Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅོམ་ལྡན་མཆོད་པའི་མེ་ཏོག

Posted on 2013-03-082013-03-09 By ཡེ་ཤེས་ 5 Comments on བཅོམ་ལྡན་མཆོད་པའི་མེ་ཏོག


ཀླུ་སྨྱོན།

ཕུན་ཚོགས་ཚོགས་གཉིས་འོ་མཚོ་ལས་འཁྲུངས་འཁྲུངས་མ་ཐག་གི་དུས་ཀྱི་ཆར།།
ས་ཆེན་འདི་ལ་ལ་གོར་ཞབས་པད་རབ་མཛེས་མཛེས་པར་བཞད་དང་ལྷན།།
འཇིག་རྟེན་རྟེན་གྱི་ཕུལ་བྱུང་གྱུར་གང་གང་ཉིད་བྱོན་པའི་ཚངས་པའི་དབྱངས།།
མཐའ་དག་དག་དང་མ་དག་ཞིང་དུ་དུ་ཁ་གཞོམ་ཕྱིར་བསྒྲགས་དེ་རྒྱལ།།
འཛམ་བུའི་འཁྲི་ཤིང་གཞོན་ནུའི་ལན་བུ་ཡིས།།
སྒེག་ལྡན་འབྱུང་བོ་འཛིན་མའི་གྲྭ་གཅིག་ན།།
འཕགས་པའི་ཡུལ་ཞེས་སྙན་པའི་གདུགས་དཀར་པོ།།
ཆུ་སྒྲོག་མཐའ་རུ་སོང་བའི་དགེ་མཚན་འབར།།
དེ་ཡི་གནོད་སྦྱིན་ཕྱོགས་ན་གནའ་དུས་ནས།།
སྡེ་བཞིའི་དཔལ་གྱིས་སྙེམས་པའི་སྐྱེད་མོས་ཚལ།།
ལུམ་བྷི་ནི་ཞེས་ཞི་བའི་ནགས་ཀླུང་གང་།།
དགེ་བཅུའི་འབྲས་བུ་སྣུམ་པོས་ལྕི་ཞེས་ཐོས།།
གཡུ་ལོ་ཕང་ཕུང་དུད་པའི་རྐང་འཐུང་གིས།།
ཁོར་ཡུག་ཕྱུར་བུར་གཏམས་པའི་ར་བ་ན།།
རི་སྐྱེས་མ་བུའི་རྩེད་འཇོ་ཡིད་འོང་བ།།
དཀའ་ཐུབ་བརྟུལ་ཞུགས་འཆངས་པའི་གཟིགས་མོར་བཤམས།།
ནམ་ཞིག་གཟིགས་པ་ལྔ་ཡི་རོལ་རྩེད་ཀྱིས།།
ཞིང་འདི་བདག་གིར་བཞེས་པའི་མཉེས་གཤིན་ཅན།།
དོན་ཀུན་གྲུབ་པའི་འགྲོ་འདྲེན་ཀུན་དའི་གཉེན།།
ཕང་བར་ཉར་བའི་བཙུན་མོ་ཆུ་ཡི་གཏེར།།
བཞི་ཟུང་ཡོན་ཏན་དཔལ་གྱི་སྦྲང་རྩིའི་གཏེར།།
ལེགས་བྱས་དྲི་བཟང་འཐུལ་བའི་པདྨ་དཀར།།
སྒྱུ་འཕྲུལ་ལྷ་མོ་ཞེས་བྱའི་རི་དྭགས་མིག།
གསེར་གྱི་གདུབ་གོར་འཐབ་པའི་དབྱངས་སྙན་བཅས།།
ཞི་བའི་ནགས་ཀླུང་འདི་རུ་ཕེབས་པའི་ཚེ།།
ཚོགས་གཉིས་འོ་མཚོར་བཀྲུས་པའི་གཟེགས་མ་དཀར།།
རིས་མེད་འགྱེད་པའི་མགོན་པོ་བདུད་རྩིའི་གཏེར།།
ཡུམ་མཆོག་དབང་ཕྱོགས་མཁའ་ལས་ལེགས་པར་འཛུམ།།
དེའི་ཚེ་མཆོག་གི་སྤྲུལ་སྐུས་ཞབས་པད་ཟུང་།།
དབྱིག་འཛིན་འགྲམ་པར་ལན་བདུན་བོར་བྱས་ཏེ།།
ཁོ་བོ་འཇིག་རྟེན་འདི་ན་མཆོག་གོ་ཞེས།།
གསུང་གི་རོལ་མོ་ཕྱོགས་ཀྱི་མཐའ་རུ་བསྒྲགས།།
དེ་སྐད་གསུང་དབྱངས་ག་བུར་ཞུན་མའི་ཆབ།།
ལྷར་བཅས་འགྲོ་བའི་ཡིད་མཚོར་སིམ་པ་ན།།
དད་གསུམ་རླབས་དཀར་འཕྱུར་བའི་དབྱངས་སྙན་གྱིས།།
རྫོགས་ལྡན་ཕོ་ཉའི་རྩེ་དགའ་མགྲོན་དུ་བོས།།
དེ་ལྟའི་དགེ་ལེགས་འབུམ་གྱི་མེ་ཏོག་ཕོན།།
ཚོམ་བུར་བརྡལ་བའི་རེ་ཁཱ་མ་རྙིང་བའི།།
གནས་མཆོག་ལུམ་བྷི་ནི་ཞེས་གྲགས་པ་འདིར།།
ཁོ་བོ་རྣམ་དཀར་འཕྲུལ་གྱིས་ཉེ་བར་དྲངས།།
མིའུ་ཐུང་གོམ་པས་གཞལ་བར་མི་ཕོད་པའི།།
ཁོར་ཡུག་རྩི་ལྗོན་གཏིབས་པའི་འཛིན་མའི་སྤོར།།
སྔོན་ཚེ་སྟོན་པ་མཆོག་གང་བལྟམས་པའི་ཤུལ།།
དྲན་པའི་རྟེན་ཙམ་དད་ལྡན་གཟིགས་མར་མཆིས།།
གནའ་དུས་བསོད་ནམས་སྟོབས་ཀྱི་དགུ་ཚིགས་ཀྱིས།།
འཕགས་ཡུལ་སྔོ་བསང་འཁྱུད་པའི་ཨ་ཤོ་ཀས།།
བདུན་གསུམ་ཁྲི་ལོར་བཙུགས་པའི་རྡོ་རིང་ཞིག།
སྔོན་བྱུང་གླེང་བའི་རྟེན་དུ་ད་དུང་འགྱིང་།།
རྒྱལ་བ་ཡུམ་ལས་བལྟམས་པའི་སྣང་བརྙན་ནི།།
བྱིན་ཆགས་གོར་མའི་གླེགས་བུར་ལེགས་བཀོད་པ།།
མུ་སྟེགས་དཔུང་གིས་ཉམས་པར་བྱས་པ་ཡི།།
ལྷག་མར་ལུས་པ་དད་པའི་རྟེན་དུ་ལྷམས།།
སྔོ་བསངས་དུམ་བུ་འཛིན་མའི་སྤོར་ལྷུང་འདྲའི།།
མཚོ་རྫིང་གཡུ་ཡི་རླབས་ཕྲེང་བརྡལ་བའི་ངོགས།།
ལྔ་ཟུང་ངང་བ་དཀར་བོའི་ཟློས་གར་གྱིས།།
འདིར་འདུས་གཟུགས་འཛིན་དལ་བའི་གོ་སྐབས་འཕྲོགས།།
ཉིན་བཞིན་མེ་རླངས་འཕྲུལ་གྱིས་ཉེར་དྲངས་པའི།།
སྐལ་ལྡན་བགྲང་ཡས་གནས་འདིར་མཇལ་ཙམ་གྱིས།།
བསྐལ་མང་བསགས་པའི་ཉེས་ལྟུང་ཆུ་ཡི་གཏེར།།
བྱིན་རླབས་རྟ་གདོང་ཞུགས་ཀྱིས་ཟས་སུ་བྱས།།
འབྲས་ལྡན་རྐང་འཐུང་གཡུ་ཡི་ལོ་འདབ་ཅན།།
དབྱིག་ལྡན་ཕང་བར་གཏིབས་པའི་འཇུག་ངོགས་ན།།
སྤུ་སྡུག་གཉིས་སྐྱེས་བགྲང་གིས་མི་ལང་བ།།
དྲུག་སྐྱེས་དབྱངས་ཀྱིས་བཟི་འདི་སུ་ཡིས་བྱས།།
དབང་གཞུའི་མཛེས་པ་བསླུ་བའི་དར་གདང་གིས།།
རྐང་འཐུང་ཡལ་ག་སྦྲེལ་བའི་བར་བར་ན།།
ལི་ཁྲིའི་ཆུ་གཏེར་ལུད་འདྲའི་སྡོམ་བརྩོན་ཁྱུ།།
ཞི་དུལ་སྤྱོད་པས་གཤེགས་འདི་ཡི་གར་འོང་།།
སྣ་བརྒྱའི་ཚོན་གྱིས་བྱུགས་པའི་གུར་གྱི་ནང་།།
བཀའ་བརྒྱུད་བསྟན་པའི་མེས་པོ་དྭགས་པོ་རྗེའི།།
ཞལ་གདམས་བྱིན་རླབས་དྲོད་ཀྱིས་མ་བཏང་བར།།
ལོངས་སུ་སྤྱོད་པའི་སྐལ་ལྡན་བགྲང་ལས་འདས།།
མཚན་དུས་བཅུ་དྲུག་ཆ་རྫོགས་འོད་དཀར་ཅན།།
མི་ལྟུང་ཕྲེང་བས་བསྐོར་བའི་སྣང་ཚུལ་ལས།།
ཐུབ་པ་མཆོག་དེ་རྒྱལ་སྲས་དཔའ་བོའི་ཚོགས།།
འབུམ་གྱིས་བསྐོར་ཏེ་གཤེགས་པའི་ངང་ཚུལ་དྲན།།
དཀར་གསལ་གློག་གི་གང་བུ་བཞད་པའི་ངོགས།།
ཆོས་མཐུན་གླེང་མོལ་རོལ་བའི་ངུར་སྨྲིག་ཁྱུ།།
གཡུ་ཡི་རླབས་ཕྲེང་བརྡལ་བའི་མཚོ་རྫིང་དུ།།
བགྲང་ཡས་ངང་སེར་འདུས་པའི་དཔལ་ལ་ལྟ།།
ཐུན་གསུམ་སྨག་གི་ཡོལ་བའི་ཁུག་པ་ནས།།
ཅེ་སྤྱང་གཟན་འཚོལ་དགོད་དང་ངུ་བའི་སྒྲ།།
བློ་ཆུང་ཐོས་འཛིན་ལམ་དུ་ལྷུང་བ་ན།།
སྐྲ་དང་ལུས་སྐྱེས་ཚོགས་ཀྱང་གྱེན་དུ་གཟེངས།།
ཚངས་ཆེན་པུར་གྱིས་བྲིས་འདྲའི་གནྒྷོ་ལའི།།
རྩེ་རུ་རྒྱ་གླིང་སྙན་མོའི་འགྱུར་ཁུག་གིས།།
འདིར་འདུས་སྐྱེ་བོར་གཟིམ་དང་བཞེངས་པའི་བརྡ།།
དུས་ལས་ཡོལ་མེད་ཐོས་འཛིན་གསོས་སུ་འཇོ།།
རོ་བརྒྱའི་དཔལ་འཛིན་བཟའ་བཏུང་ཟད་མེད་པ།།
ཐུན་གསུམ་ཚོགས་ལ་འགྲེམ་པའི་དྲི་བསུང་གིས།།
མིག་སྐྱའི་འགྲམ་ཆུ་ཟགས་པའི་ཡོལ་གོ་རུ།།
འབྱོར་ལྡན་བསོད་ནམས་ལྟེམ་གྱིས་འཁྱིལ་འདིར་མཚར།།
རིས་མེད་གྲུབ་མཐའི་པད་རྩ་མངར་བོའི་རོར།།
རྗེས་ཆགས་སྡོམ་བརྩོན་ངུར་སྨྲིག་སྒྲོ་ཐུལ་ཅན།།
གཅིག་མིན་དུ་མས་ཐེག་གསུམ་དྲུག་སྐྱེས་དབྱངས།།
ངལ་མེད་སྒྲོག་པའི་དགེ་མཚན་འདི་ཀོ་རྨད།།
གླིང་བཞིའི་ཁྱོན་ནས་ཕེབས་པའི་ལྗོངས་རྒྱུ་བས།།
གཟུགས་འཛིན་འཕྲུལ་གྱི་ཡོ་བྱད་ཉེར་ཐོགས་ཏེ།།
གནས་འདིའི་མཚར་སྡུག་བཀོད་པའི་སྣང་བརྙན་ཀུན།།
དྲན་པའི་རྟེན་དུ་ལེན་ལ་ལོང་ཡོད་སྤངས།།
སིལ་སིལ་དྲིལ་ལྕེ་བསྐྱོད་པའི་འགྲོས་དང་ལྷན།།
འཇམ་དཔལ་མཚན་གྱི་རྣམ་གྲངས་བརྗོད་པའི་སྒྲ།།
མཐོ་དམན་རེས་ཀྱིས་སྒྲོག་པའི་སུག་པ་རུ།།
དམར་སེར་འོད་ཀྱི་ལང་ཚོ་ཇི་ཡང་རྒྱས།།
གསེར་ཟངས་སྣོད་དུ་ལྟེམ་གྱིས་འཁྱིལ་བ་ཡི།།
ཁྲག་ཁྲིག་མར་མེའི་འོད་ཀྱི་སྣང་བ་ཡིས།།
གཟི་བྱིན་མོག་པོར་བཏང་བ་ཉི་ཟླ་ཟུང་།།
ཆུ་ལྷའི་ཕང་བར་མནལ་ལ་སྔ་ཕྱི་རྩོད།།
རྒྱལ་སྲས་དཔའ་བོ་འབུམ་རྒུའི་སྨོན་ལམ་གྱི།།
ཕུལ་གྱུར་ཀུན་བཟང་སྤྱོད་པའི་བདེན་ཚིག་གིས།།
ཉེས་ལྟུང་དྲི་མ་བཀྲུས་པའི་སྐལ་ལྡན་ཚོགས།།
འཁོར་བའི་ཕྱི་ཕྱག་བགྱི་ལ་བྲེལ་འདི་རྨད།།
འབྱོར་ལྡན་དད་པའི་སྙིམ་པ་ལས་འོངས་པའི།།
མཆོད་སྤྲིན་མྱ་ངན་མེད་པའི་མེ་ཏོག་ཕོན།།
བྱང་ཆེན་འཛིན་མའི་ཕང་བར་ལེགས་བརྡལ་བས།།
སྡེ་བཞིའི་ཕྱྭ་གཡང་དར་བའི་མཐའ་མ་རིག།
སྣ་ཚོགས་ཡོལ་གོ་དག་ཏུ་ཉེར་མཛེས་པའི།།
འབྲས་དཀར་ཚོམ་བུར་སྤུངས་པའི་སུལ་བ་ན།།
བཅུད་ལྡན་སྔོ་ཙལ་མངར་བོའི་དྲི་བསུང་ཅན།།
དབང་སྔོན་སྤྲིན་གྱིས་འཁྱུད་པའི་གངས་རིར་ལྟ།།
གཡུ་ལོའི་ཁུར་གྱིས་དུད་པའི་ལྗོན་གྲིབ་ན།།
དབྱིབས་མཛེས་སྟེགས་ལ་བསྙེས་པའི་བགྲེས་གཞོན་ཁྱུ།།
ལུས་སེམས་བདེ་བའི་སྣང་བ་འགོག་མེད་དུ།།
སྨྲ་བརྗོད་དབྱངས་དང་ཞལ་གྱི་མདངས་ལས་འཕྱུར།།
འདིར་འདུས་སྡོམ་བརྩོན་ངང་བ་དཀར་བོའི་ཁྱུས།།
བཤད་སྒྲུབ་པད་རྩར་རོལ་བ་འདི་མཐོང་ཚེ།།
རྒྱལ་བསྟན་རྟ་ལྗང་འཕྲུལ་གྱི་རྩེ་དགའ་ཅན།།
ལྔ་བདོའི་ཆུ་ལྷར་མནལ་ལ་ཡིད་གཉིས་འཛིན།།
དེ་སྐད་གནས་མཆོག་ལུམ་བྷི་ནི་ཡི་ལྗོངས།།
ལེགས་བྱས་འདྲེན་བྱེད་ཟུང་གི་བགོ་སྐལ་དུ།།
ཐོབ་པའི་ཚུལ་ལས་བརྩམས་པའི་རབ་བྱེད་འདི།།
དབྱངས་ཅན་རིག་པའི་སྐྱེད་ཚལ་རྒྱས་ཕྱིར་བསྐྲུན།།
འདི་ལས་འོངས་པའི་རྣམ་དཀར་འོ་མའི་ཆབ།།
རིས་མེད་རྒྱལ་བསྟན་ཟླ་བའི་མ་མ་དང་།།
ལེགས་པར་འདྲེས་ཏེ་དགེ་ལེགས་རླབས་ཀྱི་ཕྲེང་།།
འཇིག་རྟེན་གསུམ་གྱི་མཐའ་རུ་ལུད་གྱུར་ཅིག།
སྤྱི་ལོ་༡༩༩༦ ལོར་གནས་མཆོག་ལུམ་བྷི་ནིའི་བཀའ་བརྒྱུད་སྨོན་ལམ་སྟེང་བྲིས།

སྙན་ངག

Post navigation

Previous Post: ཌི་སི་ནས་ནིའུ་ཡོག་བར་དུ་རང་བཙན་གོམ་བགྲོད།
Next Post: མངར་སྐྱུར་གྱི་འཚོ་བ། འབའ་སྲས།

Comments (5) on “བཅོམ་ལྡན་མཆོད་པའི་མེ་ཏོག”

  1. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-09 at 5:53 am

    བོད་སྐད་གླུ་ལེན་ཀླུ་སྨྱོན་གྱི།
    ང་རོའི་སྙན་རྩོམ་རྭ་བ་ན།
    མ་དག་བོང་བུ་འགའ་ཞུགས་ཏེ།
    མཛེས་པའི་མེ་ཏོག་ཟ་བར་མཐོང་།།
    ་
    ལུམ་བྷི་ནི་ ༴ལུམྦི་ནཱི། དུ་ཁ༴དུཿཁ འབྱུང་བོ་༴ འབྱུང་པོ། ཆུ་སྒྲོག་ཅེས་པར་ལྷམ་སྒྲོག་ལྟ་བུར་ས་ཡི་ཡང་འཇུག་སྤང་། དེ་མིན་འབྲུག་སྐད་ལྟ་བུར་སྒྲོགས་ཞེས་ས་ཡི་ཡང་འཇུག་དགོས། རྙིང་བའི་༴ རྙིང་པའི། ངང་བ་དཀར་བོའི་༴ ངང་པ་དཀར་པོའི། བགྲང་གིས་མི་ལང་བ། འདིར་ལང་བ། དག་ཀྱང་། ལྡང་བ་ཞེས་འབྲི་ན། འདང་བ། ཞེས་པ་སྒྲ་གདངས་མཚུངས་པས་ལྡང་ཞེས་པ་འདང་ཞེས་མ་དག་རྒྱུན་འབྱམས་སུ་སོང་བ་ཤེས་པ་ལ་ཕན། རོལ་བའི་༴རོལ་པའི་ ངལ་མེད་སྒྲོག་པའི་ཞེས་དང་། རེས་ཀྱིས་སྒྲོག་པའི་སུག་པ་རུ། ཐག་པ་སོགས་ཀྱིས་བསྡམས་པ་ལྟ་བུ་ཡིན་ན། ཡང་འཇུག་མེད། དེ་མིན་སྒྲ་སྒྲོགས་ལྟ་བུ་ལ་ས་ཡང་འཇུག་དགོས། འབུམ་རྒུའི་༴ འབུམ་དགུ། ཕྲེང་། ཞེས་པ་སྡེ་དགེ་བཀའ་འགྱུར་སོགས་ན་བྲིས་ཀྱང་། བསྟན་བཅོས་མང་པོ་ན། འཕྲེང་ཞེས་འ་སྔོན་འཇུག་ཡོད་མེད་གཉིས་ནས་ཡོད་པ་གཙོ་ཆེའོ།
    ་
    ཡི་གེ་མ་དག་དག་པར་བྱས་པའི་མཐུས།
    གངས་ལྗོངས་སྐད་ཀྱི་སྤང་ཐང་ཡངས་པ་ན།
    ཡི་གེ་དག་པའི་ར་ལུག་གཡག་འབྲིའི་ཁྱུ།
    བོད་རིགས་སྐྱེ་དགུ་མང་པོས་དབང་གྱུར་ཅིག།
    ཅེས་སོ། །

  2. དྲན་དཀར་དཔལ་ཡོན་ says:
    2013-03-09 at 8:36 am

    བཀུར་འོས་ལ་ཐགས་བློ་བཟང་འཇམ་དཔལ་བྱོན་པ་ལེགས། འདིར་བྱོན་པ་ལེགས། གུས་པར་རེ་བ་ཅིག་ཞུ་རྒྱུ་ཡོད། ཞུ་ས་འདི་རེད་སྙམ་པ་མ་བྱུང་བས་ཡུན་རིང་ལྷག །བདག་གི་ཤེས་རིག་ལས་ཁུངས་ཀྱིས་ལྡེབ་གཟུགས་བཟོས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་ལ་མཇལ། ཡིན་ན་ཡང་དེའི་ནང་གི་མིང་དོན་རྣམས་ཤེས་པར་མ་གྱུར་བས་ཡིད་དུ་འོང་བའི་གཞུང་ལུགས་དེ་ལ་པར་རིས་དང་ལེགས་སྦྱར་ཡིག་གཟུགས་ལྷན་སྦྱར་གྱི་ལྡེབ་གཟུགས་ཅིག་བྱུང་ན་ཅི་འདྲའི་སྨན་མཆོག་ཅིག་རེད་ཨང་སྙམ། སྐུ་མཁྱེན་ཐུགས་སྨོན་རེ་གནང་རོགས། སྐུ་མཁྱེན་

  3. འདྲེ་རྐང་ཐོ། says:
    2013-03-09 at 12:11 pm

    ཕུལ་དུ་བྱུང་བའི་སྙན་ངག་འདི་ལ་དེ་རིང་སླ་ཡང་མཇལ་བྱུང་བས་དགའ་བྱུང་།

  4. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-09 at 8:57 pm

    དྲན་དཀར་དཔལ་ཡོན་ལེགས།
    ཁྱེད་ཀྱིས་བྱེ་བྲག་རྟོགས་བྱེད་ཆེན་པོ་ལ་དོན་གཉེར་མཛད་པ་རྗེས་སུ་ཡི་རང་། གཞུང་འདིའི་ཐོག་ལ་ཤེས་རིག་ལས་ཁུངས་ནས་བཏོན་པ་ངས་མ་མཇལ། སྔོན་ཨོ་རུ་སུར་དེ་བ་ན་ག་རིའི་ཡིག་གཟུགས་ལ་སྤར་པ་ཞིག་ལོ་ངོ་མང་པོའི་སྔོན་དུ་རྒྱ་གར་དུ་མཐོང་། དེ་ནས་རི་པིན་གྱི་མཁས་པ་ཞིག་གིས་ལེགས་སྦྱར་དང་བོད་སྐད་ཟུང་འབྲེལ་སྐད་གཉིས་ཤན་སྦྱར་དང་། མིང་ཚིག་རྣམས་ཚོལ་བདེའི་ཕྱིར་ཀ་འཕྲེང་དུ་བསྒྲིགས་པ་དེབ་གཉིས་སུ་བཏོན་འདུག དེབ་དེ་དག་བདག་ལ་ཡོད་ཀྱང་། ལོ་སྔོན་མ་ཨ་རིར་སྡོད་ཤག་སྟོང་པ་བྱེད་དུས། དཔེ་ཆ་ཕལ་ཆེ་བ་ལ་དྭགས་ཀླུ་འཁྱིལ་དགོན་པའི་སློབ་གྲྭའི་དཔེ་མཛོད་དུ་བསྐུར་ཡོད་པའི་གྲས་སུ་ཡོད་ངེས། གལ་ཏེ་ཁྱེད་ཕེབས་པའི་ལོང་འདྲ་འབྱུང་ན། དེར་གཟིགས་གྲོགས། གཞུང་འདིར་མིང་ཚིག་རྣམས་བསྡུས་པ་ཙམ་ལས་བཤད་པ་ཆེར་མི་འདུག མིང་ཚིག་རྣམས་ཀྱི་བྱེ་བྲག་ཏུ་རྟོགས་ཚུལ་དངོས་དེ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུའམ་འབྲིང་། སྒྲ་སྦྱོར་བམ་པོ་གཉིས་པ་ན་གསུངས། དཔེ་ཆ་འདི་བོད་ཕྱོགས་ནས་དོན་གཉེར་ཅན་ཞིག་གིས་ལེགས་སྦྱར་གྱི་མིང་ཚིག་རྣམས་ལཉྕ་ལ་བྲིས་པ་ཞིག་སྤར་འདུག གཅིག་ན་ཁྱེད་ཀྱིས་གཟིགས་ཡོད་ངེས།
    ༡༩༧༣ ལོར་བསོད་ནམས་དབང་འདུས་ཀྱི་ལག་བྲིས། སྒྲ་སྦྱོར་བམ་གཉིས། དག་ཡིག་ཟ་མ་ཏོག ལ་དྭགས་རི་རྫོང་སྐུ་གོང་མའི་ཕྱག་བྲིས་དག་ཅིང་ཡིད་དུ་འོང་བ་དང་། བརྡ་གསར་རྙིང་གི་བཤད་པ་སྐྱོགས་སྟོན་ལོ་ཙ་པས་མཛད་པ་དེ་སོད་ནམས་དབང་འདུས་ཀྱི་ལག་བྲིས་སུ། རྒྱ་གར་ལྡི་ལིར་སྤར་པ་དཔེ་མཛོད་ཁང་ཆེ་བ་དག་ན་ཡོད་ངེས་ཞུའོ།།

  5. འདྲེ་རྐང་ཐོ། says:
    2013-03-10 at 12:15 am

    གང་གི་ཕྱག་གི་སོར་མོའི་འཕྲུལ། །
    དབྱངས་ཅན་རྒྱུད་དང་འཁྲིལ་བ་ལས། །
    ངག་རིག་སྙན་ཚིག་སྟོང་གི་གླུ། །
    རྣ་བའི་དཔྱིད་དུ་འཇོ་བར་མཚར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme