Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་འོས་པའི་བླ་སྲོག

Posted on 2013-02-052013-02-05 By ཁ་བརྡ་ 62 Comments on སྨོན་འོས་པའི་བླ་སྲོག

བསྟན་འཛིན་ཉིན་བྱེད་ཀྱིས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།
—-དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ལ་ཅུང་ཙམ་དཔྱད་པ།

མི་རིགས་ཤིག་གི་ཚེ་སྲོག་དེ་མི་རིགས་དེའི་ལོ་རྒྱུས་དང་། རིག་གནས། རྩོམ་རིག ཆོས་ལུགས། སྒྱུ་རྩལ་བཅས་ཀྱི་ཐོག་གནས་ཡོད། འདི་ཚོ་རྒྱ་གར་ནང་གི་བོད་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཀྱིན་ཡོད་མོད། བོད་པའི་སློབ་མ་དེ་དག་གི་དོ་སྣང་བྱེད་སྟངས་ལ་བལྟས་ཏེ་བཤད་ན་ཡར་སྐྱེད་ཆེན་པོ་ཕྱིན་མེད། འདིའི་རྒྱུ་རྐྱེན་གཅིག་ནི་ང་ཚོས་སློབ་མ་དེ་དག་ལ་རང་གི་བསམ་བློ་ཡར་རྒྱས་འགྲོ་བའི་ཐབས་ལམ་ཞིག་བརྒྱུད་ནས་སློབ་ཁྲིད་བྱེད་མ་ཐུབ་པས་རེད། ང་ཚོའི་སློབ་མ་དེ་དག་ལ་དྲི་བ་འདོན་པའི་སྐུལ་མ་བྱེད་ཀྱིན་མེད།

ང་རང་ཆུང་ངུའི་དུས་སུ་ཕ་མ་གཉིས་ཀྱིས་མཆོད་བཤམས་ནང་གི་ལྷ་སྐུ་རྣམས་ཀྱི་ཁྲོད་དུ་བཞག་ཡོད་པའི་རྒྱལ་བ་རིན་པོ་ཆེའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ལ་བལྟས་མྱོང་བ་དྲན་གསོས་ཀྱིན་འདུག དེབ་དེའི་ནང་དུ་༸རྒྱལ་བ་རིན་པོ་ཆེ་དང་མའོ་གཉིས་ཀྱིས་བཞིན་འཛུམ་གྱིས་ཁེངས་ནས་ཕན་ཚུན་ཁ་གཏགས་སྤྲོད་རེས་གནང་བའི་བརྙན་པར་འདུག གཅིག་དགུ་བརྒྱད་ཅུའི་ནང་དུ་བོད་དེ་རིག་གནས་གསར་བརྗེའི་གཏོར་བཤིག་ལས་ཐར་ཡོད་མོད། དེ་དུས་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བ་ཀུན་གཏོར་བཤིག་བཏང་ཟིན།

དེའི་རྐྱེན་པས་ངའི་དགེ་རྒན་དང་། ཕ་མ། གཞན་ཡང་སྤྱི་ཚོགས་ཧྲིལ་པོས་ང་ལ་མའོ་ནི་གདོན་འདྲེ་དང་༸གོང་ས་མཆོག་ནི་ལྷ་ཡིན་པ་བཤད་བྱུང་། འདི་ནི་ང་ཚོའི་རྒྱ་ནག་གི་རྫུན་པ་དང་གཉའ་གནོན་ལ་འགྲེལ་བཤད་བྱེད་སྟངས་ཤིག་རེད། ཡིན་ཡང་རྗེས་སུ་ངས་ང་ཚོའི་བཤད་ཚུལ་འདི་དག་ལ་ཚོད་ངེས་ཅན་ཞིག་ཡོད་པ་ཤེས་བྱུང་། གོང་དུ་བཤད་པ་བཞིན་ངས་ལྷ་དང་འདྲེ་གཉིས་ཐུག་སྟེ་འཛུམ་མདངས་སྟོན་རེས་བྱེད་བཞིན་པར་འགྲེལ་བཤད་བྱེད་མ་ཤེས། ང་ལ་ཕ་མ་དང་དགེ་རྒན་རྣམ་པར་དྲི་བ་འདི་འདྲི་བའི་བློ་ཁོག་མ་རྙེད། ལྷན་སྐྱེས་སུ་གནས་པའི་ཞེད་སྣང་ཞིག་གམ། ངོ་ཚ་ཞིག ཡང་ན་ཞན་ཆ་ཞིག་གིས་ང་ལ་དེ་ལྟར་བྱེད་པར་འགོག་རྐྱེན་བྱས་བྱུང་།

དེ་བཞིན་སློབ་གྲྭའི་ནང་དུ་ཁྲིད་བཞིན་པའི་ཆོས་འབྱུང་དེ་དག་གི་ནང་དུའང་སྒྱུ་འཕྲུལ་དང་། གནའ་བོའི་རྟོག་སྒྲུང་། ཡ་མཚན་ཅན་གྱི་བྱུང་བ་བཅས་འཆད་བཞིན་ཡོད་ལ། ད་དུང་མིག་བཙུམས་ཐེངས་གཅིག་ལ་རྒྱ་མཚོ་བརྒལ་ནས་འཕུར་ཐུབ་པའི་དྲང་སྲོང་གི་སྒྲུང་ཡང་འཆད་ཀྱིན་ཡོད། ང་ཚོ་སློབ་ཕྲུག་རྣམས་ལ་མཚོན་ན་སྒྲུང་དེ་དག་ཤིན་ཏུ་སྙན་པོ་འདུག ཡིན་ཡང་མི་བདེ་བ་ཞིག་ཡོད་པ་ནི་དགེ་རྒན་དག་གིས་སྒྲུང་དེ་དག་དངོས་ཡོད་ཡིན་པར་ཡིད་ཆེས་བྱེད་པར་མ་ཟད། ང་ཚོ་ལའང་སྒྲུང་དེ་དག་མིའི་བསམ་བློའི་རྟོག་འཆར་རྣམས་ངར་སྐྱེད་ཕྱིར་ཆེད་དུ་བཟོས་པའི་སྒྲུང་མིན་པར་དངོས་ཡོད་ཡིན་པར་ཡིད་ཆེས་བྱེད་དུ་བཅུག ཡིན་ཡང་ཁོ་ཚོས་ང་ཚོ་ཕལ་ཆེ་བར་གནད་དོན་འདིའི་ཐོག་ཨུ་ཚུགས་བྱེད་ཐུབ་མེད།

འདིའི་གྲུབ་འབྲས་ནི་ལེགས་པོ་ཞིག་མ་རེད་དེ་སློབ་ཕྲུག་མང་པོ་ཞིག་འཚར་ལོངས་བྱུང་སྐབས་བོད་སྐོར་གྱི་སྒྲུང་ལ་དོ་སྣང་བརླག་འགྲོ་གིན་ཡོད། ང་ཚོས་རང་གི་འཚོ་བ་དང་ཁོ་ཚོའི་བར་དུ་མཚུངས་ཆོས་རྙེད་ཐབས་བྲལ་འདུག གང་ལགས་ཤེ་ན་ཁོ་ཚོས་མི་རང་ག་བའི་བརྩེ་དུང་དང་། ཐོབ་ཤོར། སྐྱོ་གར་བཅས་འཆད་ཀྱིན་མི་འདུག གཅིག་བྱས་ན་འདིས་བོད་ཕྲུག་རྣམས་ཀྱིས་སྔ་མོ་ནས་བོད་ཡིག་སློབ་ཚན་བཀླག་པ་མཚམས་བཞག་སྟེ་དབྱིན་ཇིའི་སྒྲུང་རིང་རྣམས་ཀློག་བཞིན་པར་འགྲེལ་བརྗོད་ཅིག་བྱེད་ཀྱིན་ཡོད་ཀྱང་སྲིད། རྡ་ས་རུ་གསུམ་བཅུའི་དུས་དྲན་སྐབས་སུ་མགོ་ཁྲིད་རྣམས་ཀྱིས་སྲིད་དོན་གྱི་གཏམ་བཤད་བྱེད་དུས་བོད་ཕྲུག་བུ་མོ་ཞིག་གིས་ཨི་མི་ལི་བ་རོན་ཊའི་རླུང་དམར་གྱི་མཐོ་ཚད་ཀློག་པ་མཐོང་བ་ནི་རྒྱུན་ལྡན་རེད། ཐེངས་ཤིག་བོད་ཀྱི་སྲིད་དོན་པ་གྲགས་ཅན་ཞིག་གིས་སློབ་ཕྲུག་རྣམས་ཀྱིས་ཁོང་གི་གསུང་བཤད་ལ་དོ་སྣང་སྤྲོད་ཀྱིན་མེད་པའི་སྐོར་གྱི་ཚོགས་གཏམ་ཞིག་བཏང་བ་ངས་ད་ལྟའང་དྲན་གསོས་ཀྱི་འདུག

ང་ཚོས་རང་ཉིད་ལ་དྲི་བ་ཞིག་འདོན་དགོས་པ་ནི། བོད་ཀྱི་གཏམ་རྒྱུད་ཡོད་ཚད་སྒྱུ་འཕྲུལ་དང་། གནའ་བོའི་རྟོག་སྒྲུང་། ཡ་མཚན་ཅན་གྱི་བྱུང་བ་བཅས་རེད་དམ། ང་ཚོ་ལ་མིའི་དངོས་བྱུང་གཏམ་རྒྱུད་འབྲི་མཁན་གྱི་བོད་རང་གི་རྩོམ་པ་པོ་ཡོད་དམ། དེ་འདྲའི་རང་དབང་གི་སྐད་སྒྲ་སྒྲོག་ཅིང་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་རྩོམ་པ་པོ་ནི་ཉིན་མོའི་སྐར་མ་བཞིན་ཉུང་ཉུང་རེད་ལ་ངས་ཤེས་པ་ནི་སྐྱེས་བུ་གཉིས་ཁོ་ན་ཡིན།
སྐྱེས་བུ་དང་པོ་དེ་ནི་དགེ་འདུན་ཆོས་འཕེལ་ཞུ་བ་དེ་རེད་ལ། ཁོང་ནི་བོད་རང་བཙན་རྒྱལ་ཁབ་ཏུ་སྤྱི་ལོ་གཅིག་དགུ་སུམ་ཅུའི་ནང་དུ་གྲགས་པ་འབར་བའི་མི་སྣ་ཞིག་ཡིན། ཁོང་ནི་སྙན་ངག་པ་དང་། ལོ་ཙཱ་བ། མཁས་པ། རྒྱལ་རབས་སྨྲ་བ། རི་མོ་བ། ས་ཁམས་རིག་པ་བ། མཚན་ཉིད་རིག་པ་བ། སྲིད་དོན་གསར་བརྗེ་བ་བཅས་རེད། བོར་རིག་པ་བ་མཁའ་རྨེའུ་བསམ་གཏན་ལྟར་ན་ཁོང་ནི་ལྷ་སའི་རྡོ་རིང་དང་ཏུའུ་ཧུན་ནས་ཐོན་པའི་ཡིག་ཆ་རྙིང་བར་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་དང་པོ་དེ་ཡིན་འདུག དེ་ལྟར་བཤད་སྐབས་ཁོང་ནི་ཚན་རིག་དང་མཐུན་པར་ཞིབ་འཇུག་བྱེད་མཁན་གྱི་རྒྱལ་རབས་སྨྲ་བ་དང་པོ་དེ་རེད། ང་ཚོ་ཕལ་ཆེ་བར་ཁོང་ཆ་རྒྱུས་ཡོད་མོད། ཡིན་ཡང་མང་པོ་ཞིག་གིས་ཁོང་གི་བརྩམས་ཆོས་ཀློག་མྱོང་ཡོད་མི་སྲིད།

དགེ་འདུན་ཆོས་འཕེལ་ལགས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཁོང་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྲོལ་རྒྱུན་བཅས་ལ་ཤིན་ཏུ་མཁས་ཀྱང་ང་ཚོ་མང་པོ་ཞིག་ལྟར་ཁོང་དེ་དག་ལ་མགོ་འཁོར་ནས་བཞུགས་མེད། ཁོང་གིས་བོད་ཀྱི་སྲོན་རྒྱུན་དང་རིག་གནས་ལ་གུས་བཀུར་ཞུ་མོད། ཡིན་ཡང་དེ་དག་གི་མ་ལྡེང་བའི་ཆ་དང་ཡར་རྒྱས་གཏོང་དགོས་ཀྱི་ཆ་ལ་དཔྱད་བརྗོད་ཤུགས་ཆེན་སྤེལ་ཅིང་། རིག་གནས་ཤིག་གནས་པའི་དགོས་པ་ནི་དེ་སྲོག་ལྡན་གྱི་མི་རྣམས་ལ་མཁོ་བའི་སྲོག་ལྡན་གྱི་དངོས་པོ་ཞིག་ཡིན་པ་དེ་ཡིན་པ་ལས། “བདག་ཉར”་བྱེད་དགོས་པའི་དངོས་པོ་རང་ག་བ་ཞིག་མིན་པར་འདོད། རྒྱུ་མཚན་དེས་ཁོང་ཐག་རིང་གི་ས་ཆ་རྒྱ་གར་དང་སིང་གྷ་ལ་བཅས་ལ་བོད་ཀྱི་སྲོན་རྒྱུན་མ་ཡིན་པའི་རིག་གནས་ལ་སྦྱངས་ཕྱིར་ཕེབས་ཤིང་ཕྱིའི་རིག་གནས་མང་པོ་བོད་ཡིག་ཏུ་བསྒྱུར་བ་བཅས་གནང་བ་རེད།

ངས་བལྟས་ན་ཁོང་ནི་༸རྒྱལ་བ་རིན་པོ་ཆེས་བཙན་བྱོལ་དུ་འབྱོར་རྗེས་བོད་ཀྱི་སློབ་ཕྲུག་རྣམས་སྲོལ་རྒྱུན་དང་དེང་རབས་རིག་གནས་གཉིས་ཀར་བྱང་ཆུབ་པར་ཡོང་ཕྱིར་ཐོག་དང་པོར་སློབ་གྲྭ་བཙུགས་པའི་དམིགས་ཡུལ་གྱི་དཔེ་མཚོན་ངོ་མ་དེ་རེད། དགེ་ཆོས་ལགས་ཀྱིས་འབོལ་རྩོམ་གྱི་ལམ་ནས་སྙན་ངག་བྲིས་ཡོད་པས་མི་དཀྱུས་མ་ཚོས་ཀྱང་ཁོང་གི་སྙན་ངག་རྣམས་ལས་སླ་བོས་གོ་ཐུབ། ཁོང་བོད་བརྒྱུད་ནང་བསྟན་དང་དགོན་པའི་སྲོལ་རྒྱུན་བཅས་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན་མོད། དེ་དག་ལ་རྨོངས་དད་བྱེད་མཁན་ཞིག་མིན། དཔེར་ན་ཁོང་གི་སྐྱོན་བརྗོད་སྙན་ངག་ཅིག་ཏུ་གལ་སྲིད་མི་ཚང་མ་གྲྭ་བ་བྱས་སོང་ན་སངས་རྒྱས་འཁྲུངས་པར་མི་འགྱུར་ཞེས་དགོངས་ཚུལ་བཏོན་ཡོད། རྒྱ་གར་དང་སིང་གྷ་ལ་བཅས་སུ་ཕེབས་དུས་བཏབ་པའི་ཟིན་ཐོ་རྣམས་ཧ་ལས་དགོས་པ་ཞིག་རེད། ཟིན་ཐོ་དེ་དག་ལས་མི་སུ་ཡིན་ཡང་རུང་མི་རིགས་གང་ཞིག་ཏུ་གཏོགས་ཀྱང་ཆོག་ཁོང་ནི་མཁས་པ་ཞིག་ཡིན་པ་རྟོགས་པར་འགྱུར་བ་གདོན་མི་ཟ།

མཁས་པ་གཞན་དེ་ནི་སྤྱི་ལོ་བརྒྱད་ཅུའི་ནང་དུ་བྱུང་བ་ཞིག་རེད། ཁོང་གི་མཚན་ལ་དོན་གྲུབ་རྒྱལ་ཞུ་ཞིང་ཁོང་ནི་མཁས་པ་དང་། སྙན་ངག་པ། ལོ་ཙཱ་བ། བསམ་བློ་བ། རྒྱལ་རབས་སྨྲ་བ། གཞུང་རྒོལ་བ་བཅས་རེད། ཁོང་གི་གྲུབ་འབྲས་རླབས་ཆེ་ཤོས་དེ་ནི་བོད་ཀྱི་སྙན་ངག་དེ་དནྜིའི་མེ་ལོང་མའི་འཆིང་བས་བཅིངས་པའི་སྲོལ་རྒྱུན་གྱི་བཀག་རྒྱ་ལས་འགོང་པར་བྱས་པ་དེ་རེད། ཁོང་གི་སྙན་ངག་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་གཉིས་ཀྱིས་བོད་ཆོལ་ཁ་གསུམ་གྱི་གཞོན་སྐྱེས་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

ཁོང་གི་བརྩམས་ཆོས་རྣམས་ཀྱིས་བོད་མི་རྣམས་རྣམ་རྟོག་གི་ལྕགས་སྒྲོག་ལས་ཐར་བར་བྱས་ཏེ་དཀྱེལ་ཡངས་དང་། གསར་གཏོད། དེང་རབས་བཅས་ཀྱི་གཞུང་ལམ་ཐོག་གོམ་པ་སྤོ་དགོས་པར་སྐུལ་བ་རེད། ཁོང་ནི་དགེ་ཆོས་ཀྱི་རྗེས་ནས་ནང་བསྟན་རིག་གནས་དང་རྒྱ་མིིའི་དམར་ཤོག་རིང་ལུགས་བཅས་ཀྱི་ལྟ་བ་བརྒལ་ཏེ་བོད་རང་གི་སྐད་སྒྲ་ངོ་མ་ཞིག་རྙེད་ཐབས་ལ་འབད་མཁན་གྱི་གཞོན་སྐྱེས་སྙན་ངག་པ་དང་པོ་དེ་རེད། བློ་ཕམ་པ་ཞིག་ལ་བོད་ཤར་ཕྱོགས་ཁུལ་དུ་རང་ལུས་མེར་བསྲེགས་གནང་བཞིན་པའི་གྲྭ་བ་རྣམས་དང་མཚུངས་པར་དོན་གྲུབ་རྒྱལ་ཡང་རང་ལོ་སོ་གཉིས་ཐོག་རང་ཤི་བརྒྱབས་པ་རེད། ཁོང་གི་གྲོགས་པོ་ཚོས་ཟེར་ན་དེ་ནི་“བོད་རིགས་སྤུན་ཟླ་རྣམས་རྨོངས་གཉིད་ལས་དཀྲོག་ཕྱིར་རེད།”ཟེར།

དོན་གྲུབ་རྒྱལ་དགེ་ཆོས་ཀྱི་ལྟ་བ་ལ་དགའ་བ་དེ་སྟས་དབང་ཞིག་མ་རེད། ཁོང་གི་གྲོགས་པོ་དང་ལས་རོགས་རྡོ་རྗེ་རིན་ཆེན་གྱིས་བཤད་ན་དོན་འགྲུབ་རྒྱལ་གྱིས་རྟག་ཏུ་ཀློག་པའི་དེ་གཅིག་ཡོད་པ་ནི་ཏུའུ་ཧུན་ཡིག་རྙིང་ལ་གཞི་བཅོལ་ནས་བྲིས་པའི་དེབ་ཐེར་དཀར་པོ་རེད། ཁོང་གིས་ལས་ཁུངས་སུ་ལས་ཀ་མི་བྱེད་པའི་སྐབས་དང་ཡང་ན་ཕྱི་རོལ་དུ་འཆམ་འཆམ་དུ་འགྲོ་དུས་འོག་གི་སྙན་ངག་འདི་འདོན་པར་ཤིན་ཏུ་དགའ་ཟེར།

ཡ་མཚན་ཐམས་ཅད་ཐན་ལྟས་ཉིད་དུ་ལྟ།།
ཆོས་ཀྱི་རྒྱལ་ཁབ་ཊི་བེ་ཊི་ཡི་སྲོལ།།
འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།
ཀུན་ལ་ཕན་པའི་ཡ་མཚན་དངོས་པོ་དང་།།
ཀུན་ལ་གནོད་པའི་ཐན་ལྟས་འབྱུང་པོ་རྣམས།།
གྲི་དངོ་རྣོ་བའི་རལ་གྲི་སོ་གཉིས་ལྟར།།
གཅིག་གི་རྗེས་སུ་གཅིག་གིས་སླེབས་པ་ཉིད།(བོད་པོད་མ་རྙེད་པས་རང་གི་བློ་ཐོག་ཏུ་ཡོད་པ་རྣམས་བྲིས་ཤིང་ཤློ་ཀ་ཐ་མ་དེ་དབྱིན་ཡིག་ཐད་བསྒྱུར་བྱེད་དགོས་བྱུང་།)

ཁོང་གིས་མིག་དཔེ་བལྟ་སའི་རྩོམ་པ་པོ་གཞན་ཞིག་ནི་ལུའུ་ཞུན་རེད། དོན་གྲུབ་རྒྱལ་གྱིས་ཀྱང་རྒྱ་ནག་རྩོམ་རིག་གི་ཡབ་ཆེན་དུ་འབོད་པའི་རྩོམ་པ་པོ་ཁོ་ལྟར་བོད་མི་རྣམས་ཀྱི་ཆག་གྲུམ་ཐེབས་པའི་ཚེ་སྲོག་ལ་གསོས་སྨན་དགོས་པར་འདོད། དོན་གྲུབ་རྒྱལ་གྱིས་དེ་ལྟ་བུའི་སྨན་དེ་ནི་བོད་གངས་ཅན་ལྗོངས་ཨེ་ཤ་ཡ་དཀྱིལ་མའི་དོ་སྣང་བྱེད་དགོས་སར་གྱུར་དུས་ཀྱི་བཙན་པོ་རྣམས་ཀྱི་ལྟ་བ་ལ་ཡོད་པར་འདོད།

དེང་སང་བོད་ནང་དུ་རྩོམ་པ་པོ་ཁོང་གཉིས་གཞོན་སྐྱེས་ཤེས་ཡོན་ཅན་དང་སློབ་གྲྭ་ཆེན་མོ་བ་རྣམས་ཀྱི་བློ་སྟོབས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་ཅིང་། རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་གཤུ་གཞོག་ལ་ཁ་གཏོད་པའི་ཤེས་ཡོན་པའི་སྡེ་སྟེ་གཞོན་སྐྱེས་སྙན་ངག་པ་དང་། མཁས་པ། རྩོམ་པ་པོ་བཅས་ཀྱི་བརྩམས་ཆོས་ལ་ཁོང་གཉིས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བོ་རེད། བཙོན་དུ་བཞུགས་པའི་རྩོམ་པ་པོ་ཐེའུ་རང་དང་མེ་ལྕེ། རོལ་མོ་བ་གཡུ་འབྲུག་བཅས་ལ་དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀྱི་ཤན་ཤུགས་ཐེབས་ཡོད། ད་དུང་དགེ་འདུན་ཆོས་འཕེལ་གྱི་མཚན་འདོགས་པའི་སྒྱུ་རྩལ་བའི་ཚོ་ཁག་དེ་འདྲའང་ཡོད། བཙན་བྱོལ་ཁུལ་དུ་ནི་ཤེས་ཡོན་ཅན་སྐྱ་སེར་སུ་ཡིན་ཡང་ཁོ་ཚོའི་རྩོམ་ཡིག་ཏུ་ཁོང་གཉིས་ཀྱི་ཚིག་འཁོལ་བའམ་ཁོ་ཚོའི་ཁང་པའི་ནང་དུ་ཁོང་གཉིས་ཀྱི་འདྲ་པར་སྦྱར་བ་གང་སར་མཐོང་རྒྱུ་ཡོད། དེ་བས་བོད་རྒྱལ་ཁབ་ཇི་སྲིད་གནས་པ་དེ་སྲིད་དུ་ང་ཚོའི་སྤྱི་ཚོགས་ལ་རྩོམ་པ་པོ་ཁོང་གཉིས་ཀྱི་ལྟ་བས་ཤན་ཤུགས་ཐེབས་ངེས་ཞེས་བརྗོད་ནའང་སྒྲོ་བཏགས་སུ་མི་འགྱུར་སྙམ།

དེ་ལྟར་ལགས་མོད་ཀྱང་བཙན་བྱོལ་བོད་པ་མང་པོ་ཞིག་ཁོང་གཉིས་ཀྱི་བརྩམས་ཆོས་ལ་ཆ་རྒྱུས་ཆེན་པོ་མེད། དེའི་རྒྱུ་མཚན་གཅིག་ནི་དེ་རྣམས་སློབ་གྲྭར་མ་བསླབས་པས་རེད། ངས་དྲན་ཚོད་ལྟར་ན་ང་ཚོས་དགེ་ཆོས་ཀྱི་དེབ་དཀར་ཁོ་ན་སྦྱངས་མྱོང་ཡོད། དེབ་དེའི་ནང་གི་ཁོང་གི་རྒྱལ་ཞེན་གྱི་སྐད་སྒྲ་གཅིག་པུས་དེ་ནི་ལོ་རྒྱུས་རིག་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་ལས་གཞན་འཛམ་གླིང་ཁྱོན་ཡོངས་ཀྱིས་གོ་ཐུབ་པའི་ཁོང་གི་སྙན་ངག་ཚུད་པའི་སྒྱུ་རྩལ་ལྡན་ལ་རིག་པའི་ཕྱུག་ཅིང་འཛམ་གླིང་སྐྱེ་བོ་ཚང་མར་ཕན་ཐོགས་ཆེ་བའི་ཁོང་གི་བརྩམས་ཆོས་རྣམས་སློབ་མ་དཀྱུས་མ་རྣམས་ལ་གཏེར་གྱི་ཚུལ་དུ་སྦས་ཏེ་བཞག་ཡོད།

དགེ་ཆོས་ཀྱི་རྗེས་འཇུག་པ་དོན་གྲུབ་རྒྱལ་གྱི་ལས་དབང་ཡང་གཅིག་མཚུངས་རེད། ཁོང་གི་སྙན་ངག་དང་། སྒྲུང་ཐུང་། ལོ་རྒྱུས་བརྩམས་ཆོས་ཚང་མ་བོད་པའི་སློབ་མ་རྣམས་ལ་རྒྱུས་མེད་དུ་གྱུར་ཡོད། ང་རང་སྒེར་གྱི་མྱོང་བ་ནི་ཁོ་བོ་དྷི་ལིའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་གྲྭ་ཐོན་ཏེ་ལོ་འགའ་ཕྱིན་པའི་རྗེས་སུ་སཱ་ར་མཐོ་སློབ་ཏུ་འགྲོ་དུས་བོད་ནས་ཕེབས་པའི་སློབ་མ་ལོ་གཞོན་འགའ་ཞིག་གི་བཀའ་དྲིན་འོག་ད་གཟོད་ཁོང་གི་བརྩམས་ཆོས་མཇལ་ཐུབ་སོང་། གལ་ཏེ་ངས་བརྩམས་ཆོས་དེ་དག་ན་སོ་གཞོན་དུས་བཀླགས་ཡོད་ཚེ་རང་གི་བོད་ཡིག་གི་ཆ་ཚད་དང་བོད་ཀྱི་རྩོམ་རིག་གི་གོ་རྟོགས་ཡར་རྒྱས་ཕྱིན་ཡོད་པ་གཏན་འཁེལ་རེད་བསམས་པའི་ཚོར་འདུ་དྲག་པོ་བྱུང་།

རྩོམ་ཐུང་འདི་མཇུག་མ་བསྡུས་སྔོན་ལ་ང་རང་ཆུས་དུས་སུ་བློ་ལ་ཡང་ཡང་འཁོར་མྱོང་བའི་དྲི་བ་ཞིག་དྲན་གསོ་གཏོང་འདོད་བྱུང་། བོད་ཡིག་དགེ་རྒན་ཚོས་ང་ཚོར་བོད་ཀྱི་རིགས་རྒྱུད་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བ་རེད་ཅེས་བསླབས་དུས་ངའི་སེམས་སུ་སྤྲེའུ་ཞིག་གིས་ཚོར་བ་མེད་པའི་བྲག་ཞིག་དང་རྩེད་དགར་རོལ་ནས་བུ་ཕྲུག་དྲུག་ཇི་ལྟར་སྐྱེད་ཐུབ་བམ་དྲན། གོང་དུ་མགོ་འཛུགས་དུས་བཤད་པ་བཞིན་ངས་དྲི་བ་འདི་དགེ་རྒན་རྣམ་པར་ག་ལ་འདོན་ཕོད་དེ་འདི་ནི་ལོག་ལྟའི་དྲི་བ་ཞིག་ཡིན་པས་མི་ཚོད་ཆགས་པའི་སྐོར་ཡང་འདྲེས་ཡོད། དེ་བས་ངའི་བསམ་པར་འདིའང་བོད་ཀྱི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་གཞན་རྣམས་བཞིན་བོད་ཀྱི་མཁས་པ་རྣམ་དཔྱོད་ཅན་ཞིག་གིས་བརྩམས་པའི་རྟོག་སྒྲུང་ཞིག་ཡིན་རྒྱུ་རེད་དྲན།

ཁོ་བོ་མཚར་ལོངས་བྱུང་རྗེས་དཱར་ཝིན་གྱི་འགྲོ་བ་མིའི་འཕེལ་རྒྱས་ཀྱི་མཚན་ཉིད་རིག་པའི་ནང་དུ་མི་ནི་སྤྲ་ལས་བྱུང་བ་ཡིན་པ་བཤད་པ་མཐོང་སྐབས་ད་གཟོད་སྤྲེའུ་བྱང་ཆུབ་སེམས་པའི་སྐོར་དེ་བོད་རང་གི་རྣམ་དཔྱོད་ལས་ཐོན་པའི་བརྩམས་ཆོས་རླབས་ཆེན་ཞིག་ཡིན་པ་ཤེས་བྱུང་མོད། བྲག་སྲིན་མོའི་སྐོར་དེས་ད་དུང་ཁོ་བོ་མགོ་རྨོངས་པར་བྱེད་ཀྱི་འདུག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ནང་དུ་བྲག་སྲིན་མོ་ཞེས་པའི་བྲག་དེ་སྤྲ་ཞེས་པ་འགྱུར་བ་རེད་ཅེས་གསུངས་འདུག་པས་ཁོ་བོ་མི་རབས་སྔོན་མ་དག་གི་རྣམ་དཔྱོད་ལ་དགའ་དད་ཆེ་རུ་སོང་།

ད་སྤྲེའུ་ཞིག་དང་སྤྲ་ཞིག་གཉིས་འདུས་པ་ལས་བོད་ཀྱི་མིའུ་གདུང་དྲུག་བྱུང་ཞེས་པ་དེར་གོ་རྒྱུ་འདུག དེར་མ་ཟད་འདི་ནི་བོད་དུ་ནང་ཆོས་ངོ་མ་འཕྲོད་པའི་དུས་ཡུན་རིང་པོ་ཞིག་གི་གོང་ནས་བོད་ཀྱི་མི་རབས་སྔོན་མ་ཚོའི་རྣམ་དཔྱོད་ལས་ཐོན་པའི་བོད་རང་གི་ལྟ་བ་ཞིག་རེད། ཕ་སྤྲེའུ་དེ་བྱང་ཆུབ་སེམས་དཔའ་ཡིན་པ་དང་མ་དེ་བྲག་སྲིན་མོ་ཡིན་པའི་ལྟ་ཚུལ་དེ་ནང་པའི་ལོ་རྒྱུས་སྨྲ་བ་ཚོས་རྟོག་བཟོ་གནང་བ་ཞིག་རེད།

ང་རང་ལ་ཉམས་མྱོང་བྱུང་བ་གཞིར་བཞག་སྟེ་བཤད་ན་བོད་ཀྱི་མཁས་པ་དང་། ཤེས་ཡོན་པ། རྩོམ་པ་པོ་སོགས་ཀྱི་བརྩམས་ཆོས་ལ་ཀློག་པ་པོར་ཚོར་བ་སྦྱིན་པ་དང་རྨོངས་གཉིད་ལས་སློང་བའི་ནུས་པ་ངོ་མ་འདུག ཁོང་ཚོས་ང་ཚོར་བསམ་བློ་གཏོང་བ་དང་དྲི་བ་འདོན་པར་རོགས་བྱེད་པར་མ་ཟད། བོད་རང་གི་རྣམ་དཔྱོད་ཀྱིས་ཚན་རིག་དང་མཐུན་པར་ལྟ་ཐུབ་པ་དང་བརྩམས་ཆོས་རླབས་ཆེན་གྲུབ་ཐུབ་པའི་སྤོབས་པ་སྦྱིན་གྱིན་འདུག དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་དེ་ཚོས་སོ་སོ་རང་ཉིད་མི་རིགས་ཐ་དད་པ་ཞིག་ཡིན་པར་བསྒྲུབ་ཆེད་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་སྦྱོང་བར་དགའ་སྣང་སྦྱིན་གྱིན་འདུག

དཔྱད་རྩོམ།

Post navigation

Previous Post: བྱ་གཏོར།
Next Post: དེང་དུས་རབ་བྱུང་།

Comments (62) on “སྨོན་འོས་པའི་བླ་སྲོག”

  1. ཀླུ་སྨྱོན། says:
    2013-02-06 at 1:27 am

    སྤྱིར་ན་ང་ནི་རྩོམ་པ་པོ་དང་སྙན་ངག་པ་གང་ཡང་མིན། ཡིན་ན་ཡང་རྩོམ་རིག་སྒྱུ་རྩལ་དེ་མ་ཤི་བར་དུ་མི་གློད་པའི་མི་ཀླེན་པ་ཞིག་ཏུ་གྱུར་པའི་གོ་རིམ་ཁྲོད་དུ། དོན་གྲུབ་རྒྱལ་གྱི་འབོལ་རྩོམ་ཞོགས་པའི་སྐྱ་རེངས་ཞེས་པའི་དེབ་དང་། ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་དང་སད་ཀྱིས་བཅོམ་པའི་མེ་ཏོག ཤ་དང་རུས་པའི་བརྩེ་དུང་དང་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབོལ་རྩོམ་སོགས་ནི་མེ་ལྕེ་ཅི་བཞིན་ནམ་ཡང་འབར་བསྡད་ཡོད། ད་དུང་ང་ཆུང་དུས་ཀྱི་ཆེས་དགའ་བའི་སོག་རིགས་ཀྱི་རྩོམ་པ་པོ་ཞིག་སྟེ། མ་ལ་ཆིན་ཧྥུ་ཞེས་པ་དེའི་སྙན་ངག་གི་རྦ་རླབས་ཞེས་པ་དེས་ཀྱང་ང་ལ་བག་ཆགས་མི་དམན་པ་ཞིག་བཞག་མྱོང་།

  2. མེ་ཏོག་དཀར་པོ says:
    2013-02-06 at 1:35 am

    ལང་ཚོའི་རྦབ་ཆུ་ལ་ལ་རྒྱ་ཡི་རྔམ་ཟིལ་ལྡན་ཡོད།

  3. ལུང་རྟོགས། says:
    2013-02-06 at 3:38 am

    ང་རང་ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན། ང་ཁོང་གི་བརྩམས་ཆོས་ལ་དགའ་བ་ཙམ་མ་ཟད་ཁོང་གི་གསེར་དང་འདྲ་བའི་མི་གཞི། མདའ་སྨྱུག་ལྟ་བུའི་དྲང་བདེན། སེང་གེ་འདྲ་བའི་སྙིང་སྟོབས་ལ་ཧ་ཅང་དགའ།

  4. ཨོ་རྒྱན་ཉི་མ། says:
    2013-02-06 at 3:53 am

    ཁོ་བོ་ནི་དགེ་ཆོས་དང་། དོན་གྲུབ་རྒྱལ་གྱི་རྩོམ་གཤིས་ལ་དུང་བ་ཆེ་ཡང་། མི་གཞི་ལ་དེ་འདྲའི་དགའ་བ་མེད། ཁོང་གཉིས་ཀྱིས་བོད་ཀྱིས་རིག་གཞུང་སྲོག་གཅོད་པའི་མགོ་བཙུགས་པ་རེད། ཞོགས་དུང་དང་། ཚ་སྨྱུག་སོགས་ཀྱིས་དར་རྒྱས་སུ་གཏོང་བཞིན་པ་རེད། བོད་ཀྱི་རིག་གཞུང་ཟེར་དུས་བོད་ཀྱི་སྐད་ཡིག་ཤེས་པ་ཙམ་ལ་ཟེར་བ་མ་རེད། བོད་རང་གི་ལུས་ངག་ཡིད་གསུམ་ལ་ཁྱད་ཆོས་གང་ཡོད་བདག་བཟུང་ཐུབ་པ་ཞིག་ལ་རིག་གཞུང་འཛིན་པ་དང་། དེ་གསུམ་བདག་བཟུང་བྱ་བའི་ཐབས་ལམ་ཞིག་ལ་བོད་རིག་གཞུང་ཞེས་བཤད་པ་ལོས་ཡིན། དེ་མིན་སྐད་ཡིག་ཤེས་པ་དང་། ཁྱབ་བརྡལ་དུ་ཕྱིན་སོང་ན་བོད་ཀྱི་སྐད་ཡིག་མི་འཆི་ཡང་། བོད་ཀྱི་རིག་གཞུང་གི་ངོ་བོ་གནས་མིན་ཐེ་ཚོམ་རེད།

  5. ཅོ་རི་ཉི་མ། says:
    2013-02-06 at 4:26 am

    གོང་གི་དགེ་ཆོས་མཆོག་གི་གསུངས་དེར་ཏོག་ཙམ་འགྲིག་མི་འདུག་འདོད།

    རྙིང་པ་ཐམས་ལྷ་ཡི་སྲོལ་དུ་བསྒྲགས།
    གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་སེམས།
    ངོ་མཚར་ཕལ་ཆེན་ཐན་བལྟས་ཉིད་དུ་སྒོམ།
    ཆོས་ཀྱི་རྒྱལ་ཁབ་ཊ་བྷོ་ཊ་ཡི་སྲོལ།།་་་་འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།།

    ཀུན་ལ་ཕན་པའི་ངོ་མཚར་རྫུ་འཕྲུལ་དང་།
    ཡོངས་ལ་གནོད་པའི་བལྟས་ངན་ཆོ་འཕྲུལ་གཉིས།
    ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་རྩེ།
    གཅིག་གི་ཟླ་ལ་གཅིག་ཀྱང་སླེབས་པར་ངེས།།

    ངས་བློ་ལ་ཚིག་འདི་དག་འདུག དཔེ་དེབ་མེད་པས་ཚིག་ནོར་ཤོར་ཡོད་མེད་ཀྱི་ཐོག་ཏུ་དོགས་པ་ཟ་ཡི་འདུག་པས་དཔེ་བདེ་ཡོད་མཁན་འདྲ་ཡོད་ན་འདིར་བཀོད་རོགས་གནང་།

    གཉིས་པ། བསྟན་འཛིན་ཉིན་བཤད་ལགས་གསར་གཏོད་ཐུབ་པའི་མི་ཞིག་མིན་པར་འདྲ། གསར་གཏོད་བྱེད་མཁན་མི་ཞིག་ཡིན་ན་མིག་མདུན་དུ་རྫུན་བཤད་དུས་ངེས་པ་ཏུ་དྲི་བ་འདེབས་ཕོད་དགོས་པར་འདོད།

    མི་ཆེན་བླ་ཆེན་རྣམས་ལ་སྐྲག་ནས་རྫུན་གྱི་ཞྭ་མོ་མགོ་ལ་གོན་ནས་བསྡད་ཡོད་པའི་མི་སུ་འདྲ་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་གཉའ་གནོན་དང་མི་ཆེན་ཚོའི་ལག་གཡོག་ཙམ་ལས་གསར་གཏོད་བྱ་ཟེར་བ་ནི་ཉིན་མོའི་རྨི་ལམ་ལས་མ་འདས་་་་ཧཧཧཧཧ

  6. ཅོ་རི་ཉི་མ། says:
    2013-02-06 at 4:28 am

    ཨོ་ཉི་སྨྱོན་པ་ལགས་་་་བོད་ཀྱི་རིག་གཞུང་གི་མཚན་ཉིད་ཤིག་འཇོག་ཐུབ་ཀྱི་ཡོད་དམ། ངས་བྱས་ན་ཁྱོད་ཀྱིས་བོད་ཀྱི་རིག་གཞུང་ཟེར་ན་ཅང་ཤེས་ཀྱི་མེད་པར་འདྲ།།

  7. མེ་ཏོག་དཀར་པོ says:
    2013-02-06 at 4:37 am

    རྩོམ་པ་པོའམ་སྙན་ངག་མཁན་དེ་ཚོ་སྨྱོ་ཚུབ་ཙམ་མམ་དྲེགས་ཉམས་ཏོག་ཙམ་འོང་གི་ཡོད་པ་འདྲ། ཁོང་གཉིས་ཀྱིས་ཚེ་སྨད་ཀྱི་གནས་སྟངས་སྐྱོ་པོ་རེད། དོན་གྲུབ་རྒྱལ་ལ་མི་ཆོས་རིང་ལུགས་ལས་ལྷ་ཆོས་ཀྱི་གོ་རྟོགས་ཞེ་དྲག་ཨ་ཡོད་བསམ་པ་ཡོད། དགེ་ཆོས་ནི་ནང་ཆོས་ཀྱི་གནད་དོན་མཐིལ་ཕྱིན་པ་རྟོགས་མཁན་ཞིག་ཡིན་པས་སྐབས་དེའི་བོད་གཞུང་གིས་བཙོན་བཅུག་སོགས་ཇི་ལྟར་མནར་གཅོད་བཏང་ཀྱང་མི་རྟག་པ་དང་། ལས་འབྲས་ཀྱི་རྣམ་གཞག་གིས་རང་བློ་རང་གིས་བཅུན་ཏེ་སྐུ་ཚེ་མཐར་ཕྱིན་པར་མ་བྱས་པར་འཕྲོད་རྟེན་གྱི་རྣམ་གཞག་ཡོངས་སུ་དོར་ཏེ་ཧ་ལམ་རང་གིས་རང་མེད་བྱས་པ་འདི་ལ་འགྱོད་པ་དང་ཁོང་ཁྲོ་གཉིས་ཀ་ཡོང་གི་འདུག

  8. ཅོ་རི་ཉི་མ། says:
    2013-02-06 at 4:52 am

    མེ་དཀར་ལགས་་་་དགེ་ཆོས་མཆོག་གིས།
    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་གཏམ།
    བླུན་པོ་ནོར་སྐྱལ་ཁུར་བའི་དབང་གཤེད་ཀྱིས་བཅོམ་སྟེ།
    ཆོས་མཐུན་བཀུར་སྟི་བཞུགས་གྲལ་འགོ་རྟིང་དུ་ལྡོག་ནས།
    སེང་གེ་ཁྱི་ཡིས་གཡུལ་འོག་འགྱུར་བའི་ངོ་ཚུལ་འདི་སྐྱོ་བ། ་ཅེས་གསུངས་སྟངས་སུ་བལྟས་ན་དགེ་ཆོས་མེད་པ་བཟོ་མཁན་ཁོང་རང་མིན་པར་འདྲ།།

  9. ཅོ་རི་ཉི་མ། says:
    2013-02-06 at 5:06 am

    རྣམ་དཔྱོད་རྣོ་ངར་ཆེ་བའི་ཚ་སྨྱུག་གྱི་མདའ་མོ།
    རྒྱ་བླ་ནོར་སྐྱལ་ཁུར་བའི་དབང་གཤེད་ཀྱིས་བཅོམ་སྟེ།
    མི་ཡང་རྟ་བཞིན་བོར་བའི་ལོ་རྒྱུས་ཀྱི་རི་མོ།
    ས་སྟེང་འདི་རུ་ལྷག་པའི་ངང་ཚུལ་འདི་སྐྱོ་བ།

    ཕ་ཆོས་རྩེ་ལ་བཞག་པའི་ཞོགས་པ་ཡི་དུང་བརྡ།
    ལྷ་ཆོས་རྨོངས་དད་ཅན་གྱི་དབང་གཤེད་ཀྱིས་བཅོམ་སྟེ།
    མི་ཡང་འདྲེ་བཞིན་སྡང་བའི་ལོ་རྒྱུས་ཀྱི་རི་མོ།
    གངས་ཅན་བོད་དུ་བྲིས་པའི་ངང་ཚུལ་འདི་སྐྱོ་བ།།

  10. ཨོ་རྒྱན་ཉི་མ། says:
    2013-02-06 at 5:06 am

    དགེ་ཆོས་དང་། དོན་གྲུབ་རྒྱལ་གཉིས་ཀས་ཆང་འཐུང་དྲགས་ཏེ་ཕེབས་སོང་བ་རེད། ཧཧཧཧཧཧཧཧཧཧ

  11. གནམ says:
    2013-02-06 at 5:12 am

    ངས་ནི་དེབ་དེ་ཚོ་ཉོ་ནི་མི་ཐུབ་པས། རིན་མེད་པར་ཀློག་ས་འདྲ་ཡོད་པ་རེད་པེ། ཀློག་ན་ཉིན་མ་ག་ཚོད་དགོས་འི་རེད། མྱིང་དེ་གཉིས་གོ་མྱོང་། རྩོམ་དེབ་ལ་མཇལ་སྐལ་ད་རུང་མ་བདེན་ཐལ།
    རེད། སློབ་སྤྱོང་སྤྲོད་སྟངས་ལ་འགྱུར་བ་དགོས་ས་རེད། མིང་ཚིག་ཚིག་འབྲུ་རེ་ལ་འགྲེལ་ཆེན་རེ་དགོས་ས་རེད། དེ་འདྲ་མ་བྱུང་ན། རང་ལུགས་དང་རིང་ལུགས། དྲི་བསུང་དང་རུལ་བསུངས་སོགས་ཚིག་དོན་རེ་རེ་མ་ངེས་ན། བྲིས་བ་གཞན་གྱིས་མ་གོ། འགྲེལ་བ་རང་གིས་མ་རྒྱོབས་པར། ཚང་མ་སྙན་ངག་ཡིན་ན་སྙན་ངག་ཡིན་ཟེར་ནས་ལུས་རྒྱུ་རེད་ཡ།

  12. མེ་ཏོག་དཀར་པོ says:
    2013-02-06 at 5:29 am

    བྱིས་པའི་དུས་ནས་རྒས་ཤིང་ཁོག་པའི་བར། །
    སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེ་འགྱུར་བ། །
    རང་གིས་མྱོང་བས་བལྟས་ན་ཤེས་ནུས་ཀྱིས།།
    ད་ལྟའི་འཁྱེར་སོ་འདི་ལ་ཡིད་བརྟན་ཅི། །ཞེས་པའི་རང་གསུང་འདི་རང་གིས་ཉམས་ལེན་མ་གནང་བ་འདི་ཨ་བསམ་བསམ་ཡོང་གི་འདུག

  13. བན་དེ་བ། says:
    2013-02-06 at 5:33 am

    ཁོང་གཉིས་ཀྱིས་བོད་ཀྱི་རིག་གཞུང་གི་སྲོག་གཅོད་པའི་མགོ་བཙུགས་པ་རེད་ཟེར་དུས།
    ངོ་མ་བརྟག་དཔྱད་བྱེད་མི་ཆོག་པ་དང་སྨྲ་བརྗོད་རང་དབང་ལ་བཀག་རྡོ་ཆེན་པོ་ཞིག་སེམས་ལ་འཆང་བཞིན་ཡོད་འདུག་ད་དུང་བཅིངས་བཀྲོལ་ཐོབ་མི་འདུག ཨོ་ཉི་འདི་ཡི་སྐད་ཆ་བཤད་རིམ་བཞིན་དུ་གླེན་རྟགས་ཚ་རུ་ཚ་རུ་བཏོན་གྱི་འདུག
    ཁོས་གཅིག་བྱེད་ན་བསམ་རྒྱུ་གཅིག་པོ་དེ་ཁོས་སྤྱོད་པའི་ཆོས་ལུགས་ཆོས་རྒྱུད་དེ་མགོ་ཐོན་ན་དེ་མིན་གནམ་ས་ལོག་ཀྱང་ཡ་ང་བ་མེད་མཁན་ཞིག་རེད་འདུག མི་འདི་ཡི་རིགས་ལ་བཅིངས་བཀྲོལ་ཞིག་ངེས་པར་དུ་གཏོང་དགོས་འདུག

  14. ཅོ་རི་ཉི་མ། says:
    2013-02-06 at 5:36 am

    ནོར་སོང་་་
    བྱིས་པའི་དུས་ནས་རྒས་ཤིང་ཁོག་པའི་བར། །
    སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེ་འགྱུར་བ། །
    རང་གིས་མྱོང་བས་དཔྱོད་ན་ཤེས་ནུས་པས།
    ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི།་་་་་དེ་འདྲ་ཡིན་ཡོད་བསམས།་་་ཚིག་འདི་ཡི་འགྲེལ་གསལ་པོ་ཞིག་ཀླུ་སྒྲུབ་དགོངས་རྒྱུན་ནང་དུ་ཡོད་རེད།

  15. བན་དེ་བ། says:
    2013-02-06 at 5:37 am

    ཆང་འཐུང་ཚད་དེ་ལྟར་འདོད་ན། མགོ་ལ་ཐོར་ལྕོག་བཅིངས། སྐེད་ལ་ལྕགས་ཕུར་གཟེར། ཐོད་པར་དངུལ་མཁར་མེ་ལོང་བཏགས། བུད་མེད་དང་ཕྲུག་གུའི་མཐའ་ནས་བསྐྱོར། ཁྲི་མཐོན་པོའི་སྟེང་ནས་དམ་ཆུ་དམ་རྫས་གནང་མཁན་མང་སེ་འདུག་ག་དེ་ཚོ་ལ་ཕོག་ཡོང།

  16. ཅོ་རི་ཉི་མ། says:
    2013-02-06 at 7:19 am

    སྤྲུལ་རྐུ་ཨོ་ཉི་ལགས་ཀྱིས་ཉོན་བྱོས།
    མཁས་དབང་དོན་འགྲུབ་རྒྱལ་མཆོག་གིས།
    ཤ་ཟ་བ་ཙམ་གྱིས་གཅན་གཟན་དུ་མི་འགྱུར་ལ་གདོང་དམར་བ་ཙམ་གྱིས་སྤྲེའུ་རིགས་རྒྱུད་ག་ལ་ཡིན་ཞེས་གསུངས་པ་ལྟར་་་་་ཆོས་བཤད་ཙམ་གྱིས་ཆོས་པ་རུ་འགྱུར་ལ་སྤྲུལ་མིང་བཏགས་པ་ཙམ་གྱིས་བསྟན་པའི་རྗེས་འཛིན་ག་ལ་ཡིན།
    ཁྱོད་ལྟ་བུའི་དཀོར་བདག་ཚོས་རང་གི་དཀོར་ཕོར་སྲུང་ཆེད་དུ་བོད་རང་བཙན་མི་དགོས་ཟེར་བཞིནཡོད་ལ་བོད་མི་རིགས་ཤི་ཡང་འགྱོད་པ་མེད་ཟེར་བཞིན་ཡོད། སྐད་ཆ་འདི་འདྲ་བཤད་མཁན་མི་རྣམས་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དགྲ་བོ་ངོ་མ་ཡིན་ནོ།

  17. ཨོ་རྒྱན་ཉི་མ། says:
    2013-02-06 at 8:12 am

    ཀྱེ་མ་ཟབ་མོ་གནས་ལུགས་ལ། །
    སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །
    ཁྱོད་མེད་པར་ནི་སྲིད་པ་འདིའི། །
    སྒྱུ་མའི་རྒྱར་ནི་འཐུམ་ཞིང་རྨོངས། །

  18. ཨོ་རྒྱན་ཉི་མ། says:
    2013-02-06 at 8:14 am

    ངེས་ཤེས་དང་བྲལ་དམུ་རྒོད་སེམས་ཅན་ལ། །
    བླང་དོར་བསྟན་ཡང་གོ་བར་མི་འགྱུར་བ། །
    ལེགས་སྐར་ལྷས་སྦྱིན་ཀོ་ཀ་ལི་ཀ་སོགས། །
    སྔོན་དུས་ལྟ་ལོག་རྣམ་ལ་བལྟས་ན་ཤེས། །

  19. མེ་ཏོག་དཀར་པོ says:
    2013-02-06 at 8:18 am

    རང་དང་མི་མཐུན་པའི་ལྟ་བ་ལ་ལྟ་ལོག་ཅེས་སྐད་སངས་མཐོན་པོར་སྒྲོགས་པ་ལ་ལྟོས་དང་། བལྟས་ངན ༨༡ མ་རེད་ཟེར་ས་མེད།

  20. ཅོ་རི་ཉི་མ། says:
    2013-02-06 at 8:32 am

    སྤྲུལ་རྐུའི་དཀོར་ཕོར་སྲུང་བའི་ཆོགས་ལུགས་དེ།
    ཤྭཀྱའི་རྒྱལ་པོའི་ཆོས་ལུགས་ག་ལ་ཡིན།
    ཨོ་ཉིས་ཆོག་ཤེས་བཤད་པའི་དམིགས་ཡུལ་དེ།
    གཞན་ལ་ཕན་ཐོགས་ཡོང་ཆེད་ག་ལ་ཡིན།

    རང་བཙན་ལྟ་བ་དོར་བའི་ལྟ་ལོག་ཁྱོད།
    མི་རིགས་ཤི་ལ་དགའ་བའི་དམ་ཉམས་ཁྱོད།
    དམ་པའི་ལྷ་ཆོས་མ་ཤེས་སྤྲུལ་ལོག་ཁྱོད།
    འཇིག་རྟེན་ཕ་ཆོས་མ་ཤེས་གོ་ལོག་ཁྱོད།

    གངས་རིའི་མཁས་དབང་དགེ་འདུན་ཆོས་འཕེལ་དང་།
    སྙན་ངག་གསར་གཏོད་དོན་གྲུབ་རྒྱལ་བུ་ལ།
    སྤྲུལ་ལོག་ཁྱོད་ཀྱིས་ལྟ་ལོག་འབོད་པ་འདི།
    ཤྭཀྱའི་རྒྱལ་པོས་གསན་ན་ངོ་རེ་ཚ།།

  21. ཨོ་རྒྱན་ཉི་མ། says:
    2013-02-06 at 8:43 am

    དགེ་ཆོས་སྨྱོས་ཏེ་ཐ་སྙད་མ་གྲུབ་ཟེར། །
    དོན་གྲུབ་བཟི་སྟེ་རྙིང་པ་འདོར་དགོས་ཟེར། །
    གང་ལ་བལྟས་ཀྱང་ག་མོ་འཆོར་བའི་རྒྱུ། །
    ཅི་ལ་བསམས་ཀྱང་སྨྱོན་པའི་གཏམ་ལས་ཅི། །

  22. ཨོ་རྒྱན་ཉི་མ། says:
    2013-02-06 at 8:51 am

    མཁན་སློབ་ཆོས་གསུམ་འཇམ་དབྱངས་རྣམ་གསུམ་དང་། །
    པན་ཆེན་བཅུ་པ་འཇིགས་མེད་ཕུན་ཚོགས་དང་། །
    གུང་ཐང་བསྟན་སྒྲོན་ཚེ་ཏན་ཞབས་དྲུང་དང་། །
    དམུ་དགེ་བསམ་གཏན་རྡོ་རྗེ་རྒྱལ་པོ་དང་། །
    དུང་དཀར་བློ་ཕྲིན་མཉན་ཤུལ་མཁྱེན་རབ་སོགས། །
    གངས་ལྗོངས་རིག་པའི་དཔའ་བོ་ཆེ་དགུ་ལ། །
    ལེགས་སོ་མི་སྦྱིན་ཆང་འཐུང་འཁྱམས་ཉུལ་མཁན། །
    ཆོས་དཔལ་སྲིད་ལ་བྱས་རྗེས་ཅང་མེད་པའི། །
    དགེ་ཆོས་དོན་གྲུབ་གཉིས་ལ་བསྟོད་པ་ནི། །
    བོད་འདི་རྒུད་པའི་མཐའ་རུ་ལྷུང་བའི་རྟགས། །
    ཨེ་བདེན་གཞུག་ནས་ལྟོས་ཤིག་བླུན་པོ་དག །

  23. ཅོ་རི་ཉི་མ། says:
    2013-02-06 at 8:52 am

    འདོད་རྔམ་རི་ལས་ཆེ་སྤྲུལ་རྐུ་དང་།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

    བོད་བསྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།
    བོད་རིགས་ཡོང་རྫོགས་རྩ་མེད་ཕྱིན་ན་ཟེར།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

  24. ཨོ་རྒྱན་ཉི་མ། says:
    2013-02-06 at 8:54 am

    མཁན་སློབ་ཆོས་གསུམ་འཇམ་དབྱངས་རྣམ་གསུམ་དང་། །
    རྒྱལ་དབང་བཅུ་བཞི་པན་ཆེན་བཅུ་པ་དང་།
    འཇིགས་མེད་ཕུན་ཚོགས་གུང་ཐང་བསྟན་སྒྲོན་དང་། །
    ཚེ་ཏན་ཞབས་དྲུང་དམུ་དགེ་བསམ་གཏན་དང་། །
    རྡོ་རྗེ་རྒྱལ་པོ་དུང་དཀར་བློ་ཕྲིན་དང་། །
    མཉན་ཤུལ་མཁྱེན་རབ་འོད་གསལ་ལ་སོགས་པའི། །
    གངས་ལྗོངས་རིག་པའི་དཔའ་བོ་ཆེ་དགུ་ལ། །
    ལེགས་སོ་མི་སྦྱིན་ཆང་འཐུང་འཁྱམས་ཉུལ་མཁན། །
    ཆོས་དཔལ་སྲིད་ལ་བྱས་རྗེས་ཅང་མེད་པའི། །
    དགེ་ཆོས་དོན་གྲུབ་གཉིས་ལ་བསྟོད་པ་ནི། །
    བོད་འདི་རྒུད་པའི་མཐའ་རུ་ལྷུང་བའི་རྟགས། །
    ཨེ་བདེན་གཞུག་ནས་ལྟོས་ཤིག་བླུན་པོ་དག །

  25. ཅོ་རི་ཉི་མ། says:
    2013-02-06 at 8:55 am

    འདོད་རྔམ་རི་ལས་ཆེ་བའི་སྤྲུལ་རྐུ་དང་།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

    བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།
    བོད་རིགས་ཡོང་རྫོགས་རྩ་མེད་ཕྱིན་ན་ཟེར།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།་་་་བཅོས་རོགས་བྱོས།

  26. ཅོ་རི་ཉི་མ། says:
    2013-02-06 at 9:00 am

    ཆང་ས་དགོན་པའི་ནང་དུ་བརྒྱབས་པ་དང་།
    དགོན་པར་བཤད་སྒྲུབ་དགོས་པའི་དྲིལ་བསྒྲགས་གཉིས།
    གཅིག་གི་གནད་ལུགས་གཅིག་དང་འགལ་འདུག་པས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

  27. མེ་ཏོག་དཀར་པོ says:
    2013-02-06 at 9:04 am

    ༢༦ ཅོ་རི་ལ་དགའ་བསུའི་ཐལ་མོ་བརྡབ།

  28. མེ་ཏོག་དཀར་པོ says:
    2013-02-06 at 9:08 am

    ཕུང་གསུམ་པ་ཞེས་གཞན་ལ་སྨོད་པ་དང་།།
    རང་ཉིད་སྤྲུལ་རྫུན་སྤྲུལ་སྐུར་སྒྲོགས་པ་གཉིས།།
    སྲང་ལ་འཇལ་ན་ལྕི་ཡང་མི་འདུག་པས།།
    ཆོག་ཤེས་དེབ་རྒན་དེ་ལ་ཡིད་མ་ཆེས།།

  29. མེ་ཏོག་དཀར་པོ says:
    2013-02-06 at 9:30 am

    ཐ་སྙད་མ་གྲུབ་ཟེར་བའི་དགེ་ཆོས་ཞིག །
    ཨོ་ཉིས་རྒན་མོ་རུམ་དུས་རྙེད་དམ་ལགས།།

  30. འོད་གསལ says:
    2013-02-06 at 1:06 pm

    ང་ཁ་བརྡར་མ་སླེབས་ནས་ཡུན་རིང་བོ་བྱུང་སོང་། ད་ཐེངས་དཔྱད་རྩོམ་འདི་བཀླགས་ཤིང་ཧ་ཅང་དགའ་བོ་བྱུང་སོང་། བོད་མི་རིགས་ཀྱི་ནང་ཁུལ་ལ་མུ་མཐུད་དུ་དཔྱད་རྩོམ་འདི་འདྲ་གནང་མཁན་འབྱུང་བའི་རེ་བ་ཡོད། དཔྱད་རྩོམ་འདི་ལ་གཞན་གྱི་ཟེར་སྒྲོས་རྗེས་ཟློས་ཙམ་མ་ཡིན་པ་དང་། རྨོངས་དད་ཀྱི་དུག་ངན་དང་མ་འདྲེས་པ། གཟུར་གནས་ཚན་རིག་གི་རྒྱབ་བསྟེན་ཡོད་པ་བཅས་དགེ་མཚན་མང་བོ་མཐོང་།

    གོང་དུ་མི་ཁ་ཤས་ཀྱིས་དགེ་འདུན་ཆོས་འཕེལ་ལ་ཆང་འཐུང་མཁན་དང་། བོད་ཀྱི་རིག་གཞུང་སྲོག་རྩ་གཅོད་པའི་མགོ་རྩོམ་མཁན་རེད་ཅེས་ངན་སྨྲས་གནང་འདུག།འོན་ཀྱང་གཏམ་འདི་ཚོར་དཔྱད་པ་བྱེད་རྒྱུ་མང་བོ་འདུག །ངས་བསམ་ཚོད་ལ། དགེ་འདུན་ཆོས་འཕེལ་ནི་ཕྱི་ལྟར་ན་གངས་ཅན་མཁས་པའི་གཙུག་རྒྱན་ཞིག་དང་། ནང་ལྟར་ན་ཆོས་ཉིད་གཉུག་མའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྣལ་འབྱོར་བ་ཞིག་ཡིན་པའི་ངེས་ཤེས་ཡོད།

    དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་ཚད་གྲུབ་ལ་དགག་པ་ནི་ཁོང་གིས་སྔར་མེད་ཀྱི་གྲུབ་མཐའ་གསར་བ་ཞིག་མ་ཡིན་པར། སྔོན་གྱི་ས་སྐྱ་བའི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པ་ནི། སངས་རྒྱས་ལ་ཀུན་རྫོབ་བདེན་པའི་འཇོག་བྱེད་མེད་པ་སོགས་ཀྱིས་ཐ་སྙད་ཚད་གྲུབ་མ་དག་པར་བསྒྲུབས་པར་མཛད་པས་ཤེས་སླ། རྙིང་མ་བ་རྣམས་ཀྱིས་དེ་ལྟར་བཞེད་དེ། འཇམ་མགོན་མི་ཕམ་པས་ཉན་རང་གིས་བདག་མེད་གཉིས་རྟོགས་ཙམ་མ་གཏོགས། གཞན་ས་སྐྱ་བའི་མཁས་པ་རྣམས་ཀྱི་དགོངས་པར་ཕུག་བཅོལ་ནས་དབུ་ཚད་ཀྱི་བསྟན་བཅོས་ཡ་མཚན་པ་མང་བོ་མཛད། གོང་གི་དགག་པ་གཏོང་མཁན་དེའི་རང་གི་ཆོས་བརྒྱུད་དེ་དགེ་ལུགས་མིན་པ་འདྲ། ད་ནི་རྙིང་མ་བ་ཞིག་ཀྱང་མ་ཡིན་པར་ཐལ་བས་གྲུབ་མཐའ་ཕུང་གསུམ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་གསེར་ཁྲི་ལ་བཞུགས་གསོལ། ཀུ་རེ་ཞུས། དགོངས་འགལ་མེད་པར་ཞུ།

    ཆང་གསོལ་བ་ཙམ་གྱིས་ཐ་ཤལ་བར་ག་ལ་འགྱུར་མི་དགོས་པ་ནི། སྐྱོ་སྟོན་གྱིས་ར་ལོ་ཙ་བས་མཛད་སྤྱོད་ལ་དགག་པ་གནང་བར། ལན་དུ། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །སོགས་ལན་བཏབས་པ་བཞིན་དུ། སྔར་རྒྱ་བོད་ཐམས་ཅད་ན་ཆང་བཞེས་མཁན་གྱི་གྲུབ་ཐོབ་མང་བོ་བྱུང་།

  31. འོད་གསལ says:
    2013-02-06 at 1:22 pm

    ང་ཁ་བརྡར་མ་སླེབས་ནས་ཡུན་རིང་བོ་བྱུང་སོང་། ད་ཐེངས་དཔྱད་རྩོམ་འདི་བཀླགས་ཤིང་ཧ་ཅང་དགའ་བོ་བྱུང་སོང་། བོད་མི་རིགས་ཀྱི་ནང་ཁུལ་ལ་མུ་མཐུད་དུ་དཔྱད་རྩོམ་འདི་འདྲ་གནང་མཁན་འབྱུང་བའི་རེ་བ་ཡོད། དཔྱད་རྩོམ་འདི་ལ་གཞན་གྱི་ཟེར་སྒྲོས་རྗེས་ཟློས་ཙམ་མ་ཡིན་པ་དང་། རྨོངས་དད་ཀྱི་དུག་ངན་དང་མ་འདྲེས་པ། གཟུར་གནས་ཚན་རིག་གི་རྒྱབ་བསྟེན་ཡོད་པ་བཅས་དགེ་མཚན་མང་བོ་མཐོང་།

    གོང་དུ་མི་ཁ་ཤས་ཀྱིས་དགེ་འདུན་ཆོས་འཕེལ་ལ་ཆང་འཐུང་མཁན་དང་། བོད་ཀྱི་རིག་གཞུང་སྲོག་རྩ་གཅོད་པའི་མགོ་རྩོམ་མཁན་རེད་ཅེས་ངན་སྨྲས་གནང་འདུག།འོན་ཀྱང་གཏམ་འདི་ཚོར་དཔྱད་པ་བྱེད་རྒྱུ་མང་བོ་འདུག །ངས་བསམ་ཚོད་ལ། དགེ་འདུན་ཆོས་འཕེལ་ནི་ཕྱི་ལྟར་ན་གངས་ཅན་མཁས་པའི་གཙུག་རྒྱན་ཞིག་དང་། ནང་ལྟར་ན་ཆོས་ཉིད་གཉུག་མའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྣལ་འབྱོར་བ་ཞིག་ཡིན་པའི་ངེས་ཤེས་ཡོད།

    དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་ཚད་གྲུབ་ལ་དགག་པ་ནི་ཁོང་གིས་སྔར་མེད་ཀྱི་གྲུབ་མཐའ་གསར་བ་ཞིག་མ་ཡིན་པར། སྔོན་གྱི་ས་སྐྱ་བའི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པ་ནི། སངས་རྒྱས་ལ་ཀུན་རྫོབ་བདེན་པའི་འཇོག་བྱེད་མེད་པ་སོགས་ཀྱིས་ཐ་སྙད་ཚད་གྲུབ་མ་དག་པར་བསྒྲུབས་པར་མཛད་པས་ཤེས་སླ། རྙིང་མ་བ་རྣམས་ཀྱིས་དེ་ལྟར་བཞེད་དེ། འཇམ་མགོན་མི་ཕམ་པས་ཉན་རང་གིས་བདག་མེད་གཉིས་རྟོགས་སྟངས་ཙམ་མ་གཏོགས། གཞན་ས་སྐྱ་བའི་མཁས་པ་རྣམས་ཀྱི་དགོངས་པར་ཕུག་བཅོལ་ནས་དབུ་ཚད་ཀྱི་བསྟན་བཅོས་ཡ་མཚན་པ་མང་བོ་མཛད། གོང་གི་དགག་པ་གཏོང་མཁན་དེའི་རང་གི་ཆོས་བརྒྱུད་དེ་དགེ་ལུགས་མིན་པ་འདྲ། ད་ནི་རྙིང་མ་བ་ཞིག་ཀྱང་མ་ཡིན་པར་ཐལ་བས་གྲུབ་མཐའ་ཕུང་གསུམ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་གསེར་ཁྲི་ལ་བཞུགས་གསོལ། ཀུ་རེ་ཞུས། དགོངས་འགལ་མེད་པར་ཞུ།

    ཆང་གསོལ་བ་ཙམ་གྱིས་ཐ་ཤལ་བར་ག་ལ་འགྱུར་མི་དགོས་པ་ནི། སྐྱོ་སྟོན་གྱིས་ར་ལོ་ཙ་བས་མཛད་སྤྱོད་ལ་དགག་པ་གནང་བར། ལན་དུ། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །སོགས་ལན་བཏབས་པ་བཞིན་དུ། སྔར་རྒྱ་བོད་ཐམས་ཅད་ན་ཆང་བཞེས་མཁན་གྱི་གྲུབ་ཐོབ་མང་བོ་བྱུང་།

  32. ཨོ་རྒྱན་ཉི་མ། says:
    2013-02-06 at 1:30 pm

    ཚན་རིག་གང་ཡིན་མི་ཤེས་བཞིན་ད་དུང་ཚན་རིག་དང་ཚན་རིག་ཟེར། རང་གི་རིག་གཞུང་གི་སྲོག་གཅོད་ཀྱི་སུ་ཡིན་མི་ཤེས་པར་ད་དུང་རིག་གསར་དང་རིག་གསར་ཟེར། ཆོས་ཞེས་པ་གང་ཡིན་མ་རྟོགས་པར་ད་དུང་ཆོས་བརྒྱུད་དང་ཆོས་བརྒྱུད་ཟེར། ཧཧཧཧཧཧཧཧཧ ཀུན་རྫོབ་ཏུ་་་་་་ཐ་སྙད་ཚད་མས་མ་གྲུབ་ན་ལས་འབྲས་ཀྱི་རྣམ་གཞག་ཀྱང་མི་འཐད་པ་དང་། ས་བཅུ་ལམ་ལྔའི་རྣམ་གཞག་གཞི་མི་གྲུབ་པས། ལམ་ལ་བསླབ་པ་དགོས་མེད་དང་། ཚོགས་བསགས་པ་དོན་མེད་དུ་ཐལ་ལོ། །དོན་དམ་པར་གཞལ་བྱ་ཡུལ་དང་། འཇལ་བྱེད་ཀྱི་ཚད་མ་གཉིས་ཀ་གཞི་མེད་རྩ་བྲལ་དུ་ཁས་བླངས་དགོས་ན། དེར་གྲུབ་པའི་ཆོས་ཡན་གར་བ་ཁས་བླང་མཁན་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་ན་སྨྱོན་པ་ལས་མ་འདས་སོ། །དགེ་ལུགས་རྙིང་མ་ས་སྐྱ་བཀའ་བརྒྱུད་ཅེས། གསང་སྔགས་ཀྱི་ལྟ་བའི་སྐྱེལ་སོ་དང་། སྒོམ་པའི་མྱོང་བ་ལ་ཁྱད་པར་ཡོད་མཆི་ཡང་། མདོ་ལ་ཁྱད་ཆོས་ཡོད་པར་བཤད་པ་ནི། ཁྱད་གཞི་མེད་པའི་ཁྱད་ཆོས་ཁོ་ནའོ །

  33. ཅོ་རི་ཉི་མ། says:
    2013-02-06 at 1:40 pm

    ཨེ་་་ཨོ་ཉི་བླུན་པོ་་་ཀུན་རྫོབ་ཏུ་ཡོད་ན་ཡོད་གོ་ཆོད་ན་་་དོན་དམ་དུ་མེད་ན་མེད་གོ་མི་ཆོད་པས་རྒྱུ་མཚན་ཞིག་བཤད་དང་། དེ་ནས་བལྟ་ཆོག་གི་རེད།

    རྙིང་མ་པའི་ལུགས་ལ་ཆོས་སྐད་ཆོས་འདས་བློ་ཟད་ཟེར་ན་ཅི་རེད་དམ།

  34. འོད་གསལ says:
    2013-02-06 at 1:41 pm

    སྤྲོས་བྲལ་ལྟ་བའི་རྒྱལ་བོ་ཀློང་ཆེན་པ། །
    གངས་ཅན་མཁས་པའི་ཁྱུ་མཆོག་ཙོང་ཁ་བ། །
    རྟོགས་པའི་དབང་ཕྱུག་དགེ་འདུན་ཆོས་འཕེལ་ཞབས། །
    གངས་ཅན་འཕགས་པ་གསུམ་ལ་ཕྱག་འཚལ་ལོ། །

  35. མེ་ཏོག་དཀར་པོ says:
    2013-02-06 at 2:01 pm

    རང་ཉིད་ཕུང་གསུམ་པར་དོན་གྱིས་སོང་ནའང་གཞན་ལ་ཕུང་གསུམ་པ་དང་ཕུང་གསུམ་པ་ཟེར།
    རང་གིས་བསྟན་པ་རང་ནས་གཤིག་བཞིན་དུ་བསྟན་དོན་དང་བསྟན་དོན་ཟེར།
    བོད་ཀྱི་ནང་ཆོས་གནད་དགོས་ཟེར་བཞིན་དུ་བོད་ཐལ་བར་བརླགས་ནའང་བརླགས་ཟེར།
    ཨ་ཁ་ཁ། སྤྱིར་སྨྱོས་པ་དང་དཀོན་བགམ་ནས་སྨྱོས་པ་གཉིས་གཏན་ནས་མི་འདྲ་ཁི འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་སྐྱོབས།

  36. མེ་ཏོག་དཀར་པོ says:
    2013-02-06 at 2:02 pm

    ༢༥༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༨ སྐར་མ་ ༥༥

    འདོད་རྔམ་རི་ལས་ཆེ་བའི་སྤྲུལ་རྐུ་དང་།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

    བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།
    བོད་རིགས་ཡོང་རྫོགས་རྩ་མེད་ཕྱིན་ན་ཟེར།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཆང་ས་དགོན་པའི་ནང་དུ་བརྒྱབས་པ་དང་།
    དགོན་པར་བཤད་སྒྲུབ་དགོས་པའི་དྲིལ་བསྒྲགས་གཉིས།
    གཅིག་གི་གནད་ལུགས་གཅིག་དང་འགལ་འདུག་པས།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།

  37. མེ་ཏོག་དཀར་པོ says:
    2013-02-06 at 2:04 pm

    ༢༥༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༨ སྐར་མ་ ༥༥

    འདོད་རྔམ་རི་ལས་ཆེ་བའི་སྤྲུལ་རྐུ་དང་།།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།།
    བོད་རིགས་ཡོང་རྫོགས་རྩ་མེད་ཕྱིན་ན་ཟེར།།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཆང་ས་དགོན་པའི་ནང་དུ་བརྒྱབས་པ་དང་།།
    དགོན་པར་བཤད་སྒྲུབ་དགོས་པའི་དྲིལ་བསྒྲགས་གཉིས།།
    གཅིག་གི་གནད་ལུགས་གཅིག་དང་འགལ་འདུག་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཕུང་གསུམ་པ་ཞེས་གཞན་ལ་སྨོད་པ་དང་།།
    རང་ཉིད་སྤྲུལ་རྫུན་སྤྲུལ་སྐུར་སྒྲོགས་པ་གཉིས།།
    སྲང་ལ་འཇལ་ན་ལྕི་ཡང་མི་འདུག་པས།།
    ཆོག་ཤེས་དེབ་ནག་དེ་ལ་ཡིད་མ་ཆེས།།

  38. མེ་ཏོག་དཀར་པོ says:
    2013-02-06 at 2:04 pm

    ༢༥༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༨ སྐར་མ་ ༥༥

    འདོད་རྔམ་རི་ལས་ཆེ་བའི་སྤྲུལ་རྐུ་དང་།།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།།
    བོད་རིགས་ཡོང་རྫོགས་རྩ་མེད་ཕྱིན་ན་ཟེར།།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཆང་ས་དགོན་པའི་ནང་དུ་བརྒྱབས་པ་དང་།།
    དགོན་པར་བཤད་སྒྲུབ་དགོས་པའི་དྲིལ་བསྒྲགས་གཉིས།།
    གཅིག་གི་གནད་ལུགས་གཅིག་དང་འགལ་འདུག་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཕུང་གསུམ་པ་ཞེས་གཞན་ལ་སྨོད་པ་དང་།།
    རང་ཉིད་སྤྲུལ་རྫུན་སྤྲུལ་སྐུར་སྒྲོགས་པ་གཉིས།།
    སྲང་ལ་འཇལ་ན་ལྕི་ཡང་མི་འདུག་པས།།
    ཆོག་ཤེས་དེབ་ནག་དེ་ལ་ཡིད་མ་ཆེས།།

  39. ཨོ་རྒྱན་ཉི་མ། says:
    2013-02-06 at 2:05 pm

    དགེ་འདུན་ཆོས་འཕེལ་ཞེས་ཚང་མས་ཁ་ནས་མ་ཎི་འདོན་འདོན་བྱེད་བསྡད་པ་དེ་ལ་འདོད་བསྟན་ཞིག་ལས་གཞན་པའི་ཁྱད་ཆོས་ཤིག་ཡོད་པར་མ་མཐོང་ངོ་། །དེབ་ཐེར་དཀར་པོ་དེ་ནི་ཕྱེད་ཀ་རེད། ་་་་་་་་་་་་་་དོན་གྲུབ་རྒྱལ་ལ་བྱ་སྒྲུང་བྱེའུ་སྒྲུང་འགའ་ཞིག་གིས་འདིས་གོ་ཆོད་ས་བསམ་པ་གཅིག་ཀྱང་མི་འདུག

  40. མེ་ཏོག་དཀར་པོ says:
    2013-02-06 at 2:06 pm

    ༢༥༽ ཅོ་རི་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༦ གི་ཆུ་ཚོད་ ༨ སྐར་མ་ ༥༥

    འདོད་རྔམ་རི་ལས་ཆེ་བའི་སྤྲུལ་རྐུ་དང་།།
    ཆོག་ཤེས་དེབ་ལ་བཀོད་པའི་གཡོ་སྒྱུ་གཉིས།།
    གཅིག་གི་རྫུན་ཁུང་གཅིག་ལ་གཏོད་མཐོང་བས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་དགོས་ཟེར།།
    བོད་རིགས་ཡོངས་རྫོགས་རྩ་མེད་ཕྱིན་ན་ཟེར།།
    སྔ་བཤད་ཕྱི་ཚིག་གཉིས་ཀ་མི་མཐུན་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཆང་ས་དགོན་པའི་ནང་དུ་བརྒྱབས་པ་དང་།།
    དགོན་པར་བཤད་སྒྲུབ་དགོས་པའི་དྲིལ་བསྒྲགས་གཉིས།།
    གཅིག་གི་གནད་ལུགས་གཅིག་དང་འགལ་འདུག་པས།།
    ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།

    ཕུང་གསུམ་པ་ཞེས་གཞན་ལ་སྨོད་པ་དང་།།
    རང་ཉིད་སྤྲུལ་རྫུན་སྤྲུལ་སྐུར་སྒྲོགས་པ་གཉིས།།
    སྲང་ལ་འཇལ་ན་ལྕི་ཡང་མི་འདུག་པས།།
    ཆོག་ཤེས་དེབ་ནག་དེ་ལ་ཡིད་མ་ཆེས།།

  41. ཅོ་རི་ཉི་མ། says:
    2013-02-06 at 2:06 pm

    སྤྲུལ་རྐུ་ཨོ་ཉི་ལགས་་་ཉན་བྱོས།
    མདོ་ལས།་་་་
    མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
    ལུས་དང་ལྕེ་དང་ཡིད་ཀྱང་ཚད་མ་མིན།
    གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
    སུ་ལ་འཕགས་ལམ་གྱི་ཅི་ཞིག་བྱ།་་་་ཅེས་གསུངས་ཡོད་རེད།་་་་ལྐུག་པ་ཁྱོད་ལ་ལན་ཁུར་ཤོག

  42. མེ་ཏོག་དཀར་པོ says:
    2013-02-06 at 2:08 pm

    དགོང་དག བཏགས་ནོར་མང་པོ་ཤོར་སོང་། གཅིག་མ་གཏོགས་ལྷག་མ་རྣམས་བསུབ་རོགས་ཞུ།

  43. ཅོ་རི་ཉི་མ། says:
    2013-02-06 at 2:10 pm

    སྤྲུལ་རྐུ་ཨོ་ཉི་ལགས་་་ཉན་བྱོས།
    མདོ་ལས།་་་་
    མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
    ལུས་དང་ལྕེ་དང་ཡིད་ཀྱང་ཚད་མ་མིན།
    གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
    སུ་ལ་འཕགས་ལམ་པའི་གྱི་ཅི་ཞིག་བྱ།་་་་ཅེས་གསུངས་ཡོད་རེད།་་་་ལྐུག་པ་ཁྱོད་ལ་ལན་ཡོད་ན་ཁུར་ཤོག་་་་ཅེས་བཅོས་རོགས་བྱོས།

  44. འོད་གསལ says:
    2013-02-06 at 2:33 pm

    ཀུན་རྫོབ་ཏུ་ཡོད་པ་དང་། ཐ་སྙད་ཚད་གྲུབ་གཉིས་ལ་ཚིག་དོན་གཉིས་ཀའི་ཆ་ནས་གོ་རྒྱུ་མི་འདྲ་བ་ཡོད་ལ། བོད་ཀྱི་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཆོས་ཀུན་ཐ་སྙད་དུ་ཡོད་པར་བཞེད་ཀྱང་། ཐ་སྙད་ཚད་གྲུབ་འདོད་མཁན་དང་མི་འདོད་མཁན་གྱི་སྡེ་བ་གཉིས་ཡོད། ས་སྐྱ་བ་རྣམས་ཀྱི་བཞེད་ངོར། ཀུན་རྫོབ་ཀྱི་ཆོས་རྣམས་སྒྱུ་མ་ཙམ་དུ་གྲུབ་ལ། དེ་འཇོག་བྱེད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལྟ་བུ་འཇོག་རུང་བ་ཙམ་ལས། ཐ་སྙད་ཚད་གྲུབ་དུ་སོང་ཚེ་མི་བསླུ་བའི་དངོས་པོ་གཞི་གྲུབ་པར་འགྱུར་ལ། དེ་ལྟ་ན་སངས་རྒྱས་ངོ་ལ་མི་བསླུ་བར་འགྱུར་དགོས་པ་ལ་སངས་རྒྱས་ཀྱི་མཁྱེན་པའི་ངོར་ཀུན་རྫོབ་ལྟ་ཞོག །ཆོས་མཆོག་དོན་དམ་བདེན་པའང་ཚིག་བླ་དྭགས་ཙམ་ལས་མ་འདས་པར་བཞེད་པ་དང་། གཞན་ཡང་འཁྲུལ་བའི་སེམས་ཅན་དང་། མ་འཁྲུལ་བའི་སངས་རྒྱས་གཉིས་ལ་ལྟ་བའི་ཆ་ནས་མཆོག་དམན་མེད་པར་ཐལ་བའི་སྐྱོན་འབྱུང་བར་བཞེད་པ་འདྲ། རྙིང་མ་བ་རྣམས་ཀྱིས་སེམས་ཅན་ངོར་ཐ་སྙད་ཚད་གྲུབ་དང་། སངས་རྒྱས་ངོར་ཐ་སྙད་ཚད་གྲུབ་འཇོག་མི་ནུས་པར་དགོངས་སྟེ། རིག་འཛིན་འཇིགས་མེད་གླིང་བས། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །ཞེས་གསུངས། མདོར་ན་སངས་རྒྱས་ཀྱི་དགོངས་པ་དང་། སེམས་ཅན་གྱི་རྣམ་རྟོག་གཉིས་ལས་སྔ་མ་དབང་ཆེ་བས་ན། ལྟ་བའི་དཔྱད་པ་རྫོགས་ཚེ་ཐ་སྙད་ཚད་གྲུབ་མི་འདོད་ཅེས་ཁས་ལེན་དགོས་སོ། །

  45. ཅོ་རི་ཉི་མ། says:
    2013-02-06 at 2:44 pm

    རྣམ་དཔྱོད་མངའ་བའི་ཚ་བ་མདའ་སྨྱུག་མཆོག་གིས་འདི་འདྲ་གསུངས་འདུག

    དེང་སང་ཡོངས་གྲགས་ཀྱི་ཁས་ལེན་མེད་པའི་གྲུབ་མཐའ་ཟེར་བ་དེ་འདི་རེད། ཐ་སྙད་ཚད་མས་མ་གྲུབ་པའི་དམ་བཅའ་དང༌། ཁས་ལེན་མེད་པའི་གྲུབ་མཐའ་འདི་གཉིས་ལ་ཞིབ་ཏུ་བསམ་ན་དངོས་གནས་དགོད་ཤོར་འོང་ བར་འདུག །ཐ་སྙད་ཚད་མས་མ་གྲུབ་ན་ཐ་སྙད་པའི་ཆོས་ཀྱི་བྱེ་བྲག་ཁོའི་བློ་དེའང་ཚད་མས་མ་ གྲུབ་དགོས་པས་དེས་ཐ་སྙད་ཚད་མས་མ་གྲུབ་པ་ཇི་ལྟར་ཤེས་པ་ཡིན་ནམ། སྣང་བ་ཡོད་ཚད་གཏད་སོ་མེད་པའི་འཁྲུལ་སྣང་ཡིན་ན། ཡོད་ཚད་འཁྲུལ་སྣང་དུ་ཐག་གཅོད་བྱེད་པའི་བློ་དེ་ཡང་འཁྲུལ་བློ་ཡིན་དགོས་པས་ དེས་ཐག་གང་བཅད་ལའང་གཏད་སོ་ཅི་ཞིག་ཡོད། ཁོས་ཡོད་ཚད་འཁྲུལ་སྣང་དུ་ཐག་བཅད་པའི་ཞོར་ལ་ཁོས་བཤད་ཚད་ཐམས་ཅད་ཀྱང་འཁྲུལ་ བཤད་གཟའ་བཤད་རྐྱང་རྐྱང་ཡིན་པར་ཐག་བཅད་པ་ཡིན་པས་རང་གིས་རང་ལ་དེ་སྡུག་མེད་ པའི་མཚང་འབྲུ་ཁྱད་གསོད་བྱས་པ་ཡིན་ནོ། །སངས་རྒྱས་དཀོན་མཆོག་དང་དཀོན་མཆོག་དེའི་ཆོས་ཉིད་གཉིས་གོ་རིག་ཐོས་གསུམ་གང་ ཡང་མི་འདུག་ན་མེད་ཅེས་ལབ་བཞག་ན་ལོས་ཆོག །ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཟེར་ཅི་དགོས། སངས་རྒྱས་མེད་ན་གདུལ་བྱ་སུས་འདུལ། ཆོས་འཁོར་སུས་བསྐོར་སྙམ་ནས་ཞེད་སྣང་ལངས་པ་ཡིན་ན། གདུལ་བྱ་འདུལ་བ་དང༌།ཆོས་འཁོར་བསྐོར་བ་དེ་ཚོ་འཁྲུལ་སྣང་རེད་ཅེས་ཁྱོད་ཀྱིས་ བཤད་ཟིན་པ་མིན་ནམ། འཁྲུལ་སྣང་ལ་ནི་བྱེད་པོ་མི་དགོས་ཏེ། དཔེར་ན་མིག་བཙིར་བའི་སྐབས་ཀྱི་ཟླ་གཉིས་བཞིན་ནོ། །ཁས་ལེན་མེད་ན་ཁ་རོག་འདུག་མི་བཞག་པར་རྩོད་པའི་གྲྭ་རུ་ཅི་ལ་སླེབ་ཡོང་བ་ཡིན་ སུས་ཤེས། རིགས་པ་ལ་གཡོལ་བའི་ཆེད་དུ་མ་དཔྱད། ཅུང་ཟད་དཔྱད་པ། ཤིན་ཏུ་དཔྱད་པའི་རྣམ་གཞག་གསུམ་མམ། ཐ་སྙད་གཞིར་བཞག་དང༌། དོན་དམ་གཞིར་བཞག་གི་གནས་སྐབས་གཉིས་སུ་དབྱེ་བ་སོགས་པར་པུར་མང་པོ་ཞིག་བྱས་ ཡོད་མོད། ཡོད་ཚད་རང་མགོ་རང་གཡོག་གི་ལས་ཀ་ཡིན། གནས་སྐབས་ཞེས་པ་དུས་ཚོད་སྟོན་པའི་ཚིག་ཡིན་གྱི་ཕྲ་རགས་སྟོན་པའི་ཚིག་མིན་པ་ འདི་ཉིད་ཁོ་ནས་དེ་ཚོའི་དེ་ཉིད་ལྷང་ལ་ཕུད་ཚར། དངོས་པོ་གཅིག་ཉིད་ཐོག་མར་ཡོད་པར་རྟོགས་པའི་ཚད་མ་སྐྱེ། བར་དུ་མེད་པར་རྟོགས་པའི་ཚད་མ་སྐྱེ། མཐར་ཡོད་མེད་གང་ཡང་མིན་པར་རྟོགས་པའི་ཚད་མ་སྐྱེ་ཆོག་ན་འཇིག་རྟེན་འདིར་མི་ ཆོག་པ་དང་མི་རུང་བ་ཅི་ཡང་མི་སྲིད། ཁྱོད་རང་ཐོག་མར་མི་ཡིན་པར་རྟོགས་པའི་ཚད་མ་དང༌། བར་དུ་ཁྱི་ཡིན་པར་རྟོགས་པའི་ཚད་མ་དང༌། ཐ་མར་འདྲེ་ཡིན་པར་རྟོགས་པའི་ཚད་མ་ཁོ་བོའི་རྒྱུད་ལ་སྐྱེ་བྱུང་ཞེས་སྨྲ་བར་ འདོད་དོ།

  46. ཅོ་རི་ཉི་མ། says:
    2013-02-06 at 3:08 pm

    ཨོ་ཉི་ལགས་་་ཅང་ལབ་ཀྱི་འདྲ་མེད་དམ་་་་ཧཧཧ་་་ཁྱོད་ཀྱིས་དགེ་ཆོས་མཆོག་ལ་ངན་འབོད་བྱས་པ་ནི།
    དཔེར་ན།་་་ཙེ་གུས་འབྲུང་ལ་རྭ་རྩོད་འགྲན་་་་འབྲོང་ཤི་རྟགས་མ་རེད་ཙེ་གུར་ཤི་འདོད་རེད་་་་་ཨབ་རས་རྐྱང་ལ་བང་རྩལ་འགྲན་་་རྐྱང་ཤི་རྟགས་མ་རེད་ཨབ་ར་ཤི་འདོད་རེད་ཅེས་པ་ལྟར་རེད་དོ་་་་་ཧཧཧཧ

  47. གསེར་འབྲུག་སྡེར་ལྔ་ says:
    2013-02-06 at 3:28 pm

    དགེ་ཆོས་སྨྱོས་ཀྱང་མཚན་སྙན་དགུངས་ལ་ཁྱབ།
    དོན་གྲུབ་བཟི་ཡང་གསར་རྗེའི་སྙིང་སྟོབས་ལྡན།
    ཨོ་ཉི་དཀོར་སྨྱོས་ཆང་ས་དགོན་པར་བརྒྱབས།
    གང་ལ་བལྟས་ཀྱང་ཨོ་ཉི་དམ་ཉམས་འདྲ།

    དགེ་ཆོས་སྨྱོས་ཀྱང་བོད་ལ་གདུང་བ་ཟབ།
    དོན་གྲུབ་བཟི་ཡང་མི་རིགས་ལ་རྒྱ་ཆེ།
    ཨོ་ཉི་དཀོར་སྨྱོས་མི་རིགས་མི་དགོས་ཟེར།
    གང་ལ་བསམ་ཀྱང་མི་རིགས་བླ་བཙོང་རེད།

  48. འོད་གསལ says:
    2013-02-06 at 3:37 pm

    བསྟན་ལ་ལྷག་བསམ་གངས་རི་ལྟར་དཀར་ཞིང་། །
    རྣམ་དཔྱོད་ནོར་གྱིས་ཐུགས་རྒྱུད་རབ་ཕྱུག་པའི། །
    སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་ཉི་མ་ལ། །
    བདག་གིས་གང་སྨྲས་དགོངས་འགལ་མེད་པ་ཞུ། །

    ཞེས་འཇམ་མགོན་དགེ་འདུན་ཆོས་འཕེལ་གྱི་རྗེས་འཇུག་པ་ཞིག་གིས་ཕུལ། ཚང་མ་བདེ་མོར་བཞུགས།

  49. ཅོ་རི་ཉི་མ། says:
    2013-02-06 at 3:49 pm

    འོད་གསལ་ལགས་་་རྗེས་སུ་ཕེབས་ཤོག་་་ཨ

  50. འོད་གསལ says:
    2013-02-06 at 3:55 pm

    ཅོ་རི་ཉི་མ་ལགས། ཁྱེད་རང་གི་རྩོམ་ཧ་ལས་པའི་སྙན་མོ་འདུག །སྐུ་ཚེ་རིང་།

  51. ཅོ་རི་ཉི་མ། says:
    2013-02-06 at 4:26 pm

    ཨོ་ཉི་ལགས་་་་ངས་ཁྱོད་ལ་ང་སྒོ་ཁྱིའི་ལྟ་བ་ཟུར་ཞིག་ཞུ།
    དོན་གྲུབ་རྒྱལ་མཆོག་གིས་ང་དགའ་ས་ཡང་རྐང་ཕྲ་མོ་འདིར་ཡིན་ལ་ང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདིར་ཡིན་ཞེས་གསུངས་པ་ལྟར།་་་ང་ཅོ་རི་དགའ་ས་ཡང་ནང་ཆོས་འདིར་ཡིན་ལ་ང་སྐྱོ་ས་ཡང་ནང་ཆོས་འདིར་ཡིན།

    སྤྱིའི་ཆ་ནས་མི་རྟག་པའི་ཆོས་ཐམས་ཅད་རང་བཞིན་གྱི་འགྱུར་བ་འགྲོ་ངེས་པ་ལྟར་བོད་བརྒྱུད་ནང་བསྟན་འདི་ལ་ཡང་འགྱུར་བ་འགྲོ་ངེས་རེད་བསམས་ཀྱི་འདུག་པ་མ་གཏོགས་མི་འགྱུར་རྟག་བརྟན་ཞིག་ཡོང་ཐབས་མེད་པར་འདོད། དེའི་ཕྱིར། ༧གོང་ས་མཆོག་གིས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་དགོས་པའི་ལག་ལེན་གནང་གི་ཡོད་པ་ལྟར་ནང་ཆོས་ཀྱི་གད་རྙིགས་རྣམས་དོར་ནས་གསར་གཏོད་ཀྱི་ལས་ལ་འབད་དགོས་པར་འདོད།

    དེང་རབས་ཚན་རིག་དང་མཐུན་པའི་ནང་ཆོས་ཤིག་དང་། དེང་རབས་ཚན་རིག་མཐུན་པའི་བླ་སྤྲུལ་ཞིག་བྱུང་ན་ནང་ཆོས་དང་བླ་སྤྲུལ་གཉིས་ཀ་མུ་མཐུད་ནས་གནས་ངེས་ཡིན། དེ་ལྟ་མིན་པར་ཡོད་ཚད་རྨོངས་དད་འོག་ཏུ་མགོ་སྒུར་ནས་རྫུན་གྱི་ལྷ་སྒྲུང་དང་སྤྲུལ་རྟགས་སྟོན་པ་མང་སོང་ན་སངས་རྒྱས་བསྟན་ལ་རིན་ཐང་མེད་ཤིག་ཏུ་འགྱུར་ངེས་ཡིན་པས་དེ་ལུགས་ཀྱི་དགོངས་འཇག་མཚལ།་་་་སེམས་ནང་གི་བསམ་ཚུལ་ཡིན།

  52. ཨོ་རྒྱན་ཉི་མ། says:
    2013-02-06 at 4:35 pm

    དགེ་ཆོས་དོན་གྲུབ་ཞོགས་དུང་མདའ་སྨྱུག་གིས།།
    བཤད་ཚད་བདེན་པར་འཛིན་ཅིང་ལེགས་སོ་བརྗོད།།
    སྔོན་མེད་གསར་གཏོད་མང་པོ་བྱས་སོ་ལོ།།
    འདི་ཞེས་བསྟན་རྒྱུ་མེད་མཚར་བ་ལ།།

  53. མེ་ཏོག་དཀར་པོ says:
    2013-02-06 at 8:00 pm

    བོད་ཀྱི་རིག་གཞུང་ནང་ཆོས་གནས་པ་དང་།།
    བོད་ཀྱི་མི་རིགས་མེད་ཀྱང་རུང་བ་གཉིས།།
    གཅིག་གི་དམ་བཅའ་གཅིག་གིས་བཤིག་མཐོང་དུས།།
    ཨོ་ཉི་སྨྱོས་པར་ངེས་ཤེས་གཏིང་ནས་རྙེད།།

  54. མེ་ཏོག་དཀར་པོ says:
    2013-02-06 at 8:03 pm

    འདི་ཞེས་མཛུབ་མོ་གཙུག་ཀྱང་མ་བཙུག་རུང་།།
    རྣམ་དཔྱོད་ཐུར་མས་ཡིན་མིན་དཔྱད་པའི་ཚུལ།།
    ཁོང་གཉིས་ཤུལ་ལས་རྙེད་པ་མངོན་སུམ་འདིས།།
    རྗེས་ཟློས་མཁན་པོར་ལེགས་སོ་འབུལ་དགོས་མེད།།

  55. ལུང་རྟོགས། says:
    2013-02-07 at 12:57 am

    ཨོ་ཉི་འདི་ངོ་མ་མི་རྩ་མ་ཚང་བ་ཞིག་ཡིན་པ་ཐག་ཆོད་རེད་འདུག དུས་རབས་འདིའི་མིའི་བསམ་བློ་དང་མི་མཐུན་པ་རྐྱང་རྐྱང་བཤད་ནས་མིའི་བསམ་བློ་བསྒྱུར་ཐབས་བྱེད་པ་ནི་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡོད། གལ་ཏེ་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱེད་འདོད་ན་ཡང་བྱེད་སྟངས་འདི་འདྲ་ག་ལ་ཡིན། འཇའ་སྐས་བཙུགས་ནས་སྐར་མ་ལེན་ཐབས་བྱས་པ་རང་རེད།

  56. ཨོ་རྒྱན་ཉི་མ། says:
    2013-02-07 at 1:34 am

    རེད། དུས་རབས་དང་བརྟུན་དགོས་ན། ལས་འབྲས་དང་། དམ་པའི་ཆོས་དེ་ཡང་བསྒྱར་བཅོས་ཐོངས། ཚན་རིག་དང་། གཡོ་སྒྱུ་ཁྲམ་གསུམ་དམ་པའི་ཡིན་པར་གྱིས། ཚན་རིག་པ་སྐྱབས་གནས་སུ་ཟུངས། ངོ་མ་ཁྱོད་ཚོ་སྨྱོས་ཟིན་པ་འདྲ།

  57. མེ་ཏོག་དཀར་པོ། says:
    2013-02-07 at 2:10 am

    ཨོ་ཉི་འདི་ཆོས་ཅན། རྩ་མ་ཚང་བ་ཡིན་ཏེ། སྤྲུལ་སྐུ་ཡིན་པའི་ཕྱིར། དཔེར་ན་དབང་ཆེན་བཞིན།

  58. ལུང་རྟོགས། says:
    2013-02-07 at 4:07 am

    མེ་དཀར་གྱི་གཏན་ཚིག་དེ་ལ་མ་ཁྱབ་པའི་ལེན་འདེབས་རྒྱུ་ཡིན།

  59. གངས་ཟླ says:
    2013-02-07 at 4:18 am

    ཨོ་ཉི་ཆོས་ཅན་་་་་་རྩ་མ་ཚང་ཐག་ཆོད་ཡིན་ཏེ་་་་་་་་དགོན་པའི་ནང་དུ་ཆང་ས་བརྒྱབས་པའི་ཕྱིར་་་་་་དཔེར་ན་ཨོ་རྒྱན་སྟོབས་རྒྱལ་བཞིན།

  60. ཨོ་རྒྱན་ཉི་མ། says:
    2013-02-07 at 4:21 am

    ཨོ་ཉི་འདི་ཆོས་ཅན། རྩ་མ་ཚང་བ་ཡིན་ཏེ། སྤྲུལ་སྐུ་ཡིན་པའི་ཕྱིར། དཔེར་ན་དབང་ཆེན་བཞིན།
    ཕྱོགས་ཆོས་མ་གྲུབ་སྟེ། རྟགས་དེ་རྩོད་གཞིའི་སྟེང་དུ་མི་ལྡན་རྣམ་གཅོད་མ་གྲུབ་པ་དང་། གཉིས་པ་ཁྱབ་པ་ལོག་སྟེ་རྟགས་མཐུན་ཕྱོགས་ཀྱི་སྟེང་དུ་གཏན་ནས་མེད་པའི་ཕྱིར་དང་། མཐུན་ཕྱོགས་ལ་མ་གྲུབ་ན་ལྡོག་ཁྱབ་མ་གྲུབ་པ་སྨོས་མེད་རེད། མེ་དཀར་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨ་ཁ།

  61. ཨོ་རྒྱན་ཉི་མ། says:
    2013-02-07 at 4:23 am

    མེ་དཀར་ལས་གངས་ཟླ་ཅུང་ཟད་མཁས་པར་སེམས། ཡིན་ན་ཡང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧ

  62. ཅོ་རི་ཉི་མ། says:
    2013-02-07 at 6:37 am

    གངས་ཟླ་ལགས་་་བོད་མི་དམངས་ཀྱི་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་ལགས་བཞག་རོགས་བྱོས། གཞུང་དྲང་དང་ལ་རྒྱ་ལྡན་པའི་མི་ཁོང་ལྟ་བུ་སྤྲུལ་རྐུ་ཨོ་ཉིའི་རྩ་ལ་འཁུར་མ་ཡོད་རོགས་་་་མཐུན་དཔེར་འགྲིག་གི་མ་རེད།

    མེ་དཀར་ལགས་་་་རྟགས་བཀོད་དུས་་་ས་སྐུ་དང་ར་རྐུ་མ་ནོར་བ་བྱོས་་་ཨོ་ཉི་ར་རྐུ་རེད།
    དཔེར་ན་་་ཨོ་ཉི་འདི་ཆོས་ཅན། རྩ་མ་ཚང་བ་ཡིན་ཏེ། སྤྲུལ་རྐུ་ཡིན་པའི་ཕྱིར། ཞེས་བཀོད་ན་རྟགས་ཡང་དག་རེད།་་ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme