Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་འདིའི་དཔྱད་བྱ་ཚད་གྲུབ་ཀྱི་ལེའུ་ལས་སྐྱེ་སྲིད་ཀྱི་སྐོར།

Posted on 2013-03-122013-03-12 By ཁ་བརྡ་ 34 Comments on སྐབས་འདིའི་དཔྱད་བྱ་ཚད་གྲུབ་ཀྱི་ལེའུ་ལས་སྐྱེ་སྲིད་ཀྱི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

སྐབས་འདིའི་དཔྱད་བྱ་ཡང་ཚད་མ་རིག་པ་དངོས་དེ་མིན་པར་ཚད་མ་གྲུབ་པའི་ལེའུ་དེའི་དོན་ཏེ། ཆོས་ལུགས་དང་ཐད་ཀར་འབྲེལ་བའི་གནད་དོན་ཁ་ཅིག་ཡིན། དེ་ལ་ཐོག་མར་དཔྱད་འོས་པ་ནི་སྐྱེ་སྲིད་ཀྱི་སྐོར་འདི་ཡིན་ཏེ། སྐྱེ་བ་སྔ་ཕྱི་ཡོད་པ་ཙམ་གྱིས་ཆོས་ལུགས་པ་ལ་རྒྱལ་ཁ་ཐོབ་པ་ཡིན་ཀྱང༌། གལ་སྲིད་མེད་པའི་དབང་དུ་བཏང་ན་ནི། འཇིག་རྟེན་སྟེང་གི་ཆོས་ལུགས་ཕལ་མོ་ཆེ་གཞི་རྩའི་ཆ་ནས་ཚར་སོང་བ་རེད། གནའ་བོའི་རྒྱ་གར་དུ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་གྲུབ་མཐའ་ཞིག་བྱུང་མྱོང་ཡོད་པ་དེའི་མིང་འདོགས་ལ་རྒྱང་འཕེན་པ་ཟེར། གྲུབ་མཐའ་དེ་ཐོག་མར་༼ལྷའི་བླ་མའམ་༽དྲང་སྲོང་ཕུར་བུས་༼ལྷ་དང་ལྷ་མ་ཡིན་གཉིས་ཀྱི་༽དམག་འཁྲུག་༼ཅིག་༽གི་༼སྐབས་སུ་༽ཆེད་དུ་ལྷ་༼མ་ཡིན་གྱི་༽ཡུལ་དུ་༼བྱོན་ནས། དེ་དག་གི་བསོད་ནམ་ཟད་པའི་ཐབས་སུ་ཆོས་འདི་༽སྲོལ་གཏོད་ཅིང༌། དེ་རྗེས་དྲང་སྲོང་འཇིག་མིག་གིས་འདོད་སྲེད་ཀྱི་ཆེད་དུ་མི་ཡུལ་དུ་དར་སྤེལ་བཏང་བ་རེད་ཅེས་ཤོད་སྲོལ་འདུག
༼ལུགས་དེ་ལྷ་མ་ཡིན་གྱི་ཡུལ་དུ་སྤེལ་བར་བརྟེན།༽ ལྷ་རྣམས་ཀྱིས་རང་ཉིད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དང༌། འདི་ནས་ཤི་འཕོས་ཏེ་གང་དུ་སྐྱེ་བར་འགྱུར་བ་དང༌། དེ་དག་གི་རྒྱུ་དང་རྐྱེན་ཅི་ཞིག་ཡིན་པ་བཅས་གསལ་ཐིང་མཐོང་བར་བཤད་ཡོད་པས། དེར་དྲང་སྲོང་ཕུར་བུའི་ཆད་ལྟའི་གྲུབ་མཐས་ཁ་ལོ་ཇི་ལྟར་བསྒྱུར་ཐུབ་བམ། ༼ཞེས་པའི་རི་བོང་གནམ་རྡིབ་ཀྱི་ཐུགས་འཕྲལ་དེ་གཞི་མེད་དུ་ཡལ་སོང་བར་སྙམ་ལ།༽
དྲང་སྲོང་འཇིག་མིག་དང་ཁོའི་བུ་མོའི་བར་གྱི་འབྲེལ་བ་དེ་ཡ་རབས་བཟང་སྤྱོད་ཀྱི་ཐད་ནས་སྟངས་འཛིན་བྱས་ཡོད་པ་ལས། ༼ཞེས་པ་དེ་ལ་ཡང་དཔྱད་དུ་ཡོད་དེ། ཕ་དང་བུ་མོའི་བར་གྱི་འདོད་སྲེད་ཀྱི་རིང་ལུགས་སྤེལ་བ་དེ་ནི། སྔར་བྱོན་ཆོས་ལུགས་ཀུན་གྱི་ཐ་ཤལ་དུ་བརྩིས་པ་མ་ཟད། ཁྱེད་ཀྱི་སྣང་ངོར་ཡ་རབས་བཟང་སྤྱོད་ཀྱི་ཐད་ནས་སྟངས་འཛིན་བྱས་ལུགས་བརྗོད་པ་དེ་ནི། ཚུལ་ལྡན་རྒྱལ་ཕྲན་ཆེ་ཆུང་གི་ཁྲིམས་སྲོལ་དང་ཡང་མཐུན་མིན་གླེང་འོས་པར་རིགས་སོ།།

སྐབས་འདིར་ཆོས་ལུགས་ཤིག་གི་འབྱུང་བ་བརྗོད་ཀྱི་ཡོད་པར་བརྟེན།༽ སྐྱེ་སྲིད་དང་རྣམ་སྨིན་ཁས་ལེན་མིན་ལ་རག་ལས་མེད་༼པ་ཡང་མ་ཡིན་ཏེ། གྲུབ་མཐའ་ལུང་རིགས་སྙེ་མ་ལས། འདིའི་གྲུབ་མཐའ་ནི། སྐྱེ་བ་སྔ་ཕྱི་ལ་སོགས་པའི་ལྐོག་ཏུ་གྱུར་པའི་རྒྱུ་འབྲས་ཀྱི་འབྲེལ་བ་མི་འདོད་ཅིང༌། ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་སོ་སོར་འབྱུང་བའི་ངེས་པ་མེད་པས། ལས་དང་འབྲས་་བུའི་འབྲེལ་བ་ལ་སྐུར་བ་འདེབས་པ་དང༌། དངོས་པོ་ཐམས་ཅད་རང་བཞིན་གྱི་རྒྱུ་ལས་བྱུང་བས། རྒྱུ་གཞན་མེད་དོ་ཞེས་རྒྱུ་ལ་སྐུར་བ་འདེབས་པས་ན། རྒྱུ་མེད་སྨྲ་བ་ཞེས་བྱ་ལ། འཆི་ཚེ་བདག་ཆད་ཅིང༌། འཇིག་རྟེན་ཕྱི་མ་མེད་པར་འདོད་པས། ཆད་སྨྲ་པ་ཞེས་བྱ་བ་ཡིན་ནོ། །ཞེས་སོགས་གསུངས་པས་ན། གོང་གི་བརྗོད་དོན་༽འདི་ཙམ་ལ་ཡང་རྟོག་དཔྱོད་མེད་པར་རང་སྣང་གང་ཤར་གྱིས་ཐོག་མ་ཉིད་ནས་དམའ་འབེབས་དང་ཁྱད་དུ་གསོད་རྐྱང་བྱེད་པ་ནི། རང་ཉིད་དྲང་པོ་མིན་ཞེས་གསལ་སྟོན་བྱས་པ་ཁོ་ནའོ་༼ཞེས་པ་དེ་ནི། རང་གཤེད་རང་ལ་འཁོན་པའི་རིགས་ལམ་ཞིག་ཏུ་ངེས་སོ།།༽

རྩོམ་རིག

Post navigation

Previous Post: ཁེར་རྐྱང་གི་རྒྱང་བཞུད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཕུལ་བ།
Next Post: བོད་ཀྱི་རྒྱལ་རབས་ལོ་ཚིགས་ཅན་ལྟ་བདེར་བྱས་པ་ཞིག

Comments (34) on “སྐབས་འདིའི་དཔྱད་བྱ་ཚད་གྲུབ་ཀྱི་ལེའུ་ལས་སྐྱེ་སྲིད་ཀྱི་སྐོར།”

  1. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-12 at 10:40 pm

    དིང་སང་རྒྱ་གར་དུ། རྒྱང་འཕེན་པ། ཞེས་པ་ལས། ཚུ་རོལ་མཛེས་པ་པ། ཞེས་པ་ཡོངས་གྲགས་ཆེ། དེ་ཡང་། རྒྱང་འཕེན་པ། ཞེས་པ་ཙམ་མ་ཡིན་པར་འཇིག་རྟེན་རྒྱང་འཕེན་པ་ཞེས་བྱ་ཞིང་། འདི་ལྟར་བཀའ་འགྱུར་འདུལ་བ་སོགས་ན་ཡོད། བོད་ཀྱི་མཁས་པ་འགས་སྐྱེ་བ་སྔ་ཕྱི་རྒྱང་དུ་འཕེན་པས་ན། རྒྱང་འཕེན་པ། ཞེས་སྒྲ་བཤད་མཛད་ཀྱང་། དོན་དངོས་སུ་དེ་ལྟར་མ་ཡིན་པར། ཚུ་རོལ་མཛེས་པ་པ་དང། འཇིག་རྟེན་རྒྱང་འཕེན་པ་ཞེས་པ་གཉིས། འཇིག་རྟེན་འདི་ཉིད་བསྐྱེད་པའི་དོན་དུ་མཚུངས་པར་མཐོང་ཞིང་། འཇིག་རྟེན་རྒྱང་འཕེན་པ་ནི་བྲམ་ཟེ་རྣམས་ཀྱིས་ཀྱང་སྦྱང་དགོས་པའི་རིག་གནས་ཤིག་སྟེ། ཤཱ་རཱིའི་བུའི་ཞང་པོ་སྟོད་རིང་། འཇིག་རྟེན་རྒྱང་འཕེན་པ་སློབ་པའི་ཕྱིར་དུ། རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ། འཇིག་རྟེན་རྒྱང་འཕེན་པ་མ་ཤེས་ཀྱི་བར་དུ་སེན་མོ་མི་གཅོད་པར་བཞག་པས། སྟོད་རིངས་ལས་སེན་རིངས་ཞེས་མིང་ཆགས་པའི་གཏམ་རྒྱུད་བཀའ་འགྱུར་ན་མཆིས་སོ།།

  2. lobsang199 says:
    2013-03-12 at 11:14 pm

    འོ་ན་འཇིག་རྟེན་རྒྱང་འཕེན་གྱི་སྒྲ་བཤད་ཇི་ལྟར་བྱེད་དགོས་དགེ་ལགས། ཚུ་རོལ་དེ་སྐྱེ་བ་འདི་མཛེས་པ་སྟེ་ལེགས་པ་དང་འཐད་པར་སྨྲ་བས་ཚུ་རོལ་མཛེས་སྨྲ་དང། དེའི་ཟླས་གྲངས་པས་སྐྱེ་བ་སྔ་ཕྱི་གཉིས་རྒྱང་རིང་དུ་འདོར་བ་འམ་འཕེན་པས་ན་རྒྱང་འཕེན་ཞེས་པ་མ་ཡིན་ནམ།

  3. རི་རྒྱལ་ཏི་སེ། says:
    2013-03-12 at 11:26 pm

    རྒན་ལ་ཐགས་པ་ལེགས། དེང་སྐབས་རྒྱ་གར་དུ་ཚུར་རོལ་མཛེས་པའི་གྲུབ་མཐའ་འཛིན་པ་ཡོད་མེད་དང༌། ཡོད་ཚེ་དར་ཁྱབ་ཆེ་ཆུང་དང༌། དེའི་སློབ་དཔོན་སོགས་ཇི་ལྟར་ཡོད་མེད་གསལ་བཤད་བྱེད་ཐུབ་བམ།

  4. འདྲེ་རྐང་ཐོ། says:
    2013-03-12 at 11:50 pm

    རྒན་ལ་དྭགས་པ་ལགས་་་་་ཉིད་ནས་ཉེ་སྔོན་ཞིག་ནས་ལ་དྭགས་ཀྱི་ཚབ་ལ་ལ་ཐགས་བྲིས་ཡོང་སོང་། རྒྱུ་མཚན་གང་གིས་ཡིན་ནམ་་་་་ཆོས་གཞུང་ན་ཡོད་པའི་ལ་དྭགས་ཀྱི་ཚིག་གི་དོན་དང་་་ཁྱོད་ཚོའི་ཡུལ་མིང་ལ་དྭགས་འདི་གཉིས་དོན་གཅིག་གམ་མིན་གཅིག དེང་སང་ཁྱོད་ཚོའི་ཡུལ་ན་ལ་ཐགས་ཞེས་འབོད་མཁན་ཡོད་དམ་མེད། ང་དེ་སྔོན་ཁྱོད་ཚོའི་ཡུལ་མི་མང་བོ་ཞེ་དྲག་ཐུག་མྱོང་ཡོད་་་་ཁོང་ཚོས་ལ་དྭགས་ཞེས་བརྗོད་པ་མ་གཏོགས་ལ་ཐགས་མི་བརྗོད། ཡུལ་མིང་ཆོས་གཞུང་དང་བསྟུན་ནས་མིང་སྒྱུར་དགོས་ན་ཅུང་དཀའ་སེ་ཡིན་རྒྱུ་རེད། ཡུལ་མིང་ལ་རྒྱུ་མཚན་ཡོད་མི་དགོས་ལ་་་་དག་ཆ་ཡང་ཐ་གཅིག་ཏུ་བརྡ་སྤྲོད་དང་ཆོས་གཞུང་ལ་བསྟུན་དགོས་འེ་ཡོད་དམ།

  5. མེ་ཏོག་དཀར་པོ says:
    2013-03-13 at 3:36 am

    ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས། གལ་ཏེ་ཉིད་ཀྱི་རྩོམ་དག་གཞན་གྱིས་ཀློག་ཏུ་བཅུག་རྒྱུའི་ཆེད་ཡིན་ན་གུག་རྟགས་དེ་འདྲ་མེད་པར་བྱས་ཏེ་ཀློག་བདེ་པོ་བྲིས་གནང་གྲོགས། ད་ལྟ་ནི་ཁྱོད་ཀྱི་རྩོམ་དེ་ནི་ཀློག་རྒྱུ་ཕར་བཞག བལྟ་བ་དང་མིག་ལ་ན་ཚ་གཏོང་ཡོང་གི་འདུག

  6. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 4:20 am

    མེ་དཀར་ལགས་ཀྱི་མཆན་བུ་༥པའི་དཀའ་ངལ་དེ་ང་ལ་ཡང་འཕྲད་བྱུང་བས། ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས་ཀྱིས་བསམ་ཞིབ་ཅིག་མཛོད་ཅིག
    ཚུ་རོལ་མཛེས་པ་པ་དེ་གྲུབ་མཐའ་རང་གི་རང་མིང་གྲུབ་ཕྱོགས་གྲུབ་པ་ལ། གྲུབ་མཐའ་གཞན་གྱིས་དགག་ཕྱོགས་ན་རྒྱང་འཕེན་པ་ཞེས་བཏགས་པ་མིན་ནམ་སྙམ་པས།
    རྒན་ལ་དྭགས་པས།
    ཤཱ་རཱིའི་བུའི་ཞང་པོ་སྟོད་རིང་། འཇིག་རྟེན་རྒྱང་འཕེན་པ་སློབ་པའི་ཕྱིར་དུ། རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ། འཇིག་རྟེན་རྒྱང་འཕེན་པ་མ་ཤེས་ཀྱི་བར་དུ་སེན་མོ་མི་གཅོད་པར་བཞག་པས། སྟོད་རིངས་ལས་སེན་རིངས་ཞེས་མིང་ཆགས་པའི་གཏམ་རྒྱུད་བཀའ་འགྱུར་ན་མཆིས་སོ།།
    ཞེས་པ་འདི་བདེན་པ་ཡིན་ན་ཡང་འདིར་གནོད་པ་མི་བབ་བོ། །

  7. དྲི་མེད་ལྷག་བསམ། says:
    2013-03-13 at 4:30 am

    དྲྭ་ཐོག་གི་མཁས་པ་རྣམས་ཞལ་གྲགས་གནང་རོགས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་(བོད་དབུ་ནག་མིའུ་འདྲ་ཆགས།)ཅེས་བྲིས་པ་ཞིག་མཐོང་། མཛད་པ་པོ་འདི་བདེན་པ་ཡིན་ནམ། དཔེ་འདི་སུས་མཛད། དཔེ་རྙིང་གང་དུ་བཞུགས། སོགས་ལོ་རྒྱུས་ཁ་གསལ་ཞིག་གསུང་བར་ཞུ། དྲྭ་གྲོགས་མཁས་པ་ང་ཡིན་ཟེར་མཁན་ཚོ། ཀི་ཀི། བསྭ་བསྭ། བན་དེ་རྣམས། བོན་པོ་ཚོ། བཤད་ན་ང་མཁས། འབྲི་ན་ང་མགྱོགས། བདེན་པ་ང་ལ་ཡོད་ཟེར་མཁན་རྣམས། ལྷ་རྒྱལ་ལོ། །

  8. དྲི་མེད་ལྷག་བསམ། says:
    2013-03-13 at 4:39 am

    ༢ བོན་གྱི་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས་》ཞེས་པར་དཔྱད་པ། བསོད་ནམས་དོན་གྲུབ། ཡི་གེ་འདི་ཡོད་ན་གང་ནས་ཐོབ་ངོ་སྤྲོད་ཅིག་གནང་རོགས། ༣ གཡུང་དྲུང་བོན་གྱི་དཔེ་རྙིང་<>ལས་རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས།ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད། དགྲ་ཡོད། གདོན་ཡོད།རྫུན་ཡོད། ཅན་ཡོད། བྱད་ལྡེབས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་མ་གནང་ངོ་།ཡང་བསྐྱར་རེ་ཞུས་པ། རྐུ་ལ་ལན་མཆིས། སྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས།དགྲ་ལ་ཟིན་མཆིས… ཞེས་གསུངས།དུས་དེར་སྨན་ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་བ་ཙམ་མ་ཟད་གདོང་མའི་དུས་ཀྱི་སྨན་དཔྱད་རིག་པ་ཐོག་མ་རྙེད་པ་ལུང་རིག་གཉིས་ཀས་དཔྱད་ཐུབ། ༡ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་(བོད་དབུ་ནག་མིའུ་འདྲ་ཆགས།)ཅེས་པ་ཡིན་ནོ། །འདི་གསུམ་གྱི་ནང་ནས་གང་བདེན་པ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 5:42 am

    རང་གི་གྲུབ་མཐའ་རྙིང་པ་བཞག་ནས་གསར་པ་རྒྱང་འཕེན་པའི་གྲུབ་མཐའ་ཡིད་ཆེས་པའི་ཕྱིར་དུ་སྦྱངས་པ་དང་། ཡང་ན་རྒྱང་འཕེན་པའི་གྲུབ་མཐའ་དེ། དགག་པའི་ཕྱིར་དུ་དེའི་འདོད་ཚུལ་ཤེས་པའི་ཆེད་དུ་སྦྱངས་པ་གཉིས་ཀ་ཡོད་ཆོག་ཀྱང་། དེ་ཙམ་གྱིས་རྒྱང་འཕེན་པ་དེ་ཚུ་རོལ་མཛེས་པ་པ་ལས་ཁྱད་དུ་འཕགས་པའི་གྲུབ་མཐའ་ཅིག་ཡོད་ངས་འདོད་ཐུབ་པ་མི་འདུག་གོ །
    ཉག་ཁྲིའམ་གཉའ་ཁྲིའི་སྔོན་དུ་དུག་དང་སྨན་གྱི་བོད་ཀྱི་ཐ་སྙད་ཡོད་དགོས་པས། ་་་་ །དུས་དེར་སྨན་ཞེས་པའི་ཐ་སྙད་དེ་ཐོག་མར་བྱུང་བ་ཙམ་མ་ཟད་གདོང་མའི་དུས་ཀྱི་སྨན་དཔྱད་རིག་པ་ཐོག་མ་རྙེད་པ་ལུང་རིག་གཉིས་ཀས་དཔྱད་ཐུབ། ་་་་ཅེས་པ་འདི་ཡང་འདོད་པར་དཀའ་འོ། །

  10. ངག་དབང་ says:
    2013-03-13 at 5:43 am

    ཧི་མ་ལ་ཡ་ལཊ། ཕ་ཡིས་བོ་མོ་ལ་རྒྱབ་མཁན་ནི་ད་ལྟ་ཤིན་ཏུ་མང། བུ་ཡིས་མ་ལ་རྒྱབ་མཁན་ཡོད་ནེ་རེད། ཕོ་ཡིས་ཕོ་ལ་རྒྱབ་མཁན་དང། མོ་ཡིས་མོ་ལ་རྒྱབ་མཁན་སོགས་མང་ ཨ་རི་སྲིད་འཛིན་ཨོ་བྷ་མ་ནས་ཕོ་ཡིས་ཕོ་དང་མོ་ཡིས་མོ་ལ་རིགས་མཐུན་སྤྱོད་པ་ལ་རྒྱབ་སྐྱོར་བྱེད་བཞིན་འདུག། ཅིག་བྱེད་ན་ཁྱེད་རང་ཡང་ཕོ་ཡིས་ཕོ་ལ་སྤྱོད་པ་ལ་དགའ་མཁན་ཞིག་ཡིན་ཚེ་ ལེའུ་གཉིས་པའི་རིགས་པ་དེས་རྒྱང་འཕན་པ་ཐག་རིང་པོ་ནས་བཙལ་མི་དགོས་པ་ཁྱེད་རང་ཡང་ཅིག་མ་ཡིན་ནམ། སྔོན་གྱིས་མཁས་པའི་གསུངས་ལས་རྒྱས་བསྡུས་མཚམ་པའི་སྤྱད་པ་དེ་གལ་ཆེན་པོ་གསུངས་པ་དོན་དངོས་ལ་གནས་སོ།

  11. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-13 at 5:48 am

    ལྷན་རྒྱས་རྣམས་ཀྱིས་དྲི་བ་དང་། བདག་གིས་མི་འདོད་པ་དེ། མེ་ཏོག་པདྨ་དཀར་པོ་དང་། ཀ་རྡོ་གཉེར་ཕྱག་པ་ལ་ཡང་ཀློག་པ་ལ་འོ་བརྒྱལ་ཡོད་པ་བཞིན་ངས་སྔོན་མ་བཤད་ནས། དྲ་གྲོགས་་ཤིག་གིས་གུག་རྟགས་དེ་རང་ལ་གོམས་ཡོད་པ་སྤང་དཀའ་ཚུལ་བྲིས་པ་བཀླགས་མྱོང་།
    ་
    ལ་དྭགས་ཞེས་པའི་ཚབ་ཏུ་ལ་ཐགས་ཞེས་པ་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་ན་ཡོད་པ་དང་། ལ་ཐགས་སམ་ལ་དྭགས་གུང་ཀ་ཞེས་པ་དེ། མར་ཡུལ་ཡོངས་ཀྱི་མིང་དུ་ཐོགས་ཞེས་ལ་དྭགས་རྒྱལ་རབས་འབྲི་མཁན་མཁས་པ་ཇོ་སེབ་ཚེ་བརྟན་གྱིས་བཤད་པ་ལ་དཔྱད་པ་མཛད་པའི་ཆེད་དུ་བྲིས།
    ་
    ཚུ་རོལ་མཛེས་པ་པ་ (ཅཱརྦཱ་ཀ) ཞེས་པའི་གྲུབ་མཐའི་གཞུང་ཕྱོགས་སྔའི་ཚུལ་དུ་ཚིགས་བཅད་འགའ་རེ་ཡོད་པ་མ་གཏོགས། རྐང་བཙུགས་ཏེ། དེའི་གྲུབ་མཐའ་སྨྲ་བ་ཞིག་མ་མཐོང་ཡང་། དེ་དག་གིས་བཤད་པ་དེ་ཡང་། རྟག་ལྟ་ལ་ལྷུངས་ཏེ། སྐྱ་བ་ཕྱི་མར་མཐོ་རིས་སུ་སྐྱེ་བར་དམིགས་ཏེ། ཕྱུགས་སོགས་གསོད་པ་དག་མཐོང་སྟེ། ཚུ་རོལ་མཛེས་པ་པའི་གྲུབ་མཐའ་བྱུང་བར་བཤད། དེ་ཡང་།
    ་
    ཇི་སྲིད་འཚོ་བར་བདེ་བར་འཚོ།
    བུ་ལོན་བླངས་ནས་མར་ཁུ་འཐུང་།
    ཤི་ནས་ཐལ་བར་གྱུར་པ་ལ།
    སླར་དུ་འོང་བ་ག་ལ་ཡོད།།
    ་
    ཧིནྡ་སྐད་དུ་རྒྱ་གར་གྲུབ་མཐའི་ལོ་རྒྱུས་ཤིག་ཏུ། ཅཱརྦཱ་ཀ་(ཚུ་རོལ་མཛེས་པ་པ་) ལ་ཡང་ཆོས་ཡོད་པར་མཐོང་སྟེ། གོང་བཀོད་ཚིགས་བཅད་ན། བུ་ལོན་བླངས་ནས། མ་གཏོགས། བརྐུས་ནས། ཞེས་སྨྲས་མེད་པ་དང་། མར་ཁུ་འཐུང་། ཞེས་པ་མ་གཏོགས་ཤ་ཟོ། ཞེས་མེད་པས་ཅཱརྦཱ་ཀ་་ཞེས་པའི་གྲུབ་མཐའ་མཐའ་གཅིག་ཏུ་སྨད་མར་བྱ་བ་མ་ཡིན་ཞེས་བྲིས།
    ་
    བོད་འགྱུར་མིང་ཚིག་དག་དང་། ལེགས་སྦྱར་མིང་ཤེས་པ་ལ་ཡང་ཕན། ཝཱ་རཱ་ཎ་སཱིར་མཁས་པའི་བགྲོ་གླེང་ཞིག་ཏུ། ཅཱརྦཱ་ཀ་ ཞེས་པའི་སྒྲ་བཤད་ཤེས་དཀའ་བ་ན། དེའི་བོད་ཀྱི་མིང་ཚིག ཚུ་རོལ་མཛེས་པ་པ་ཞེས་མཐོང་བ་ན། ལས་སླ་བས་ཤེས་ཐུབ་པར་གྱུར་ཏོ།།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 6:13 am

    ཕྱི་རོལ་པའི་གྲུབ་མཐའ་ལ་དབྱེ་ན། ཆད་སྨྲ་གཅིག་དང་། རྟག་བཅུ་གཅིག་སྟེ་བསྡོམས་པའི་བཅུ་གཉིས་སོ། དང་པོ་ཆད་སྨྲ་ལ། སྟོན་པ་ནི། ལྷ་ཡི་་བླ་མའམ། ཕུར་བུ་པ། དྲང་སྲོང་འཇིག་རྟེན་མིག དྲང་སྲོང་འཇུག་སྟོབས། ལྭ་བ་ཅན། རྟ་མཅོག་རྣམས་སོ།
    མིང་གི་རྣམ་གྲངས་ནི། ཚུལ་རོལ་མཛེས་པ་པ། ཆད་སྨྲ་པ། ལྷ་ཡི་བླ་མ་པ། ཕུར་བུ་པ། རྒྱད་པན་པ།༼འདི་རྒྱང་འཕེན་པ་ཡིན་ནམ་མིན་མི་ཤེས།༽ ངོ་བོ་ཉིད་སྨྲ་བ། རང་བཞིན་སྨྲ་བ་རྣམས་སོ། །
    འདིར་རྒན་ལ་དྭགས་པས་རྟག་ལྟ་གསུངས་པ་དང་མི་མཐུན་ཡང་། རྒྱང་འཕེན་པ་ཚིག་དངོས་སུ་མེད་པ་ནི་མཐུན་འདུག་ལགས།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 6:19 am

    ཡང་མུ་མཐུད་ནས།
    དབྱེ་བ་ནི། རྟོག་གེ་པ། སྙོམས་འཇུག་པ་གཉིས། སྒྲས་བརྗོད་ཀྱིས་དབྱེ་ན། ཆད་ལྟིའ་དབང་དུ་བྱས་པ། གསང་ཚིག་གི་དབང་དུ་བྱས་པ། རྣམ་རྟོག་གི་དབང་དུ་བྱས་པ་དང་གསུམ་མོ། །འདིས་ནི་སྐྱེ་བ་སྔ་ཕྱི་དང་། ཀུན་མཁྱེན་དང་། རྒྱ་འབྲས་སོགས་མེད་པར་འདོད་དོ། །
    ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས་སོ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 6:35 am

    ཕྱི་རོལ་པ་རྟག་པར་སྨྲ་བ་བཅུ་གཅིག་ནི།
    ༡ གྲངས་ཅན་པ། ༢ ཚང་པ་བ། ༣ བརྡའ་སྤྲོད་པ། ༤ རིག་བྱེད་མཐའ་པ། ༥ གསང་བ་པ། ༦ ཁྱབ་འཇུག་པ། ༧ རྒྱལ་དཔོག་པ། ༨ ཞི་བ་པ། ༩ བྱེ་བྲག་པ། ༡༠ རོག་པ་ཅན་པ། ༡༡ ཟད་བྱེད་པ་དང་བཅུ་གཅིག་གོ
    དེ་དག་གི་ནང་རྒྱ་འཕེན་པ་ཞེས་ཅིག་ཟུར་དུ་མེད་པས། མཐའ་གཞན་འགོག་པའི་རིགས་པས་ཚུ་རོལ་མཛེས་པ་པ་ཉིད་ལ་རྒྱང་འཕེན་པ་ཞེས་གྲུབ་མཐའ་གཞན་གྱིས་མིང་བཏགས་པར་ངེས་སོ། །

  15. BONPO says:
    2013-03-13 at 6:41 am

    མཁྱེན་ལྡན་དྲི་མེད་ལྷག་བསམ་ལགས། །
    དབུ་ནག་མིའུ་འདྲ་ཆགས་ཅེས་པའི་དཔེ་ཆ་དེ་་་་ཉི་ཧོང་གི་མཐོ་སློབ་་་national museum of ethnology ནས་དཔར་བསྐྲུན་བྱས་ཡོད་རབས་ཤིག་ཤོད་ཀྱི་འདུག། དེ་ཡང་S.G. Karmay and Yasuhiko Nagano་རྣམ་པ་གཉིས་ཀྱིས་བསྒྲིགས་པར་བཤད། དཔེ་ཚོགས་བསྒྲིགས་སྦྱོར་བྱས་པ་དེའི་མིང་ལ་་་The Call of the Blue Cuckoo་་་ཟེར་བ་དང་དེའི་ནང་བོན་དཔེ་རྙིང་པ་སྣ་ཁ་མི་འདྲ་བ་དགུ་བསྡུས་བསྒྲིགས་བྱས་ཡོད་པ་འདི་ལྟར་གསལ།
    ༡ མིའུ་རིགས་བཞི་ལྷ་སེལ།
    ༢ མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག
    ༣ དབུ་ནག་མིའུ་འདྲ་ཆགས།
    ༤ ཡི་གེ་ལྷ་གྱེས་ཅན།
    ༥ སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས།
    ༦ སྲི་གསས་བུང་བ་སྟག་ཆུང་།
    ༧ གླུད་རབས།
    ༨ སྐྱུང་མོ་མདའ་ཁྱེར་ལོ་རྒྱུས།
    ༩ མིང་སྲིང་དཔལ་བགོས་དང་ལྷ་འདོག
    སྐུ་ཉིད་ཀྱིས་ཉི་ཧོང་མཐོ་སློབ་དེ་ལ་འབྲེལ་བ་བྱས་ནས་རགས་ཐབས་བྱོས། གཞན་བོད་ནང་ཡོད་པ་དེ་ཕལ་ཆེར་་་བན་ཤུལ་དཔལ་མཁར་རྒྱལ་་་ཞུ་བའི་ཞིབ་འཇུག་པ་དེས་མཁྱེན་གྱི་ཡོད་པར་ངེས། རྒྱ་གར་ལུང་པར་ངས་ནི་དེ་སྔ་མཐོང་མ་བྱུང་། སྐུ་ཉིད་ཀྱིས་དཔེ་སྙིང་ཁག་ལ་དོ་སྣང་མཛད་པར་བཀའ་དྲིན་ཆེ་ཞུ། །

  16. དྲི་མེད་ལྷག་བསམ། says:
    2013-03-13 at 7:08 am

    ལྷག་བསམ་ཟླ་མེད་བོན་པོ་ལགས་ལ་ཐུགས་རྗེ་ཆེ་ཞུ། མཁས་པ་ཕལ་ཆེར་དབེན་པར་ངལ་གསོ་ཚེ། །གཡུང་དྲུང་བོན་གྱིས་རིགས་པའི་གླིང་བུ་ཡིས། །སྐྱོ་བའི་སྨུག་པ་བསལ་བར་བཀའ་དྲིན་ཆེ། །དཔེ་རྙིང་ལན་གཅིག་མཇལ་བར་དམ་བཅའ་འོ། ། ཉི་ཧོང་ལ་འབྲེལ་བ་བྱས་ནས་ཐོབ་ཨེ་ཐུབ་ལྟ། བོད་ནས་པར་བ་དེར་ཞུ་དག་མ་ཐོན་པ་དང་། མཛད་པ་པོ་སྣ་ཚོགས་བྲིས་འདུག་པས། དཔེ་རྙིང་མཇལ་འདོད་བྱུང་བ་ལགས། བོད་ཀྱི་མི་ཕུག་བོན་རེད། དེའི་ལོ་རྒྱུས་བོན་གྱིས་ཤེས། བོད་ཀྱི་རིགས་རུས་ཀྱི་ཁུངས་བཙུན་ཤོས་བོན་དཔེ་ཡིན་པའི་ཡིད་ཆེས་ཡོད། དེ་ལ་དགའ་གུས་དུང་གསུམ་ཡོད་ལགས། ཐུགས་རྗེ་ཆེ།

  17. སྤྱང་ཤོག་ says:
    2013-03-13 at 10:47 am

    ལེགས་སྦྱར་སྐད་ལ་त्रिपाद tripadaཞེས་པ་དེ་རིམ་བཞིན་ཟུར་ཆག་གྱུར་ནས་དེང་དུས་ཡོངས་སུ་གྲགས་པའི་Tibetདེ་ཡིན་བོད་སྐད་ནང་ཕབ་སྒྱུར་བྱེད་ན་སུམ་བརྩེགས་ཡིན་ལ་སུམ་བརྩེགས་ནི་དབང་ཕྱུག་གི་ཞིང་ཁམས་ཡིན་པར་གྲགས་ལ་ཧིན་དུའི་ཆོས་སྨ་བ་མང་པོ་ཞིག་དང་རིག་བྱེད་གཞུང་ལྔ་པོ་ཡོངས་རྫོགས་ནང་བོད་ཡུལ་དེ་དབང་ཕྱུག་གི་ཞིང་ཡིན་པར་་གྲགས་ཅིང་མ་ཟད་གངས་རིན་པོ་ཆེ་ལ་ཧིན་དུའི་ཆོས་པ་ཚོའི་རང་ཅག་ནང་པ་ཚོའི་རྡོར་གདན་གནས་གལ་ཆེ་ཤོས་བྱེད་པ་བཞིན་དབང་ཕྱུག་རྗེས་འཇུག་ཚོའི་གངས་རིན་པོ་ཆེ་ནི་གནས་ཆེན་གལ་ཆེ་ཤོས་བྱེད་པ་ནི་སྨྲ་ག་ལ་དགོས། དེ་བཞིན་ང་རང་གི་དཔྱད་ན་shivaའམ་ལྷ་དབང་ཕྱུག་ནི་་བོད་པ་ཡང་ཡིན། གླི་མི་རིན་ཆེན་ནས།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 11:36 am

    ལེགས་སྦྱར་གསུམ་བརྩེགས་སམ་ཏྲིཔྰད་ལས་བོད་དེ་ཨིན་སྐད་དུ། ཊི་བེད་དུ་ཟུར་ཆག་ཟེར།

  19. ཀླུ་སྨྱོན། says:
    2013-03-13 at 11:53 am

    དྲི་མེད་ལྷག་བསམ་ལགས་སུ་དགོས་པའི་དབུ་མིའུ་འདྲ་ཆགས་དེའི་སྐོར་ཕྲན་བུ་རེ་བོན་པོའི་མཁས་པ་རེ་ཟུང་གིས་བྲིས་འདུག
    http://www.rgbm123.com/forum/164/
    http://blog.himalayabon.com/u/triyungblog/archives/2012/2117.html

  20. བན་དེ་བ། says:
    2013-03-13 at 2:22 pm

    དྲི་མེད་ལྷག་བསམ་ལགས་ངོ་མ་ཁྱེད་ལ་ཐུགས་མཁོ་ཡོད་ན་ངས་རོགས་ཕན་བྱས་ཆོག་ཁ་སྔོན་ནས་མཐོང་སོང་འོན་ཀྱང་སྔོན་མ་ཞིག་ལ་ཁྱེད་ནས་ཀྱང་བན་དེའི་ཁ་འཛིན་བྱེད་བཞིན་པར་མཐོང་དུས་ཅུང་བློ་ལ་བབ་མ་སོང་བྱས་ཙང་ངས་ངོས་ལེན་བྱས་མེད།
    ཁྱེད་ལ་དགོས་པ་ཡོད་ན་Wichatཡང་ན་ཁྱེད་ཀྱི་email address སྐུར་བ་ཡིན་ན་ངས་པར་སློག་བྱས་ཏེ་སྐུར་ཐབས་བྱས་ཡོང་འགྲིག་གམ ལྡེབ་ཤོག་གྲངས་བཅུ་གཉིས་ཙམ་འདུག མ་དཔེ་ཁོ་རང་ཡང་ང་ལ་ཡོད་དེ་ཡི་པར་སྐུར་ཀྱང་ཆོག

  21. ངག་དབང་ says:
    2013-03-13 at 8:02 pm

    སྤྱང་ཤོས་ལགས་དངོས་གནས་བློ་སྐྱེད་ཆེན་པོ་ཞིག་གནང་བྱུང་བས་བཀའ་དྲིན་ཆེ། about Tibet thanks.

  22. དྲི་མེད་ལྷག་བསམ། says:
    2013-03-13 at 8:59 pm

    ལྷག་བསམ་ཟླ་མེད་བན་དེ་བ་ལགས་ལ་གསོལ་བ། ཕྲན་གྱིས་གླེང་བརྗོད་ཕལ་ཆེ་བར་རང་གི་འདོད་པ་གཙོ་བོར་བཟུང་ནས་བཤད་པ་ཆེར་མེད་སྙམ། དེ་བཞིན་གང་ཟག་སྒེར་བར་ཡང་སྐྱོན་བརྗོད་བྱས་པ་མི་དྲན། སྐབས་ཤིག་དྲི་མེད་ལྷག་བསམ་གཞན་པ་ཞིག་ཐོན་ནས་ཀརྨ་པ་སོགས་ལ་སྐྱོན་བརྗོད་དུ་མ་བྱུང་བར་ངས་ངོ་རྒོལ་བྱས་པ་ཡིན། དེ་སྐབས་ཁ་བརྡ་ཚང་གིས་གསལ་བཤད་དང་བཅས་མི་གཉིས་པ་དེའི་མཆན་སྒོ་བཀག་སོང་བ་ཉིད་ཀྱིས་མཁྱེན་གསལ་ལྟར་ལགས། དེ་ནས་རེ་ཞིག་མཆན་འདེབས་པར་ངལ་གསོ་བྱས་པ་ཡིན། ཕྲན་བོད་ཀྱི་སྤྱི་སྐད་ལ་རྨོངས་ཤིང་། བོད་རིགས་གཙང་མ་ཞིག་ཀྱང་མིན། དེ་བཞིན་བོན་ལ་རྒྱུས་མེད་ཀྱང་བོད་ལ་དུང་ཞིང། བོད་དང་བོན་གྱི་རིག་གཞུང་ལ་གུས་ཤིང་ཤ་་ཞེན་ཅུང་ཟད་ཡོད་པ་ཞིག་ཡིན། བན་དེའི་ཕྱོགས་འཛིན་ཆེད་དུ་དམིགས་ནས་བྱེད་མ་མྱོང་། ལྷན་སྐྱེས་ཀྱི་བག་ཆགས་ཤུགས་ཀྱི་རྡོལ་བ་ཡོད་སྲིད། དེ་ནི་ཉིད་ཀྱིས་བོན་གྱི་ཕྱོགས་འཛིན་པ་དང་མཚུངས། ཐུགས་ལ་མི་འཕྲོད་པ་ཅི་བྱུང་བར་དགོངས་དག་ཞུ། ཉིད་ལ་སྟབས་བདེ་བྱུང་ན། lhakbsam@yahoo.cn འདིར་སྐུར་རོགས་ཞུ།

  23. དྲི་མེད་ལྷག་བསམ། says:
    2013-03-13 at 9:00 pm

    ཀླུ་སྨྱོན་ཧེ་རུ་ཀ་ལགས་ལ་ཐུགས་རྗེ་ཆེ་ཞུ། །

  24. བན་དེ་བ། says:
    2013-03-13 at 10:16 pm

    དྲི་མེད་ལགས་ངས་མི་གཞན་ཞིག་གི་I phone བརྒྱུད་ནས་བྲེལ་ཚུབ་བྱས་ཏེ་སྐུར་ཡིན་ཁྱེད་ལ་འབྱོར་རྩིས་གལ་ཏེ་གསལ་པོ་དང་ཆ་ཚང་བ་མེད་ན་གསུང་རོགས་ངས་སླར་ཡང་སྐུར་ཐབས་བྱས་ཡོང།

  25. བན་དེ་བ་ནས། says:
    2013-03-13 at 10:42 pm

    ཀླུ་སྨྱོན་ཧེ་རུ་ཀ་ལགས་ལ་ཐུགས་རྗེ་ཆེ་ཞུ། །

  26. བློ་གྲགས། says:
    2013-03-14 at 12:24 am

    ཧི་མ་ལིའི་འཕྲུལ་སྨྱུག་ལགས། དྲང་སྲོང་ཕུར་བུས་ལྷ་མ་ཡིན་གྱི་ཡུལ་དུ་སྐྱེ་བ་སྔ་ཕྱི་མེད་པའི་གྲུབ་མཐའ་གསུངས་པའི་ཁུངས་གང་ཡིན་ནམ། གསལ་པོར་འགོད་རོགས།

  27. ངག་དབང་ says:
    2013-03-14 at 3:27 am

    བཤད་འདོད་པ་ཞིག་ལ་ཤེ་ཤོས་ཆོས་འདི་ཕྱི་རོལ་པ་ལ་སླེབ་ཐུབ་མིན་དང་ད་སྐབས་བོད་ནང་ལ་ཡེ་ཤོས་ཆོས་སྤེལ་མཁན་མང་རུ་འགྲོ་བཞིན་པས་འདི་ཐོག་ལ་བསམ་ཚུལ་གསུངས་རོག་གནང་དང་

  28. ངག་དབང་ says:
    2013-03-14 at 3:28 am

    ཡེ་ཤོས་ཞེས་བཅོས་རོག

  29. བན་དེ་བ། says:
    2013-03-14 at 3:44 am

    བོད་ལ་ཡེ་ཤུའི་ཆོས་སྤེལ་བར་དགའ་བསུ་ཡོད། ཡེ་ཤུས་གྲོང་གསེབ་ལ་སྨན་ཁང་དང་སློབ་གྲྭ་རྒན་གསོ་སོགས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་མཁན་རེད། བོད་བླ་དེ་ཚོས་སྤྱི་ཚོགས་ལ་གཉ་་་་་་་་རེད

  30. ངག་དབང་ says:
    2013-03-14 at 5:30 am

    མཁན་དབང་ཚོ། ཡེ་ཤུས་ཆོས་བོད་གང་ཅན་ལྗོང་ལ་སྤེལ་བ་ན་དགེ་རྐྱོན་གང་ཡོད་དང་བན་དེ་ནས་ཡེ་ཤུས་ཆོས་དར་ན་སློབ་གྲ་དང་སྨན་ཁང་སོགས་ཕན་ཐོག་ཡོད་ཚུལ་དང་ བོད་བླ་དེ་སྤྱི་ཚོགས་ལ་གཉ་་་་་ཞེས་པའི་ནང་ལ་བོད་པའི་བླ་གྲྭ་སོགས་སྤྱི་ཚོགས་ཀྱི་གཉའ་གནོན་ཡིན་པར་གསུངས་ན་ཁྱེད་ཀྱི་དགོངས་ཚུལ་གྲ་རྒྱ་ཐོག་ནས་ཤུགས་ཆེན་པོ་གསུངས་ན་ཡག་པོ་འདུག་ བོད་ལ་ད་ལྟ་ཡེ་ཤུས་ཆོས་ཁྱབ་སྤེལ་དེ་ སློབ་གྲ་དང་ ཚོང་ལས་དང་ སྐད་ཡིག་སློབ་ཡག་དང་ སྨན་ཁང་སོགས་རྣམས་པ་འདྲ་མིན་ཐོག་ནས་ཡོང་གི་ཡོད་པ་བོད་ཀྱི་དུས་བབས་སོགས་ལས་གསལ་ན་ཚང་མས་འདི་ལ་སྣང་ཆུང་མ་བྱེད་པར་དགོངས་ཚུལ་གནད་ལ་འཁེལ་བ་རེ་གསུངས་རོག་གྲ་གྲོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།

  31. ཀརྡོ་གཉེར་ཕྱག་པ་ says:
    2013-03-14 at 5:41 am

    ཡི་ཆོས་བོད་ནང་སྤེལ་བ་ལ། །
    དགའ་བསུ་ཞུ་འོས་མ་ཡིན་ནོ། །

    ནང་པས་སྨན་ཁང་སློབ་གྲྭ་སོགས། །
    བཙུགས་ན་དགའ་བསུ་དེ་ལ་ཡོད། །

  32. ཀརྡོ་གཉེར་ཕྱག་པ་ says:
    2013-03-14 at 5:44 am

    ཡི་ཆོས་ཡི་ཆོས་ཡུལ་ལ་སྐྱིད། །
    ནང་ཆོས་ནང་པའི་ཡུལ་ལ་བདེ། །

  33. བན་དེ་བ། says:
    2013-03-14 at 8:03 am

    ཁ་ཞེ་གཉིས་མེད་ཕན་པ་བསྒྲུབ་པའི་ཆོས།
    ཡེ་ཤུ་ཁ་ཆེ་ཡིན་ཀྱང་སླེབ་ན་ལེགས།
    ཆགས་སྡང་རྨོངས་གསུམ་དབང་ཤོར་ཆོས་གྱི་སྲོལ།
    ནང་པ་བོན་པོ་ཡིན་ཀྱང་མེད་ན་དགའ།

    ཁ་ནས་སྙིང་རྗེ་ཚད་མེད་བཞི་ལས་སོགས།
    ཆུ་བོའི་རྒྱུན་བཞིན་སྒྲོགས་པའི་ཆོས་ལུགས་གང།
    ཁ་བཤད་ཆུ་ལྦུ་ཡིན་པས་དོན་གྱིས་སྟོང།
    ཡོད་དང་མེད་ལ་ཁྱད་མེད་བཏང་སྙོམ་ཞོག

  34. ཡ་མ་ཚེ་རིང་། says:
    2013-03-14 at 3:28 pm

    དོན་ངོ་མ་ཚ་བ་མདའ་སྨྱུག་སུ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme