Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྔགས་ཀྱི་ཆོས་ཚུལ་མདོར་བཤད་བྱིས་པ་འཇུག་བདེའི་འབབ་སྟེགས།

Posted on 2013-03-072013-03-08 By ཡེ་ཤེས་ 57 Comments on མདོ་སྔགས་ཀྱི་ཆོས་ཚུལ་མདོར་བཤད་བྱིས་པ་འཇུག་བདེའི་འབབ་སྟེགས།

ཀླུ་སྨྱོན་ཧེ་རུ་ཀ
སྨྲ་བ་ཟླ་མེད་ཤཱཀྱའི་རྒྱལ།། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས།། སྨྲ་བའི་ཉི་མ་ཡོངས་འཛིན་རྗེས།། སྨྲ་བསམ་བརྗོད་མེད་ཤེས་རབ་སྩོལ།། འཇའ་ཚོན་འོད་ལྔའི་དོ་ཤལ་གྱིས།། ཤེལ་དཀར་ལྕུག་ཕྲན་འཁྱུད་པ་ལྟའི།། ལང་ཚོས་མངོན་སྒེག་ཚངས་སྲས་མས།། ངག་གི་རོལ་རྩེད་དེང་འདིར་སྒྱུར།། བློ་གྲོས་མིའུ་ཐུང་གོམ་གཅིག་གིས།། ཤེས་བྱའི་དཀྱིལ་འཁོར་ཡངས་པའི་ཁྱོན།། འཇལ་བའི་དཔལ་མངའ་འཕགས་བོད་ཀྱི།། མཁས་རྣམས་ཞབས་པད་སྤྱི་བོར་ལེན།། སྲིད་ཞིའི་དགེ་ལེགས་འབྱུང་བའི་གཞི།། རྒྱལ་བསྟན་རིན་ཆེན་ཉིད་ཡིན་ཕྱིར།། བཤད་དང་སྒྲུབ་པའི་དེ་ཉིད་ནི།། བརྗོད་པའི་བསོད་ནམས་ཕ་མཐའ་བྲལ།། མུན་པའི་བསྐལ་པར་སངས་རྒྱས་ཀྱི།། སྒྲ་ཙམ་བརྗོད་པའི་བློ་གྲོས་དཀོན།། དེ་ཕྱིར་ཚེ་འདིའི་སྨྲ་བྱེད་ཀྱི།། འདབ་མའང་དོན་ཡོད་ཤེས་པར་བྱ།། བསྟན་པའི་འཇུག་སྒོ་དམ་པ་ནི།། ངན་སོང་གསུམ་ལ་འཇིགས་པ་དང་།། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ།། དད་པས་རྒྱུ་བྱས་སྐྱབས་འགྲོ་ཡིན།། དེ་ཕྱིར་རྒྱལ་བཙན་དྲི་ཟ་དང་།། གཞི་བདག་འབྱུང་པོ་དུག་གསུམ་གྱིས།། རྒྱུད་བསྡམས་ཚོགས་ལ་བློ་ལྡན་གྱི།། སྐྱེས་བུ་སུ་ཡིས་སྐྱབས་འཚོལ་བྱེད།། སྟོང་གསུམ་འཇིག་རྟེན་རིན་ཆེན་གྱིས།། བཀང་བའི་སྦྱིན་པ་རྒྱ་ཆེན་དང་།། ལན་གཅིག་སྐྱབས་སུ་སོང་བ་ཡི།། བསོད་ནམས་གཉིས་ལས་ཕྱི་མ་ལྷག། ད་ཀོ་ཁྱོད་ཀྱིས་དལ་འབྱོར་རྙེད།། སངས་རྒྱས་བསྟན་པའི་སྒོ་རུ་ཚུད།། དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་།། འདི་འདྲ་ཁྱོད་ཉིད་སྐལ་བ་བཟང་།། ཁྱིམ་ན་གནས་ཚེ་ཆུང་མ་དང་།། བུ་ཕྲུག་དག་གི་འཚོ་ཐབས་ཆེད།། ཤ་ཐང་འབད་པས་མི་ཚེ་ནི།། སྡུག་བསྔལ་དུ་མས་གཟིར་བར་འགྱུར།། དེ་ཕྱིར་ཐར་བའི་ནགས་ཀླུང་དུ།། ངུར་སྨྲིག་གོས་བཟང་ལེགས་བཀླུབས་ཏེ།། སྡོམ་པ་གསུམ་གྱི་ཉམས་ལེན་ལ།། དྲན་ཤེས་ལྡན་པས་བརྩོན་ན་ལེགས།། མཚན་ཉིད་ལྡན་པའི་མཁན་སློབ་དྲུང་།། སོ་ཐར་རིས་བདུན་གང་རུང་ནི།། རང་གི་འདོད་པས་བླང་བྱ་ཞིང་།། བླངས་ནས་སྒོ་གསུམ་བག་ཡོད་བསྟེན།། མདོ་སྔགས་ལམ་གྱི་རིམ་པ་ཡི།། རྩ་བ་བཤེས་གཉེན་བསྟེན་ཚུལ་ཏེ།། འདི་ལ་སྒོ་གསུམ་བག་ཡོད་ཀྱིས།། དངོས་གྲུབ་འདོད་པ་འཇོ་བར་བྱ།། མི་དགེ་བཅུ་སྤོང་ཚུལ་ཁྲིམས་ཀྱིས།། ལྷ་མིའི་བདེ་དགའ་ཉམས་སུ་མྱོང་།། ཚད་མེད་བཞི་ཡི་དགེ་འབྲས་སུ།། སྲིད་པའི་རྩེ་མོའི་ཏིང་འཛིན་འཐོབ།། རང་ཉིད་གཅིག་པུ་ལྷ་དང་མིའི།། མངོན་མཐོའི་གནས་ལ་སྦྱོར་བའི་ཕྱིར།། དགེ་བཅུའི་ལམ་ལ་རབ་འབད་པ།། དེ་ནི་སྐྱེས་བུ་ཆུང་ངུ་འོ།། རྩ་བ་གསུམ་དང་རྒྱུ་མཚན་དགུ། ཐག་བཅད་གསུམ་གྱི་གདམས་ངག་གིས།། འཆི་བ་མི་རྟག་དྲན་པའི་བློ།། ཆོག་ཤེས་མེད་པར་རྒྱུན་དུ་བསྟེན།། དལ་བའི་རྟེན་འདི་རྙེད་དཀའ་བ།། དཔེ་དང་རྒྱུ་མཚན་ངོ་བོ་གསུམ།། ངོ་འཕྲོད་པར་ནི་སྒོམ་བྱེད་ན།། ཆོས་ལ་འཇུག་པའི་བློ་རྙེད་འགྱུར།། སྲིད་པ་གསུམ་གྱི་གར་སྐྱེས་ཀྱང་།། སྡུག་བསྔལ་གསུམ་གྱིས་མནར་མཐོང་བའི།། ཐར་འདོད་སྐྱེས་བུས་བདེན་པ་བཞིའི།། འཇུག་ལྡོག་མ་ནོར་བསྟེན་འཚལ་ལོ།། རང་ཉིད་འཁོར་བའི་མེ་འོབས་ལས།། ཐར་འདོད་ཤུགས་དྲག་བློ་ཡིས་ནི།། བདེན་བཞིའི་ལམ་ལ་རབ་འབད་པ།། གང་ཡིན་སྐྱེས་བུ་འབྲིང་དུ་བཤད།། འཁོར་བའི་གནས་ལུས་སྡུག་བདེན་དང་།། ལས་དང་ཉོན་མོངས་ཀུན་འབྱུང་སྟེ།། ཉོན་མོངས་རྩ་བ་བདག་འཛིན་ནི།། བདག་མེད་རྟོགས་པའི་བློ་ཡིས་གཅོད།། ངར་འཛིན་བཅད་པས་འཁོར་བའི་རྒྱུར།། འགྱུར་བའི་ལས་ཀྱི་རྒྱུ་བ་ཆད།། དེ་ཕྱིར་ངར་འཛིན་དགྲ་ཆེན་འདི།། གཞོམ་ལ་སྒོམ་གསུམ་བསྒྲིམ་པར་བྱ།། སྟོང་གསུམ་འཇིག་རྟེན་ནམ་མཁའ་དང་།། སྲིན་བུས་ཟོས་པའི་ནམ་མཁའ་གཉིས།། ནམ་མཁའ་ཡིན་པར་མཚུངས་ན་ཡང་།། རྒྱ་ཁྱོན་མཉམ་ཞེས་སུ་ཞིག་སྨྲ།། དེ་བཞིན་ཉན་ཐོས་རང་རྒྱལ་དང་།། ཐེག་པ་ཆེན་པོའི་གང་ཟག་གི །སྟོང་ཉིད་རྟོགས་པའི་བློ་ཡི་ཚད།། མཚུངས་མིན་རིགས་པས་ཞིབ་ཏུ་རྟོགས།། སྟོང་དང་རྟེན་འབྱུང་དོན་གཅིག་པར།། ཐུབ་པ་མི་ཡི་སེང་གེ་བཞེད།། དེ་ཡི་ཕྱིར་ན་སྟོང་པ་ཉིད།། རྒྱུ་འབྲས་མི་བསླུ་བ་ལས་འཚོལ།། གང་གང་རྐྱེན་ལ་རག་ལས་པ།། དེ་དེ་རང་བཞིན་གྱིས་སྟོང་ཞེས།། རྒྱལ་རྣམས་མགྲིན་གཅིག་གསུངས་པ་འདི།། ཐར་འདོད་སྐྱེས་བུའི་སྨན་མཆོག་ཉིད།། དགེ་སྡིག་ཕྲ་མོའི་བླང་དོར་ལས།། སྟོང་ཉིད་རྟོགས་པའི་ལམ་རྙེད་ཅེས།། དམ་པའི་སྐྱེས་བུ་འགའ་ཞིག་གིས།། རྒྱལ་བ་དགྱེས་པའི་ལེགས་བཤད་སྤེལ།། དེ་ཡང་བདག་མེད་སྒོམ་པའི་བློས།། འདས་བྱས་འདུས་མ་བྱས་པའི་ཆོས།། རང་བཞིན་མེད་པར་སྒོམ་པ་ནི།། བདེན་འཛིན་གཞོམ་པའི་སྨན་མཆོག་ཉིད།། དེ་ཡང་ཐོག་མར་གཟུགས་དང་ནི།། ཤེས་པ་ལྡན་མིན་འདུ་བྱེད་གསུམ།། རང་བཞིན་མ་གྲུབ་སྒོམ་པའི་ཚུལ།། མདོར་བསྡུས་ཚུལ་གྱིས་འདི་རུ་བཤད།། མཆུ་དང་ཞབས་སོགས་ཚོགས་པའི་གཞིར།། བུམ་པའི་ཐ་སྙད་བཏགས་པ་ལས།། དེ་དག་བསལ་ཚེ་བུམ་པ་ནི།། མི་རྙེད་དཔེ་དེས་གཟུགས་གཞན་འགྲེ།། སྔ་དྲོའི་ཤེས་པ་འདས་ཟིན་ཅིང་།། ཕྱི་དྲོའི་ཤེས་པ་ད་ལྟ་མེད།། ད་ལྟའི་ཤེས་པའང་འགག་འགྱུར་བ།། ཤེས་པ་རང་བཞིན་མ་གྲུབ་དཔེ།། ཟླ་བ་བཅུ་གཉིས་ལོ་མིན་ཞིང་།། ལོ་ནི་ཟླ་བ་བཅུ་གཉིས་མིན།། ཟླ་བའི་ཚོགས་པར་ལོ་ཞེས་བཏགས།། དཔེ་འདིས་ལྡན་མིན་གཞན་ཡང་ཤེས།། ཐོགས་རེག་བཀག་པའི་མེད་དགག་ལ།། ནམ་མཁའི་མཚན་ཉིད་བཏགས་པ་ལས།། ཕྱོགས་མཚམས་སྟེང་འོག་ཆ་ཤས་རྣམས།། ནམ་མཁར་གཅིག་དང་དུ་མས་མིན།། དེ་ལྟར་བདག་གཉིས་སྨིག་རྒྱུའི་ཆུས།། གཟུང་འཛིན་རི་དྭགས་བསླུ་བའི་ཚུལ།། རྟོགས་པའི་སྐྱེ་བོ་གང་དང་གང་།། ཐར་པའི་གྲོང་ཁྱེར་ཐག་མི་རིང་།། ཡང་དག་སྟོང་ཉིད་ལྟ་བ་དང་།། མེད་པར་སྨྲ་བའི་ཆད་ལྟ་གཉིས།། ནོར་བའི་གོལ་སར་མ་འཁྱམས་པར།། ལྟ་བ་རྣམ་དག་འཚོལ་འཚལ་ལོ།། སྣང་བ་བན་བུན་ཟ་ཟི་དང་།། བརྒྱལ་བ་ལྟ་བུའི་ཉམས་སྣང་དང་།། ཅི་ཡང་ཡིད་ལ་མི་བྱེད་པས།། འཁོར་རྩ་གཅོད་ཚེ་རྒྱལ་བ་རྫུན།། ཚོགས་བསག་སྒྲིབ་སྦྱོང་སྔོན་སོང་བའི།། གདུལ་བྱ་དབང་པོ་རབ་ཀྱི་ཆེད།། གསུངས་པའི་གདམས་ངག་སེང་གེ་ཡི།། འོ་མ་ཕལ་བའི་སྣོད་དུ་མིན།། རང་ཉིད་གཅིག་པུ་ཞི་བདེ་ཡི།། ལོངས་ལ་སྤྱོད་པ་མི་རིགས་ཏེ།། གྲངས་མེད་སྐྱེ་བའི་མ་རྒན་རྣམས།། སྡུག་བསྔལ་གསུམ་གྱིས་དྲག་ཏུ་མནར།། དེ་ཕྱིར་བདག་གཞན་མཉམ་བརྗེ་དང་།། རྒྱུ་འབྲས་མན་ངག་བདུན་གྱི་སྒོས།། བདེ་གཤེགས་བསྟན་པའི་སྙིང་པོ་སྟེ།། གཞན་ཕན་བྱང་ཆུབ་སེམས་མཆོག་བསྐྱེད།། བདག་གཅེས་སྡུག་བསྔལ་ཀུན་གྱི་རྒྱུ།། གཞན་གཅེས་ཕན་བདེ་ཀུན་གྱི་གཞི།། དེ་ཕྱིར་ཉིན་མཚན་དུས་དྲུག་ཏུ།། སེམས་བསྐྱེད་རྣམ་པ་གཉིས་ལ་བསླབ།། ཀུན་རྫོབ་སེམས་བསྐྱེད་སངས་རྒྱས་ཀྱི།། གོ་འཕང་དོན་དུ་གཉེར་བའི་བློ།། དོན་དམ་སེམས་བསྐྱེད་འཁོར་གསུམ་པོ།། རྣམ་པར་མི་རྟོག་པ་ཡི་བློ།། ཆུ་ཡི་ཐིགས་པ་རྒྱ་མཚོར་འགྱུར།། མེ་སྟག་ཕྲ་མོས་རི་རབ་བསྲེག། བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི།། དགེ་བ་ཆུང་ཡང་སངས་རྒྱས་རྒྱུ།། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི།། དགེ་ཚོགས་མཐའ་དག་འབྲས་བུས་དམན།། བྱང་ཆུབ་སེམས་མཆོག་མ་བསྐྱེད་པའི།། སྐྱེས་བུ་དེ་ལ་སྡུག་བསྔལ་མང་།། ཙན་དན་ས་མཆོག་ན་ཕྲ་ཡང་།། ལྗོན་ཤིང་ཕལ་བ་འབུམ་ལས་ལྷག། བྱང་ཆུབ་སེམས་དཔའ་ཉམ་ཆུང་ཡང་།། ཉན་རང་དགྲ་བཅོམ་དག་གིས་འདུད།། དྲི་ཞིམ་པདྨའི་འཁྲི་ཤིང་ལ།། བུང་བའི་ཚོགས་ཀྱིས་བསྐོར་བ་བཞིན།། རླབས་ཆེན་བྱང་ཆུབ་སེམས་མཆོག་ལ།། ཕྱིན་དྲུག་བསྡུ་བཞིའི་དགེ་ཚོགས་འདུ།། མེ་ཏོག་མཛེས་པའི་ཕུལ་ཕྱིན་ཀྱང་།། སྦྲང་རྩིས་དབེན་པ་ཇི་ལྟ་བུར།། སྲིད་རྩེའི་བསམ་གཏན་སྙོམས་འཇུག་ཀྱང་།། བྱང་སེམས་བྲལ་ཚེ་འཁོར་བའི་རྒྱུ།། དེ་ཕྱིར་འབད་པ་དུ་མ་ཡིས།། བྱང་ཆུབ་སེམས་ལ་བསླབ་པར་བྱ།། རྒྱལ་བས་བདོག་པ་ཡོངས་བཏང་སྟེ།། སེམས་འདི་གཅིག་པུ་བཙལ་མིན་ནམ།། དེ་ཕྱིར་སེམས་ཅན་ཀུན་གྱི་ཆེད།། བྱང་ཆུབ་སེམས་མཆོག་མ་སྐྱེས་པ།། བསྐྱེད་ཅིང་སྐྱེས་པ་ལ་བརྟེན་ནས།། རྒྱལ་སྲས་ལམ་ལ་སློབ་འཚལ་ལོ།། བྱང་ཆུབ་སེམས་མཆོག་སྐྱེས་པ་དེར།། སྐྱེས་བུ་ཆེན་པོ་ཞིས་བྱ་ཞིང་།། གང་ལ་བྱང་ཆུབ་སེམས་མངའ་བ།། དེ་ལ་བྱང་ཆུབ་སེམས་དཔར་བརྗོད།། བྱང་ཆུབ་སེམས་ཀྱིས་སྡིག་ལྟུང་འབྱོང་།། བྱང་ཆུབ་སེམས་ཀྱིས་དགེ་ཚོགས་འཕེལ།། བྱང་ཆུབ་སེམས་ཀྱིས་ཉོན་མོངས་གདུལ།། བྱང་ཆུབ་སེམས་ཀྱིས་འགྲོ་མང་འདུ།། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི།། རྒྱལ་སྲས་སྤྱོད་པ་གཞན་མི་དམིགས།། བྱང་ཆུབ་སེམས་ཀྱིས་མ་བསྐྱེད་པའི།། རྒྱལ་བའི་ཡོན་ཏན་གཞན་མ་དམིགས།། ཀྱེ་ཀྱེ་བློ་ལྡན་སྐྱེས་བུ་རྣམས།། རླབས་ཆེན་རྒྱལ་སྲས་སྤྱོད་པ་ལ།། སློབ་པའི་འཇུག་སྒོ་བྱང་ཆུབ་སེམས།། འབད་པ་དུ་མས་བསྐྱེད་བྱ་ཞིང་།། སྐྱེས་པ་མི་ཉམས་བསྲུང་འཚལ་ལོ།། སེམས་བསྐྱེད་དེ་ཡང་སྟོང་པ་ཉིད།། རྟོགས་པའི་བློ་དང་ལྡན་པའི་ཚེ།། ཐབས་ཤེས་ཟུང་དུ་འབྲེལ་བ་སྟེ།། འདི་ཡིས་བླ་མེད་བྱང་ཆུབ་འཐོབ།། དེ་ཕྱིར་ཞི་གནས་སྒྲུབ་པའི་གེགས།། ཉེས་པ་ལྔ་སྤོང་མཐུན་པའི་རྐྱེན།། འདུ་བྱེད་བརྒྱད་ཀྱི་གོ་བསྒོས་ནས།། ལྷག་པར་མཐོང་བའི་གཡུལ་དུ་འཇུག། ནམ་ཡང་རྐྱེན་གྱིས་མི་བརྫི་བའི།། སྤྲོས་བྲལ་རང་ཞལ་མཇལ་བའི་ཚེ།། ཐེག་པ་ཆེན་པོའི་མཐོང་ལམ་གྱི།། ཡེ་ཤེས་བརྙེས་པ་ཡིན་པར་གསུངས།། གཞན་ཡང་གྲངས་མེད་བསྐལ་པ་རུ།། མཇལ་དཀའ་རྡོ་རྗེ་ཐེག་པའི་སྒོར།། སྨིན་བྱེད་དབང་གིས་འཇུག་བྱ་སྟེ།། འདི་ཀོ་བརྒྱ་ལམ་རེས་འགའ་ཙམ།། རྒོད་དང་ལྟ་བ་ལག་བཅང་དང་།། གཉིས་སྦྱོར་འདོད་པའི་རིམ་པ་བཞིན།། རྒྱུད་སྡེ་བཞིར་གསུངས་རང་ཉིད་ཀྱི།། བློ་དང་འཚམ་པའི་ལམ་ལ་འཇུག། དེ་ཡང་མཚན་ལྡན་བླ་མ་མཆོག། མཉེས་པ་གསུམ་གྱིས་མཉེས་བྱེད་ཅིང་།། ཉམས་ན་དམྱལ་བར་ལྟུང་བྱེད་པའི།། དམ་ཚིག་སྲོག་ལས་གཅེས་པར་བསྲུང་།། དབང་གི་སྲོག་ནི་དམ་ཚིག་དང་།། དངོས་གྲུབ་རྩ་བ་དམ་ཚིག་ཏུ།། མཐོང་ནས་དྲན་དང་ཤེས་བཞིན་གྱིས།། དམ་ཚིག་གསེར་གྱི་སྒོ་ང་མཛོད།། ཐ་མལ་སྣང་ཞེན་མ་ལྡོག་ན།། སྒོ་གསུམ་ལྷ་སྔགས་ཡེ་ཤེས་སུ།། འཆར་བའི་གོ་སྐབས་མ་དམིགས་ཕྱིར།། སྣོད་བཅུད་དག་པ་རབ་འབྱམས་སྒོམས།། རྩ་དང་རླུང་དང་ཐིག་ལེ་ལ།། གནད་དུ་བསྣུན་པའི་རྣལ་འབྱོར་གྱིས།། བསྐྱེད་རྫོགས་ལམ་གྱི་རིམ་པ་ནི།། གོང་ནས་གོང་དུ་འཕེལ་བར་བྱ།། ཕྱི་ནང་གསང་བའི་གེགས་ཀྱི་རིགས།། འཇུག་པའི་གོ་སྐབས་དགག་པའི་ཕྱིར།། དུས་དྲུག་སྲུང་བའི་འཁོར་ལོ་དང་།། འབྲལ་བ་མེད་པའི་ཏིང་འཛིན་སྒོམས། མདོ་ཡི་སྤྱོད་པས་གསང་སྔགས་ཀྱི།། རྣལ་འབྱོར་ཁྱད་དུ་མི་གསོད་ཅིང་།། སྔགས་ཀྱི་སྤྱོད་པས་མདོ་ལུགས་ལ།། བརྙས་སྨོད་ནམ་ཡང་མི་བྱ་གལ།། གྲུབ་ཆེན་སོ་སོའི་ཉམས་མྱོང་ལས།། མན་ངག་བཀའ་བབ་མི་འདྲ་འབྱུང་།། གནད་འདི་ཤེས་ནས་གྲུབ་མཐའ་ཡི།། ཕྱོགས་འཛིན་དུག་ཆུ་བཞིན་དུ་སྤོངས།། འདོད་ཡོན་ལམ་དུ་འཁྱེར་བ་ནི།། སྟོང་ཉིད་རྟོགས་པའི་གང་ཟག་ཡིན།། རང་གི་སྤྱོད་པ་ཁྱི་ཕག་བཞིན།། ཆོས་ལ་ཁག་འགེལ་མ་བྱེད་ཅིག། ཆོས་དང་གང་ཟག་རྒྱབ་འགལ་དུ།། སོང་བས་དལ་འབྱོར་ཆུད་གཟོན་ཅིང་།། དེ་ལས་ལོག་ཚེ་འདི་ཕྱི་ཡི།། དོན་ཆེན་བསྒྲུབ་པའི་སྐལ་བ་ལྡན།། ཙོང་ཁ་པ་ཡི་ལམ་སྔགས་དང་།། འཇིགས་མེད་གླིང་པའི་ཡོན་ཏན་མཛོད།། དཔལ་སྤྲུལ་ཀུན་བཟང་ཞལ་ལུང་བཅས།། བསྲུབས་པའི་ཉིང་ཁུ་འདི་ལགས་སོ།། དེ་སྐད་སྨྲ་བོ་རིས་མེད་ཀྱི།། མཁས་གྲུབ་བླ་མ་མང་བསྟེན་ཅིང་།། ཕྱོགས་འཛིན་གདོན་གྱིས་མ་སྨྱོས་པའི།། ལྷ་རིགས་ལྡོང་གི་མྱུ་གུ་འོ།། བདག་ནི་ཐོས་ཆུང་ཤེས་རབ་རྟུལ།། མདོ་སྔགས་གཞུང་ལ་སྦྱངས་པ་དམན།། དེ་ཕྱིར་མ་རྟོགས་འཁྲུལ་བའི་ཚོགས།། ཤེས་ནས་སྨྲ་བ་རྣམས་ལ་འཆག། ཚུལ་འདིས་རང་མཉམ་གྲོགས་ཀྱི་ཚོགས།། ཚོམ་བུ་གཅིག་ཏུ་རྒྱུད་སྨིན་ཅིང་།། གཞོན་ནུ་བུམ་སྐུའི་གཞི་ཀློང་དུ།། ཁ་སྦྱོར་ཡེ་ཤེས་ལྔ་ལྡན་ཤོག།་ཅེས་པ་འདི་ཡང་ཐོས་ཆུང་འདུ་ཤེས་གསུམ་གྱིས་འཚོ་བ་ཀླུ་སྨྱོན་གྱིས་ནུབ་ཕྱོགས་ཨ་རིར་སྦྱར་བའོ།།
 

རྩོམ་རིག

Post navigation

Previous Post: སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་གྱི་སྐོར།
Next Post: སེམས་ཤུགས་དང་མཉམ་དུ་རྣམ་དཔྱོད་དེ་ཧ་ཅང་གལ་ཆེ།

Comments (57) on “མདོ་སྔགས་ཀྱི་ཆོས་ཚུལ་མདོར་བཤད་བྱིས་པ་འཇུག་བདེའི་འབབ་སྟེགས།”

  1. ཨ་ཕྱི་ཆོས་སྒྲོན says:
    2013-03-07 at 2:55 pm

    ལེགས་བཤད་དེ་བཀླགས་ཟིན། སེམས་ལ་ཕན་པ་བྱུང་་་་་་་་་་་མུ་འཐུད་་་་་་་་་་་་་

  2. བསྟན་འོད says:
    2013-03-07 at 3:17 pm

    མདོ་སྔགས་ཆོས་ཚུལ་མདོར་བཤད་པའི་།
    ལེགས་བཤད་གསེར་གྱི་དོ་ཤལ་ཞིག་།
    སྤེལ་མཁས་ཀླུ་དབང་ཧེ་རུ་ཀ་།
    མི་བྱེད་དད་བརྒྱའི་གཙུགས་ཏུ་བཀུར་།

  3. རྒད་པོ། says:
    2013-03-07 at 5:59 pm

    ཡག་པོ་ཞེ་དྲག་འདུག ཐུགས་རྗེ་ཆེ། ད་རེ་བ་ཅིག་ཡོད། ཚིགས་བཅད་མིན་པར་ཚིག་ལྷུག་ཕལ་སྐད་ཐོག་ལ་ཆོས་ཐུན་རེ་ངོ་སྤྲོད་ཐུབ་ན་ཤིན་དུ་ལེགས་པས། དང་པོ། སེམས་ཀྱི་དྲན་པ་སྐྱོང་སྟངས་ལ་ངོ་སྤྲོད་ཅིག་འབྲི་རོགས་མཛོད།

  4. ཀླུ་སྨྱོན། says:
    2013-03-07 at 8:54 pm

    ལགས་སོ།། ཅིག་བྲིས་ཡོད་ཀྱང་གནས་སྐབས་སྦས་ནས་བཞག་ཡོད།

  5. BONPO says:
    2013-03-07 at 9:39 pm

    དངོས་གནས་གདམས་ངག་ཡག་པོ་ཞིག་བྲིས་གནང་ཡོད་འདུག། འདི་འདྲ་ཡིན་ན་བན་སྤྲུལ་ཙམ་མ་ཡིན་པར་བོན་སྤྲུལ་ཞིག་ཀྱང་ཡོང་སྲིད། ། འོན་ཀྱང་ངོས་རང་བྱང་ཆུབ་སེམས་ཅེས་པ་འདི་ལ་བསམ་བློ་ལེགས་པར་གཏོང་གི་ཡོད། བྱང་ནས་ཆུབ་པའི་སེམས་ཅེས་པ་འདི་མ་བཅོས་པ་ཞིག་ཡིན་ནམ་ཡང་ན་བཅོས་མ་ཞིག་ཡིན། འདི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ད་ལོས་ཡིན་ཏེ། མ་བཅོས་པའི་སེམས་ཀྱི་སྙིང་རྗེ་དང་མ་བཅོས་པའི་སེམས་ཀྱི་བརྩེ་བ་ཨ་མས་བུ་ཕྲུག་ལ་དུང་བའི་དངས་གཙང་གི་རང་བྱུང་སེམས་ལས་ཀྱང་་་རང་སེམས་བཅོས་བསྒྱུར་བྱས་པའི་བྱང་ཆུབ་སེམས་འདི་ཁ་བཤད་ཙམ་མིན་པར་དོན་ལ་་ཇི་ལྟར་ཁྱད་པར་འཕགས་ཚུལ་ངོ་སྤྲོད་ཇི་ལྟར་བྱེད་དམ། །

  6. ཀླུ་སྨྱོན། says:
    2013-03-07 at 9:55 pm

    སྔོན་མར་རྩོམ་པ་པོ་དོན་གྲུབ་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ལབ་ན་འགྲིག་གི་འདུག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ལབ་དགོས་མི་འདུག་བརྗོད་ཚུལ་གོ་མྱོང་། ཟླ་བ་སྔོན་མའི་ནང་མདོ་སྡེ་པད་མ་དཀར་པོ་ཚར་གཅིག་བཀླགས་ནས་དེ་རུ་བདག་ཅག་གི་སྟོན་པའི་སྐུའི་ཕྲེང་བའི་ནང་ནས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་པོ་བྱང་སེམས་སྙིང་སྟོབས་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ལྟ་བུ་སྙིགས་མའི་དུས་ཀྱི་མ་དག་པའི་ཞིང་དུ་འཚང་རྒྱ་བར་སྨོན་ལམ་འདེབ་མཁན་ཚོར་སེམས་དཔའ་ཆེན་པོ་ཐོལ་བ་ཞིག་སྦྱོར་དགོས་ཚུལ་གསུངས་འདུག

  7. རྭ་རྒྱ་བློ་དབང་། says:
    2013-03-07 at 10:02 pm

    བརྗོད་པ་མཛེས་ཤིང་གནད་འདུས་པ། གོ་བདེ་བའི་ལེགས་རྩོམ་གནང་བར་གུས་པས་བསྟོད། ལྷག་པར་དུ་སྐྱེས་བུ་དམ་པས་མཚན་གྱིས་མཛེས་ཤིང་རིག་པའི་གནས་ཆེ་ཕྲ་མང་པོར་སྦྱངས་བརྩོན་ཐོབ་པ་ཞིག་གི་ལེགས་བྱས་མཆོག་ཏུ་མཐོང་བས་རྗེས་སུ་ཡི་རང་ལན་བརྒྱར་ཞུ་བ་དང་། ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་རྩོམ་བགྱི་ཡིན་པའི་སྐོར་ཞིག་སྔོན་ནས་ཐོས་པས་ད་ལྟ་ཅི་འདྲ་བྱུང་ཡོད་དམ་ལགས།

  8. རྭ་རྒྱ་བློ་དབང་། says:
    2013-03-07 at 10:04 pm

    བརྗོད་པ་མཛེས་ཤིང་གནད་འདུས་པ། གོ་བདེ་བའི་ལེགས་རྩོམ་གནང་བར་གུས་པས་བསྟོད། ལྷག་པར་དུ་སྐྱེས་བུ་དམ་པས་མཚན་གྱིས་མཛེས་ཤིང་རིག་པའི་གནས་ཆེ་ཕྲ་མང་པོར་སྦྱངས་བརྩོན་ཐོབ་པ་ཞིག་གི་ལེགས་བྱས་མཆོག་ཏུ་མཐོང་བས་རྗེས་སུ་ཡི་རང་ལན་བརྒྱར་ཞུ་བ་དང་། ཡོངས་འཛིན་རྡོ་རྗེ་འཆང་གི་རྣམ་ཐར་རྩོམ་བགྱི་ཡིན་པའི་སྐོར་ཞིག་སྔོན་ནས་ཐོས་པས་ད་ལྟ་ཅི་འདྲ་བྱུང་ཡོད་དམ་ལགས།

  9. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-07 at 10:08 pm

    ཀླུ་སྨྱོན་ཞལ་གྱི་བུམ་བཟང་ལས།
    འཐོན་པའི་ལེགས་བཤད་ཟིལ་མངར་འདི།
    བོད་ཀྱི་རིག་གཞུང་སྐད་ཉིད་ལ།
    སྦྱངས་པས་སྤྱོད་ཀྱི་གཞན་གྱིས་མིན།།
    ་
    ཡི་གེ་འགའ་ཞིག་ལ་དཔྱད་པ་སྟེ།
    ་
    དེ་ཕྱིར་ཐར་བའི་ནགས་ཀླུང་དུ།། ཞེས་པར་ཆོས་སྐད་དུ། དེའི་ཕྱིར་ཐར་པའི་ནགས་ཀླུང་དུ།།ཞེས་གསལ་ལོ།
    ་
    སོ་ཐར་རིས་བདུན་གང་རུང་ནི།། འདིའི་སྐབས་སུ། རྗེ་བདག་ཉིད་ཆེན་པོས།
    ་
    བསྙེན་གནས་དགེ་བསྙེན་ཕ་མ་དང་།
    དགེ་ཚུལ་ཕ་མ་དགེ་སློབ་མ།
    དགེ་སློང་མ་དང་དགེ་སློང་སྟེ།
    སོ་སོར་ཐར་པ་རིགས་བརྒྱད་དོ།། ཞེས་འདུལ་བ་རྒྱ་མཚོའི་སྙིང་པོར་གསུངས།
    ་
    ནོར་བའི་གོལ་སར་མ་འཁྱས་པར།། འདིའི་ནང་གི། འཁྱས་པར། ཞེས་པ་མ་གོ
    བློ་དང་འཚམ་པའི་ལམ་ལ་འཇུག། ཅེས་པའི་འཚམ་ལ། ས་ཡང་འཇུག་ཡོད་པ་ལེགས་སོ།།

  10. ཀླུ་སྨྱོན། says:
    2013-03-07 at 10:11 pm

    ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་རྣམ་ཐར་ལས་རིག་གསར་སྐབས་ཟུར་དུ་ཕྱེས་པའི་དེབ་ཅིག་བྲིས་ཚར་ཡོད་ཅིང་། མི་འགྱངས་པར་ཁོང་གི་ཡོངས་འཛིན་དང་སྐུ་ཚ་རྣམ་པར་རྩིས་འབུལ་བྱེད་ཀི་ཡིན། གལ་སྲིད་ཐུགས་ལ་འགྲོ་བོ་བྱུང་ན་པེ་ཅིན་ནས་དཔར་ན་ཐང་ཀི དེ་མ་བྱུང་ན་ང་རང་སྒེར་ངོས་ནས་དཔར་རྩིས་ཡིན།

  11. ཅོག་རོང་གི་མྱི། says:
    2013-03-07 at 11:26 pm

    ཀླུ་སྨྱོན་གྱིས་ད་ལྟ་བརྩམས་ཆོས་རིན་པོ་ཆེ་གཏེར་དུ་འཇུག་ཉེན་ཆེ། གང་ཡིན་ཞེ་ན་ཁོང་གི་ཤོག་སེར་ཀློག་ནུས་པའི་མི་བུ་ད་དུང་བྱོན་མེད་པ་འདྲ། 

  12. སྤོབས་པ་མཐའ་ཡས། says:
    2013-03-08 at 12:08 am

    འདི་ལ་ས་བཅད་ཡོད་པའི་རང་འགྲེལ་ཞིག་ཀྱང་ཡོད་ན་བཟང་།

  13. ཀླུ་སྨྱོན། says:
    2013-03-08 at 12:12 am

    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྫོགས་ཆེན་ཁྲིད་ཡིག་གི་འགྲེལ་པ་ཞིག་བྲིས་ཡོད་པ་འདིར་མི་འགྱངས་པར་འབུལ་ཡོང་ལགས།

  14. འདྲེ་རྐང་ཐོ། says:
    2013-03-08 at 12:19 am

    ལོ་ཟླ་གྲངས་མེད་ངལ་བ་མ་བྱས་ལ། །
    ལྷན་སྐྱེས་རིག་པའི་གཉིད་ལས་སད་པ་ལས། །
    གོ་སླའི་ངག་གིས་ཆོས་ཚུལ་མདོར་བསྡུས་སྐྱེས། །
    རང་མཉམ་མགུལ་ལ་བཏེགས་པར་བཀའ་དྲིན་ཆེ། །

  15. གནམ་ནས། says:
    2013-03-08 at 12:43 am

    ཨ་ཁུ་ཀླུ་སྨྱོནལགས་ཀྱིས་མདོ་སྔགས་ཅེས་བསྟན་པ་སྤྱིའི་སྡོམ་ཅིག་སྤེལ་ཡོད་ཅེས་གསུངས་འདུག་པ་དང་། དེར་སྦྱང་བ་སྔོན་སོང་གི་སྐྱེས་བུ་མང་པོས་ཀྱང་བསྔགས་འདུག སྤྱིར་དམ་པའི་ཆོས་འཛིན་སྐྱོང་སྤེལ་གསུམ་ལས་ལྷག་པའི་ལས་ཞིག་གླིང་འདིར་དབེན་པས་དེར་མི་བསྔགས་ན་སུ་ལ་བསྔགས་དགོས་ཏེ། སྟོན་པའི་བསྟན་པའི་གོ་རིམ་འཁྲུགས་པ་དང་གཞུང་གི་བཅད་མཚམས་མི་ཤེས་པ། ཁྱད་པར་དུ་མདོ་སྔགས་ཀྱི་ས་མཚམས་འཁྲུགས་པ་དང་རང་འདོད་ལྟར་དམ་ཆོས་འགལ་མཛོལ་ཅན་དུ་བྱས་ཏེ། ཚིག་སྦྱོར་སྤེལ་བ་ལ་བསྟན་པའི་སྤྱི་འཆིང་གི་མིང་བཏགས་ན་ཐལ་ཆེ་བ་མ་ཡིན་ནམ། ཨ་ཁུ་ཀླུ་སྨྱོན་ལགས་ངོ་མ་ཡིན། ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་འདི་ལྟར་ཁྱེད་ཀྱི་ནམ་རྒྱུན་བོད་ཡིག་འབྲི་ཀློག་ཤེས་པ་ཙམ་ལ་བསྟེན་ནས་ཚིག་སྦྱོར་སྤེལ་བ་ལྟར་གང་འདོད་དུ་གང་དྲན་དྲན་བྱས་ནས་བྲིས་བ་ཡིན་ན་འགྲིག་གི་མ་རེད། དེ་བས་རྗེས་སུ་དམ་པའི་ཆོས་ལ་སྤྱི་སྡོམ་སོགས་མ་འབྲི་འདི་ཁྱེད་རང་གི་ཡོང་གི་མི་འདུག འབྲས་སྤུངས་ནས་ཚོགས་ཟས་ཟོས་ཚོགས་ཇ་འཐུང་བ་ཙམ་གྱིས་གྲྭ་ས་འགྲིམ་པ་ཡིན་ཞེས་དམ་པའི་ཆོས་ཀྱི་སྤྱི་ཁོག་ལབ་ས་མ་རེད། དེའི་ཆོས་ཅན་ལ་ཁྱེད་རང་གི་གོང་གི་སྡོམ་དེས་བསྟན་འདུག་པས་དེ་བཞག་པ་ཡིན། གཞན་མཆན་འགོད་མཁན་གྱི་གྲས་ནས་ལྭ་དྭགས་པས་སོ་སོ་ཐར་བ་རིགས་བརྒྱད་ཅེས་དག་བཅོས་གནང་འདུག་པ་ལས། གཞན་དག་གྲྭ་ཟུར་དག་གིས་ཀྱང་བསྔགས་པ་བརྠོད་འདུག ང་ཁྱིམ་པ་བ་ཞིག་ཡིན་ཡིན་ན་ཡང་མཐའ་ན་ངའི་ཕ་མ་གཉིས་བོད་ཀྱི་ལུང་ཁུག་ཅིག་ནས་མི་ཚེ་ཧྲིལ་པོ་སྐྱེལ་ཏེ། ཕྱུགས་རིགས་འཚོ་སྐྱོང་དང་ཞིང་རྨོ་ལོག་རྒྱག་ཙམ་གྱི་འཚོ་གོས་སྐྱེལ་ཞོར་དུ་དམ་པའི་ཆོས་ལ་སློབ་གཉེར་བྱས་པར། ཁོང་གཉིས་ཀྱིས་ཀྱང་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས།འཁོར་བའི་ཉེས་དམིགས་སོགས་སྐྱེས་བུ་འབྲིང་གི་ཆོས་སྐོར་དུ་མི་འཇོག ང་ལ་ཨ་ཁུ་ཀླུ་སྨྱོན་དང་དྲ་གྲོགས་ཚོས་མ་སྡུག་རོགས། ངས་ངའི་ཕ་མ་གཉིས་དམ་པའི་ཆོས་ལ་མཁས་པ་དང་རྟོགས་ལྡན་པར་སྒྲུབ་ཀྱིན་མེད། ཁྱེད་རྣམ་པ་མཁྱེན་པའི་བདག་པོ་རེད། ཤེས་བཞིན་དུ་འདི་ལྟར་བདེན་པ་ལ་སྙོམས་ནས་ཨ་ཁུ་ཀླུ་སྨྱོན་ལ་བསྟོད་པ་བྱས་ན་འདི་ངོ་མས་བྱ་བ་བྱེད་སྟངས་ཞིག་མ་རེད། ཨ་ཁུ་ཀླུ་སྨྱོན་ངས་དེ་སྔ་རྩ་བ་ཉིད་ནས་ཁྱེད་ལ་ཁ་བཏང་མྱོང་མེད། ད་ཐེངས་ངོ་མས་སེམས་ནས་བཟོད་མ་སོང་། ཁྱེད་རང་སྤྲུལ་སྐུ་བྱས་ན་དེ་འགྲིག་གི་ཡོད་པ་རེད། སུས་བཤད་ཚུགས་སངས་རྒྱས་ཀྱི་མྑྱེན་རྒྱུ་རེད། གཞན་བསྟན་པའི་རྣམ་བཞག་དང་འབྲེལ་བའི་རྩོམ་ཡིག་དེ་ཁྱེད་རང་གི་ཡོང་གི་མ་རེད་ལ། ངོ་མས་ཡོང་ཡང་མི་འདུག་ཁྱེད་རང་གི་མཐའ་ན་ཀྲུབ་དོན་ས་གསུམ་ཙམ་ལའང་བློ་ངེས་མེད་པ་གོང་གི་ཚིག་ཕྲེང་ནང་མང་པས་འདི་ཁྱེད་རང་གི་ལས་སུ་གྱུར་མི་འདུག སྐུ་མཁྱེན་འདིའི་རིགས་དེང་ཕྱིན་མ་འབྲི་རོགས། ངག་འཆལ་བ་རང་རེད་འདུག དགོངས་འགལ་མེད་པ་ཞུ། ཁྱེད་རང་སྐུ་ཐག་བཅད་འདུག་པས་བསྟན་དོན་ལ་དེས་འགྲིག་བསྡད་ཡོད་པ་རེད། སྐུ་འཁྲུངས་པ་ཙམ་གྱིས་བསྟན་པ་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་སུ་ཡོད་པ་ལགས་པས་དེས་འཐུས། གཞན་དོན་གྲུབ་རྒྱལ་ཡང་ནང་ཆོས་ལ་སྦྱང་བ་སྔོན་སོང་གི་གང་ཟག་མ་རེད། ཁོས་ནང་རིག་པའི་དོན་ཁྱེད་ནང་བཞིན་གོང་སྒྲིག་ཐུབ་གི་མ་རེད། གཞན་ཁྱེད་རང་གིས་གོང་གི་མཆན་ཞིག་ན་དོན་གྲུབ་རྒྱལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཚུལ་བཞིན་འགོ་ཁུངས་སུ་ལུང་གཏུགས་སར་དྲངས་ཡོད་པ་འདིས་ཀྱང་ཁྱེད་ཀྱི་ནང་གི་དེ་ཉིད་གསལ་བར་བཟོས་ཟིན་ཡོད་པ་རེད། འདིར་ཁ་ཚང་ཀློག་མེད། ཤོ་ལོ་ཀ་བཅུ་ཙམ་ནང་ཉོག་བསྐྲུགས་འདུག་པ་མཐོང་ནས་མཆོག་ལ་གུས་ཏེ། བགྲོ་གླེང་འདི་ཞུ་བ་ལེགས་ན། བཟང་སེམས་ལ་བཟང་སེམས་སུ་མཐོང་པར་སྨོན། དྲ་གྲོགས་ཚོར་དགོངས་དག་བསྟོད་པ་མ་ཡེ་འདིར་ཚ་འཁྲུལ་བྱུང་ཚར་འདུག་ན་ད་དུང་ཚ་འཁྲུལ་མ་རེད་ཅེས་ན་འགྲིག་གམ། དམ་པའི་ཆོས་རྩེད་ཆོས་མ་རེད། ངོ་མ་བྱ་བ་གང་ལའང་ཚད་དང་ཚོད་ཅིག་ཡོད་ན་མི་ལེགས་སམ། དཀོན་མཆོག་མཁྱེན་འདི་ནི་ཚད་ལས་བརྒལ་འདུག

  16. ཀླུ་སྨྱོན། says:
    2013-03-08 at 1:06 am

    མྱི་ལྡང་། ངའི་འདི་དཔེ་ཀློག་གི་ཟིན་བྲིས་ལྟ་བུ་ཞིག་ཡིན་མ་གཏོགས་གཞུང་ཆེན་མོའི་སྤྱི་ཁོག་བསྒྲིགས་ཏེ་གྲྭ་ཚང་ཞིག་གི་ཡིག་ཆ་ལ་འཇོག་རྩིས་དེ་འདྲ་རྩ་བ་ཉིད་ནས་མེད། ཐད་ཀ་ཐད་ཀར་གོ་བ་རེ་བླངས་ནས་ཕྱིན་ན་འགྲིག་ག
    “རང་ཉིད་གཅིག་པུ་ལྷ་དང་མིའི།། མངོན་མཐོའི་གནས་ལ་སྦྱོར་བའི་ཕྱིར།། དགེ་བཅུའི་ལམ་ལ་རབ་འབད་པ།། དེ་ནི་སྐྱེས་བུ་ཆུང་ངུ་འོ།། རྩ་བ་གསུམ་དང་རྒྱུ་མཚན་དགུ། ཐག་བཅད་གསུམ་གྱི་གདམས་ངག་གིས།། འཆི་བ་མི་རྟག་དྲན་པའི་བློ།། ཆོག་ཤེས་མེད་པར་རྒྱུན་དུ་བསྟེན།། དལ་བའི་རྟེན་འདི་རྙེད་དཀའ་བ།། དཔེ་དང་རྒྱུ་མཚན་ངོ་བོ་གསུམ།། ངོ་འཕྲོད་པར་ནི་སྒོམ་བྱེད་ན།། ཆོས་ལ་འཇུག་པའི་བློ་རྙེད་འགྱུར།།” ཚིག་བཅད་འདི་ཚོས་སྐྱེས་བུ་ཆུང་ངུ་དང་དེའི་ཉམས་སུ་བླང་བྱའི་ཆོས་སྐོར་བསྟན་ཡོད་ཁུལ་ཡིན། ཁྱེད་ཀྱིས་སྣ་བཅད་ནས་ཁ་ནང་དུ་འཛུག་རྩིས་མ་བྱེད། རྗེ་གུང་ཐང་བས། ཆོས་ཚུལ་ཟབ་པས་ཐག་གཅོད་མ་སྔ་ཞིག །གསུངས་པའང་ཉིད་ལྟ་བུའི་རྟོག་གེ་བ་རྟ་ཐོག་མ་ཚོར་གསུངས་པ་རེད། དྲང་མོ་ཞིག་བཤད་ན་འདི་མོ་ཞིག་རེད།

  17. ཀླུ་སྨྱོན། says:
    2013-03-08 at 1:09 am

    ངས་འདི་ནས་ཁྱེད་ལ་མཚར་གཏམ་ཞིག་ཞུ། ངའི་དགོན་པ་གཅིག་པའི་ཆོས་གྲོགས་ཡིག་རྩ་དེ་འདྲ་མི་བཟང་བ་ཞིག་གིས་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཞལ་བྱང་བཀླགས་ཏེ་ང་ཚོ་གད་མོས་རྒྱུ་མ་ཉོག་པ་ཞིག་བཟོས་མྱོང་། ཁོས་རྒྱལ་སྲས་ཀྱིས་ལག་ལེན་སོ།། བདུན་མ་བཞུགས་སོ།། ཞེས་བཀླགས་པ་རེད། ཁྱེད་ཀྱིས་ཀྱང་སྐྱེས་བུ་ཆུང་ངུའི་ཆོས་སྐོར་སྐྱེས་བུ་འབྲིང་ལ་སྦྱར་ནས་ང་ལ་དགག་བཞག་བྱེད་ཀི་ཡོད་པ་རེད། ད་དུང་ང་ཤི རོ་བྲག་ཕུག་ཏུ་ཡོད་སོགས་གཅོད་མཚམས་ནོར་བའི་དགོད་སྒྲུང་མང་པོ་ཡོད་དོ།།

  18. གནམ་ནས། says:
    2013-03-08 at 1:32 am

    ཨ་ཁུ་ཀླུ་སྨྱོན། ཨ་ཁྱེད་རང་ལ་འཇུག་ཏུ་བཅུག་ཡོད། ཨ་ཁུ་ལེ་ལེ་ཞུ་བ་ཞིག་བྱེད། དམ་པའི་ཆོས་ཀྱི་བསྟན་བཅོས་རྩོམ་རྒྱུར་ཁྱེད་རང་གི་སྐུ་ཕྲེང་འདིར་ལས་སྨོན་གྱི་རྩིས་ཟིན་མེད་པ་ཁོ་ཐག་རེད། དགེ་སྦྱོང་གི་ཆོས་བཞི་ཁྱེད་རང་གི་མཁྱེན་གི་ཡོད་རྒྱུ་རེད། ཞལ་དང་པོ་ལྡིང་ཡོང་དུས་ནས་ཞལ་འཛིང་བརྒྱབ་ནས་ཕེབས་སོང་། དེའི་སྐོར་གཡུག་ཞོགས། ཁྱེད་རང་གི་སྒེར་ཆོས་འདྲ་ཡིན་ན་མི་ཤེས། ཟིན་བྲིས་ཡིན་ན་ཁ་ཟིན་སྣ་ཟིན་དུ་གྱུར་འདུག་པས་ཉིད་ཀྱི་ཟིན་བྲིས་རེད། མཆན་འགྲེལ་གནང་བར་ཐུགས་རྗེ་ཆེ། ཧ་གོ་སོང་བས་དེ་ལ་གཟབ་གཟབ་བྱེད་དགོས་པའི་རྒྱུ་མཚན་མེད་པ་མཐོང་སོང་། སྐུ་མཁྱེན་དེ་སྔའི་ཟིན་བྲིས་ཞིག་དེ་རིང་མཐོང་བས་འདིར་བཀོད་འདོད་བྱུང་སོང་གསུངས་བཞིན་འདུག་པས། དེ་ནི་ཚང་མར་བགྲོ་གླེང་གི་ཚུལ་དུ་ཡིན་རྒྱུ་རེད། དེ་བས་ངས་ཁྱེད་ལ་ཁ་ལན་སློག་འདོད་བྱུང་མ་སོང་། གང་ལྟར་ལན་དེ་མ་ཉིད་དུ་གནང་བྱུང་བས་ཐུགས་བདེན་སྐུ་ལོ་ཡག་པོ་ཡོད། སྐྱག་རྫུན་ལབ་རྒྱུའི་གཤིས་ཀ་ཨ་ཁུ་ཀླུ་སྨྱོན་ལ་ཡོད་པ་མ་རེད།

  19. གནམ་ནས། says:
    2013-03-08 at 1:40 am

    ཨ་ཁུ་ཀླུ་སྨྱོན་གཤམ་གྱི་སྐད་ཆ་འདི་གུ་རེ་མིན་དོན་གཏམ་ཡིན། མདོ་སྔགས་གཉིས་ཀྱི་ས་མཚམས་ཇི་ལྟར་དབྱེ་འབྱེད་བྱེད་དགོས་པ་རེད། གོང་གི་ཉིད་ཀྱི་ཟིན་བྲིས་སུ་མདོ་མཚམས་གང་དང་སྔགས་མཚམས་ཀྱི་ཟིན་བྲིས་གང་ཡིན་ལགས། ཞལ་ལན་ཞིག་གནང་རོགས་ཞུ་བ་ལགས།

  20. གནམ། མེས་པོའི་ཐེམ་སྐས། says:
    2013-03-08 at 2:12 am

    ཀླུ་སྨྱོན་ལོ་ལོ། སེམས་དཔའ་གཉིས་བརྩེགས་ཐོབ་མིན་བཤད་སྐབས་དོན་གྲུབ་རྒྱལ་གྱི་ཚིག་གཅིག་ལུང་འདྲེན་བྱས་པ་དེས་ཁྱོད་ཀྱིས་མདོ་སྔགས་གཉིས་ལ་སྦྱང་བ་ཅི་ཙམ་སོང་བ་དང་། མ་རྩ་ཅི་ཙམ་ཡོད་པ་གསལ་བོར་བསྟན་པ་རེད། དེ་ལས་མཇེ་སྟུའི་སྐོར་དང་རྟོག་སྒྲུང་རེ་བྲིས་དང་མུ་མཐུད་ནས་ཀློག་གི་ཡིན། ད་ལན་དྲང་པོ་མིན་ན་གསེར་སྡོང་ག།

  21. ཨོ་རྒྱན་ཉི་མ། says:
    2013-03-08 at 3:03 am

    ལེགས་སོ། ད་དུང་་་་་་་འཇིགས་གླིང་གི་ཡོན་མཛོད་ལེའུ་བཅུ་པ་བཅུ་གསུམ་པར་ངེས་པར་ཞིབ་གཟིགས་དགོས་པར་འདོད།

  22. ལུང་རྟོགས། says:
    2013-03-08 at 3:09 am

    ཀླུ་སྨྱོན་འདིས་ཆབ་སྲིད་མི་ཤེས་པ་ལས་ཆོས་བཤད་རྒྱག་དགོས་ན་བཤད་རྒྱུ་ཞིག་མི་འདུག

  23. གནམ says:
    2013-03-08 at 3:16 am

    “ད་ལན་དྲང་པོ་མིན་ན་གསེར་སྡོང་ག།” བོད་སྐད་མ་ཤེས་བར་ཡིག་རྩ་བཟང་རྒྱོ་མང་སོང་ན་ད་ལྟད་མོ་ཡོད་ཀི་ཨ། གསེར་སྡོང་ཡིན་ན་ཅིག། ཧ་ཧ་ཧ། ལོ་གཅེས་ཐེམ་སྐས། གསེར་གདུང་ཟེར་ནི་རེད།

  24. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-08 at 5:28 am

    གནམ་མཆོག་གི་སྐོར་ལ། དང་པོ་ངས་མདོ་སྨད་པའི་ཁ་སྐད་མང་བར་བརྒྱབ་པར་བརྟེན། བོད་སྤྱིའི་སྐད་ལ་སློབ་སྦྱོང་མེད་པ་ཞིག་ཏུ་བསམས་ཀྱང་། ཕྱིས་སུ་ཁོང་གིས་བྲིས་པའི་རྗོད་བྱེད་དག་ཆོས་སྐད་དང་མཐུན་པ་མང་དུ་མཐོང་། འདིར་བཤད་པའི་ཁོང་གི་བརྗོད་བྱ་ལ་མ་བརྟགས་ཉམས་དགའ་བ་ཡིན་པས་འཐད་དམ་མི་འཐད་ལ་དཔྱད་པ་བྱས་མེད། དེ་ལྟར་བྱེད་པ་ལ་ལོང་ཡང་མེད། བདག་རང་གི་བསམ་འཆར་དངོས་སུ་བཏོན་པ་ལགས་སོ།།

  25. གནམ says:
    2013-03-08 at 7:19 am

    ཆོས་ཀྱི་སྐོར་ལ་དཔེ་ཀློག་གཅིག་ཡང་མེད།
    མ་ཎི་ཡི་གེ་དྲུག་མ་ངག་འདོན་ཡིན།
    རྒན་དང་བླ་མར་གུས་བ་ཕ་མས་གདམས།།
    གཅེས་ནོར་ཕ་སྐད་བརློམས་པ་ང་ཡི་བློ།།

  26. ཀླུ་སྨྱོན། says:
    2013-03-08 at 11:33 am

    མྱི་ལྡང་། གྲྭ་ས་ནས་དགེ་བཤེས་མ་ཐོན་ན་གཞུང་རྩོམ་མི་ཆོག་པའམ་མི་ཐུབ་པའི་ལྟ་ཚུལ་ངན་པ་དེ་ཁྱེར་ནས་དྲ་ཐོག་ག་ཐོན་འདུག་ག

  27. ཀླུ་སྨྱོན། says:
    2013-03-08 at 11:39 am

    མདོ་སྔགས་གཉིས་ཀྱི་ཁྱད་པར་འབྱེད་ཆོས་མང་ཡང་མདོར་བསྡུས་ན། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རོ།།

  28. ཀླུ་སྨྱོན། says:
    2013-03-08 at 11:41 am

    དགེ་ལུགས་པའི་འཇམ་བཞད་སྐུ་ཕྲེང་དང་པོས།
    མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་ཟད་ནུས། །
    ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས། །ཞེས་ཀྱང་བརྗོད་དོ།།

  29. རང་གྲོལ། says:
    2013-03-08 at 11:54 am

    ཀླུ་སྨྱོན། ཁྱོད་ཀྱིས་མི་མང་གིས་སྲིད་ཀྱི་གོ་རྟོགས་མ་བྱུང་བར་དུ་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མི་སྤེལ་ཞེས་ཁས་བླང་གཙང་མ་ཟིན་པ་རེད། ཁས་བླང་དེ་ཡང་ཁྱེད་ཀྱིས་ཆབ་སྲིད་ཁས་དྲགས་ནས་ཁས་བླངས་པ་མ་རེད། འུ་ཐུག་ནས་ཁས་བླངས་པ་རེད། ད་ཡང་ཁྱེད་ཀྱིས་ཆོས་མི་ཤེས་བཞིན་དུ་སྤྱི་ཚོགས་ནང་ཆོས་ཤེས་མི་མཁན་རྣམས་ལ་ནང་དོན་རིན་ཐང་མེད་པའི་ཚིག་སྙན་པོས་འུར་སྒྲོག་གིས་ཆོས་ཀྱི་བསླབ་བྱ་བཤད་པ་དེ་ངེད་རང་ཁྱོན་ནས་འཐད་ཀྱི་མི་འདུག ང་ཁོམ་ལོང་བྱུང་ན་ནང་དོན་ཐད་ཕྱིན་ཅི་ལོག་ཏུ་བསྟན་པ་རྣམས་ཏོག་ཙམ་འབྲི་རྒྱུ་ཡིན། སྤྱི་ཚོགས་ལ་ཏོག་ཙམ་ཕན་སེམས་པ་ཡོད་ན། རང་གིས་གང་ཤེས་རྟོགས་ཡོད་པ། ཉམས་མྱོང་ཡོད་པའི་ཤེས་བྱ་གང་མང་སྤེལ་ན་དགའ་བསུ་ཡོད་པས་དེ་ཙམ་ཡིན།

  30. བན་དེ་བ། says:
    2013-03-08 at 11:59 am

    དེ་ཡིན་ན་སྟོན་པ་ཐུབ་པའི་དབང་པོ་མདོ་ལུགས་ཀྱི་སངས་རྒྱས་ཚུལ་བསྟན་པས་སྔགས་ལུགས་ལ་སངས་རྒྱས་མིན་ཟེར་དགོས་སམ།
    ངེད་ཅག་གི་ལུགས་ལ་མདོ་སྔགས་སེམས་གསུམ་ལྟ་བའི་སྟེང་ནས་ཁྱད་པར་འབྱེད་དགོས་ཤིང་དེས་ན་སྒོམ་པ་དང་སྤྱོད་པ་སོགས་སྒོ་ཀུན་ནས་ཁྱད་པར་ཡོད། འོན་ཀྱང་རྫོགས་པ་ཆེན་པོའི་གཞུང་ནས་་་་མདོ་སྔགས་སེམས་གསུམ་ཀའི་མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་ཅིང་མགྱོགས་བུལ་གྱི་ཁྱད་པར་ཡོད་པ་ནི། དཔེར་ན་དེ་གསུམ་ཀའི་འབྲས་བུ་ཕྱུག་པོར་འགྱུར་བ་ལ་ཁྱད་པར་མེད་ནའང་མགྱོགས་བུལ་གྱི་ཁྱད་པར་ནི། དཔེར་ན། མི་གསུམ་གཅིག་གིས་སོད་ནམས་ཀྱིས་ཕྱུག་པོར་གྱུར་བ་དང། གཅིག་དེ་དགུན་ཚོང་དབྱར་ཚོང་ལས་སོགས་རྒྱབ་སྟེ་ཕྱུག་པོར་གྱུར་བ་དང། གཅིག་དེ་ཇག་པ་རྒྱབ་སྟེ་ཕྱུག་པོར་གྱུར་བ་ལྟ་བུ་རེད། དེ་གསུམ་མཐར་ཐུག་ཕྱུག་པོར་གྱུར་བ་ལ་ཁྱད་པར་མེད་ཀྱང། མགྱོགས་བུལ་གྱི་ཁྱད་པར་ཡོད་དེ། སོད་ནམས་ཀྱིས་ཕྱུག་པོར་གྱུར་བ་ནི་མདོ་ལུགས་ཀྱི་སངས་རྒྱས་ཚུལ་དང། ཚོང་ལས་ལ་བརྟེན་ནས་ཕྱུག་པོར་གྱུར་བ་ནི་སྔགས་ལུགས་ཀྱི་སངས་རྒྱས་ཚུལ་དང། ཇག་པ་རྒྱབ་སྟེ་ཕྱུག་པོར་གྱུར་བ་ནི་རྫོགས་ཆེན་གྱི་ལུགས་ཀྱི་སངས་རྒྱས་ཚུལ་གྱི་དཔེར་བསྟན་པའོ། དཔེ་དོན་སྦྱོར་མིན་ཁྱད་ཀྱིས་དཔྱོད་དང།

  31. ཀླུ་སྨྱོན། says:
    2013-03-08 at 11:59 am

    སྐབས་འདིར་སྔགས་ལམ་གྱིས་ཤེས་སྒྲིབ་ཕྲ་མོ་སྤོང་ནུས་ཞེས་པའི་སྔགས་ལམ་དེ་ཡང་སྔགས་བླ་མེད་ཀྱི་ལམ་ལ་གོ་དགོས་ཤིང་། སྔགས་བླ་མེད་ལ་མ་བརྟེན་པར་སྒྲིབ་གཉིས་སྤོང་བའི་ཐབས་ཀྱང་མེད་དེ། ཉོན་སྒྲིབ་ལ་ཕྲ་རགས་གཉིས་ཤེས་སྒྲིབ་ལ་ཕྲ་རགས་གཉིས་སུ་བྱས་པའི་རགས་པ་གཉིས་ཕར་ཐེག་དང་རྒྱུད་སྡེ་འོག་མ་རྣམས་ལ་བརྟེན་ནས་སྤོང་ནུས་ཀྱང་། ཕྲ་མོ་གཉིས་སྤོང་བ་ལ་ངེས་པར་བླ་མེད་ལ་བརྟེན་དགོས་ཏེ། དེ་ཡང་བླ་མེད་ཀྱི་སྒྲིབ་པ་སྤོང་ཚུལ་ལ་སེམས་དབེན་དཔེའི་འོད་གསལ་གྱིས་ཉོན་སྒྲིབ་རགས་པའི་དངོས་གཉེན་བྱས་ནས་སྤོང་ཞིང་། དེ་ལས་ལངས་པའི་སྒྱུ་ལུས་དེ་ཉོན་སྒྲིབ་ཕྲ་མོ་ཐ་མལ་གྱི་ཞེན་པ་མ་དག་པས་མ་དག་པའི་སྒྱུ་ལུས་དང་། དོན་གྱི་འོད་གསལ་གྱིས་ཉོན་སྒྲིབ་ཕྲ་མོ་དེའི་དངོས་གཉེན་བྱས་ཏེ་སྤངས་ནས་དེ་ལས་ལངས་པའི་སྒྱུ་ལུས་དེ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་ཐོབ་པའི་གང་ཟག་དེས་སླར་ཡང་དོན་གྱི་འོད་གསལ་ལ་མཉམ་པར་བཞག་ནས་དེ་འདྲའི་འོད་གསལ་དེས་ཤེས་སྒྲིབ་རགས་པའི་དངོས་གཉེན་བྱས་ནས་སྤངས་པའི་མཐར། སློབ་པ་མཐའི་དོན་གྱི་འོད་གསལ་གྱིས་ཤེས་སྒྲིབ་ཕྲ་མོ་ཐ་མལ་གྱི་སྣང་བའི་དངོས་གཉེན་བྱས་ནས་སྤངས་ཏེ་སངས་རྒྱས་པ་ཡིན་ལ། མདོར་ན་སྒྲིབ་པ་རྩ་བ་ནས་སྤོང་བ་ལ་སློབ་པ་མཐའི་དོན་གྱི་འོད་གསལ་ངེས་པར་ཐོབ་དགོས་ཤིང་། དེ་སྔགས་བླ་མེད་ལ་མ་བརྟེན་ཐོབ་པའི་ཐབས་མེད་པས་འཚང་རྒྱ་བ་ལ་ངེས་པར་སྔགས་བླ་མེད་ལ་བརྟེན་དགོས་པའི་གནད་གཅིག་ཀྱང་ཡིན་ནོ།།
     

  32. བན་དེ་བ། says:
    2013-03-08 at 12:07 pm

    མདོ་ཀུགས་ལ་སྣང་སྲིད་དག་པ་རབ་འབྱམས་དང་སྔགས་ལུགས་ལ་ཐ་མལ་གྱི་སྣང་བ་ཕྲ་རགས་ཏེ་འབྱུང་བཞི་རང་མཚན་པ
    ་ལས་སོགས་འཇིག་རྟེན་པ་ལ་ས་གཞི་རི་བྲག་འཇམ་རྩུབ་དག་ལྷ་སྐུ་ཞི་དྲག་གི་རྣམ་པར་བསྒྱུར་ཏེ་ཕྱི་སྣོད་ཐམས་ཅད་ལྷ་ཡི་གཞལ་ཡས་ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་མཐོང་བ་གཉིས་ལ་དག་དང་མ་དག་གི་ཁྱད་པར་ཡོད་དམ།

  33. བན་དེ་བ། says:
    2013-03-08 at 12:08 pm

    མདོ་ལུགས་་་་བཅོས་རོགས

  34. ཀླུ་སྨྱོན། says:
    2013-03-08 at 1:16 pm

    སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུ་རུ། །
    འཁྱེར་བའི་ཉམས་ལེན་མདོ་ཡི་ལུགས་ལ་མེད། །
    དེ་བཞིན་རྩ་རླུང་ཐིག་ལེའི་ཉམས་ལེན་ཡང་། །
    མདོ་ཡི་ལུགས་ན་ཡོད་དམ་ཤེས་ལྡན་དག །
    སྐབས་འདིའི་རླུང་ནི་རླུང་སེམས་དབུ་མར་འཇུག་པ་ལ་གོ

  35. རྒད་པོ། says:
    2013-03-08 at 1:20 pm

    བགྲོ་གླེང་འདི་ལྟ་བུ་ཤིན་དུ་དཀོན་ལ་ཕན་པ་ཡང་ཆེ། ལྷག་དོན་བགྲོ་གླེང་གཏིང་ཟབ་ཏུ་འགྲོ་བ་དང་རྣམ་དཔྱོད་ཡང་ཕྲ་རུ་ཕྲ་རུ་གཏོང་དགོས་ངེས། ལུང་རིགས་ལགས་ཆོས་ཕྱོགས་ལ་རྣམ་དཔྱོད་བཀྲ་བས། ཅིའི་ཕྱིར་འདིར་མ་ཕེབས་སམ།

  36. ཀརྡོ་གཉེར་ཕྱག་པ་ says:
    2013-03-08 at 2:19 pm

    ཀླུ་སྨྱོན་ལགས་ཀྱིས། རང་གི་དཔེ་ཀློག་ཟིན་བྲིས་འདིར་གསར་རྙིང་འདྲེས་མའི་ཆོས་སྐད་དུ་སྤེལ་བ་ཤིནད་ཏུ་ལེགས།
    ཚད་མེད་བཞི་ཡི་དགེ་འབྲས་སུ།། སྲིད་པའི་རྩེ་མོའི་ཏིང་འཛིན་འཐོབ།། ཅེས་པའི་ཚད་མེད་བཞི་འདི། བསམགཏན་ནམ། གཟུགས་མེད་བཞི་ཞེས་མི་དགོས་སམ། ཡང་། དེ་མ་ཐག་ཏུ་མི་གཡོ་བའི་ལས་ལ་དགེ་བའི་འབྲས་བུར་གསུངས་པ་ཅུང་མི་འཐད་སྙམ།
    ཡང་།
    སྔགས་ཀྱི་སྤྱོད་པས་མདོ་ལུགས་ལ།། བརྙས་སྨོད་ནམ་ཡང་མི་བྱ་གལ།། གལ་ཞེས་པ་ཙམ་གྱི་གོ་དོན་ཆ་ཚང་སྟོན་ཐུབ་བམ། འདིར་གལ་གྱི་ཚབ་ཏུ་རེམས་ལྟ་བུ་མི་དགོས་སམ།

  37. གནམ་ནས། says:
    2013-03-08 at 4:01 pm

    ཨ་ཁུ་ཀླུ་སྨྱོན་ལོ་ལོ། ཁྱེད་རང་ཡོངས་གྲགས་ཀྱི་སྤྲུལ་སྐུར་གྱུར་ཚར་བ་རེད། དེས་མ་འགྲིག་པ་ཞིག་འདུག་གམ། གྲུབ་དོན་ས་གསུམ་ཙམ་ཡང་མི་ངེས་པས་བསྟན་བཅོས་རྩོམ་རྒྱུ་ཡོད་པ་མ་རེད། ཁྱེད་རང་ལ་འཚོ་བ་རོལ་སྤྱད་དུ་ཁྱེད་རང་གིས་སློབ་མ་ཚོར་གང་འདྲ་ཞིག་ཁྲིད་ཀྱིན་ཡོད་ན་དེས་འགྲིག་ཡོད་པ་རེད། ནང་ཆོས་ཀྱི་བསྟན་བཅོས་ན

  38. རང་གྲོལ། says:
    2013-03-08 at 4:03 pm

    ཁྱོད་གྲུབ་མཐའ་གྲུབ་རིས་མེད་བྱས་ཏེ་དཔེ་ཆ་ཡག་པོ་བལྟས་འདུག་ག། ད་ཁྱོད་འདི་འདྲའི་བཤད་ནས་ཆུ་ཚོད་བསྐྱལ་གྱི་ཡིན་ནམ།

  39. ཀླུ་སྨྱོན། says:
    2013-03-08 at 4:24 pm

    མྱི་ལྡང་། ས་ལམ་དང་གྲུབ་མཐའ་རིན་འཕྲེང་དོན་བདུན་ཅུ་གསུམ་ཕ་ཡུལ་ན་ཡོད་དུས་ནས་བློ་ན་ཡོད། རྩོད་པ་དེ་ཙམ་རྒྱག་མ་ཐུབ། གྲངས་འདྲེན་དགོས་ན་ཤར་ཤར་ཡིན། འཇམ་བཞད་གྲུབ་མཐའ་ཆེན་མོ་ནང་བཞིན་ཉོག་དཀྲུགས་པའི་རྩོད་པ་དེ་ངས་མི་ཤེས།

  40. ཀླུ་སྨྱོན། says:
    2013-03-08 at 6:28 pm

    དོན་མེད་ཀླན་ཀ་འཚོལ་བའི་མཆན་ནག་རིགས་བསུབས་ཟིན།

  41. ཀླུ་སྨྱོན། says:
    2013-03-08 at 7:38 pm

    གླེང་ནག་འདེབས་པའི་མཆན་ནག་ཚང་མ་བསུབ་རྐྱང་ཡིན། །
    ནད་འབུ་ཅན་གྱི་དྲ་འབུ་ཚང་མའི་སྡུག་གྱོང་བྱོས། །

  42. མེ་ཏོག་དཀར་པོ says:
    2013-03-08 at 9:23 pm

    བཀླགས། ཕྲག་དོག་ལངས་སོང་།

  43. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-03-08 at 9:26 pm

    མདོ་སྨད་པ་འབྲོག་ཕྲུག་བླ་མ་ཀླུ་སྨྱོན་འདི་རྗོད་བྱེད་བོད་སྤྱིའི་སྐད་ཀྱི་ཆ་ནས། གཟབ་གཟབ་ཏུ་འགྱུར་བར་སྣང་བས། ཁོང་ལ་ཀླན་ཀ་རྗོད་པ་རྣམས་ཀྱང་དེ་ལྟར་འགྱུར་བར་སྨོན་ནོ།།

  44. རང་གྲོལ། says:
    2013-03-08 at 11:11 pm

    ཆུ་ཚོད་དྲུག་བདུན་ཙམ་གྱི་སྔོན་ལ་ཀླུ་སྨྱོན་དང་ང་གཉིས་མཆན་གྱི་ལམ་ནས་བགྲོ་གླེང་བྱས་པ་ཡིན། འོན་ཀྱང་མཆན་ནག་ངོས་འཛིན་གྱིས་ང་གཉིས་བཤད་པའི་མཆན་མང་ཆེ་བ་ཀླུ་སྨྱོན་རང་གིས་ཐབས་ཤེས་ཡོད་གང་ཡོད་ཀྱིས་བསུབས་འདུག་པ་འདྲ། འདི་ཁོ་རང་ཚུད་པའི་ཀློག་པ་པོ་ཁ་ཤས་ལ་གྱོང་རེག་པ་ཡོད། རྒྱུ་མཚན་ནི། དྲི་བ་དྲིས་ལན་ལས་ངས་བདེན་པ་ར་སྤྲོད་བྱས་ཏེ་ལོག་རྟོག་གང་མང་ཞིག་སེལ་ཐུབ་རྒྱུ་རེ་བ་བཅིངས་ཡོད་ཀྱང་གཅིག་ཤས་ལ་མཚན་སྙན་གྲགས་གཅིག་པོ་ལས་བདེན་པ་འཚོལ་བའི་སྙིང་སྟོབས་གཏན་ནས་མེད་པ་དེ་རེད། དེས་ན་ངས་ཀྱང་ཆུ་ཚོད་ཆུད་ཟོས་སུ་བཏང་འདོད་མེད་དོ།

  45. བསམ་ཤེས། says:
    2013-03-09 at 12:11 am

    རྒན་ཀླུ་སྨྱོན་གྱི་སྔགས་ཀྱི་སྐོར་ལས་འཕྲོས་པ་ཞིག་ནི། སྔགས་བླ་མེད་ལ་མ་བརྟེན་པར་འཚང་རྒྱ་ཐབས་མེད་པ་ལྟ་བུའི་ལྟ་བ་འདུག་པས། དེ་ལྟར་ཡིན་ན། མདོ་རྐྱང་པ་ལ་བརྟེན་མཁན་གྱི་ཆོས་པ་རྣམས་འཚང་རྒྱ་བའི་སྐལ་བ་མེད་གསུངས་པ་མ་ཡིན་ནམ། འདི་ལྟར་ཡིན་ན། མདོ་ལ་བརྟེན་ནས་སྟོང་ཉིད་རྟོག་ན་ཐར་པ་འཐོབ་པའི་འགོག་པའི་ལམ་གསུང་པ་དེ་མི་ཐད་པ་ལྟ་བུ་འདུག 

  46. ཀླུ་སྨྱོན། says:
    2013-03-09 at 12:24 am

    སངས་རྒྱས་པ་དང་ཐར་པ་ཐོབ་པ་གཉིས་ལ་ཁྱད་པར་ཆེ། ཐར་པ་ལ་ཐེག་པ་གསུམ་ཀའི་ཐར་པ་ཡོད།

  47. ལེགས་བཤད། says:
    2013-03-09 at 12:28 am

    སྡོམ་གསུམ་ཁྲིམས་ཀྱིས་མཛེས་ན་ལེགས་མོད་ཀྱང་།།
    ཡུལ་དུས་དབང་གིས་དེང་སང་དཀའ་བར་གནས།།
    བཀའ་བསྟན་གཞུང་མང་བཀླགས་པ་ཙམ་གྱིས་ཀྱང་།།
    དཔྱད་བརྗོད་འདི་འདྲ་སྤེལ་བ་བསྔགས་བརྗོད་འོས།།

    དད་པ་ནོར་དང་གཏེར་དང་རྐང་པའི་མཆོག།
    ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན།།
    དད་དང་ཤེས་རབ་ཡོད་ན་སྟོན་མཆོག་གིས།།
    ཕལ་བ་རྣམས་ཀྱིས་དོ་ཟླ་མིན་ཞེས་བསྔགས།།

    དད་པ་དང་ཤེས་རབ་་་་་་་་

  48. བསམ་ཤེས། says:
    2013-03-09 at 12:43 am

    འོ་ལགས་སོ་རྒན་ཀླུ་སྨྱོན་ལགས། འོ་ན་ཐར་པ་དང་སངས་རྒྱས་ཀྱི་ཁྱད་པར་གསུང་བར་གསོལ། མཌལ་གྱི་དོད་ལ། “ཤར་ནུབ་ཕྱོགས་ཀྱི་མཛེས་མའི་ཚོགས་ཀྱི་འབུམ། བློ་ཡིས་བླངས་ཏེ་ཀླུ་སྨྱོན་བླ་མར་འབུལ། ཨོམ་ཨ་ཧུམ།”

  49. བསམ་ཤེས། says:
    2013-03-09 at 12:44 am

    ལེགས་བཤད་ལགས་བཀྲིས་བདེ་ལེགས། ཉིད་ཀྱིས་ལམ་རིམ་གསུང་ཆོས་སྐབས་བསྩལ་བའི་ཟིན་བྲིས་རྣམས་བཤུས་ནས་ཀློག་བཞིན་ཡོད། ཐུགས་རྗེ་ཆེ།

  50. ཀླུ་སྨྱོན། says:
    2013-03-09 at 12:55 am

    ཐེག་པ་གསུམ་གྱི་རྟོགས་རིགས་མི་འདྲ་བའི་དབང་གིས་འཐོབ་བྱའི་འབྲས་བུ་ཡང་མི་འདྲ་བ་གསུམ་ཡོད།

  51. བན་དེ་བ། says:
    2013-03-09 at 12:13 pm

    ཀླུ་སྨྱོན་འདི་ཡིས་མི་གཞན་གྱིས་དྲི་བར་ལན་འདེབ་སྲོལ་མེད། རང་གིས་བྲིས་པའི་རྩོམ་ལ་དྲི་བ་དྲིས་དུས་དེ་ལ་འགན་ཁུར་ནས་ལན་འདེབས་རྒྱུ་གལ་ཆེན་པོ་ཡིན། ད་ནས་ཀླུ་སྨྱོན་གྱི་རྩོམ་དེ་ཚོར་ཀློག་འདོད་མེད།

  52. ཀླུ་སྨྱོན། says:
    2013-03-09 at 12:54 pm

    དགེ་ལུགས་པའི་གཞུང་ལ་སྦྱངས་པ་མ་བྱས་པར་ནང་ཆོས་སྐོར་ནས་རྩོམ་བྲིས་མི་ཆོག་ཟེར་གི་ཡོད་པ་རེད། དེ་ལ་ལན་བཏབ་ན་བཟང་ངམ་མ་བཏབ་ན་བཟང་།
    ལམ་དབུ་མ་འདེམ་མི་འདེམ་ནི་ཆབ་སྲིད་ཀྱི་བདམ་ཀ་ཞིག་མ་ཡིན་པར་ནང་ཆོས་ཀྱི་བླ་མ་བསྟེན་སྟངས་ཤིག་རེད་ཟེར་གི་ཡོད་པ་རེད། འདི་ལ་ལན་བཏབ་ན་བཟང་ངམ་མ་བཏབ་ན་བཟང་།

  53. བན་དེ་བ། says:
    2013-03-09 at 1:39 pm

    ༼དགེ་ལུགས་པའི་གཞུང་ལ་སྦྱངས་པ་མ་བྱས་པར་ནང་ཆོས་སྐོར་ནས་རྩོམ་བྲིས་མི་ཆོག་ཟེར་གི་ཡོད་པ་རེད། དེ་ལ་ལན་བཏབ་ན་བཟང་ངམ་མ་བཏབ་ན་བཟང་།
    ལམ་དབུ་མ་འདེམ་མི་འདེམ་ནི་ཆབ་སྲིད་ཀྱི་བདམ་ཀ་ཞིག་མ་ཡིན་པར་ནང་ཆོས་ཀྱི་བླ་མ་བསྟེན་སྟངས་ཤིག་རེད་ཟེར་གི་ཡོད་པ་རེད། འདི་ལ་ལན་བཏབ་ན་བཟང་ངམ་མ་བཏབ་ན་བཟང་།༽
    གཉིས་ཀ་ལ་ལན་བཏབ་ན་བཟང། ལན་ཡོད་ད་ཡོད་རང་གི་བསམ་ཚུལ་དང་ལྟ་བ་གཞིར་བཟུང་ལན་འདེབས་དགོས། ལན་མེད་པ་སྨྲ་བསམ་བརྗོད་མེད་ཀྱི་ལྟ་བའི་སྐོར་ཡིན་ན་གནས་སྟང་ཁ་ཁ་རེད།
    དགེ་ལུགས་ཀྱི་གཞུང་ལ་སྦྱང་བ་མེད་པའི་མཁས་པ་བརྒྱ་ཕྲག་མང་པོས་བརྩམས་པ་དངོས་ཡོད་ཡིན།
    སྲིད་ཀྱི་སྐོར་བཤད་དུས་བླ་མའི་དམ་ཚིག་བསྲུང་དགོས་ཀྱི་ཡོད་པ་མ་རེད། སྲིད་སྲིད་རེད། བླ་མའི་དམ་ཚིག་བཤད་དུས་ཆོས་རེད་དེ་བྱེད་དུས་རང་གི་བསམ་ཚུལ་དང་རང་གི་ལྟ་བར་མཐའ་གཅིག་ཏུ་བདེན་པ་དང་ཡང་དག་པར་མཐོང་ན་དེ་ལ་དགག་པ་ཇི་ལྟར་བྱུང་ཀྱང་དགག་ལན་འདེབ་དགོས་དེ་མིན་ལན་མེད་ན་རང་གི་བསམ་ཚུལ་དང་ལྟ་བ་དེ་དོར་དགོས་ཆགས་ཀྱི་རེད།

  54. སྤོབས་པ་མཐའ་ཡས། says:
    2013-03-09 at 1:54 pm

    ལམ་དབུས་མའི་རྗེས་ལ་བོད་མི་ཡོད་འབྲངས་དགོས་ཚུལ་ཞིག་རྒྱལ་བ་རིན་པོ་ཆེས་ནི་གསུངས་མྱོང་བ་མ་རེད། བོད་མི་མང་གི་མདུན་ལམ་ག་འདྲ་ཞིག་འདེམས་མིན་གྱི་དབང་ཆ་བོད་མི་མང་ལ་སྔར་ནས་གནང་ཡོད་ཡོད་པ་རེད། བོད་མི་མང་ལ་དམངས་གཙོའི་ཁེ་དབང་་འཇུག་རྒྒྱུྒྱུྒྱུྒྱུྒྱུྒྱུ་དེ་ཁོང་གི་རེ་འདུན་གཙོ་བོ་ཞིག་རེད། ལམདབུ་མ་ལ་དགག་པ་རྒྱག་པ་དེ་ནི་ཁོང་་གི་བཀའ་སྒྲུབ་སྟངས་ཤིག་ཡིན་པ་ལས་དགོངས་པ་དང་འགལའགལ་དགོས་དོན་གང་ཡང་མེད།

  55. དྲང་པོ། says:
    2013-03-09 at 9:52 pm

    ཡག་པོ་འདུག བགྲོ་གླེང་ཡག་པོ་ཡོང་གིན་འདུག མུ་མཐུད་ཡིན་དཱ།

  56. ཤག་པོ་ says:
    2013-03-15 at 6:54 am

    ཧ་ཧ་ཁོ་རེ་གནམ་ལགས། ཁྱོད་་ཧམ་པ་ཚ་པོ་ཞིག་འདུག ཁྱོད་རང་གྲུབ་དོན་ས་གསུམ་བློ་ལ་ཡོད་པས་ འབྲས་སྤུང་དགེ་བཤེས་ཞིག་གིས་གསུངས་གི་འདུག། གྲུབ་དོན་ས་གསུམ་བློ་ལ་ཡོད་ན་སངས་རྒྱས་རེད་གསུངས་གི་འདུག་པས་ད་ཡང་བོད་ལ་སངས་རྒྱས་ཅིག་མང་རུ་ཕྱིན་སོང། གྲུབ་དོན་ས་གསུམ་གྱིདཔེ་ཆ་བློ་ལ་ཡོད་པ་དང་གྲུབ་དོན་ས་གསུམ་བློ་ལ་ཡོད་པའི་ཁྱེད་པར་ཤེས་པ་གལ་ཆེ། ཡང་བཀའ་རྒྱུད་པའི་གོས་དཀར་ཅན་ཞིག་གིས་ཞིང་ལས་བྱེད་ནས་རྟོགས་པ་མཐོ་པོ་ལ་ཕེབས་པ་དེ་འདྲ་ཡོད་རེད་གསུངས་གི་འདུག་པས་ཅིག་བྱེད་ན་ཁྱེད་ཀྱི་ཕ་མ་གཉིས་རྟོགས་པ་མཐོ་པོ་དང་བུ་ད་དུང་ཡང་གྲུབ་དོན་ས་གསུམ་ལ་མགོ་འཁོར་ནས་སྡད་མེད་གྲོག།

  57. འཕན་པོ་བསྟན་དར། says:
    2016-04-11 at 10:16 pm

    བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme