Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་འདི་ཉིད་ཐོག་མར་གང་ནས་བྱུང་བའི་ཚུལ་མངོན་པའི་ལུཊ།

Posted on 2013-02-112013-02-11 By ཁ་བརྡ་ 10 Comments on འཇིག་རྟེན་འདི་ཉིད་ཐོག་མར་གང་ནས་བྱུང་བའི་ཚུལ་མངོན་པའི་ལུཊ།

ཧི་མ་ལ་ཡའི་འཕྲུལ་སྨྱུག

དེ་ལ་སྣོད་བཅུད་ཀྱི་རྣམ་གཞག་༼ལ་༽གཉིས་ཡོད་པ་ལས། དང་པོ། རང་ཅག་མིའི་རིགས་རྣམས་ཐུན་མོང་དུ་འཚོ་ཞིང་གནས་པའི་གཞི་རུ་གྱུར་པའི་ད་ལྟའི་འཇིག་རྟེན་འདི་ཉིད་ཐོག་མར་གང་ནས་བྱུང་བའི་ཚུལ་ལ། ཆོས་མངོན་པ་བ་རྣམས་ལྟར་ན། སྤྱིར་འཇིག་རྟེན་གྱི་ཁམས་ལ་ཐོག་མ་དང་ཐ་མའི་མཐའ་མེད་ཅིང༌། རྒྱ་ཚད་ཀྱང་གཞལ་དུ་མེད། ད་ལྟའི་འཇིག་རྟེན་འདི་ནི། འཇིག་རྟེན་གཞན་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུ་ཐམ་པ་ལོན་པའི་རྗེས་སུ། ལས་ཀྱི་དབང་གིས་ཕྱོགས་བཅུའི་ནམ་མཁའི་ཁམས་ནས་རླུང་ཆེན་པོ་དག་ལྡང་སྟེ། ༼རླུང་༽དེ་དག་༼གི་རྐྱེན་ལས་རྡུལ་རྫས་ཞིག་ཐོར་དུ་སོང་བ་རྣམས་༽རིམ་གྱིས་ཕྱོགས་གཅིག་ཏུ་འདུས་པའི་མཐར་རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་པར་གྱུར་༼པ་༽དེ་ཉིད་མུ་མཐའ་མེད་པའི་ནམ་མཁའི་དབྱིངས་སུ་རྟེན་མེད་པར་ཆགས་ཤིང་༼གནས་པ་དེ་ཡང༌། མདོ་བསྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །ཞེས་སོགས་གསུངས་ཡོད་ལ། རླུང་གི་དཀྱིལ་འཁོར་དེའི་རྔམས་ཏེ་སྟེང་དུ་དཔག་ཚད་ས་ཡ་ཕྲག་གཅིག་དང་དྲུག་འབུམ་ཡོད། རྒྱར་ནི་སྟོང་གསུམ་དང་མཉམ་ལ།༽ དབྱིབས་ནི་༼ཟླུམ་པོའོ་ཞེས་མཆིམས་མཛོད་དུ་བཀོད་པ་ནི། འོག་གཞི་ཟླུམ་པའི་རྣམ་པ་ཞིག་ལ་གོའམ་སྙམ།༽ ཕྱི་རིམ་མཐོ་ལ་ནང་དམའ་བ་སྟེ། ༼རོབ་ཚོད་ཀྱི་དབང་དུ་བཏང་ན་༽བར་སྣང་དུ་དཔྱངས་པའི་ཟོ་༼བ་༽སྟོང་༼པ་༽ཞིག་༼མཁའ་དབྱིངས་སུ་ལྡིང་བཞིན་པ་༽དང་འདྲ་པོ་༼ཞིག་བློ་ལ་འཁོར་གྱི་༽ཡོད། ༼དེ་ནི་ཚན་རིག་པས་བཤད་པའི་ Ozone layer ཞེས་པ་དེ་དང་འདྲ་བར་སྙམ།༽
དེ༼འི་༽རྗེས་༼སུ༽རླུང་དཀྱིལ་དེའི་སྟེང་གི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་ཆེན་པོ་འདུས་ཏེ། ཆར་༼བའི་༽རྒྱུན་༼ཉིན་མཚན་སྟུན་མར་ཆེ་ཆུང་༽ཤིན་རྟའི་འཕང་ལོ་ཙམ་ཡུན་རིང་དུ་བབ་པས། མཐར་ཟོ་བ་ཆུས་ཁེངས་པ་བཞིན་རླུང་དཀྱིལ་གྱི་དབུས་སུ་༼འམ་ནང་དུ་༽ཆར་ཆུའི་རྒྱ་མཚོ་ཆེན་པོ་ཞིག་ཆགས། ༼ཞེས་པ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུ་འོ། །ཞེས་པའོ།།༽ མཚོ་དེའང་རླུང་༼གི་༽ཤུགས་ཀྱིས་བསྲུབ་ཅིང་དཀྲུག་པའི་དབང་གིས། འོ་མའི་ཐོག་ཏུ་སྤྲིས་མ་ཆགས་པ་བཞིན་ས་གཞི་ཆེན་པོ་རི་གླིང་དང་བཅས་པ་འདི་བྱུང༌། དེ་ཐམས་ཅད་ཀྱི་བདག་རྐྱེན་ནི་རྒྱལ་བའི་སྨོན་ལམ་དང༌། འགྲོ་བའི་ལས་དབང་གཉིས་ཡིན་ལ། ཉེར་ལེན་གྱི་རྒྱུ་ནི་འཇིག་རྟེན་གཞན་དག་ཞིག་པའི་ཐལ་རྡུལ་ཕྲ་མོ་དག་ནམ་མཁའ་འདིར་རླུང་གིས་ཁྱེར་ནས་འོང་བ་ཡིན། སྣོད་༼འཆགས་པ་༽ལ་༼དུས་ཡུན་༽བར་བསྐལ་གཅིག་དང༌། བཅུད་ལ་བར་བསྐལ་བཅུ་དགུ་སྟེ། འཇིག་རྟེན་རེ་རེའི་འཆགས་པའི་དུས་ཡུན་ནི། བར་བསྐལ་ཉི་ཤུ་རེ་དང༌། བར་བསྐལ་རེའི་ཡུན་ལ་མི་ལོ་དཀྲིགས་ཆུང་བརྒྱད་ལྷག་ཙམ་ཡོད་ཟེར་ལ། དཀྲིགས་ཆུང་ནི་གྲངས་གནས་བཅོ་བརྒྱད་པ་དེ་ཡིན།༼ཞེས་པའི་འབྱུང་ཁུངས་ལུང་སིལ་བུ་ལས་བསྡོམ་དུ་བསྡུས་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲ་དང༌། །གཏམ་དཀྲིགས། ཞེས་པའི་གྲངས་གནས་བར་ཡིན་ནོ།།༽
དེ་ནས་བར་གྱི་བསྐལ་པ་ཉི་ཤུའི་རིང་ལ་འཕེལ་འགྲིབ་སྤེལ་མའི་ངང་ནས་གནས་པའི་མཐར་འཇིག་པའི་འགོ་རྩོམ་ཞིང༌། འཇིག་པའི་ཚུལ་ལ་མེ་ཡིས་འཇིག་པ་དང༌། ཆུ་ཡིས་འཇིག་པ་དང༌། རླུང་གིས་འཇིག་པ་བཅས་རེས་ཀྱིས་འཁོར་བ་ལས། ད་རེས་ནི་མེས་འཇིག་དུས་ཡིན། ༼དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའ་རང་བཞིན་ནམ་མཁར་འགྱུར་བར་འོང༌། །ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་འཚིག །ཅེས་དང༌།དྭགས་པོ་ཐར་རྒྱན་འདུས་བྱས་མི་རྟག་པའི་སྐབས་སུ་གསུང་ཡོད།༽ འཇིག་རྟེན་འཇིག་པར་རྩོམ་པའི་ཚེ། ཉི་མའི་དཀྱིལ་འཁོར་འདི་ཉིད་ད་ལྟ་བས་བཞི་འགྱུར་གྱིས་ཚ་རུ་ཕྱིན་པའི་སྟེང་དུ་༼ཞེས་པ་བཞིན། མཛོད་འགྲེལ་མངོན་པའི་རྒྱན་ལས།༣༣༥ འདི་ལྟར་མེས་འཇིག་པ་ནི། ཉི་མ་བདུན་གྱིས་འཇིག་སྟེ། གང་གི་ཚེ་བར་བསྐལ་བཅུ་དགུར་སེམས་ཅན་གྱི་འཇིག་རྟེན་ཞིག་སྟེ། བསམ་གཏན་དང་པོ་མན་ཆད་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེའི་ཚེ། ནམ་མཁའ་ལ་སྤྲིན་མེད་ཅིང་ཉི་མ་འདི་ཉིད་བཞི་འགྱུར་གྱིས་ཚ་བར་གྱུར་པས་ནི། ཆུ་ལས་གྱུར་པའི་རྩི་ཤིང་དང་ནགས་ཚལ་རྣམས་སྐེམ་པར་བྱེད་དོ། །
དེ་བཞིན་དུ་གཉིས་པས་ནི། ཆུ་ཕྲན་དང༌། ལྟེང་ཀ་ཆེ་ཆུང་རྣམས་དང༌། གསུམ་པས་ནི། ཆུ་བོ་ཆེན་པོ་བཞི་དང༌། བཞི་པས་ནི། མཚོ་ཆེན་པོ་མ་དྲོས་པ་དང༌། ལྔ་པས་ནི། ཕྱིའི་རྒྱ་མཚོའང་སྐེམ་པར་བྱེད་དོ། །དྲུག་པས་ནི། ས་ཆེན་པོ་དང༌། མཆོག་ཏུ་སྲ་བའི་རི་རབ་ལའང་དུ་བ་འཐུལ་བར་བྱེད་དོ། །བདུན་པས་ནི། ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་ཏེ། མེ་དེ་ཡང་རང་ཞི་བར་འགྱུར་རོ་ཞེས་པ་ལྟར་གནས་ལ།༽ གང་ཞིག་ནས་ཡོང་མིན་ཆ་མི་འཚལ་བའི་ཉི་མ་གསར་པ་གཞན་དྲུག་བཅས་ཁྱོན་ཉི་མ་བདུན་དུས་གཅིག་ཏུ་ཤར་ནས་༼ཞེས་པའི་ལན་ནི། འདི་མཚུངས་ཤིག་འདེབས་རིགས་ཏེ། བསྐལ་པ་འཇིག་པའི་སྔ་ལྟས་ཀྱི་ཉི་མའི་དཀྱིལ་འཁོར་དང་པོ་འདི་ཉིད་ད་ལྟ་བས་(བཞི་འགྱུར་གྱིས་ཚ་རུ)་འགྱུར་བཞིན་པ་ནི་ཁྱེད་ཀྱི་ཀྱང་ཁས་ལེན་ལ། བཀོད་མ་ཐག་པའི་མཛོད་འགྲེལ་ལས། དེ་བཞིན་དུ་གཉིས་པས་ནི་ཞེས་པའི་དེ་བཞིན་དུ་ཞེས་པའི་མཚུངས་སྒྲ་དེའི་འཇུག་ཡུལ་ནི། ཉི་མའི་ཚ་ཚད་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བ་གཉིས་པ་ནས་བདུན་པའི་བར་རིམ་བཞིན་འཇུག་པའི་དབང་དུ་བྱས་པ་ཡིན་ལ། དེས་ན་ཚན་རིག་པ་དང་པ་ཡང་ཕྱོགས་མཚུངས་མཐུན་པར་སེམས་ཏེ། (མ་འོངས་པ་ན་མི་ལོ་ཐེར་འབུམ་ལྔ་ཙམ་གྱི་རྗེས་སུ། ཉི་མའི་འབར་རྫས་ཆིང་དང་ཧེལ་ཕལ་ཆེར་ཟད་ནས་དྲོད་ཚད་ཆུང་དུ་ཕྱིན་པ་དང་ཕྱོགས་མཚུངས། སྤུས་ཚད་ཀྱང་ཇེ་ཞན་དུ་གྱུར་པའི་དབང་གིས་དམ་ཚགས་ཤོར་ཏེ། ཉི་མའི་བོངས་ཚད་ད་ལྟ་ལས་ལྡབ་བརྒྱ་ཙམ་ཞིག་ཇེ་ཆེར་འགྱུར། སྐབས་དེར་ས་ཡི་གོ་ལ་སོགས་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཕལ་མོ་ཆེ་ཡང༌། ཁབ་ལེན་གྱི་རི་བོར་ལྕགས་ཕྱེ་འབྱར་བ་བཞིན་དུ་ཉི་མའི་ངོས་སུ་ལེན་པར་འགྱུར་ལ།) ཞེས་པ་དེར་དྲོད་ཚད་ཆུང་དུ་འགྲོ་ཚུལ་ཅུང་མི་མཐུན་པ་ཙམ་ལས། མཐར་ཐུག་ཉི་མའི་རྐྱེན་གྱིས་འཇིག་འགྲོ་བའི་ཚུལ་གསུངས་པ་དེས་འཐུས་པར་སེམས་ལ། གལ་སྲིད་ཁྱེད་ཀྱིས་ཀྱང་(གང་ཞིག་ནས་ཡོང་མིན་ཆ་མི་འཚལ་བའི་ཉི་མ་གསར་པ་གཞན་དྲུག་བཅས)་ཞེས་པ་དེ་ལ་མགོ་བསྒྲེས་ཀྱི་རིགས་པ་ཞིག་བྲིས་ན། གང་ཞིག་ནས་ཡོང་མིན་ཆ་མ་ཚལ་བའི་ཉི་མའི་འགྱུར་ལྡོག་དང་པོའི་(བཞི་འགྱུར་གྱིས་ཚ་རུ་ཕྱིན་པའི་)བཞི་འགྱུར་དེའམ། ཡང་ན། (ཉི་མའི་བོངས་ཚད་ད་ལྟ་ལས་ལྡབ་བརྒྱ་ཙམ་ཞིག་ཇེ་ཆེར་འགྱུར་)ཞེས་པ་དེ་ལའང༌། ཀླན་ཀ་དེ་ཟླར་ཞིག་བབ་པར་འགྱུར་རོ།།
ས་གཞི་ཆེན་པོ་འདི་ཉིད་རྩ་སྐྱ་མེ་ནང་དུ་འཕངས་པ་ལྟར་གཞོབ་ཐུལ་དུ་བསྲེག་ཅིང༌། མཐར་ཚིག་པའི་ཐལ་བ་ཙམ་ཡང་ཤུལ་དུ་མི་ལུས་པས། ཅང་མེད་ཀྱི་ནམ་མཁའ་སྟོང་རྐྱང་ཞིག་ཏུ་འགྱུར་བར་འདོད། རྣམ་གཞག་དེ་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་སྤྱན་༼ནམ་དྲང་སྲོང་རྣམས་ཀྱི་མངོན་ཤེས་༽ཞེས་བྱ་བ་དེས། དེ་ལྟར་དུ་གཟིགས་པ་ཡིན་ཞེས་པ་ཙམ་ལས། གཞན་དེ་ལྟར་ཡིན་ངེས་པའི་འཐད་པ་བཙལ་ཏེ་སྨྲས་པ་ནི་ཅུང་ཟད་ཀྱང་མེད་དོ།།

དཔྱད་རྩོམ།

Post navigation

Previous Post: ང་ཚོའི་བོད་ཀྱི་ལོ་སར་གྱི་སྐོར།
Next Post: མཆོད་སྤྲིན།

Comments (10) on “འཇིག་རྟེན་འདི་ཉིད་ཐོག་མར་གང་ནས་བྱུང་བའི་ཚུལ་མངོན་པའི་ལུཊ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-11 at 11:32 pm

    ལུགས་ལ་ལུཊ་ཞེས་བྲིས་པ་དེ། ཕྱི་ལོགས་པ་དང་། བོད་ཕྲུག་ཡི་གེ་སྦྱངས་པ་་དག་གིས་དེ་ལྟར་བསྡུས་ཡིག་མ་སྦྱངས་པས་ཀློག་མི་ཐུབ་པ་དེ་རང་རེས་མངོན་སུམ་ལ་མཐོང་། ཇི་ཙམ་ཐུབ་པར་བསྡུས་ཡིག་མ་འབྲི་ལ་ལེགས་སོ།།

  2. པདྨ་རྡ་རྗེ། says:
    2013-02-12 at 12:06 am

    ག་རེ་བཤད་ཡོད་གོ་མ་ཐུབ་། དགག་གི་ཡོད་དང་། རྒྱབ་སྐྱོར་བྱེད་གི་ཡོད་གསལ་ཁ་མི་འདུག་།

  3. ཕྱུགས་རྫི་ says:
    2013-02-12 at 12:21 am

    དགག་པའི་ཁུལ་བླངས་ཡོད་ས་རེད་དེ་ཉི་མ་འཆོར་བྱེད་ཙམ་ལས་མ་འདས་སྙམ།

  4. སྤོབས་པ་མཐའ་ཡས། says:
    2013-02-12 at 12:47 am

    མཁྱེན་དཔྱོད་ཀྱི་བདག་པོ་ཨ་ཡིན་སི་ཏྲིན་གྱིས་། ཆོས་ལུགས་ནི་ཚན་རིག་གི་རྨང་གཞ་ཡིན་ཞེས་དང་། ཚན་རིག་དང་མཉམ་དུ་གོམ་པ་སྤོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་ཡོད་ན་དེ་ནི་སྟོན་ཤཀྱཱ་ཐུབ་པའི་ཆོས་ལུགས་ཡིན་ཞེས་བཤད་པ་ཅི་མ་བདེན། ཆོས་པ་རྒན་པོ་དེ་ཚོས་འདི་འདྲའི་བསམ་གཞིག་ཞིབ་མོ་དང་། བློས་བསླངས་ངོ་མཚར་ཅན། འཆར་སྣང་མཛེས་སྡུག་ཅན་བྱས་འདུག མི་འདི་ཚོ་ནས་མགོ་ཚུགས་ཏེ་བདེན་པ་འཚོལ་མགོ་ཚུགས་པ་རེད། དངོས་ཡོད་རྙེད་མགོ་ཚུགས་པ་རེད། སྐྱབས་སུ་མཆི་ཟེར་བ་ཙམ་ལས་བསམ་འཆར་འདྲ་ནི་གང་ཡང་འདོན་ཤེས་མ་སོང་ལགས།

  5. འོད་གསལ says:
    2013-02-12 at 2:34 am

    ནང་བའི་གཞུང་རྙིང་བར་འཇིག་རྟེན་ཆགས་ཚུལ་བཤད་པའི་སྐབས་ཀྱི་རླུང་གི་དཀྱིལ་འཁོར་ནི་ས་གཞི་ཉིད་བརྟེན་པའི་འབྱུང་བ་རྒྱ་ཤིན་ཏུ་ཆེ་བར་གསུངས་ལ། དེང་སང་ནུབ་ཕྱོགས་ཚན་རིག་པས་བཤད་པའི་Ozone Layerཟེར་བ་དེ་སའི་སྟེང་ནས་ཡར་ཀི་ལོ་མི་ཏྲར་ཉི་ཤུ་དང་སུམ་ཅུའི་ཚད་ལ་ཆགས་ཡོད་པའི་མཁའ་དབུགས་ཀྱི་གོ་ལ་ཞིག་ཡིན་པས་དེ་གཉིས་ཅུང་ཙམ་ཡང་མི་འདྲ།

    མངོན་པ་ནས་བཤད་པ་མཐའ་དག་སངས་རྒྱས་ཀྱི་གསུང་སུ་འདོད་མི་དགོས་ཏེ། མདོ་སྡེ་བས་མངོན་པ་སྡེ་བདུན་དགྲ་བཅོམ་པ་དག་གིས་བཟོས་པར་རྩོད་པས་ཤེས། དེས་ན་བྱེ་མདོ་གཉིས་ཀྱིས་བསྟན་བཅོས་ཐོག་མ་འཇོག་སྟངས་མི་མཐུན་ལ། སྔ་མས་བྱེ་བྲག་ཆེན་མོ་དང་། ཕྱི་མས་མངོན་པ་སྡེ་བདུན་བསྟན་བཅོས་བཞག་ཡོད། གཞན་དུས་ཀྱི་འཁོར་ལོ་ཨེ་ཝཾ་རྣམ་ཀུན་མཆོག་ལྡན་སྟོང་བ་ཉིད་ཆེན་པོ་ནི་བསླུ་བ་དང་བྲལ་བར་ངེས་མོད། ཕྱིའི་དུས་ཀྱི་འཁོར་ལོའི་སྐབས་སུ་གོ་ལ་གྲུབ་སྟངས་ཐད་ལ། བཅོམ་ལྡན་རིག་རལ་དང་རྗེ་རེད་མདའ་བ་སོགས་ཀྱིས་ཉི་ཤར་བགྲོད་པ་ལྟ་བུ་རྣམས་ཐུགས་ལ་མི་འཕྲོད་པ་དངོས་ཤུགས་གཉིས་ཀར་གསུངས་ཡོད། དེས་ན་ཨུ་ཚུགས་བཙན་པོའི་སྒོ་ནས་ནང་བའི་ཟེར་སྒྲོས་ཡོད་ཚད་ཚན་རིག་དང་མཐུན་པར་བསྒྲུབ་པ་ལ་དགོས་པ་ཆེ་མ་མཐོང་། ནང་བ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། སྙིང་རྗེ་ཆེན་པོ་དང་། གཉིས་མེད་ཀྱི་ཡེ་ཤེས་རྣམས་ལ་ཐུགས་གཞོལ་ན་ཕན་ཡོན་ཤིན་ཏུ་ཆེ་བར་སྙམ།

  6. ཅོ་རི་ཉི་མ། says:
    2013-02-12 at 2:56 am

    བཀོར་གཉེར་ལག་རྒྱུན་བཟང་ན་གསེར་སྐུ་ཟངས་ལ་སྒྱུར་ཟེར་བ་དེ་རེད་དོ།

  7. ངག་དབང་ says:
    2013-02-13 at 3:33 pm

    ༄། དཔལ་དུས་ཀྱི་འཁོར་ལོ་ནས་ཕྱི་ནང་གཞན་གསུམ་ལས་ཕྱི་དུས་ཀྱི་འཁོར་ལོ་དང་ ཉིན་འཛིན་སྐབས་དབུག་གི་འགྲོ་སྒྱུ་སོགས་ལས་འཇིགས་རྟེན་ཆགས་ཚུལ་བསམ་ན་ལེགས་སམ་སྨྱམས་་

  8. ལེགས་བཤད། says:
    2013-02-13 at 10:33 pm

    ནང་ཆོས་དང་ཚན་རིག་ནས་བཤད་པ་ཐམས་ཅད་མཐུན་པ་མ་ཡིན་ཡང་ནང་ཚན་བསྡུར་བའི་དཔྱད་པ་ཧ་ཅང་གལ་ཆེ་ཡིན་པར་ངེས། སྔོན་གྱི་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་རྒྱང་ཤེལ་སོགས་འཕྲུལ་ཆས་ལས་མཐོང་བ་མ་ཡིན་ཡང་རྒྱང་ཤེལ་ལ་ཡང་དྭངས་ཤེལ་བེད་སྤྱོད་བྱེད་དགོས་པ་ལྟར། དཔེར་ན་ལྷ་ཡི་མིག་གི་མངོན་ཤེས་སོགས་ལ་ཡང་ནང་གི་གཟུགས་ཅན་དྭངས་པ་ཞིག་ལ་བདག་རྐྱེན་བྱས་ནས་ཡུལ་ཐག་རིང་པོ་དང་ཕྲ་རྡུལ་དེ་ཚོ་མཐོང་ཐུབ་ཀྱི་ཡོད་པ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-02-14 at 2:15 am

    རི་རྒྱལ་ལྷུན་པོའི་སྐོར།
    ་་་ འོ་མའི་ཐོག་ཏུ་སྤྲིས་མ་ཆགས་པ་བཞིན་ས་གཞི་ཆེན་པོ་རི་གླིང་དང་བཅས་པ་འདི་བྱུང༌། ་་་་ཞེས་དང་། ནང་ཆོས་ནང་གི་ལབ་འདོད་མེད་པར། ནང་པའི་མཁས་པ་འགས་བཤད་པའི་ཉི་མ་ཆར་ནུབ་ལ་ཕན་གནོད་འདྲེན་མཁན་གྱི་རི་རྒྱལ་དེ་མེད་པར་འདོད་དགོས་ཀྱང་།
    ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་འཚིག །
    དག་ཅེས་མང་ཚིག་ཡོད་པ་ལྟར། སྤྱིར་ན་རི་རྒྱལ་ལྷུན་པོའི་མིང་དོན་འཇུག་ས་མེད་པ་མིན་ཏེ། རང་ཡུལ་གྱི་གངས་རིན་པོ་ཆེ་དང་། ཇོ་མོ་གླང་མ་སོགས་ནི་རི་ཡི་རྒྱལ་པོ་རེད་དོ། ཡུལ་གཞན་དུ་ཡང་དཔེར་ན། རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ། །ལ་སོགས་བཞིན་ནོ། །

  10. ངག་དབང་ says:
    2013-02-14 at 8:39 am

    དང་པོ་ནངཆོས་ མདོ་ སྔགས་ཡོང་ལ་གོ་བ་ཆག་ དེ་ནས་ཉམ་ལེན་ཡང་གང་མཚམས་ཡོད་པ་ཡིན་ན། ཚན་རིག་དང་བསྡུར་ན་ཡག་པོ་འདུག་ ནང་ཆོས་ཀྱི་གཞི་གདན་གཙོ་བོ་ལས་འབྲས་ཡིན་པས་ ཚན་རིག་པས་ལས་འབྲས་མི་ཤེས་ ད་ལྟ་ནང་ཆོས་དང་ཚན་རིག་བགྲོད་གླེང་བྱེད་བཞིན་པ་འདིས་ལེགས་ཆ་དང་ ཕྱོགས་གཞན་ནས་ཞེན་ཆ་ཡང་མང་ འཇིགས་རྟེན་ཆག་ཚུལ་ཡང་

    ལས་ལས་འཇིགས་རྟེན་སྣ་ཚོགས་སྐྱེས་ཞེས་པ་ལྟར་འགྲེལ་དགོས་ན་བཟབ་བཟབ་བྱེད་རོག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme