Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་དུ་ཇོ་ནང་པའི་དབུ་མའི་བགྲོ་གླེང་སྐབས་གཉིས་པ་དབུ་འཛུགས་གནང་འདུག

Posted on 2013-02-212013-02-21 By ཁ་བརྡ་ 9 Comments on བལ་ཡུལ་དུ་ཇོ་ནང་པའི་དབུ་མའི་བགྲོ་གླེང་སྐབས་གཉིས་པ་དབུ་འཛུགས་གནང་འདུག

མཁོ་སྤྲོད་པ། ཚངས་དབྱངས་རྒྱ་མཚོ།

ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་སྐབས་གཉིས་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་གཉིས་སྟབས་གཅིག་ཏུ་དབུ་འཛུགས་གནང་ཡོད་ལ། ཚོགས་ཐོག་དུ་ཇོ་ནང་བའི་གནད་ཡོད་མི་སྣ་སོགས་མི་གྲངས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང་སྐབས་གཉིས་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་གཉིས་སྟབས་གཅིག་ཏུ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་བ་བསྟན་པ་རྒྱལ་མཚན་མཆོག་དང་། དམིགས་བསལ་སྐུ་མགྲོན་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སི་དྷི་བྷ་ཊག་མཆོག བལ་ཡུལ་དོན་གཅོད་སྐུ་ངོ་རྟ་མགྲིན་རྡོ་རྗེ་མཆོག བལ་ཡུལ་རྒྱལ་ཡོངས་ནང་བའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཐུབ་བསྟན་འཇིགས་གྲོལ། སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཨ་ལགས་ཆོས་ཀྱི་སྣང་བ། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག བོད་ནས་ཕེབས་པའི་མཁན་པོ་དང་མི་སྣ་ཁག་ཅིག སིམ་ལ་དང་བལ་བོ་སོགས་ཀྱི་ཇོ་ནང་བའི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། བལ་ཡུལ་ས་གནས་འགོ་འཛིན་ཁག བལ་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་སོགས་ཁྱོན་སྐུ་མགྲོན་དང་མི་མང་བརྒྱ་ཕྲག་གཅིག་ལྷག་འདུ་འཛོམས་གནངས་ནས་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་སྐབས་གཉིས་པ་དབུ་འབྱེད་གྱི་མཛད་སྒོ་གནང་སོང་།
ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་གི་བྱུང་རིམ་དང་། བགྲོ་གླེང་འདི་ལྟ་བུ་ཞིག་སྐོང་འཚོགས་གནང་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང་། དེ་ནས་ལྷན་ཚོགས་ཀྱི་འགན་འཛིན་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དང་། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་ཀྱིས་ཇོ་ནང་ཆོས་བརྒྱུད་གྱི་བྱུང་རིམ་དང་། ད་ལྟའི་ཇོ་ནང་བའི་གནས་སྟངས། ཇོ་ནང་ཆོས་བརྒྱུད་འདི་བོད་བརྒྱུད་ནང་བསྟན་ནང་དུ་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་།
དེའི་རྗེས་སུ་བལ་ཡུལ་རྒྱལ་ཡོངས་ནང་བའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཐུབ་བསྟན་འཇིགས་གྲོལ་མཆོག་གིས་སྤྱིར་ནང་བའི་ཆོས་ལུགས་གལ་ཆེན་པོ་ཡིན་ཚུལ་དང་། དེ་བཞིན་དུ་ཇོ་ནང་བའི་ཆོས་བརྒྱུད་འདི་དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ཆོས་བརྒྱུད་གལ་ཆེན་པོ་ཞིག་ཡིན་ཚུལ། ལྷག་པར་དུ་དུས་ཀྱི་འཁོར་ལོའི་ཉམས་ལེན་གྱི་སྐོར་ནས་གལ་ཆེན་པོ་ཡིན་སྐོར་༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་ཡོད་པའི་སྐོར། ད་ལྟའི་ཆར་ཡོངས་གྲགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་ལྔ་ཞེས་བཤད་ཀྱིན་ཡོད་ཀྱང་། ༧གོང་ས་མཆོག་གིས་ནམ་རྒྱུན་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་ཞེས་བཀའ་སློབ་གནང་བཞིན་ཡོད་ལ། ལོ་སྔོན་མའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་ང་རང་བཅར་བ་ཡིན། སྐབས་དེར་༧གོང་ས་མཆོག་གིས་ཇོ་ནང་ཆོས་བརྒྱུད་འདི་གལ་ཆེན་པོ་ཡིན་ཚུལ་དང་། སྐབས་འདིའི་ཚོགས་ཆེན་སྟེང་ཐག་གཅོད་བྱས་ན་ཡག་ཚུལ་གྱི་བཀའ་སློབ་ཟབ་རྒྱས་གནང་སོང་། དེའི་རྗེས་སུ་ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམས་ཀྱིས་དེའི་སྐོར་ལ་བགྲོ་གླེང་རིམ་པར་གནང་མཐར་ཇོ་ནང་ཆོས་བརྒྱུད་འདི་ཆོས་བརྒྱུད་རང་རྐང་བ་ཞིག་ཡིན་པར་ངོས་འཛིན་གནང་ཡོད་པ་རེད། ད་སྐབས་ང་ཚོས་ཆོས་བརྒྱུད་ཆེན་པོ་བཞི་ཞེས་བཤད་ཀི་ཡོད་རེད་དེ། མི་འགྱང་བར་ཆོས་བརྒྱུད་ཆེན་པོ་ལྔ་ཆགས་གྲབས་ཡོད་རེད། ང་ཚོ་བལ་ཡུལ་རྒྱལ་ཡོངས་ནང་བའི་ཚོགས་ཆེན་གྱི་ངོས་ནས་ཆོས་བརྒྱུད་ཚང་མར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེ་བཞིན་དུ་ཇོ་ནང་བར་ཡང་རྒྱབ་སྐྱོར་ཡོད་ཅེས་སོགས་གསུངས་སོང་།
ཡང་ཁོང་གིས་༧གོང་ས་མཆོག་ནང་བ་ཡོངས་ཀྱི་སྐྱབས་མགོན་ཡིན་པའི་སྐོར་གསུང་དོན། “ངས་ནམ་རྒྱུན་ཚོགས་འདུ་སོགས་ཀྱི་སྟེང་དུ་བཤད་ཀྱིན་ཡོད། ང་དགུ་ལོར་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་རེད། དེས་བོད་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པ་རེད། དེ་མངོན་གསལ་རེད། འོན་ཀྱང་ནང་བསྟན་ཆོས་ལུགས་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་བརྒྱུད་དེ་བལ་ཡུལ་དང་། རྒྱ་གར། འབྲུག་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་སེམས་ཀྱིན་ཡོད། རྐྱེན་ངན་གྲོགས་སུ་གྱུར་ཡོད་པ་རེད་སེམས་ཀྱིན་ཡོད། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ང་ཚོ་ཚང་མ་གཅིག་གྱུར་ཞིག་དང་། ནང་ཆོས་འདི་འཛམ་གླིང་སྟེང་ཁྱབ་སྤེལ་བྱེད་ཐུབ་པ་ཞིག་བྱུང་ཡོད་པ་རེད། ༧གོང་ས་མཆོག་འདི་བོད་པ་གཅིག་པུའི་ནོར་བུ་མ་རེད། ཁོང་ང་ཚོ་ཧི་མ་ལ་ཡ་གཅིག་པུའི་ནོར་བུ་ཡང་མ་རེད། ཁོང་ནང་བ་ཡོངས་ཀྱི་ནོར་བུ་རེད། མགོན་སྐྱབས་རེད། ངས་ནམ་རྒྱུན་དེ་ལྟར་བཤད་གི་ཡོད་ལ། དོན་དུ་དེ་ལྟར་ཡིན་པ་རེད་”ཅེས་གསུངས་སོང་།
དེ་ནས་དམིགས་བསལ་སྐུ་མགྲོན་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སི་དྷི་བྷ་ཊག་མཆོག་གིས་གསུང་རྒྱུར་”དེ་རིང་འདིར་ཕེབས་པའི་ནང་བའི་གྲོགས་པོ་ཡོངས་ལ་གུས་པ་བལ་ཡུལ་གྱི་མི་རིགས་ཡིན་པའི་ཆ་ནས་བལ་ཡུལ་མི་མང་གི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། དེ་ནས་ཇོ་ནང་དང་བལ་ཡུལ་གྱི་དོལ་པོ་གཉིས་འབྲེལ་བ་ཆེན་པོ་རེད། དགོན་པ་འདིར་དོལ་པོའི་གྲྭ་རྒྱུན་མང་པོ་ཡོད་ས་རེད། དེ་བཞིན་དུ་དེ་རིང་འདིར་དོལ་པོ་མང་པོ་བསླེབས་འདུག ཡག་པོ་རེད། ཇོ་ནང་ཆོས་བརྒྱུད་གྱི་མི་མང་ག་བར་ཡོད་ན་ཡང་སོ་སོའི་ཆོས་ལུགས་དར་སྤེལ་བྱེད་པར་འབད་རྩོན་གནང་དགོས།”ཞེས་དང་། ཡང་ཁོང་གིས་མུ་མཐུད་དུ་གསུང་རྒྱུར་”བལ་ཡུལ་ནང་ལ་ཆོས་ཕྱོགས་ཀྱི་བྱ་འགུལ་ག་རེ་སྤེལ་བ་ཡིན་ནའང་། བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་ཡིན་ལ། མ་འོངས་པར་ཡིན་ནའང་བྱ་ངེས་ཡིན། ནང་བ་སངས་རྒྱས་པའི་ཆོས་ཞེས་པ་དེ་གལ་ཆེན་པོ་རེད། ཆོས་ཀྱིས་ཞི་བདེ་སྐྲུན་གྱིན་ཡོད་རེད། ལས་ཡག་པོ་བྱ་རྒྱུར་ཀུན་སློང་སྐྲུན་གི་རེད། སེམས་བཟང་པོ་ཆགས་པར་ཀུན་སློང་སྐྲུན་གི་རེད། འཚེ་མེད་ཞི་བ་དང་། བདེན་པ། ཁྲིམས་མཐུན་ལ་ང་རང་གིས་ཡིད་ཆེས་བྱེད་ཀྱིན་ཡོད། ནང་བ་སངས་རྒྱས་པའི་ཆོས་གཞུང་ནས་ཀྱང་དེ་ལྟར་གསུང་གི་ཡོད་པ་རེད་འདུག་ག”ཞེས་གསུངས་སོང་།
དེ་བཞིན་དུ་ཁོང་གིས་༧གོང་ས་མཆོག་དང་ཁོ་གཉིས་འབྲེལ་བ་ཡོད་པའི་སྐོར་ནས་གསུང་དོན་”ང་རང་གིས་ད་བར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེངས་ལྔ་དྲུག་ཅིག་མཇལ་མྱོང་ཡོད། ཐེངས་དང་བོ་མཇལ་བའི་སྐབས་ནས་བཟུང་ང་རང་དད་པ་ཆེན་པོ་དང་། དགའ་བོ་ཆེན་པོ་བྱུང་། སྐབས་དེ་དུས་ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བལ་ཡུལ་རྒྱལ་ཁབ་དེ་བདེ་འཇགས་དང་ཞི་བདེ་ཆགས་པར་ག་རེ་བྱས་ན་ཡག་གི་རེད་ཞུས་པ་ཡིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དང་བོ་ཁྱེད་རང་ཞི་བདེ་ལ་ཁ་ཕྱོགས་དགོས་པ་རེད། དེ་ནས་ཁྱེད་རང་གི་ནང་མི་ཞི་བདེའི་ལམ་ཁར་སྐྱོད་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན་དེ་ནས་བལ་ཡུལ་རྒྱལ་ཁབ་ཞི་བདེར་གནས་པར་ཁྱེད་ཀྱིས་ལས་ག་བྱེད་ཐུབ་གི་རེད་ཅེས་གསུངས་སོང་། ཁོང་གི་བཀའ་སློབ་དེས་ང་ལ་ཕན་ཐོགས་ཆེན་པོ་བྱུང་སོང་།” ཞེས་གསུངས།
ཡང་ཁོང་གིས་བོད་ཀྱི་བླ་སྤྲུལ་རྣམས་ལ་འབོད་སྐུལ་གནང་རྒྱུར་”ནང་བའི་བླ་མ་སྤྲུལ་སྐུ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཁྱེད་ཅག་གིས་མང་ཚོགས་ལ་བཀའ་སློབ་བསྩལ་པ་ཡིན་ན་ནུས་པ་ཆེན་པོ་རེད། དེ་མིན་ཁྲིམས་དང་སྒྲིག་གཞི་འདྲ་ཞིག་གི་སྒོ་ནས་ཁོར་ཡུག་སྐོར་ལ་ལས་འགུལ་སྤེལ་བ་ཡིན་ན་ལམ་སློང་ཡག་པོ་བྱུང་མི་ཐུབ་པ་འདས་པའི་ཉམས་མྱོང་ལས་ཤེས་སོང་། རྒྱུ་མཚན་དེའི་ཕྱིར་ན་ཁྱེད་ཅག་གིས་དེའི་སྐོར་ལ་ཐུགས་ཁུར་ཆེ་བཞེས་གནང་རོགས། དེ་རིང་འདིར་ཕེབས་པའི་བླ་སྤྲུལ་ཚང་མར་ངས་འབོད་སྐུལ་ཞུ་ཡ་ལ། ང་ཚོའི་བལ་ཡུལ་རྒྱལ་ཁབ་དེ་དཀའ་ངལ་ཆེན་པོ་ཆེན་པོ་ཞིག་གི་ནང་དུ་ལྷུང་ཡོད། ང་ཚོ་དཀའ་ངལ་དེ་ལས་གྲོལ་ཐབས་ལ་ཁྱེད་རྣམ་པ་ཚོས་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱ་བ་ག་རེ་བྱེད་དགོས་བྱུང་ནའང་རྒྱལ་ཁབ་འདི་ཞི་བདེ་དང་། དཀའ་ངལ་མེད་པའི་ཐོག་ནས་བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པར་ཐུགས་སྨོན་སྐྱབས་འཇུག་གནང་རོགས།”ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།
སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་བ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གིས་ཇོ་ནང་ཆོས་བརྒྱུད་འདི་བོད་བརྒྱུད་ནང་བསྟན་དུ་གལ་ཆེན་པོ་ཡིན་ཚུལ་གསུང་དོན། “ཇོ་ནང་ཆོས་བརྒྱུད་དེ་ནང་བསྟན་ཆོས་བརྒྱུད་ལ་མཚོན་ན་གལ་ཆེན་པོ་རེད། མདོ་ཕྱོགས་ནས་བཤད་ན་བཀའ་འཁོར་ལོ་རིམ་པ་གསུམ་གསུངས་པའི་ནང་ནས་བཀའ་མཐའ་མའི་རྗེས་འབྲང་རེད། དེ་ནས་སྔགས་ཕྱོགས་ནས་བཤད་ན་ཕ་རྒྱུད་གསང་བ་འདུས་པ། མ་བརྒྱུད་འཁོར་ལོ་བདེ་མཆོག གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོ་གསུངས་པའི་ནང་གི་དཔལ་དུས་ཀྱི་འཁོར་ལོ་དེ་གཞན་ལ་མེད་པ་མ་རེད་དེ། ཡིན་ན་ཡང་སྒྲུབ་བརྒྱུད་གྱི་བསྟན་པ་འཛིན་མཁན་གཙོ་བོ་དེ་ད་ལྟའི་ཆར་ཇོ་ནང་བ་ཆགས་འདུག་ཡོད་པ་རེད། དེ་ཡིན་དུས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ནས་གལ་ཆེན་པོའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་ང་ཚོ་ཚང་མས་ཤེས་བཞིན་པ་འདི་རེད།”ཅེས་གསུངས་སོང་།

ཡང་ཁོང་གིས་ཇོ་ནང་ཆོས་བརྒྱུད་ཐོབ་ཐང་གི་སྐོར་གསུང་དོན། “ཕྱི་ལོ་ ༡༩༥༩ ལོར་བོད་དུ་རྒྱ་གཞུང་གི་སུན་གཙེར་བསླེབས་ནས་བོད་ཀྱི་ཆོས་སྲིད་གཉིས་ལ་འཚེ་བ་ཆེན་པོ་བྱས་ཏེ་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་པོ་ལ་གནོད་སྐྱོན་ཆེན་པོ་བཏང་བ་རེད་ལ། ཆོས་བརྒྱུད་ཁག་ཅིག་རྩ་མེད་དུ་བཏང་བ་རེད། དེའི་རྗེས་སུ་ཏིན་གྱི་སྐབས་སུ་བོད་ནང་དུ་ཆོས་སྒོ་ཕྱེ་ཙམ་བྱས་པ་དང་། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་རྗེས་བོད་ནང་གི་ཆོས་བརྒྱུད་ཚང་མའི་བསྟན་པའི་བདག་པོ་ལྟ་བུར་གྱུར་བ་རེད། ཁོང་གིས་ཡིན་ན་ཡང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ནས་ད་ལྟའི་ཆར་རྒྱུད་མ་ཆད་པར་ལྷག་ཡོད་པའི་ཆོས་བརྒྱུད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་བཅས་ལྔ་བོ་ལྷག་ཡོད་པ་ངོས་འཛིན་དང་འབྲེལ་ཆོས་བརྒྱུད་ལྔ་བོའི་བླ་བརྒྱུད་དག་གི་ཐང་སྐུ་བཟོས་ཏེ་ཆོས་བརྒྱུད་སོ་སོར་བཀྲམ། ཆོས་བརྒྱུད་སོ་སོའི་བླ་སྤྲུལ་རྣམས་ལ་རང་རང་གི་དགོན་སྡེ་ཁག་སླར་གསོ་དགོས་པའི་སྐུལ་མ་མཛད། ཁོང་གིས་རྒྱབ་སྐྱོར་མཛད་པ་སོགས་ཆོས་བརྒྱུད་ཆ་ཚང་ལ་ཐུགས་ཁུར་ཆེན་པོ་གནང་ཡོད་རེད། བཙན་བྱོལ་དུ་༧རྒྱལ་བ་ཡིད་བཞིན་ནོར་བུས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གནང་ཡ་དེ་ཁོང་གི་ཐུགས་བཞེད་གཙོ་བོ་དེ་ཡིན་པ་རེད། དེའི་ནང་ནས་དཔལ་དུས་ཀྱི་འཁོར་ལོ་དེ་གལ་ཆེན་པོ་ཞིག་ལ་བརྩིས་ནས་ད་བར་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་ལྷག་ཅིག་གནང་བ་རེད། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་བརྒྱུད་དེ་སྦྱོར་བ་ཡན་ལག་དྲུག་པོ་རྒྱུན་འཛིན་བྱེད་མཁན་གྱི་རྩ་བ་དེ་དཔལ་ཇོ་ནང་བ་ཆགས་ཡོད་དུས་ཁོང་གིས་དེ་ལ་ག་དུས་ཡིན་ན་ཐུགས་ཁུར་ཆེ་བཞེས་ཀྱིས་སིམ་ལ་ཇོ་ནང་མ་དགོན་ཕུལ་ནས་ད་སྐབས་དགོན་པ་བསྐྱངས་དང་སྐྱོང་བཞིན་པ་རེད། བལ་ཡུལ་ལ་མཚོན་ན་ཡང་སྤྲུལ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ཐུགས་སྐྱེད་སྨོན་ལམ་གྱི་འོག་ཏུ་འདིར་ཇོ་ནང་བའི་གཏན་གཞི་ཞིག་བཙུགས་ཡོད་རེད། གྲྭ་ཉུང་རུང་སྣེ་ཚང་ནི་འདྲ་ཞིག་ཆགས་འདུག་ཡོད་རེད། དེ་ཡིན་དུས་ང་ཚོ་ཆོས་བརྒྱུད་ཚང་མར་བཙན་བྱོལ་བོད་གཞུང་གི་ནང་ལ་ཐོབ་ཐང་ཞིག་ཡོད་པ་རེད། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཞེས་པ་ཞིག་ཆགས་འདུག་ཡོད་རེད། ད་སྐབས་དེའི་ནང་ལ་ཇོ་ནང་ཚང་ཡང་རེ་བ་བྱེད་གི་ཡོད་རེད། རེ་བ་བྱེད་ཆོག་གི རེ་བ་བྱེད་པ་ནང་བཞིན་ཐོབ་དགོས་གི་རེད། ཐོབ་རྒྱུ་ཞིག་རེད། ཁོ་རང་ཚོས་ཐོབ་ཐང་ཡོད་པ་ཞིག་གསུང་གི་ཡོད་པ་ལས་མེད་པ་ཞིག་གསུང་གི་མི་འདུག འོན་ཀྱང་ང་ཚོའི་གཏམ་དཔེར་ཡར་འཐེན་བརྒྱ་ལས་མར་འཐེན་གཅིག་གི་ཤུགས་ཆེ་ཟེར་བ་ནང་བཞིན་མི་ཁག་ཅིག་གིས་ཅིག་བཤད་ནས་ད་བར་དུ་ལྷག་སོང་བ་རེད། མི་ཁག་ཅིག་གིས་ཇོ་ནང་ཚང་ལ་ཞིབ་འཇུག་དགོས་སྐོར་བཤད་པ་སོགས་མི་འོས་པ་མང་པོ་ཞིག་བཤད་པ་རེད། རྩ་བའི་དེ་ལྟར་བཤད་དགོས་པ་ཞིག་གཏན་ནས་ཡོད་པ་མ་རེད། ང་ཚོ་ཚང་མས་ཤེས་བཞིན་པ་ཞིག་རེད། གལ་སྲིད་ཅིག་དགོས་པ་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་འཛིན་རྣམས་ཀྱིས་ཡིན་ལུགས་ལྟར་གྱི་རྒྱབ་གཉེར་ཡི་གེ་གནང་ཡོད་རེད། ད་ལྟའི་ཆར་ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེ་ཁོང་ཡིན་ན་སྤྱིར་དམངས་གཙོ། ཕྱོགས་རེས་མེད་པ། ༧རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་ནང་བཞིན་གྱི་མི་གཅིག་ཆགས་འདུག་ཡོད་རེད། དེ་ཡིན་དུས་མི་འགྱང་བར་ཁྱེད་རང་ཚོས་རེ་བ་བཞིན་དུ་འགྲུབ་གི་རེད་བསམ་གི་ཡོད། འགྲུབ་དགོས་གི་རེད།”ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།

མཇུག་ཏུ་ལྷོ་ཕྱོགས་ནས་ཕེབས་པའི་དགེ་བཤེས་ཀུན་དགའ་འཚམས་ཆུང་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་། ཉིན་གུང་དུས་ཚོད་ ༢ ནས་བཟུང་ཉིན་བདུན་རིང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་དབུ་མ་ཐེག་མཆོག་གི་རབ་བྱེད་བཞི་བ་བརྗོད་བྱར་བཟུང་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་དང་། དེ་ནས་ཉིན་གཉིས་རིང་སྤྱིར་ཇོ་ནང་བའི་བསྟན་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེར་གནང་སྟངས་དང་། ལྷག་དོན་ལྷན་ཚོགས་ཀྱི་ལོ་ངོ་གཅིག་རིང་གི་ལས་འཆར་གོ་སྒྲིག དེ་བཞིན་དུ་ལྷན་ཚོགས་གྱི་རྒྱུན་ལས་གསར་འདེམས་བྱ་རྒྱུ་བཅས་ཀྱི་ལས་རིམ་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་སྐབས་གཉིས་པའི་སྟེང་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དང་། དེ་བཞིན་དུ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་ཀུན་དགའ་རིན་ཆེན་གྱི་གཙོས་བགྲོ་གླེང་བ་བཅུ། དེ་བཞིན་དུ་ལྷོ་ཕྱོགས་གྲྭ་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་དགེ་བཤེས་དང་གྲྭ་བ་ཁག་ཅིག བོད་ནས་ཕེབས་པའི་མཁན་པོ་ཁག་ཅིག བལ་ཡུལ་ཇོ་ནང་མ་དགོན་གྱི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་རིན་ཆེན་རྒྱ་མཚོ་སོགས་ཁྱོན་བླ་གྲྭ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་འདུག

གསར་འགྱུར།

Post navigation

Previous Post: ཨ་མའི་དུས་དྲན་ལ་ཕུལ་བ་ཚེ་སྲོག་གི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
Next Post: ཁྱོད་ཀྱི་ངོ་གདོང་བརྗེ་འདུག

Comments (9) on “བལ་ཡུལ་དུ་ཇོ་ནང་པའི་དབུ་མའི་བགྲོ་གླེང་སྐབས་གཉིས་པ་དབུ་འཛུགས་གནང་འདུག”

  1. ནུབ་ཕྱོགས་གངས་ཕྲུག་ says:
    2013-02-21 at 11:43 am

    ༄རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙྪ་བི།
    །ཀཱ་ལ་པ་རུ་རིགས་ལྡན་པདྨ་དཀར།
    །དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས།
    །མགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས།

  2. ནུབ་ཕྱོགས་གངས་ཕྲུག་ says:
    2013-02-21 at 11:49 am

    གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེ། འཁྲུངས་ཡུལ་ད་ལྟའི་བལ་ཡུལ་གྱི་ཡུལ་མོ་དང་།
    ཀུན་མཁྱེན་དོལ་པོ་པའི་འཁྲུངས་ཡུལ་༼ དེ་སྔ་མངའ་རིས༽ ད་ལྟའི་བལ་ཡུལ་གྱི་དོལ་པོ་རེད་འདུག

  3. བོད་ཀྱི་བུ་ says:
    2013-02-21 at 1:45 pm

    “དེ་ཡི་དགེ་བ་འགྲོ་བའི་དོན་དུ་བསྔོ༎ སྲིད་པའི་གནས་འདིར་ཁྱབ་བདག་རྡོ་རྗེ་སེམས།། བརྟན་གཡོ་ཀུན་གྱི་མགོན་དུ་བཞུགས་པ་ཡང༌།། གཟུང་འཛིན་དྲི་མའི་དཔུང་ཚོགས་ཀུན་བཅོམ་སྟེ།། རང་གནས་རྟག་བདེའི་རྒྱལ་སྲིད་སྤྱོད་པར་ཤོག།”

  4. རིག་པའི་རྡོ་རྗེ། says:
    2013-02-21 at 10:07 pm

    མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི།།
    ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
    མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

  5. གངས་བུ་རྩེ་རྒྱལ། says:
    2013-02-22 at 2:48 am

    གསལ་བསྒྲགས།
    མཉམ་མེད་ཤཱཀྱ་སེང་གེའི་བསྟན་པའི་སྙིང་པོ་ཡོངས་ཁྱབ་ཏུ་ངོ་སྤྲོད་བྱ་བའི་ཕྱིར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་འཆར་བཞིན་བླ་རུང་ཐེག་གསུམ་ཆོས་གླིང་ནས་གཙོ་འགན་བཞེས་ཏེ་སྤྱི་ལོ་༢༠༡༣ཟླ་༣ཚེས་༡༥ཉིན་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་གསུམ་པ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད། ཚོགས་ཞུགས་པ་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་གྱི་ཚོགས་ཞུགས་དགེ་འདུན་པ་རྣམས་གཙོ་བྱས་པའི་ཐའེ་བཞུགས་བླ་གྲྭ་གང་མང་ཕེབས་གནང་ཐུབ་པའི་རེ་བ་ཞུ།
    ལས་རིམ་ནི། སྔ་དྲོ་ཆུ་ཚོད་༨་༣༠ནས་འབྱོར་ཐོ་འགོད་པ་དང་ཆུ་ཚོད་༩ནས་༩་༢༠བར་ དཀོན་མཆོག་རྗེས་དྲན་སྔོན་དུ་སོང་བའི་སྒོ་ནས་འཚོགས་འདུའི་འགོ་འཛིན་པས་ལས་རིམ་ངོ་སྤྲོད་གནང་རྒྱུ།
    ཆུ་ཚོད་༩་༢༠ནས་༡༢བར་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡི་ལྟ་སྒོམ་སྤྱོད་གསུམ་སྐོར་ཞལ་ཚབ་མི་སྣ་ལྔས་ངོ་སྤྲོད་གནང་རྒྱུ།
    ངོ་སྤྲོད་གནང་ཡུན་ཆུ་ཚོད་སྐར་མ་༣༠རེ་ཡིན། ངོ་སྤྲོད་འདི་དག་དྲ་རྒྱའི་བརྙན་འཕྲིན་དང་ཟེར་སྡེར་སོགས་ཀྱི་རྒྱུ་ཆ་ཉིད་དུ་འགྲོ་བའི་ཕྱིར་ན་ངོ་སྤྲོད་གནང་མཁན་རྣམ་པས་ཟླ་ཕྱེད་ཙམ་གྱི་སྔོན་ནས་བརྗོད་གཞི་རགས་བསྡུས་ཤིག་དང་རང་ཉིད་ཀྱི་སྐུ་པར་རེ་གཤམ་གསལ་གྱི་ཡིག་ཟམ་དུ་བསྐུར་གནང་ཞུ་རྒྱུ།
    ཕྱི་དྲོ་ཆུ་ཚོད་༡་༣༠ནས་ཆུ་ཚོད་༤བར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཡུལ་ཐེ་ཝན་དུ་བཞུགས་པའི་ཆོས་ཀྱི་མཆེད་པོ་རྣམས་ལ་བཏོན་པའི་གྲོས་གཞི་དོན་ཚན་བཞི་ཅན་གྱི་སྟེང་ནས་བགྲོ་གླེང་གནང་རྒྱུ།
    གྲོས་གཞི་བཞི་ནི། ༼ ༡ ༽ བསྟན་པའི་སྲི་ཞུ་དངོས་ནི་མཐའ་འཁོབ་ཏུ་ཆོས་སྤེལ་བ་འདི་ཁོ་ན་ཡིན་ཕྱིར་རང་ཅག་གིས་ཡུལ་གཞན་དུ་ཆོས་སྤེལ་སྐབས་ས་ཆ་དེ་ག་ནས་དབང་བསྐུར་བ་སོགས་ཀྱིས་ནོར་བསྒྲུབས་ནས་ཕ་ཡུལ་ལམ་གནས་གཞན་དུ་ཁྱེར་ཏེ་དཀོན་མཆོག་ལ་མཆོད་འབུལ་སོགས་བྱེད་པ་ལས་ས་ཆ་དེ་གའི་མི་རྣམས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཚུལ་གྱི་བསླབ་སྟོན་གནང་བ་ཇི་ལྟར་གཙིགས་སུ་འཛིན་རྒྱུ།
    ༼ ༢ ༽ དམ་པའི་ཆོས་སྤེལ་བའི་སྙིང་གནད་ནི་ཆོས་ཀྱི་དོན་གོ་བརྡ་སྤྲོད་པ་འདི་རང་ཡིན་མོད་རང་ཅག་གིས་ཆོས་ཀྱི་མཛད་སྒོའི་ཐད་ལ་དབང་བསྐུར་བ་དང་སྦྱིན་སྲེག་དང་ཚོགས་འཁོར་དང་རིམ་གྲོ་སོགས་གཙོ་བོ་བྱེད་པ་ལས་འཆད་ཉན་ལ་གཙོ་བོར་མཛད་པ་ཤིན་ཏུ་ཉུང་བ་མངོན་གསལ་ཡིན་པས་དེའི་ཐད་ལ་བསྒྱུར་བཅོས་ཇི་ལྟར་བྱེད་རྒྱུ། ༼ ༣ ༽ ས་གནས་དེ་གའི་སྤྱི་ཕན་གྱི་བྱ་བའི་ནང་དུ་ཞུགས་པ་ནི་སྤྱིར་ཐེགས་པ་ཆེན་པོའི་ཆོས་ཉམས་ལེན་གྱི་ཆ་ཤས་ཤིག་ཡིན་ཞིང་། ཁྱད་པར་དུ་དུས་རབས་འདིར་གལ་ཆེ་བའི་བྱ་བ་ཞིག་ཡིན་ན་ཡང་རང་ཅག་གིས་དེ་གཙིགས་སུ་བཟུང་མི་འདུག་པས་ཞན་ཆ་དང་མ་འདང་བའི་ཆ་དེ་རྣམས་ཇི་ལྟར་ཁ་སྐོང་རྒྱུ།
    ༼ ༤ ༽ ཤ་བཟའ་བ་སོགས་ཡུལ་དེའི་མི་རྣམས་ཀྱིས་ཆེས་སྐྱོན་ཅན་དུ་བརྩི་བའི་བྱ་བ་འགའ་རེ་ལ་འཛེམ་མ་ནུས་པ་སོགས་ཀྱི་དབང་གིས་འགྲོ་དོན་དང་འཕྲིན་ལས་ལ་བར་ཆད་དམ་བཀག་འགོག་མང་པོ་བྱུང་དང་འབྱུང་བཞིན་པར་ཇི་ལྟར་ཡོ་བཅོས་བྱེད་རྒྱུ་བཅས་སོ།
    ཆུ་ཚོད་༤ནས་༤་༣༠བར་ལས་རིམ་མཇུག་བསྡུ་བ་དང་བོད་བརྒྱུད་ཐུབ་བསྟན་རིས་མེད་ཀྱི་བསྟན་རྒྱས་སྨོན་ལམ་དང་རྗེས་དྲན་གྱི་པར་བརྙན་མཉམ་ལེན་བཅས་མཇུག་གྲོལ་རྒྱུ་བཅས་སོ།།
    རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་གསུམ་པའི་ གྲ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༡༣ཟླ་༢ཚེས༢༠ཉིན་གུས་ཕུལ། ཡིག་ཟམ། gar.thupnor610@gmail.com
    འཚོགས་གནས། 亞都麗緻大飯店104臺北市民權東路2段41號2樓 Tel:(886-2)2597-1234

  6. ཀརྡོ་གཉེར་ཕྱག་པ་ says:
    2013-02-23 at 2:41 am

    ་་་་་ ཐོབ་རྒྱུ་ཞིག་རེད། ཁོ་རང་ཚོས་ཐོབ་ཐང་ཡོད་པ་ཞིག་གསུང་གི་ཡོད་པ་ལས་མེད་པ་ཞིག་གསུང་གི་མི་འདུག འོན་ཀྱང་ང་ཚོའི་གཏམ་དཔེར་ཡར་འཐེན་བརྒྱ་ལས་མར་འཐེན་གཅིག་གི་ཤུགས་ཆེ་ཟེར་བ་ནང་བཞིན་མི་ཁག་ཅིག་གིས་ཅིག་བཤད་ནས་ད་བར་དུ་ལྷག་སོང་བ་རེད། ་་་་ཟེར།

  7. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-02-23 at 4:26 am

    བལ་པོར་ཇོ་ནང་པའི་དབུ་མའི་བགྲོ་གླེང་ལ་གྲུབ་འབྲས་ལེགས་པ་ལ་དགའ་བསུ། བོད་ཀྱི་ཆོས་སྐད་ལ་ཀུན་མཁྱེན་ཇོ་ནང་པ་འགྲན་ཟླ་མེད་པ་མཁས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བྲིས། དེབ་ཐོར་སྔོན་པོ་ཤོག་སྤར་དེབ་ཤོག་༤༢༥ འགོས་ལོ་གཞོན་ནུ་དཔལ་གྱིས་ཀུན་མཁྱེན་ཇོ་ནང་པར་འདི་ལྟར་བྲིས་ཏེ། རྒྱུད་བླ་མ་ལ་ཡི་དམ་དུ་བྱེད་པ་དབུས་གཙང་ན་མང་དུ་འདུག་པ་རྣམས་ནི་ཁོང་གི་བཀའ་དྲིན་ལས་ཡིན་པར་སྣང་ངོ་།། ཞེས་བྲིས་སོ།
    ་
    །མགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས།
    ཚོགས་ཐོག་དུ་ཇོ་ནང་བའི་གནད་ཡོད་མི་སྣ།
    ཞེས་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་པ་ནི་སོ་སོའི་ཁ་སྐད་བོད་སྤྱིའི་སྐད་ལས་ལྷག་པར་འདོད་པས་སོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-02-23 at 1:50 pm

    པི་ཊོ་པས་དུས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ཡིན་ནོ། །
    ཇོ་ནང་ཏྰ་ར་ནཱ་ཐས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-02-26 at 5:30 pm

    སོ་ཐར་བྱང་སེམས་གསང་སྔགས་མཛོད་འཛིན་ཅིང་། །
    ཐོག་མའི་ས་བོན་བདེ་གཤེགས་སྙིང་པོའམ། །
    འཁོར་ལོ་ཐ་མའི་དགོངས་དོན་སྙིང་བཅུད་དངོས། །
    གསལ་སྟོན་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme