གནས་ཚུལ་མཁོ་འདོན་པ། གངས་འདབས།
རྗར་མེ་ནི་བོད་ཀྱི་ཁང་པས་ 2012 ཟླ་ 4 ཚེས་14 ་ཉིན་གཉེར་བའི་༼ནང་པའི་ལྟ་གྲུབ་དང་། ཚན་རིག་བར་གྱི་བགྲོ་གླེང་།༽ ཞེས་པ་དེ་ད་ཆ་བརྙན་ལམ་བརྒྱུད་རྒྱ་ཆེའི་བོད་ཀྱི་སྐད་ཡིག་སྤྱོད་བཞིན་པའི་ས་ཁུལ་ཁག་དང་། བོད་ཀྱི་སྐད་ཡིག་ཤེས་མཁན་དང་། ཐུགས་སྣང་ཅན་རྣམ་ལ་ཐུགས་ཕན་གསོས་ཆེད་ཕྱིར་བསྒྲགས་བྱས་འདུག བགྲོ་གླེང་གི་བརྗོད་གཞི་ཁྱོན་བསྡོམས་ལྔ་རུ་ཕྱེས་ཡོད་པ་ནི། བོད་ཀྱི་སྤྱི་སྐད་དང་། བརྡ་ཆད་ཐ་སྙད་སྐོར་སྔོན་གླེང་གནང་ཡོད་པ་ཕུད་དེ་མིན།
གཅིག ཚན་རིག་པ་དང་ནང་པ་བར་བགྲོ་གླེང་ཐེངས་མང་གནང་ཡོད་པའི་ཁྲོད་ལས་ཕན་ཚུན་ལ་དགེ་མཚན་དང་ལེགས་ཆ་གང་བྱུང་ཡོད་མེད།
གཉིས་པ། བདེན་པའམ་མངོན་སུམ།
གསུམ་པ། རྦང་སྒྲ་ཆེན་མོའི་རྣམ་གཞག
བཞི་པ། ལྟོས་བཅས་སྨྲ་བ།
ལྔ་པ། ཚད་རྡུལ་ནུས་རིག་སྨྲ་བ།
བགྲོ་གླེང་གནང་མཁན་ཧམ་བག་གཙུག་ལག་སློབ་ཆེན་གྱི་(University Hamburg, Germany)རྒྱ་གར་དང་བོད་རིག་པའི་ཚན་ཁག་གི་དབུ་འཛིན་གཅིག་ལྕོགས་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་དང་། ཕྱི་ལུགས་སྨན་པ་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་གཉིས་མཉམ་ཞུགས་གནང་ཡོད་པ་དང་། བོད་ཀྱི་ཁང་པའི་དབུ་འཛིན་འདུས་བྱུང་ཕུན་ཚོགས་ཚེ་རིང་མཆོག་གིས་བགྲོ་གླེང་དབུ་འཛུགས་དང་། བཏང་འཛིན་གནང་ཐོག་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་གིས་ནང་པའི་ལྟ་གྲུབ་ཀྱི་གཟིགས་ཕྱོགས་གསུངས་པ་དང་། མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་གིས་རང་བྱུང་ཚན་རིག་གི་གཟིགས་ཕྱོགས་དང་། ཚན་རིག་པ་ཁག་གཅིག་གི་ལྟ་བ་འགྲེལ་བཤད་གནང་ཡོད།
ལེ་ཚན་འདི་ལྟ་བུ་དྲ་བརྙན་བརྒྱུད་ཕྱིར་བསྒྲགས་བྱས་པའི་བྱེད་སྒོ་དེ་རིགས་ནི་བོད་ཀྱི་ཁང་པས་བོད་སྐད་སྤྱོད་པའི་ཁུར་ཡུག་ཁོ་ནར་དམིགས་ཏེ་གཉེར་བ་རེད་འདུག བརྙན་པར་དེར་གཟིགས་ནས་བོད་པའི་སྤྱི་ཚོགས་ནང་བརྗོད་གཞི་འདི་ལྟ་བུར་གླེང་སློང་ཡོང་བའི་ཁོར་ཡུག་དང་སྡིངས་ཆ་སྲ་བརྟན་ཞིག་ཡོང་བའི་རེ་བ་དང། དམིགས་ཡུལ་ཡིན་པ་ནི་བརྙན་པར་དེའི་ནང་བོད་ཀྱི་ཁང་པའི་དབུ་འཛིན་མཆོག་གིས་གསུངས་འདུག
ཆ་ཚང་བརྙན་པར་ཁག་ནས་གཟིགས་རོགས།
Part I
http://www.youtube.com/watch?v=gA-y6WOGfPo&list=HL1358868354
Part II
http://www.youtube.com/watch?v=WXg2afj0jlA&list=HL1358868354
Part III
http://www.youtube.com/watch?v=QAsB6l3hH9o&list=HL1358868354
བགྲོ་གླེང་བོད་སྐད་དུ་གནང་བར་བཀའ་དྲིན་ཆེ་ཞེས་ཞུའོ། །
ཡག་པོ་རེད། རྗེས་སུ་ཡི་རང་ཡོད། བོེད་པ་ཚོ་མི་རེ་ངོ་རེས་འདི་ལྟར་དཀའ་ལས་བརྒྱབ་ན་ད་གཟོད་གྲུབ་འབྲས་ཞིག་ཐོབ་ངེས་ཡིན།
ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞུ་བ་ལགས།
འདིར་མཁས་དབང་དང་སློབ་དཔོན་ཞེས་དམིགས་ཀྱིས་ཁྱད་པར་འབྱེད་འདུག་པ་ལ་ཅུང་ཟད་ཞུ་འདོད་བྱུང་། སློབ་དཔོན་དང་མཁས་དབང་གི་དབར་ལ་ཁྱད་པར་གང་ཡོད་དམ། སློབ་དཔོན་རྡོ་རྗེ་དབང་ཕྱུག་ལ་མཁས་དབང་གི་མཚན་ཞུ་མི་འོས་པ་གང་ཡིན་ནམ། ངས་ཤེས་ཚོད་ལྟར་ན་ཁོང་ནི་རྙིང་མའི་མཐོ་རིམ་བཤད་གྲྭ་ཞིག་ནས་ལེགས་བཤད་མཛོད་འཆང་ཞེས་དགེ་ལྡན་གྱི་གྲྭ་ས་ནས་དགེ་བཤེས་ཀྱི་མཚན་གནས་དང་མཉམ་པའི་ཕྱག་ཁྱེར་བཞེས་ཡོད་པ་མ་ཟད། ཇར་མཱན་གཙུག་ལག་མཐོ་རིམ་སློབ་གྲྭ་ནས་ཀྱང་འབུམ་རམས་པའི་ཕྱག་ཁྱེར་བཞེས་ཡོད་ལུགས་ཐོས། དེ་འདྲའི་ཕྱི་ནང་གི་ཡོན་ཏན་གཉིས་ཀ་ལྡན་པའི་མཁས་པའམ་སློབ་དཔོན་དེ་ལ་མཁས་དབང་གི་མཚན་ནས་ཞུ་མི་འོས་པ་ཅི་ཞིག་ཡོད་དམ་སྙམ་ནས་བདག་ནི་འཕྱང་མོ་ཉུག་གོ།
མཁས་དབང་སློབ་དཔོན་རྡོ་རྗེ་དབང་ཕྱུག
ཨ་ཁ་ཁ་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་གིས་འབྲུག་པའི་རྫོང་ཁ་ནི་འབྲུག་རྒྱལ་པོ་རྡོ་རྗེ་དབང་ཕྱུག་མཆོག་གིས་ངོས་འཛིན་གནང་པའམ་སྲོལ་བཏོད་པ་རེད་གསུངས་སོང་། མ་གཞི་སློབ་དཔོན་ལ་ཅི་ཁག། ཁོང་རང་འབྲུག་ཡུལ་སྤངས་ནས་ཕལ་ཆེར་ལོ་འགའ་ཤས་ལོན་ཡོད་པ་འདྲ། ཁོང་རང་གིས་ཀྱང་ང་རང་འབྲུག་ཡུལ་གྱི་ཕྱི་ལོགས་ལ་སྡོད་མཁན་རེད་ཅེས་གསུངས་སོང་། མ་གཞི་ནི་འབྲུག་པ་ཤེས་ཡོན་པ་ཁོང་ལྟ་བུ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པོ་རེད། ངའི་རེ་བ་ལ་ནི་ཁོང་ལྟ་བུའི་མཁས་པ་ཞིག་གིས་འབྲུག་པའི་མི་རིགས་ང་ལྟ་བུ་རྣམས་ལ་སྤྱིར་ནང་པའི་རིག་གཞུང་དང་ཁྱད་པར་དུ་འབྲུག་པའི་རིག་གཞུང་གི་རྩ་བ་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་ལམ་སྟོན་གནང་རྒྱུར་རེ་བ་བསྐྱེད་པ་ཡིན། དེ་རིང་ཁོང་གིས་ངའི་རེ་བ་དེ་སྟོང་ལོག་ཏུ་བཏང་སོང་།
མ་གཞི་འབྲུག་ལ་ཡང་རྫོང་ཁ་འདི་འབྲུག་རྒྱལ་གསུམ་པས་སྲོལ་བཏོད་པ་འདྲ་ཞིག་བཤད་མཁན་མང་པོ་ཡོད། དེ་ནི་ཞིབ་འཇུག་གི་ཤེས་ཚད་མེད་པའི་མི་བུ་དག་གི་བཤད་སྲོལ་ཡིན། ཁོང་ལྟ་བུའི་མཁས་པས་དེ་འདྲའི་བཤད་ཚད་ཚང་མ་ལ་ཡིད་ཆེས་གནང་སྡོད་རྒྱུ་ཡིན་ན་ཞིབ་འཇུག་པའམ་མཁས་པའི་གོ་སར་བསྙེགས་ཏེ་དགོས་པ་ཅང་མ་མཆིས་སྙམ། འདིར་རྫོང་ཁའི་སྐོར་ཁོ་བོས་ཤེས་པ་ཅུང་ཟད་ཞུ་ན། རྫོང་ཁ་ནི་དུས་རབས་ག་དུས་ནས་བྱུང་བ་ངས་གསལ་པོ་ཞུ་རྒྱུ་མེད་ཀྱང་། རྫོང་ཁ་ཞེས་པ་ཞིག་ཡོད་རྒྱུ་ནི་འབྲུག་རྒྱལ་པོ་གསུམ་པའི་སྔ་རོལ་ནས་ཡོད་བསྡད་པ་ཞིག་རེད། རྫོང་ཁ་དེ་སྔོན་ནས་ཡོད་པ་མ་ཟད་འབྲུག་པ་རྒྱལ་ཡོངས་ཀྱི་སྐད་དུ་ཡང་བཀོལ་ཡོད་པ་རེད། འོ་ན་འབྲུག་པ་རྒྱལ་པོ་གསུམ་པས་ག་རེ་གནང་བ་རེད་ཟེར་ན་རྫོང་ཁ་དེ་འབྲུག་པ་རྒྱལ་ཡོངས་ཀྱི་སྐད་ཡིན་ཟེར་ནས་རྒྱལ་ཡོངས་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཐོ་བཀོད་རྒྱབ་ནས། ཡིག་ཐོག་ཏུ་འབྲི་རྒྱུའི་བརྡ་སྤྲོད་པའི་བསྟན་བཅོས་བརྩམས་གནང་པ་རེད།
དེ་ཡིན་པའི་རྒྱུ་མཚན་གང་ཡོད་ཅེ་ན་ཡི་གེ་འབྲི་བ་པོ་སུ་ཡིན་ཆ་མ་འཚལ་ཡང་འདྲ་བཤུས་གནང་མཁན་དེ་ནི་འབྲུག་རྒྱལ་པོ་དང་པོའི་སྐབས་ཀྱི་མི་སྣ་ཡིན་པ་ཞིག་གི་ཡིག་ཆའི་ཀློང་དུ་འབྲུག་ཤར་ཕྱོགས་འཁོར་ལོ་ལྷུན་རྩེ་རྫོང་ནས་ཆོས་རྩེའི་དཔོན་སློབ་ཀྱི་ཁྲལ་དཔོན་ཞིག་གིས་ནུབ་ཕྱོགས་སྤུ་ན་རྫོང་ཁག་མངའ་ཁུལ་དུ་ཡོད་པའི་ཁོང་གི་བཟའ་ཟླ་ལ་རྫོང་ཁའི་བློ་ཟེའི་ནང་དུ་བྲིས་ཏེ་བསྐུར་པའི་ཡི་གེ་ཞིག་ཁོ་བས་རྙེད་སོན་བྱུང་། ཡི་གེ་དེའི་ནང་དུ། ལྷུན་རྩེ་རྫོང་གི་རྫོང་ཁ་འདི། །ཧན་ཙ་ཧེན་ཙེ་ཟེར་བ་བདེན་ཚོད་འདུག། ཅེས་ལྷུན་རྩེ་རྫོང་གི་རྫོང་ཁ་ལ་ཟུར་ཟའི་རྣམ་འགྱུར་ཞིག་བསྟན་འདུག།
དེས་རྫོང་ཁ་ཟེར་བའི་ཁ་སྐད་ཅིག་འབྲུག་རྒྱལ་པོ་དང་པོའི་དུས་ནས་ཡོད་པ་དང་། དེ་ཡང་འབྲུག་རྒྱལ་ཡོངས་ཀྱི་ཁ་སྐད་དུ་བཀོལ་བཞིན་ཡོད་པ་ནི་ཤར་ཕྱོགས་རྫོང་ཁག་ལྷུན་རྩེར་རྫོང་ཁ་བཀོལ་ཡོད་པའི་གནས་ཚུལ་གོང་གི་ཡི་གེ་དེས་བསྟན་པ་ལས་ཤེས་ནུས།
དེ་བཞིན་རྫོང་ཁའི་བློ་ཟེའི་ནང་དུ་བྲིས་པ་ནི་ཡི་གེ་གྲངས་ཀྱིས་མི་ཆོད་པ་ཞིག་མཐོང་རྒྱུ་ཡོད་ཅིང་དེ་ཡང་འབྲུག་པའི་ལོ་རྒྱུས་ཏེ་སྔོན་གྱི་འབྲུག་པ་མཁས་པ་རྣམས་ཀྱི་རྣམ་ཐར་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་མཁྱེན་ངེས་རེད། ཁ་ཅིག་གིས་རྫོང་ཁ་ཟེར་བ་དེ་སྔོན་ནས་ཞབས་དྲུང་རིན་པོ་ཆེས་སྲོལ་བཏོད་གནང་བ་རེད་ཅེས་བརྗོད་ཀྱང་དེ་ལྟར་ཡིན་པའི་རྒྱུ་མཚན་ནི་ད་དུང་རྙེད་མེད། འོན་ཀྱང་འབྲུག་པའི་སྐད་དུ་བྲི་སྲོལ་ཞིག་ནི་དེ་དུས་ནས་བྱུང་འདུག། དེ་ཡང་དུས་རབས་༡༧ པའི་ནང་དུ་ཞབས་དྲུང་དང་དུས་མཉམ་དུ་བྱུང་བའི་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེས་མོན་པའི་ཁ་ལབ་བློ་གསལ་སྒོ་འབྱེད་ཅེས་པ་ཞིག་བརྩམས་གནང་ཡོད་རེད། དེ་དེང་སང་གི་རྫོང་ཁ་ལྟ་བུ་ཞིག་མིན་རུང་གཞི་འབྲུག་པའི་ཁ་སྐད་དང་དེ་ཡང་དེ་དུས་སྔན་ལུང་དང་དེང་སང་སྔ་ལོང་ཞེས་བརྗོད་པའི་ཡུལ་གྱི་སྐད་ཀྱི་སྟེང་དུ་བྲིས་པ་ཡིན་པར་གསལ་པོར་རྟོགས་ནུས་པར་འདུག། དེ་ཙམ་གྱིས་འབྲུག་པའི་རྫོང་ཁ་དེ་འབྲུག་རྒྱལ་པོ་གསུམ་པས་ཆབ་སྲིད་ཀྱི་ཆེད་དུ་ཆེད་དམིགས་ཀྱིས་སྲོལ་བཏོད་གནང་བ་ཞིག་མིན་པར་ཡིད་ཆེས་རྙེད་པའི་རེ་བ་ཡོད།
ཡང་སློབ་དཔོན་གྱིས་རྫོང་ཁ་དེ་རྒྱལ་ཁབ་གཞན་དང་ཐུན་མོང་མ་ཡིན་པ་མཚོན་བྱེད་ཙམ་དུ་ཟད་ཀྱི་དེ་ལས་གཞན་པའི་དགོས་ནུས་མེད་པ་ལྟ་བུ་ཞིག་གསུངས་ཀྱི་འདུག། དེ་ཡང་ཤེས་པ་རྣལ་དུ་གནས་ཏེ་གསུངས་པ་མིན་པའམ་ཡང་ན་རྫོང་ཁ་ལ་རྒྱུས་མངའ་མེད་པའི་རྟགས་ཤིག་བསྟན་འདུག། རྫོང་ཁ་ཞེས་པའི་ཁ་སྐད་ཀྱི་ནང་དུ་མིང་བརྡའ་ཆོས་སྐད་དམ་བོད་ཀྱི་ཡིག་སྐད་དུ་འབྲི་མི་ནུས་པའི་ཐ་སྙད་དག་བརྡ་ཆད་མང་ཙམ་ཡོད། རྫོང་ཁའི་བརྡ་སྤྲོད་ཀྱི་བསྟན་བཅོས་གསར་དུ་བརྩམ་དགོས་པ་ཡང་དེ་ལ་ཐུག་པ་རེད་མ་གཏོགས་བོད་པ་ནས་དམིགས་སུ་བཀར་བྱེད་ཙམ་གྱི་ཆེད་དུ་མ་རེད། རྫོང་ཁ་ཡིག་ཐོག་ཏུ་འབྲི་སྲོལ་ཞིག་མེད་ན་དེ་འདྲའི་རྫོང་ཁའི་ཐ་སྙད་རྣམས་ཆོས་སྐད་ཀྱི་ཐོག་ཏུ་ནི་འབྲི་མ་བཏུབ། དེ་ལ་བརྟེན་ནས་ཡིག་ཐོག་ཏུ་བཀོད་མ་ནུས་ན་ནམ་ཞིག་གི་ཚེ་ཐ་སྙད་དེ་དག་ཆོས་ཀྱི་དབྱིངས་སུ་ནུབ་རྒྱུ་ཉག་ཅིག་རེད། སྐད་ཡིག་མི་ཉམས་སྲུང་སྐྱོབ་ཞེས་པ་དེ་ཡང་ཐ་སྙད་དེ་དག་སྲུང་སྐྱོབ་ཙམ་རེད། ཐ་སྙད་དེ་དག་སྲུང་སྐྱོབ་བྱ་མི་དགོས་ན་སྲུང་སྐྱོབ་བྱ་རྒྱུའི་སྐད་དེ་གང་ལ་ངོས་འཛིན། ངས་དཔེ་ཞིག་ཞུས་པ་ཡིན་ན་འབྲུག་པའི་སྐད་དུ་འབྲས་ཆན་བཙོས་པའི་ཁུ་བ་ལ་བྱ་ཁུ་ཟེར། དེང་སང་འབྲས་ཆན་འཚེད་བྱེད་གློག་སྣོད་སླེབས་པར་བརྟེན་བྱ་ཁུ་དེ་མཐོང་རྒྱུ་མེད་པས་ཐ་སྙད་དེ་བེད་སྤྱད་བྱེད་མི་དགོས་པར་འགྱུར། ད་ཐ་སྙད་དེ་མཐོང་བ་དང་ཐོས་པའི་ཡུལ་དུ་གྱུར་པ་ནི་སྔར་ཡིག་ཐོག་ཏུ་བྲིས་བཞག་ཡོད་པའི་དེབ་རྣམས་རེད། དེ་ནི་དཔེ་མཚོན་ཙམ་རེད། དེ་ལྟ་བུའི་ཐ་སྙད་མང་དག་ཅིག་དེང་སང་བེད་སྤྱད་མེད་པར་ཆགས་ཡོད། ད་དུང་ནམ་རྒྱུན་འབྲུག་པའི་ཁ་ལ་རྒྱུགས་ཆེ་བ། ཨིནམ་དང་མེནམ་བལྟཝ་ད་ཤེས། རྡོ་རྗེ་གྲོ་ལོད་འཆམ་ད་ཤེས། ཟེར་བའི་གཏམ་དཔེ་ཞིག་ཡོད། རྫོང་ཁའི་འབྲི་སྟངས་ཤིག་མེད་ན་ཡི་གེ་ཆོས་སྐད་སྟེང་དུ་ནི་འབྲི་མི་ནུས། ཆོས་སྐད་ཀྱི་ཡིག་སྦྱོར་གྱི་སྟེང་དུ་འབྲི་ན་དེའི་སྒྲ་ཇི་བཞིན་མི་ཐོན། སྒྲ་ཇི་བཞིན་མི་ཐོན་པས་དོན་མི་གོ། དེ་ཡིན་དུས་དེ་ཚོ་མི་ཉམས་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཡིག་དགོས། རྫོང་ཁའི་ཁ་སྐད་སྲུང་སྐྱོབ་ཀྱི་ཆེད་དུ་རྫོང་ཁའི་སྐད་ཡིག་དགོས།
སློབ་དཔོན་མཆོག་གིས་ཞིབ་འཇུག་པའི་ཉམས་དོད་པའི་སྐད་ཆ་ཞིག་གསུངས་པ་ནི་རྫོང་ཁ་ཉམས་སྲུང་བྱེད་དུས་ཁ་སྐད་སྣ་ཚོགས་པ་ཉམས་ཆག་ཏུ་གཏོང་མི་རུང་ཞེས་པ་དེ་ཡིན། དེང་སང་འབྲུག་པ་ལ་འཕྲད་བཞིན་པའི་དཀའ་ངལ་དེ་རེད། འོན་ཀྱང་དེང་སང་འབྲུག་པ་དང་འབྲུག་པའི་དབང་འཛིན་ཚོས་དེ་མ་མཁྱེན་པ་ལྟ་བུ་ཞིག་ཆགས་ཡོད་རེད། སློབ་དཔོན་ཁོང་མཁས་པའི་མཚན་གནས་ལྡན་པ་ཞིག་ཡིན་པས་དེ་ཚོ་འབྲུག་པའི་དབང་འཛིན་པ་ཚོའི་རྣ་བར་སྒྲོག་དགོས་པ་རེད། ང་ལྟ་བུ་ཞིག་གིས་ལུང་དང་རིག་པ་བརྒྱ་ཡིས་བསྒྲུབས་པ་ལས་ཁོང་ལྟ་བུ་ཞིག་གིས་ལུང་དང་རིག་པ་གང་ཡང་མེད་པའི་ཚིག་གཅིག་ལབ་པ་རིན་ཐང་ཆེ། དེ་ཡིན་དུས་སློབ་དཔོན་མཆོག་གིས་ཁ་བརྡ་གཟིགས་ཀྱི་ཡོད་ན་ཁྱེད་རང་བཞུགས་ས་ཕྱི་ལོག་ཏུ་ཡིན་ན་ཡང་འབྲུག་པ་ཞིག་ཡིན་པའི་འདུ་ཤེས་མ་དོར་བར་གོང་དུ་ངས་ཞུས་པ་དེ་ཚོར་ཐུགས་སྣང་གནང་རོགས་ཞུ་གི་ཡིན།
དེང་གི་འབྲུག་པའི་རྫོང་ཁ་སྐད་ཡིག་དང་། ཉམས་ཟིནད་པའི་ལ་དྭགས་མེ་ལོང་མའི་སྐད་ཡིག་གཉིས་ཁྱད་པར་ག་ཚོད་ཙམ་ཡོད་དམ།
སློབ་དཔོན་ཀར་རྡོ་ལགས། ཁོ་བོས་ཁྱེད་ནི་བོད་ཀྱི་རིག་གཞུང་ལ་རང་བྱན་ཆུབ་པའི་སྐྱེས་བུ་ཞིག་ཏུ་འཁུམས། དེ་ལྟ་བུའི་སྐད་ཡིག་ཅིག་གི་རིག་གཞུང་ལ་རང་བྱན་ཆུབ་པའི་མཁས་པ་དེས་རང་ཉིད་ཀྱིས་མཁས་པར་སྦྱངས་པའི་སྐད་ཡིག་གི་རིན་ཐང་ལ་བརྟེན་ནས་གཞན་གྱི་སྐད་ཡིག་གི་རིན་ཐང་ཡང་རྟོགས་པར་སེམས། དེ་ལྟར་ཞུ་དགོས་དོན་ནི་ཁྱེད་ཀྱིས་ཉམས་ཟིན་པའི་ལ་དྭགས་ཀྱི་སྐད་ཡིག་དང་རྫོང་ཁའི་ཁྱད་པར་གང་ཡིན་ཅེས་དྲིས་པ་དེ་ནི་ཁོ་བོ་རང་གི་བསམ་པར་ཁྱེད་ཀྱིས་ལ་དྭགས་མེ་ལོང་མའི་སྐད་ཡིག་དང་རྫོང་ཁའི་སྐད་ཡིག་ལ་རིན་ཐང་ཆུང་ཏུ་བལྟ་བའི་ཉམས་ཤིག་ཤར་བས་རེད། གལ་ཏེ་ཁོ་བོར་མ་དག་པའི་ཀུན་རྟོག་གིས་དེ་ལྟར་ཤར་བ་ཡིན་ན་དགོངས་སེལ་ཞུ། མ་གཞི་སྐད་ཡིག་ནི་འགྲོ་བ་མི་ཡི་བར་ལ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཞིག་ཡིན་རུང་། དེ་ཙམ་ཞིག་མ་ཡིན་པར་མི་རིགས་སོ་སོའི་རིག་གཞུང་གི་རྩ་བ་ཞིག་ཀྱང་ཆགས་ཡོད་པས་ལ་དྭགས་ཀྱི་སྐད་ཡིག་ནི་ལ་དྭགས་ཀྱི་རིག་གཞུང་གི་རྩ་བ་དང་རྫོང་ཁ་ནི་འབྲུག་པའི་མི་རིགས་སྤྱིའི་རིག་གཞུང་གི་རྩ་བ་ཞིག་ཏུ་གྱུར་པས་ཁྱད་པར་ཡང་དེ་ཡིན་སྙམ།
ངོ་མ་ཡག་པོ་རེད། ཡིན་ན་ཡང་སེམས་དང་སེམས་ཀྱི་རྡུལ་རྫས་དང་ཕྱིའི་དངོས་པོའི་རྡུལ་རྫས་གཉིས་ཚུལ་ཇི་ལྟར་འབྲེལ་མཐུད་དང་འགྲེལ་བཤད་ཡང་དག་ཅིག་མེད་ན་དོན་ངོ་མའི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་དཀྱིལ་ན་ནམ་ཡང་ང་ཚོ་ལ་མཁོ་བའི་སེམས་ཁམས་རིག་པའི་ཐོན་རྫས་གསར་པ་ཞིག་མེད་ཁོ་ཐག་ཡིན།
ཡག་པོ་རེད།
གཡུ་འབྲུག་དཀར་པོ་ལགས། སྤྱིར་ན་ཁྱེད་ཚོས་ངའི་ལྟ་ཚུལ་ལ་དང་ལེན་བྱེད་འདོད་ཡོད་མེད་མི་ཤེས་ཏེ། རྫོང་ཁ་ཟེར་བ་དེ་དོན་དུ་བོད་སྐད་རེད། སྔོན་མ་འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱིས་ལྷོ་མོན་གྱི་མི་དུད་འགྲོ་དང་འདྲ་བ་ཚོའི་ཡུལ་དུ་ཁྲིམས་བཅས་ནས་རྫོང་ཁག་མང་པོ་བརྩིགས། ལྷོ་མོན་གྱི་ཡུལ་སྐད་དེ་དམངས་ཁྲོད་དུ་བེད་སྤྱོད་མཁན་མང་ན་ཡང་ཁྲལ་བསྡུ་ཁྲིམས་གནོན་སོགས་ལ་འབྲུག་ཆེན་འཁོར་བཅས་ཀྱིས་བེད་སྤྱོད་བཞིན་པའི་བོད་སྐད་མ་གཏོགས་བེད་སྤྱོད་མེད་པས་རྫོང་ཁག་གི་སྐད་དང་དེ་ནས་རིམ་པས་སླ་ཆོས་ཀྱིས་རྫོང་ཁ་ཞེས་པར་གྱུར། ཐ་ན་ཡུལ་གྱི་མིང་ཡན་ཆོད་ལ་འབྲུག་པའི་ཆོས་རྒྱུད་ལས་དྲངས་དེ་འབྲུག་ཡུལ་དང་དེའི་མི་ལ་འབྲུག་པ་ཟེར་བ་སོགས་འབྲུག་ཆེན་ངག་དབང་རྣམ་རྒྱལ་ནི་དོན་དུ་བཙན་འཛུལ་བ་དྭངས་མ་ཞིག་རེད།
དགེ་ལུགས་པས་བོད་དགེ་ལུགས་བཟོས་པ་དང་ངག་དབང་རྣམ་རྒྱལ་གྱིས་ལྷོ་མོན་འབྲུག་པ་བཟོས་པ་གཉིས་འདྲ་པོ་ཡིན་དྲོ།
༨༽ གཡུ་འབྲུག་དཀར་པོ་ལགས་ནས།
རང་བློར་གང་ཟར་གསལ་བཤད་གནང་བར་བཀའ་དྲིན་ཆེ། ང་ཡང་ཁྱེད་དང་བསམ་ཚུལ་གཅིག་པར་འདོད། འོནད་ཀྱང་བོད་སྤྱི་ལ་ཁྱབ་པའི་ཁ་སྐད་བྲིས་མ་ཅིག་ག་དུས་གཏན་འབེབས་ཐུབ་བམ། འདི་ནི་ངའི་དཀའ་ངལ་ཆེ་ཤོས་དེ་རེད།
སྤོབས་པ་ལགས། ངས་ཁྱེད་ཀྱིས་གསུངས་པའི་དོན་གོ་མ་སོང་། ཞབས་དྲུང་ངག་དབང་རྣམ་རྒྱལ་བོད་པ་ཡིན་ཙང་ཁོང་གིས་བཞེངས་པའི་རྫོང་ནང་དུ་བེད་སྤྱད་པའི་ཁ་སྐད་ལ་བོད་སྐད་ཅེས་འདོད་དགོས་ན་བོད་དུ་ཡང་དགོན་པ་ཀུན་གྱི་ནང་ནས་གཙོ་ཆེ་བ་བསམ་ཡས་ཞེས་ཡོངས་སུ་གྲགས་པ་དེ་ཉིད་རྒྱ་གར་གྱི་མཁན་སློབ་རྣམ་གཉིས་ཀྱིས་བཞེངས་པ་ཡིན་ལ། དེང་སང་ང་ཅག་གི་མཇལ་ཡུལ་དུ་ཡོད་པའི་ཆོས་བཀའ་སྤོ་ཏི་གླེགས་བམ་རྣམས་ཀྱང་ཐོག་མར་དེ་ལས་བྱུང་ཞིང་། ལྷག་དོན་དུ་ཡང་བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ཀྱི་བྱུང་ས་ངོ་མ་ཡང་བསམ་ཡས་ཡིན་པས་བོད་ཀྱི་ཡིག་སྐད་དེ་ཡང་རྒྱ་གར་གྱི་སྐད་དུ་འདོད་དམ་ཞེ་འདྲི་ན་ཁྱེད་ཀྱིས་ཅི་ཟེར།
གལ་ཏེ་དེ་ལྟར་མིན་པར་རྫོང་ཁ་བོད་སྐད་ནས་བྱུང་ཡིན་པས་རྫོང་ཁ་དེ་བོད་སྐད་རང་ཡིན་ཟེར་ན་འབྲས་བུ་རྒྱུ་ཡིན་དགོས་པར་འགྱུར་བའི་སྐྱོན་དུ་མི་ཐལ་ལམ། བུ་མ་ལས་བྱུང་བས་མ་དང་བུ་གཉིས་གཅིག་ཡིན་ཟེར་རམ། ཧ་ཧ་ཧ་། སྤོབས་པ་ལགས་སུ་ད་དུང་ནན་ཏན་གྱིས་ཚུལ་དུ་ཞུ་ན། སྔར་འབྲུག་ཡུལ་དེ་བོད་ཀྱི་ཆ་ཤས་ཡིན་པའི་དབང་དུ་བཏང་ནས་རྫོང་ཁ་དེ་བོད་སྐད་ཡིན་པར་འདོད་པ་ཡིན་ན་ཞུ་རྒྱུ་གང་ཡང་མེད་ཀྱང་། རྫོང་ཁ་དེ་བོད་སྐད་ལས་བྱུང་བ་ཡིན་པ་དང་། དེ་ཡང་ཞབས་དྲུང་ངག་རྣམ་འབྲུག་ལ་ཕེབས་ཚར་བའི་ཤུལ་དུ་ཁོང་གི་རྫོང་རྣམས་སུ་བོད་སྐད་གནང་བ་ལས་བྱུང་བ་ཡིན་པ་ཞིག་ཏུ་འདོད་ན་དེ་ནི་ཤིན་ཏུ་ནས་མི་རུང་སྟེ་སྔར་གྱི་ཡིག་ཆ་དང་འགལ་བས་སོ། །དེ་ཡང་གོང་དུ་ཞུས་པ་ལྟར་ཞབས་དྲུང་ངག་རྣམ་དང་དུས་མཉམ་དུ་བྱུང་བའི་ལྷ་ལུང་གསུང་སྤྲུལ་ལམ་ལྷོ་བྲག་གྲུབ་ཆེན་ཞེས་ཡང་ཞུ་གསོལ་ཡོད་པའི་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེས་འབྲུག་སྒང་སྟེང་གསང་སྔགས་ཆོས་གླིང་དགོན་དུ་བྲིས་པའི་ལྷོ་པའི་ཁ་ལབ་བློ་གསལ་སྒོ་འབྱེད་ཅེས་པ་ཞིག་ཡོད་པ་དེར་འབྲུག་པའམ་དེ་དུས་ལྷོ་པ་ཞེས་འབོད་པའི་ཁ་སྐད་ཀྱི་ཐོག་ནས་ཆོས་བཤད་དམ་བཀའ་སློབ་གཏོང་ཚུལ་ཞིག་བྲིས་གནང་འདུག། དཔེ་དེའི་མཚན་ལ་ཡང་ལྷོ་པའི་ཁ་ལབ་ཅེས་བཏགས་ཡོད་པ་བཞིན་ནང་དོན་ཡང་བོད་སྐད་དམ་ཆོས་སྐད་མིན་པར་དེང་སང་གི་རྫོང་ཁ་དང་འདྲ་བ་ཞིག་བྲིས་འདུག། དེ་ལ་བལྟས་དུས་རྫོང་ཁ་དེ་ཞབས་དྲུང་གི་དུས་ནས་ཡོད་པ་ཞིག་གམ། དེང་སང་གི་རྫོང་ཁ་དེ་དེ་དུས་མེད་ན་ཡང་དེ་དུས་ཡོད་པའི་ལྷོ་པའི་ཁ་སྐད་ལས་བྱུང་བ་ཡིན་པ་གོར་མ་ཆག། དེ་དུས་ཡོད་པའི་ལྷོ་པའི་ཁ་སྐད་ནི་ཞབས་དྲུང་གིས་གནང་བའི་བོད་སྐད་ལས་བྱུང་བ་མིན་པ་ནི་དོགས་པ་ཙམ་ཡང་སྐྱེ་བའི་གནས་མེད་དེ། དེ་དུས་ཞབས་དྲུང་འབྲུག་ལ་ཕེབས་ནས་ལོ་༡༠ ཙམ་ལས་ལོན་མེད་ལ། དེའི་བར་དུ་བོད་སྐད་ལ་དེ་ཙམ་གྱིས་འགྱུར་བ་འགྲོ་མི་སྲིད་ཅིང་། འགྱུར་བ་ཕྱིན་པའི་དབང་དུ་བཏང་ན་ཡང་ཁྱབ་བརྡལ་སོང་མི་ནུས་ལ། ཁྱབ་བརྡལ་དུ་མ་སོང་ན་ཚོགས་པ་ཞིག་གིས་སྤྱད་པའི་ཁ་སྐད་ཅིག་ཏུ་འགྱུར་བ་ལས་ལྷོ་པའི་ཁ་སྐད་དུ་མི་འགྱུར་བས་དེ་ལ་ལྷོ་པའི་ཁ་སྐད་ཅེས་མིང་འདོགས་པ་ཡང་མི་འོས་པ་ཞིག་མ་ཡིན་ནམ། དེ་དུས་ལྷོ་པའི་ཁ་སྐད་དེ་ལྷོ་པའི་མི་མང་གིས་བེད་སྤྱད་པའི་རྟགས་ཀྱང་ལྷོ་པའི་ཁ་ལབ་དེས་བསྟན་ནུས་ཏེ། དམ་པའི་ཆོས་དང་འབྲེལ་བའི་གཏམ་དེ་རྣམས་བོད་སྐད་ལ་བཤད་དུས་གོ་མཁན་ཉུང་ཞིང་ལྷོ་སྐད་དུ་བཤད་ན་གོ་མཁན་མང་བའི་སྟབས་ཀྱིས་བྲིས་པ་ཡིན་པ་ལས་ཉི་མ་ཡོལ་ཐབས་སུ་བྲིས་པ་ཞིག་མིན་ལས་ཆེ་སྙམ་མོ། །
སློབ་དཔོན་ཀར་རྡོ་ལགས། ཁྱེད་ཀྱིས་རྟའུ་བློ་བཟང་གིས་གསུངས་པ་ལ་མ་གསན་ནམ། ཁོང་གིས་ཟེར་ན་བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ཡོད་པས་ཁ་སྐད་ཅིག་གསར་དུ་བཟོ་དགོས་མེད་ཟེར། གལ་ཏེ་ཁ་སྐད་ཅིག་གསར་དུ་བཟོས་པ་ཡིན་ན་སྤྱི་ལ་ཁྱབ་པའི་ཡིག་སྐད་དེ་ལ་གནོད་ཅིང་། ཁ་སྐད་ཁྱབ་བརྡལ་དུ་གཏང་མི་ནུས་པའི་ཉེན་འབྱུང་སྲིད་ཅེས་གསུངས་པས་ཁོང་གི་ཞེ་འདོད་དེ་ནི་ཏན་ཏན་གྱི་བདེན་སྲིད་སྙམ། འོན་ཀྱང་ཁོང་གིས་གསུངས་པ་ལ་ངོས་ནས་ཆ་འཇོག་བྱེད་མི་ནུས་པ་ནི་འབྲུག་པས་ཀྱང་རྫོང་ཁ་ཟེར་བའི་སོ་སོའི་དམིགས་བསལ་གྱི་ཁ་སྐད་ཅིག་ལ་གཙོ་བོར་མ་བཏོན་པར་བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་དེ་རང་སྤྱོད་དགོས་པར་གསུངས་ཀྱི་འདུག་པས་དེ་ལ་ངོས་ལེན་ཞུ་ཐབས་བྲལ། གང་ཡིན་ན་ཟེར་གོང་དུ་ཞུས་པ་ནང་བཞིན་འབྲུག་པའི་རིག་གཞུང་ཐུན་མོང་མ་ཡིན་པ་འབྲུག་པའི་བློ་ཟེ་ཟེར་བ་ཞིག་ཀྱང་ཡོད། དེ་ཡང་ཆོས་སྐད་དམ་བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ནང་དུ་འབྲི་ན་བརྗོད་དོན་གང་ཡིན་པར་བསྟན་ཐུབ་ཀྱི་མེད། དེ་ཡིན་དུས་དེ་ཚོ་སྲུང་སྐྱོབ་ཀྱི་ཆེད་དུ་རྫོང་ཁ་ཟེར་བ་དེ་ངེས་པར་དུ་དགོས་པ་བྱུང་ཡོད། འོན་ཀྱང་སློབ་གྲྭ་རྣམས་སུ་རྫོང་ཁའི་བརྡ་དག་འབའ་ཞིག་མིན་པར་སློབ་དཔོན་རྡོ་རྗེ་དབང་ཕྱུག་གིས་གསུངས་པ་བཞིན་སུམ་རྟགས་སོགས་ཆོས་སྐད་ཀྱི་བརྡ་དག་ཀྱང་སློབ་སྦྱོང་བྱེད་དགོས་པར་མཐོན་།
ལ་དྭགས་མེ་ལོང་གི་དུས་དེབ་དེ་ལ་དྭགས་པས་ཀྱང་གོ་མ་ཐུབ་པའི་གནས་ཚུལ་བྱུང་ཡོད། རྒྱུ་མཚན་ནི་འབྲི་སྟངས་མ་ཤེས་པས་ཡིན། རྒྱལ་བའི་བཀའ་བསྟན་རྣམས་ཀྱི་གསུང་དེ་ཚོ་རང་རེ་བོད་སྤྱིའི་སྐད་ཡིག་མིན་ན་སུའི་སྐད་ཡིན། རང་གི་ཕ་རང་ལ་མ་ཤེས་ཞེས་པའི་གཏམ་དེ་མཁྱེན་མཚར་པོ་མི་འདུག་གམ།