསུངས་པ་གོ་གིན་འདུག ཡིན་ན་ཡང་གསལ་གསལ་ཞུས་ན་གོ་གོ་རིག་རིག་གི་སྐྱོན་དེ་ཚོ། ཡི་གེ་ཕར་བསྒྱུར་བ་འམ་བོད་ཡིག་སྟེངས་ཚུར་བསྒྱུར་བར་རྗོད་ཀྱིན་ཡོད། འདི་གཉིས་སྤུངས་ན་འགྲིག་གི་མི་འདུག

  5. ཨོ་རྒྱན་ཉི་མ། says:
    2013-03-17 at 3:27 am

    ཚོགས་པ་འདི་འཛུགས་དགོས་ན། གཅིག་ནས་སེམས་ཤུགས་དང་། གཉིས་ནས་འབྱོར་བ། གསུམ་ནས་རྒྱབ་བསྐྱོར་གསུམ། བཞི་ནས་འཁོར་ཡུག་དགོས་ཀྱི་འདུག ཁྱོད་ཚོས་མགྱོག་པ་མ་གནང་ན། ངས་ཤུགས་རྒྱག་རྒྱུ་ཡིན་ད། ཧཧཧཧཧཧཧཧཧཧཧཧཧཧ

  6. དྲན་དཀར་དཔལ་ཡོན་ says:
    2013-03-17 at 9:37 am

    སྔོན་ལ་སྒྲ་བསྒྱུར་གླིང་དེ་བོད་ཀྱི་སྒྲ་བསྒྱུར་གླིང་དང་ཕྱི་གླིང་གི་སྒྲ་བསྒྱུར་གླིང་གང་ཡིན་ཤེས་ན་འདོད།

  7. གནམ says:
    2013-03-17 at 10:00 am

    བོད་ཡིག་གི་ཚིག་དོན་ཅི་བཞིན་དབྱིན་སྐད་ལ་ཚིག་དོན་དེ་འདྲ་འདང་གི་མེད་ན། དེ་ནི་དབྱིན་ཇི་བ་རང་ངོ་ནས་ཤུགས་རྒྱག་དགོས་བ་ཞིག་ལས། ང་ཚོ་ལ་ཐབས་ཤེས་མེད་དོ།
    དབྱིན་ཇི་བའི་མང་ཚིག་དེ་འདྲ་བོད་ཡིག་ལ་མེད་ན། དེ་ནི་བོད་པ་ཚོས་ཚིག་དོན་གསར་བཟོ་ཡི་ཕྱོགས་ལ་དཀའ་ལས་རྒྱབ་ན་མ་ཆོག་ཞིག་མ་རེད། ཡིན་ན་ཡང་། གཞུང་ལྟོ་མ་རག་ན་སྒར་ལྟོ་ཞིག་གིས་ཁ་གསོས་ནི་མ་རེད། ཁ་མི་གསོས་བའི་ལས་ལ་བླ་མ་དགེ་བཤེས་དཀོར་གཟན་འགས་ཤུགས་མ་རྒྱབ་ན། གཞན་སྟོང་གཏམ་གྱིས་ཉི་མ་འཕུལ་བ་ལས་མེད་དོ།

  8. བསམ་ཤེས། says:
    2013-03-18 at 10:46 pm

    རྒན་ཨོ་རྒྱན། རྙོག་འདྲ་འདི་སྒྱུར་གཅིག་པུའི་རྙོག་འདྲ་མ་རེད། རྙོག་འདྲ་འདི་སྔོན་༡༩༦༠དང་༧༠ཡི་ནང་ལ། ནུབ་ཕྱོགས་དང་ཐེ་ཝན་ལ། བོད་པའི་ནང་ཆོས་ཀྱི་སློབ་མ་སྨིན་ལ་མ་སྨིན་པ་དེ་ཚོས་གང་བྱུང་གིས་སྒྱུར་བ་དང་བརྩམས་པའི་དཔེ་ཆ་མང་པོ་ཞིག་ཐོན་ཡོད། ཁོང་ཚོས་རང་གི་སློབ་མ་ལ་སེམས་ཅན་གྱི་ཁམས་དང་མོས་པར་བསྟུན་ནས་ཆོས་བཤད་ཀྱི་ཡོད་ཟེར་ནས། ཆགས་པ་ལ་དགའ་བ་དེ་ཚོར་གསང་སྔགས་དེ་ཆགས་པ་གནད་ལ་སྨིན་པར་བཀོལ་བའི་ལྐོག་ཆོས་རེད་ཟེར། རྒྱུ་ལ་དགའ་བ་དེ་ཚོར། གསང་སྔགས་ཀྱི་མཐུ་ལས་རྒྱུ་ཅི་དགོས་སྒྲུབ་ཐུབ་ཟེར་ནས། སྒྲུབ་ཐབས་དང་དབང་གང་བྱུང་བསྐུར། དེ་བཞིན་དབང་ལ་དགའ་བ་དེ་ཚོར། སྔགས་ཀྱི་དབང་སྐུར་ཐོབ་ན། ཕྱི་ནང་གཉིས་ཀྱི་ཡུལ་ལ་དབང་བ་ཡིན་ཟེར་ནས། བོད་པའི་གསང་སྔགས་དེ་སློང་མོ་བའི་ཁྲབ་ཆས་ཤིག་ཏུ་བཏང་། དེའི་ཉེར་ལེན་ལ། རྗེས་མ་རང་རང་གི་ལྟ་བ་ཤོད་མཁན་གྱི་ཡིག་སྒྱུར་དང་སློབ་དཔོན་མང་པོ་ཐོན་ནས། རང་རང་སོ་སོའི་ལྟ་བ་དང་དམིགས་ཡུལ་དང་མཐུན་ཆེད་དུ་ཆོས་གང་བྱུང་དུ་སྒྱུར་བ་མང་པོ་བྱུང་ཡོད།  

    དཔེར་ན། སྟོང་པ་ཉིད་ལ་emptiness སྒྱུར་ན་སློབ་མ་མང་པོ་ཞིག་ལ་གོ་བ་ལོག་སྒྲུབ་ཡོང་བའི་སྐྱོན་འདུག་ཟེར་ནས། Shunyata ཞེས་ལེགས་སྦྱར་གྱི་སྒྲ་ཇི་བཞིན་བཀོལ་ནས་འགྲེལ་བ་རང་སྣང་གང་ཤར་རྒྱག་མཁན་མང་པོ་སྣང་། 

  9. ཨོ་རྒྱན་ཉི་མ། says:
    2013-03-19 at 5:21 am

    བསམ་ཤེས་ཕེབས་པ་ལེགས།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-03-20 at 4:22 am

    ནང་ཆོས་ལོ་ཙྰ་པར་བསམ་འཆར་ཡག་པོ་འདུག ཡང་། ང་ཚོའི་དུས་བབ་དྲ་རྒྱ་སོགས་ནང་ལ་ད་རེས་ལ་ད་རེབ་དང་། སྲུང་བརྩི་ལ་སྲུང་གཙི་བྲིས་ན་ཕན་ཐོགས་གསར་པ་འདྲ་ཡོད་དམ། དེ་ཚོའི་ཁུངས་གང་དུ་ཡོད་དམ། ལགས།

  11. ཏྲེ་ཧོར་ཚང་། says:
    2017-09-03 at 5:05 am

    ལོ་ཙཱ་བ་ཚོས་གཟོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme