Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་སྲིད་རྣམ་དབྱེ།

Posted on 2013-02-172013-02-17 By ཁ་བརྡ་ 6 Comments on ཆོས་སྲིད་རྣམ་དབྱེ།

འབྲོང་ངུར་ཆོས་རྗེ།

བསླུ་མེད་འཇིག་རྟེན་སྒྲོན་མེ་དམ་པ་རུ། །
བཀུར་ཞིང་ཞི་བདེའི་ས་བོན་གྲུང་པོ་སྟེ། །
རིས་མེད་འགྲོ་བའི་ཞིང་སར་བསྐྲུན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་གཞོན་མགྲིན་པར་རོལ། །

ངམ་ནག་སྲིད་པའི་མིང་ཙམ་མི་བཟོད་ཀྱང་། །
རྨོངས་འཐོམས་སྐྱེ་བོ་བུམ་ནང་སྦྲང་མ་བཞིན། །
སྟེང་ཞབས་རེ་མོས་རྒྱུ་བའི་ངང་ཚུལ་ལ། །
བསམ་ཞིང་སྐྱོ་སྣང་འབུམ་གྱིས་ཤུགས་རིང་འཐེན། །

ཐུབ་བསྟན་རྣལ་མར་ཆབ་སྲིད་གཡའ་ཡིས་བསླད།།
ཆོས་པའི་གཟུགས་ཅན་ཆོས་མིན་ལས་ལ་བརྩོན། །
གོལ་སའི་ལམ་ཕྲན་འགྲོ་བའི་སྐྱེ་བོ་འགར། །
དབང་མེད་སྙིང་རྗེའི་འདབ་སྟོང་ཅིས་མི་འཛུམ། །

ཆབ་སྲིད་མཁན་པོས་ཡོད་ཚད་གོ་སྐབས་འཚོལ། །
ཆོས་ལུགས་མཁན་པོས་ཡོད་ཚད་གནས་ལུགས་འཚོལ། །
རྟོགས་ངོར་འཇིག་རྟེན་ཐ་དད་གྲུབ་པས་ན། །
ཟུང་འབྲེལ་སྒྲུབ་པའི་གཏམ་དེར་ཡིད་ཐང་ཆད། །

རྣམ་དག་ཆོས་པས་སྐྱེ་འགྲོ་ཕ་མར་སྒོམ། །
སྲིད་དོན་གཉེར་པོས་དགྲ་གཉེན་བར་ཐག་དབྱེ། །
འདི་དང་ཕྱི་མ་གཉིས་ཀྱི་སོ་མཚམས་ནས། །
ཆོས་སྲིད་ཐ་དད་འབྱེད་པའི་ལྡེ་མིག་མཐོང་། །

ཚེ་འདིའི་འཁྲི་བ་ཧྲིལ་གྱིས་མ་ཆོད་ཅིང་། །
ཆོས་བརྒྱད་གྲོགས་སུ་འགུག་པའི་སྐྱེ་བོ་ཉིད། །
ཀུན་མཁྱེན་ཐུབ་པ་དགྱེས་པའི་འབངས་མིན་པར། །
ཆོས་གཟུགས་འཛིན་པ་ཀུན་གྱིས་བསམ་པར་འོས། །

མི་རིགས་རྒྱལ་ཁབ་གཅེས་པས་རང་གི་སྲོག། །
རབ་འཇིགས་མེ་ཡི་དབུས་སུ་འབུལ་བ་ཀུན། །
དཔའ་བོ་ཡིན་པར་སུ་ཡིས་མི་བསྙོན་ཡང་། །
ཆོས་དང་མཐུན་ཞེས་སྨྲ་བ་ལོག་རྟོགས་ཟད། །

དེང་དུས་དམར་སེར་གྱོན་པའི་སྐྱེ་བོ་ཕལ། །
ཆགས་ཞེན་གདོན་གྱིས་མི་རིགས་རྒྱལ་ཁབ་ཅེས། །
རང་གི་ལས་སྐལ་གང་ཡིན་མི་སེམས་པར། །
རྣམ་དག་སྟོན་པའི་བཀའ་ཡི་ཕྱི་རོལ་ཕྱིན། །

ཆོས་དང་བསྟུན་ན་ཐམས་ཅད་མཉམ་ཉིད་དགོས། །
སྲིད་ལྟར་འདོད་ན་ཐམས་ཅད་རང་དོན་ཙམ། །
དེ་ལྟར་མི་འདྲའི་ལམ་བུ་སོ་སོ་ལས། །
གང་རུང་གཅིག་པུ་གདམས་ལས་གཉིས་ཕུང་ངོ་། །

སྐྱེ་བ་ཀུན་ཏུ་སྟོན་པ་རྣམ་དག་དང་། །
མི་འབྲལ་ཆོས་ཀྱི་གནས་ལུགས་མཐོང་བགྱིས་ཤིང་། །
འཇིགས་རུང་ལམ་གོལ་སྐྱེ་བོ་སྐྱོབ་པའི་མགོན། །
དོན་ཀུན་གྲུབ་པ་ཁྱེད་དང་མཉམ་པར་ཤོག །
ཅེས་པ་འདི་ཡང་དེང་དུས་གྲྭ་གཟུགས་ཆབ་སྲིད་པ་འགའ་མཐོང་བས་ཡིད་སུན་ཏེ་འབྲོང་ངུར་ཕོ་ཉས་རྡ་སར་འཕྲལ་མར་ངོ་དེབ་ཐོག་ཏུ་སྤེལ། ༢༠༡༢། ༡༢། ༢༤།

ཆོས་སྲིད་རྣམ་དབྱེའི་ཟུར་རྒྱན།

སྲིད་པ་རྣམས་ཀྱིས་ཆོས་ལ་ཇུས་གཏོགས་བྱེད།།
ཆོས་པ་རྣམས་ཀྱིས་སྲིད་ཀྱི་རྐུབ་སྟེགས་འཛིན།།
ཆོས་སྲིད་ཕན་ཚུན་ལག་ཆར་བྱེད་ཙ་ན།།
གཉིས་ཀ་ཉམས་པ་ལོ་རྒྱུས་དཔང་པོར་གདའ།།

ཆོས་པས་སྲིད་ཀྱི་རྐུབ་སྟེགས་འགྲན་པ་དང་།།
སྲིད་པས་ཆོས་ལ་དགག་རྟོག་བྱེད་པ་སོགས།།
སྐལ་མེད་ས་རུ་སྐེ་རིང་བསྲིངས་བྱས་པས།།
སྐེ་རིང་ས་ལ་ལྷུང་བ་ཉུང་ཉུང་མིན།།

ཆབ་སྲིད་འདི་ཡང་བསམ་གྱིས་མི་ཁྱབ་གཅིག།།
ཆོས་རིག་འདི་ཡང་བསམ་གྱིས་མི་ཁྱབ་གཅིག།།
བསམ་གྱིས་མི་ཁྱབ་ཁུར་ཆེན་གང་གཉིས་པོ།།
སྟབས་གཅིག་གང་ཟག་ཕལ་གྱིས་སྤྱོད་ཡུལ་མིན།།

ཆོས་པ་རྣམས་ཀྱིས་ཆོས་ལ་བརྩོན་གྱུར་ཅིང་།།
སྲིད་པ་རྣམས་ཀྱིས་སྲིད་ལ་འབད་གྱུར་ན།།
ཆོས་སྲིད་གཉིས་ཀ་བཙན་པོའི་སྐབས་བཞིན་དུ།།
དར་ཞིང་རྒྱས་ལ་རིང་པོར་མི་འདུག་གོ།

རྡ་རམ་ས་ལའི་སྲིད་ཀྱི་རྐུབ་སྟེགས་སྟེང་།།
ངུར་སྨྲིག་གྱོན་པའི་ཤཱཀྱའི་བཙུན་པ་འགའ།།
སྲིད་ཀྱི་སྐད་ཆ་ངར་ངར་ཤོད་ཙ་ན།།
རྟགས་ཙམ་འཛིན་པའི་དུས་ལ་སླེབས་སམ་སྙམ།།
འབྲོང་ངུར་ཕོ་ཉའི་ཆོས་སྲིད་རྣམ་དབྱེ་ཞེས་པའི་རྩོམ་ཡིག་དེ་བཀླགས་རྗེས་དེའི་ཟུར་རྒྱན་གྱི་ཚུལ་དུ་བྲིས། ༢༠༡༢། ༡༡། ༢༤།

ཆོས་སྲིད་བར་གྱི་དགག་བྱ་མི་འཛིན་ཡང་། །
ཆོས་སྲིད་བར་གྱི་འབྲེལ་བ་གླེང་འདོད་བྱུང་། །
ཆོས་སྲིད་གཉིས་བར་འཐབ་རྩོས་བྱ་མང་ན། །
ཆོས་སྲིད་མི་དར་ཉམས་པའི་རྒྱུ་རུ་འགྲོ །

ཆོས་པས་སྲིད་ལ་དགག་བྱ་མཛད་པ་དང་། །
སྲིད་པས་ཆོས་ལ་ལོག་པར་ལྟ་བ་སོགས ། །
རང་རིགས་མི་མཐུན་ཁ་བྲལ་་བཏང་བ་ཡིན། །
དེ་ཕྱིར་གཅིག་མཐུན་གྲོགས་སུ་གྱུར་པ་སྨོན། །

གནའ་དུས་ཁ་བའི་རླབས་ཆེན་མེས་པོ་ཚོས། །
ཆོས་སྲིད་ཟུང་དུ་སྤྲེལ་ནས་འབངས་མི་འཚོ། །
གཅིག་གིས་གཅིག་ལ་ཕན་པ་སྐྲུན་པ་ལས། །
གཅིག་གིས་གཅིག་ལ་གནོད་པ་ག་ལ་གྱུར། །

ཆོས་ནི་འགྲོ་དྲུག་བསྐྱང་བའི་རྒྱུ་རུ་འགྲོ །
སྲིད་ནི་ཡུལ་སྡེ་འཚོ་བའི་ཐབས་སུ་ལྡན། །
ཆོས་སྲིད་མི་མཐུན་འགལ་བ་གལ་ལ་ཡིན། །
གཅིག་ཕན་གཅིག་གྲོཊ་ཡིན་པ་དེ་ནས་མངོན། །

ཆོས་པས་སྲིད་ལ་གཅེས་སྐྱོང་དགོས་པ་ཡིན། །
སྲིད་པས་ཆོས་ལ་གོ་རྟོགས་ལོས་ཀྱང་དགོས། །
ཆོས་སྲིད་གཉིན་པོ་འཛམ་གླིང་ནོར་བུ་ཡིན། །
མི་ཉམས་རྒྱུན་འཛིན་དགོས་པ་རང་གི་འགན། །

གལ་ཏེ་ཆོས་ཀྱི་གཞི་རྩ་ཉམས་གྱུར་ན། །
འགྲོ་དྲུག་བདེ་བའི་རྒྱུ་རུ་གལ་ལ་གནས། །
གལ་ཏེ་སྲིད་ཀྱི་སྒྲོམ་གཞི་བརླག་གྱུར་ན། །
འཛམ་གླིང་དཱངས་བའི་རྒྱུ་སྐར་གལ་ལ་ཤར། །

ད་ལྟ་བོད་མིའི་ཛ་དྲག་གནས་སྟངས་ལ། །
སྐྱོབ་པའི་འགན་འཁྲི་གཉིས་ཀ་ཡོད་པ་ལས། །
གཅིག་གིས་ལྟ་ནས་གཅིག་གིས་རྩོད་པ་དེ། །
ལས་འབྲས་རྒྱབ་ཏུ་གཡུགས་པ་མ་ཡིན་ནམ། །

སྐུ་ཡི་རྒོལ་བར་བདག་ནི་ལངས་བ་མིན། །
ཀུ་རེའི་ཚུལ་དུ་ཚིག་གསུམ་ཞུས་པ་ཡིན། །
ཡིག་ནོར་དོན་ནོར་ཚིག་དོན་འཁྲུག་པ་ལ། །
བཀའ་སློབ་ལམ་སྟོན་བདག་ལ་གནང་བ་ཞུ། །

གངས་ཕྲུག སྐལ་བཟང་རབ་རྒྱས། བོད། ཅེས་པའི་དྲྭ་གྲོགས་ཀྱི་བསམ་ཚུལ།

ཆོས་པས་ཆོས་སྒྲུབ་སྲིད་པས་སྲིད་བསྒྲུབ་ལ།།
ཆོས་སྲིད་གཉིས་བར་འཐབ་རྩོད་དགོས་དོན་མེད།།
རང་རང་ས་ནས་རིགས་གཅིག་རྐང་འཛིན་གྱིས།།
འབངས་ལ་བདེ་སྐྱིད་བསྐྲུན་ནོ་གཞན་དུ་རྨོངས།།

ལྡུམ་རའི་ནང་གི་མེ་ཏོག་དཀར་པོ་དང་།།
ལྡུམ་རའི་ནང་གི་མེ་ཏོག་དམར་པོ་གཉིས།།
རང་རང་ས་ནས་གཅེས་སྐྱོང་ལེགས་བྱས་ན།།
སྐྱེ་བོའི་མིག་ལ་མཛེས་པ་མི་ཆེ་འམ།།

ཆོས་ཀྱིས་སྲིད་ལ་རམ་འདེགས་བྱེད་པ་དང་།།
སྲིད་ཀྱིས་ཆོས་ལ་ཕན་གྲོགས་བྱེད་པ་ལ།།
རང་རང་ས་ནས་བྱེད་སྟངས་བྱེད་ལུགས་ཤིག།།
ར་མ་ལུག་གིས་གར་ཡང་གོ་མི་ཆོད།།

གནའ་བོའི་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་གཅིག།།
དེང་གི་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས།།
ད་དུང་དེ་གཉིས་བར་གྱི་ཟུང་འབྲེལ་གསུམ།།
ཆོས་སྲིད་ཟུང་འབྲེལ་འདི་ཡང་དཀའ་རྙོག་ཅིག།།

ང་རང་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་གཅིག།།
སྐུ་ཉིད་ལུགས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས།།
ད་དུང་གཞན་གྱི་ཆོས་སྲིད་ཟུང་འབྲེལ་གསུམ།།
ཆོས་སྲིད་ཟུང་འབྲེལ་འཇོག་ཚུལ་ཤིན་ཏུ་མང་།།

གནའ་དུས་ཁ་བའི་རླབས་ཆེན་མེས་པོ་འགས།།
ཆོས་སྲིད་ཟུང་དུ་སྦྲེལ་ནས་འབངས་མི་བསྐྱངས།།
གཅིག་ཕན་གཅིག་གྲོགས་ཕན་པ་བསྐྲུན་པ་ཡང་།།
ཉུང་ཉུང་མ་ཡིན་མང་པོའང་ཞེ་དྲག་མིན།།

ཆོས་པས་སྲིད་ལ་གུས་བཀུར་ལོས་ཀྱང་དགོས།།
སྲིད་པས་ཆོས་ལའང་དེ་བཞིན་དེ་བཞིན་ནོ།།
མི་ཉམས་རྒྱུན་འཛིན་རང་རང་ས་ནས་བྱོས།།
མི་ཐེག་ཁུར་པོ་རྐང་ཚིགས་ལོག་པའི་རྒྱུ།།

ཆོས་པས་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས།།
འབངས་ཀྱི་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་བྱོས།།
སྲིད་པས་སྲིད་ལ་སློབ་སྦྱོང་གཏིང་ཟབ་པོས།།
འབངས་ཀྱི་ལུས་ལ་བདེ་སྐྱིད་བསྐྲུན་ཐབས་བྱོས།།

ཆོས་སྲིད་ཟུང་འབྲེལ་གོ་དོན་རྙོག་འཛིང་ཆེ།།
བདག་ནི་དེ་ལ་རྒོལ་སྒྲུབ་གང་ཡང་མེད།།
གྲྭ་བཙུན་གཟུགས་ཀྱིས་སྲིད་ཀྱི་རྐུབ་སྟེགས་སུ།།
འཚང་ཁ་བྱེད་ལ་བདག་ནི་ཡིད་མ་རངས།།

རྒྱལ་ཁབ་གང་གི་སྲིད་ཀྱི་བྱ་བ་ནི།།
གོ་སྐབས་འཚོལ་དང་རང་རྒྱལ་གཞན་ཕམ་ཟེར།།
མ་ཟད་སྲིད་ཀྱི་ལས་འདི་བསམ་མི་ཁྱབ།།
རང་གི་གོས་དང་ཁ་དོག་འཚམས་སམ་ཅི།།

བློ་བཟང་མིང་ཅན་གངས་རིའི་སེང་གེ་དེས།།
རང་གི་དཔུང་རོགས་བཀའ་བློན་འདེམ་པ་ན།།
གྲྭ་བཙུན་གཅིག་ཀྱང་མཐོང་རྒྱུ་མེད་པ་ནི།།
ཅི་འདྲའི་ཡིད་འོང་མིག་ལྟོས་གསར་པ་ཞིག།།

གངས་རིའི་ལྗོངས་ཀྱི་ལོ་རྒྱུས་དཀར་པོ་འདི།།
རྒྱུན་འཛིན་ཐུབ་པའི་སྨོན་པ་བདག་ལ་མཆིས།།
ད་ནི་ཕྱིན་ཆད་སྲིད་ཀྱི་རྐུབ་སྟེགས་སུ།།
དགེ་སྦྱོང་གཅིག་ཀྱང་མཐོང་རྒྱུ་མེད་ན་ཨང་།།

ཆོས་ལྡན་རྒྱལ་ཁབ་སྨན་ལྗོངས་འབྲུག་ཡུལ་ན།།
ཆོས་སྐྱོང་སྲིད་སྐྱོང་ཁ་ཁ་སོ་སོར་མཆིས།།
གྲྭ་བཙུན་རྣམས་ཀྱིས་སྲིད་ཀྱི་རྐུབ་སྟེགས་ཕྱིར།།
འགྲན་རྩོད་ལྟ་ཅི་འོས་ཀྱང་འཕེན་མི་བྱེད།།

གྲྭ་པའི་གཟུགས་ཀྱིས་སྤྱི་འཐུས་བཀའ་བློན་སོགས།།
བྱེད་པ་འདི་ནི་ངོ་མ་ཡ་མཚན་ཞིག།།
བྱེད་སྲོལ་འདི་ལ་རྒྱལ་བ་རྣམ་གཉིས་ཀྱིས།།
སྔ་ཕྱིར་མཇུག་བསྡོམས་བརྒྱབས་པ་མ་རྗེད་ཨང་།།

འབྲོང་ངུར་ཆོས་རྗེས་ལན་དུ་བྲིས།

རྩོམ་རིག

Post navigation

Previous Post: ང་བུ་ཡིན།
Next Post: ད་ལྟའི་སྐར་ཚོཊ་ཀྱི་ཆོལ་ཁ་ཆཊ་ནས་ལོ་ཐེར་འབུམ་བཅོ་ལྔ་སོང་བའི་སྐོར།

Comments (6) on “ཆོས་སྲིད་རྣམ་དབྱེ།”

  1. མེ་ཏོག་དཀར་པོ says:
    2013-02-17 at 9:16 am

    འདི་རྩོད་གཞི་ཆེན་པོ་རེད། རྩོམ་སྒྲོམ་འདི་བསམ་བློ་བཏང་ནས་བྲིས་པ་ཡིན་ན་སྐད་ཆ་ཏོག་ཙམ་ཤོད་རྒྱུ་ཡོད། ཕལ་ཆེར་གྱ་ཚོམ་དང་འོལ་ཚོད། མཁས་མདོག་བསྟན་པ་འདྲ་པོ་འདུག ཁོའི་བསམ་པར་གྲྭ་པ་ཡིན་ན་ཆོས་པ་ཡིན་དགོས་སྙམ་པ་དང་། སྲིད་ཟེར་བ་འདི་གཡོ་རྒྱུ་ཁོ་ནས་གྲུབ་པ་ཡིན་དགོས་སྙམ་པའི་འཁྱོག་བློ་བཤད་ལྡན་ཞིང་། བྲིའ་པ་པོ་འདི་ཡོངས་སུ་སྨིན་པ་ཞིག་མིན་པར་ངེས།

  2. ཁྱི་རྒན། says:
    2013-02-17 at 12:39 pm

    གོ་སྟོབས་ཞན་པའི་ཞིང་ས་གྱོང་པོ་ལས།། བྱུང་བའི་འབྲས་མེད་ལྡུམ་བུ་ཆུན་པོ་ཞིག། ཅི་ལའང་རྨོངས་པའི་གླང་རྒན་ཕྱུ་ཚོགས་ལས།། དཔྱོད་ལྡན་ཅང་ཤེས་ཡིད་གར་འཇོ་མ་ཡིན།།

  3. འདྲེ་རྐང་ཐོ། says:
    2013-02-17 at 1:26 pm

    ཆོས་པ་དག་གིས་ཐར་བར་དོན་གཉེར་དང་། །
    ཆབ་སྲིད་པ་ཡིས་རྒྱལ་ཁབ་གཅེས་སྐྱོངས་གཉིས། །
    བྱ་བྱེད་ལས་ལ་ཁྱད་པ་ཡོད་ན་ཡང་། །
    གཅིག་ཏུ་འགལ་བར་སེམས་ན་ཅི་ལ་འགྲིག །

    བཅོམ་ལྡན་འདས་ཀྱིས་ཆོས་འཁོར་མི་འདྲ་གསུམ། །
    དུས་དང་ས་ཕྱོགས་འགྲོ་ལ་ཉེར་གཟིགས་ཏེ། །
    རིམ་པས་བསྐོར་བའི་ལོ་རྒྱུས་འདི་ལ་ཡང་། །
    ཆོས་སྲིད་ཟུང་དུ་འབྲེལ་བར་འགྲེལ་སྟངས་ཡོད། །

  4. འཇམ་གཅེས says:
    2013-02-17 at 8:28 pm

    རྒྱལ་སྲིད་ཆོས་དང་མཐུན་པ་སྐྱོང་ཤེས་ན། །
    ཆོས་དང་མཐུན་ལ་སྲིད་ཀྱིས་དྭངས་མ་ཡིན། །
    གཉིས་ཀ་མི་ཤེས་བླུན་པོའི་རང་མཚང་འདིར། །
    དཔྱོད་ལྡན་རྒན་པོ་ཁྲེལ་བས་རྒྱུ་ཙམ་ཟད། །

  5. བསམ་ཤེས། says:
    2013-02-17 at 10:36 pm

    ཕྱག་རྒྱ་ཆེན་པོ་སྣང་སྲིད་ཀུན་ལ་ཁྱབ།
    རྫོགས་པ་ཆེན་པོ་ཐམས་ཅད་གཅིག་ལ་འདུས།
    དབུ་མ་ཆེན་པོ་མཐའ་གཉིས་ཡོངས་སུ་བྲལ།
    ཆོས་སྲིད་གཉིས་ལ་མཐོང་བ་ཆོས་པ་མིན།

    འཁོར་འདས་ཆོས་རྣམས་བདེན་གྲུབ་མེད་པ་གཅིག
    སྣང་སྟོང་དབྱེ་མེད་འགལ་བ་མེད་པ་གཉིས།
    བདེ་གཤེགས་སྙིང་པོ་ཀུན་པ་ཁྱབ་པ་གསུམ།
    ཆོས་སྲིད་གཉིས་ལ་མཐོང་བ་ཆོས་པ་མིན།

    སེམས་ཅན་མོས་པ་གཅིག་ཏུ་འཛིན་པའི་བློ།
    རྒྱལ་བའི་མཛད་པ་གཅིག་ལས་མིན་པའི་ཡིད།
    ཆོས་ཀྱི་ལམ་ནི་སྲིད་ལས་མིན་པའི་གསུང་།
    གཟུང་འཛིན་བློ་ཡི་བྲན་ལས་མ་འདས་ལགས་
    ཅེས་ཆོས་སྲིད་རོ་གཉིས་དང་ཡོད་མེད་དང་བཟང་ངན་ལ་ཤུགས་ཆེར་འཛིན་པའི་བློ་ནི། བདག་འཛིན་དང་། གཟུང་འཛིན་དང་། ཨ་ཐས་དང་། བདེན་གྲུབ་ཁོ་ནར་བག་ཆགས་ཆེ་ཆེར་ཤོར་བའི་འབྲས་བུ་ལས་གཞན་ཆོས་ཀྱི་རྟོག་པ་དང་ངེས་ཤེས་མཐོང་བའི་ཡེ་ཤེས་ལ་གོམས་པ་སྤུ་ཙམ་མེད་པར་མཚོན་ན། ཆོས་པ་ཞིག་གི་གསུང་ཡིན་ཟེར་ན། ཞབས་འདྲེན་ཁོ་ན་ལས་མ་མཐོང་བས། ཡང་བསྐྱར་ཐོས་བསམ་ལ་ཞུགས་ནས། ཕྱི་ནང་ཆོས་ཀྱི་ངོ་བོར་གཅེར་ལ་ལྟོས་ལ་ཟུར་ནས་དཔྱད་པ་དགོས་པ་ལགས། སེམས་ཅན་མོས་པ་མཐའ་ཡས་པས། སངས་རྒྱས་མཛད་པ་མཐའ་མེད་དོ་ཞེས་མདོ་ལས་འཕྱུངས་བའི་གསུང་འདི་གཅིག་པུས་འབྲོང་ངུས་ཆོས་རྗེ་རྒྱལ་བའི་དམ་ཆོས་ཐུགས་དམ་དུ་མི་འཛིན་པ་ཤེས་ཐུབ། གཞན་པ་རྣམས་ནི་ཅི་ལྟ་མོས།

  6. ཁྱི་རྒན། says:
    2013-02-18 at 2:23 pm

    པད་མ་འབྱུང་གནས་ཆོས་པ་ཡིན་ཡང་རྒྱལ་སྲིད་སྐྱོང་ལ་ཤིན་ཏུ་མཁས།། ཁྲི་སྲོང་ལྡེའུ་བཙན་སྲིད་སྟེགས་སྟེང་དུ་ཆོས་ཀྱིས་གྲུབ་པའི་ས་མཐོར་གཤེགས།། ངེས་དོན་དགེ་སློང་ཏ་ལའི་བླ་མས་ལོ་རྒན་དྲུག་བཅུར་སྲིད་ལ་བརྩོན།། ཆོས་སྲིད་འགལ་ཞེས་མུ་ཅོར་བཏོན་མཁན་སྲིན་བྱ་འུག་རྒན་སུ་ཞིག་ཀོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme