Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།

Posted on 2013-01-122013-01-12 By ཁ་བརྡ་ 19 Comments on ༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།

གནས་ཚུལ་མཁོ་གཏོང་བ། ཨ་རིག་དགེ་མཐོང་།

ཁ་སང་༢༠༡༣་ལོའི་ཕྱི་ཟླ་༡་པོའི་ཚེས་༡༡་ཉིན་༸གོང་ས་མཆོག་ཝཱར་ཎའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཝཱར་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་འདུ་ཁང་དབུ་འབྱེད་གནང་བ་དང་། དེ་ཡང་དགོན་པ་འདི་ཉིད་ཡོངས་གྲགས་ལ་༼རྒན་མགོ་སེར་༽རམ་མཚན་གཞན་དུ་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱིས་༡༩་༥༥་ལོར་ཕྱག་བཏབས་ཤིང་། ༡༩༥༦་ལོར་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལ་ངོ་ ༢༥༠༠་ འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་རྒྱ་གར་གཞུང་གིས་གདན་ཞུ་གནང་ནས་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་ཞབས་བཅགས་གནང་བ་སོགས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་གནས་སྐོར་བ་གྲངས་མེད་པར་སྡོད་གནས་སོགས་གང་ཅིའི་ཐད་ནས་དགེ་ཕན་ཧ་ཅང་ཆེ་བ་འདི་ཉིད་ས་ཆ་དང་བཅས་པ་དགོན་བདག་དགེ་སློང་ཐུབ་བསྟན་འབྱུང་གནས་ཉིད་ཀྱིས་ཕྱི་ལོ་ ༢༠༠༤་ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་དེ་༸རྒྱལ་བ་དོན་གྱི་བདག་པོ་ཁོང་གིས་འདིའི་འགན་དབང་ཆོས་རིག་ལ་གནང་། ཕྱི་ལོ་ ༢༠༠༦་ལོར་ཆོས་རིག་བརྒྱུད་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་སུ་གསོལ་རས་ཞུས་པ་ལྟར་གསོལ་བསྩལ་གནང་བ་རེད། དགོན་པ་འདི་ཉིད་ས་ཆ་དང་བཅས་པ་༸གོང་ས་མཆོག་གི་མཚན་ཐོག་ཏུ་འགྱུར་གལ་ལ་གཙོ་བོ་ནང་སྲིད་བཀའ་བློན་ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་དང་། ལ་དྭགས་པ་སྐུ་ཞབས་བློ་བཟང་མཐུ་སྟོབས་ལགས། ཁོང་གི་བུ་རྫོང་དཔོན་སྐུ་ཞབས་རིག་འཛིན་བསམ་འཕེལ་ལགས་སོགས་ཀྱི་ཐུགས་འཁུར་ཆེར་བཞེས་ཀྱི་བཀའ་དྲིན་ལས་༸གོང་ས་མཆོག་གི་མཚན་ཐོག་ཏུ་ཁྲིམས་མཐུན་ལེགས་གྲུབ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཡང་ཁྲིམས་མཐུན་དེབ་སྐྱེལ་ལེགས་གྲུང་བྱུང་ཡོད་པ་དང་། ད་རེས་ཀྱི་འདུ་ཁང་དབུ་འབྱེད་ཉིན་༸གོང་ས་མཆོག་དང་་ས་གནས་རྒྱ་གར་ཁྲིམས་ཀྱི་དཔོན་པོ་ཚོས་མཚན་རྟགས་དངོས་སུ་བཀོད་རྒྱུའི་དུས་བཟང་ཤར།
ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཁང་གིས་ཇི་ལྟར་གསོལ་བ་བཏབས་པ་ལྟར་༸གོང་ས་མཆོག་དགོན་པའི་རྒྱལ་སྒོའི་ནང་ཞབས་སོར་འཁོད་སྐབས་བྱང་རྩེ་ཆོས་རྗེ་མཆོག་གིས་མཇལ་དར་འབུལ་བསྒྲོན་དང་མཁན་ཚབ་རྣམ་པ་དང་ཕྱག་མཛོད་ཚོས་སྤོས་སྣེས་གདན་འདྲེན་གྱིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དབུ་འབྱེད་དང་རང་གནས་དགེ་ལེགས་བྱིན་ཆར་གནང་མཛད་བྱུང་། འདུ་ཁང་ནང་གནས་གཟིགས་དང་གནང་སྟེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་པ་དང་བྱང་རྩེ་ཆོས་རྗེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མི་རྣམས་ལ་མཇལ་ཁ་གནང་། གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྲུབ་མཚམས་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་བྱུང་རིམ་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་པ་དང་། ཝཱར་ཎའི་སློབ་གྲྭའི་ཤཱསྟྲི་བློ་བཟང་ནོར་བུ་མཆོག་གིས་ཧིན་སྐད་དུ་བསྒྱར་གནང་མཛད། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བཀའ་སློབ་གསུངས་སྙིང་བསྡུས་གནང་བའི་ནང་དུ། སྔོན་རྒན་མགོ་སེར་གྱི་སྐབས་ཀྱི་ས་ཆ་དགོན་པའི་གནས་སྟངས་དང་ད་ལྟའི་གནས་བབ་བཅས་གསུངས་པ་དང་། ནང་ཆོས་འདི་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་གང་མང་གནང་བ་མ་ཟད། ཆོས་རིག་ནས་རིས་མེད་ཀྱི་སྨོན་ལམ་འཚོགས་རྒྱུ་དང་། འཇང་དགུན་ཆོས། བགྲོ་གླེང་སོགས་འཚོགས་རྒྱུའི་མཛད་འཆར་ཡོད་ལ། དེ་ལ་དགོན་པ་འདིས་ཞབས་འདེགས་ཞུས་ན་ལེགས་པའི་སྐོར་གསུངས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་གནང་བ་དང་། རྒན་མགོ་སེར་དང་དགོན་པ་འདིའི་ཐོག་མར་གནས་སྟངས་དང་བཅས་པར་བཀའ་གནང་བ་མ་ཟད་རྒན་མགོ་སེར་ཐོག་པའི་རྒྱུ་མཚན། སྔོན་མ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་འདིར་ཕེབས་པའི་སྐོར། ད་ནི་དགོན་པ་འདི་ཞབས་བརྟན་སྒྲུབ་ས་གཅིག་བུ་མི་བྱེད་པར་རྒྱ་བོད་ཀྱི་གནས་སྟངས་སོགས་དེབ་གཟུགས་སུ་བཀོད་དེ་ངོ་སྤྲོད་བྱེད་ཐུབ་ན་དགེ་མཚན་འདུག་ཅེས་དང་། གཞན། མཚམས་མཚམས་སུ་དུས་ཚོད་གཏན་འཁེལ་གྱིས་ནང་ཆོས་ངོ་སྤྲོད་གནང་ཐུབ་ན་རབ་ཅེས་བཀའ་སློབ་བསྩལ་གནང་བ་དང་། མཇུག་ཏུ་བྱང་རྩེ་ཆོས་རྗེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་དང། དགོང་མོ་དུས་ཚོད་བདུན་གྱི་སྟེང་དུ་དགོན་པའི་རྭ་བསྐོར་ནང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཁྲིམས་དཔོན་དང་རང་གཞུང་ཆོས་རིག་བློན་དང་ནང་སྲིད་བཀའ་བློན་གཙོས་སཱ་ར་ཎ་ཐའི་ནང་བའི་དགོན་པ་བྱང་ཆུབ་ཆོས་ཚོགས་ཀྱི་དགེ་འདུན་པ་དང་། དེ་བཞིན་ཝཱར་ཎའི་དགེ་རྒན་དང་མཁས་དབང་ཚོ། ཉེ་འཁོར་གྱི་མི་སྣ་གལ་ཆེན་དང་། དགོན་སྡེ་ཁག་གི་འགན་འཛིན་ཚོར་གསོལ་ཚིགས་རྒྱ་ཆེ་ཞིག་གྲ་བསྒྲིགས་བྱས།
དེའང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་སྔོན་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཕགས་ཡུལ་དུ་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས་པའི་གནང་ཚན་མཉན་ཡོད་དུ་ཕྱི་ལོའི་སྔོན་གྱི་ལོ་ ༥༡༡་ ལོ་སྟེ་མི་འབྲུག་ཟླ་བ་༡ ་ཚེས་ ༡ ་ནས་༡༥་ བར་མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་པ་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་རྫུ་འཕྲུལ་གྱིས་ཚར་བཅད་དེ་སྐྱེ་འགྲོ་གྲངས་མེད་རྗེས་སུ་བཟུང་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་མཛད་པའི་དུས་བཟང་དེ་ཉིད་དྲན་གསོ་ཞུ་སླད་འཕགས་ཡུལ་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་བྱ་སྲོལ་ཡོད་པ་ལྟར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་སླད་དུ་ལྷ་སར་ཕྱི་ལོ་༡༤༠༩ ལོར་སྲོལ་བཏོད་མཛད་དེ་ལོ་ངོ་ ༦༠༠ ་ལྷག་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་གང་དག་སྤྱི་སྒོས་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་གངས་ལྗོངས་ལྷ་ལྡན་དུ་ ༡༩༥༩་ལོ་སྟེ་དུས་འགྱུར་མ་བྱུང་བར་རྒྱུན་འཛིན་ཐུབ་པ་ལྟ་བུ་བྱུང་། དེའི་རྗེས་འཕགས་ཡུལ་དུའང་གདན་ས་ཁག་དང་བཞུགས་སྒར་སོ་སོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མི་ཉམས་རྒྱུན་འཛིན་གནང་མོད་ཀྱང་། གནས་གཅིག་ཏུ་མཉམ་ཚོགས་ཐུབ་རེ་བྱེད་པའི་སྐབས་༸གོང་ས་མཆོག་ནས་འཆར་ལོ་དུས་འཁོར་བཀའ་དང་དང་སྟབས་བསྟུན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཉམ་ཚོགས་ཐུབ་དགེ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ལ་བརྟེན། སྤྱི་ལོ་༢༠༠༡་དང་ ༢༠༠༢་ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་དང་སྟབས་བསྟུན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཕར་མ་འཚོགས་པ་དང་། ཆོས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དབུ་བཞུགས་ཀྱིས་དུས་འཁོར་དབང་ཆེན་སྦྱིན་བདག་ཚང་འཛོམས་ནས་སྤྱི་ལོ་ ༢༠༠༡་ ལོར་དུས་འཁོར་དབང་ཆེན་གྱི་ཞལ་འདེབས་ཧིན་སྒོར་འབུམ་བདུན་ཅུ་དོན་བཞི་སྨོན་ལམ་གྱི་མ་རྩར་དམིགས་འཇོག་གནང་བ་སོགས་ལ་བརྟེན། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ཁང་གི་ཚོགས་གཙོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཚོགས་གཞོན་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཚོགས་མི་གདན་ས་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམས་དང་། རྒྱུན་ལས་གྲྭ་ཚང་དྲུག་གི་འཐུས་མི་རེ་བཅས་ལས་གྲུབ་པ་ཆེད་བཙུགས་ཞུས།
ད་བར་གནས་ཆེན་ཁག་ཏུ་དུས་འཁོར་དབང་ཆེན་སོགས་གསུང་ཆོས་དང་། སྨོན་ལམ་ཆེན་མོ། རིས་མེད་ཆོས་ཞུ་བ་གྲྭ་བཙུན་རྣམ་པར་བཞུགས་གནས་གོ་སྒྲིག་སོགས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐབས་སུ་འབད་འབུངས་ཀྱིས་སྲི་ཞུ་རྣམ་དག་སྒྲུབ་པས་མཚོན་སྤྱི་སྒོས་བསྟན་འགྲོར་ཕན་པའི་ལས་འཆར་ཡང་ཇི་སྙེད་ཅིག་ཡོད་ཁོངས་ནས་མགོན་པོ་གང་གི་བཀའ་དགོངས་ལྟར་དགོན་པ་འདིར་དགེ་འདུན་པ་བརྒྱད་གྲྭ་གཅིག་གནས་གཞི་གསུམ་གྱི་ཆོ་ག་ཉམས་བཞེས་རྩ་འཛིན་ཐོག་ཉིན་ལྟར་༸གོང་ས་མཆོག་གི་སྐུ་ཕྱྭ་དང་། བསྟན་སྲིད་སོགས་ཀྱི་ཞབས་རིམས་སྒྲུབ་ཅིང་། ཤྲཱིལངྐའི་མཆོད་རྟེན་ནང་དཀོན་མཆོག་རྗེས་དྲན་གྱི་མདོ་དང་། ཤེས་རབ་སྙིང་པོ་འདོན་པ་སོགས་ཀྱིས་ཞབས་ཞུ་སྒྲུབ་མུས་ཡིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་ས་གནས་མཆོག་སཱ་ར་ཎ་ཐའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ནས་ཨ་རིག་དགེ་མཐོང་གིས་སྤེལ་བའོ། །

གསར་འགྱུར།

Post navigation

Previous Post: ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།
Next Post: རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།

Comments (19) on “༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།”

  1. ཨ་རིག་དགེ་མཐོང་གིས། says:
    2013-01-12 at 10:07 pm

    ཝཱར་ཎའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་༸གོང་ས་མཆོག་ཆིབས་བསྒྱུར་གནང་བའི་སྐོར་གྱི་གནས་ཚུལ་དག་དྲ་བར་བཀོད་པར་རྩོམ་སྒྲིག་པ་ལགས་སུ་ཐུགས་རྗེ་ཆེ་ཞུ།

  2. ཨ་ཕྱི་ཆོས་སྒྲོན says:
    2013-01-13 at 1:01 am

    མཁོ་སྤྲོད་པས་དུས་ཐོག་ཏུ་བྱུང་བར་འཚམས་འདྲི་ཡོད། བཀྲ་ཤིས་བདེ་ལེགས།

  3. མེ་ཏོག་དཀར་པོ། says:
    2013-01-13 at 8:06 am

    ༼ཆོས་རིག་ནས་རིས་མེད་ཀྱི་སྨོན་ལམ་འཚོགས་རྒྱུ་དང༽ ཐུགས་རྗེ་གཟིགས་འདི་འདྲ་མ་ཚོགས་རོགས། དེ་བཞིན་བདག་ཅག་གི༧འདྲེན་མཆོག་གང་ཉིད་གང་དུ་ཕེབས་པའི་ཤུལ་དུ་དགེ་ལུགས་གི་འདྲེ་ལག་རེ་བསྐྱངས་ནས་དགེ་བསྟན་ལས་གཞན་ལ་གོ་སྐབས་མེད་པ་འདི་ནས་ཀྱང་མཐོང་།

  4. མེ་ཏོག་དཀར་པོ། says:
    2013-01-13 at 8:22 am

    ས་གནས་རེ་ལ་དུས་དབང་རེ། །
    དེ་ཡི་ཤུལ་ན་ལྷ་ཁང་རེ། །
    དེ་ཡི་དཀོན་གཉེར་དགེ་ལུགས་རེ། །
    དུས་འཁོར་དབང་གི་གྲུབ་འབྲས་རེད། །

  5. བཀྲ་ཡེ་ཚང་། says:
    2013-01-13 at 9:57 am

    དགེ་ལུགས་ཟེར་ན་བོད་གཞུང་རེད།
    བོད་གཞུང་ཟེར་ན་དགེ་ལུགས་རེད།

  6. མེ་ཏོག་དཀར་པོ། says:
    2013-01-13 at 10:15 am

    འོ་ན་དགེ་ལུགས་མེད རད་དམ། །
    བོད་གཞུང་དེང་སྐབས་མེད་པས་སོ། །

  7. ཨ་རིག་དགེ་མཐོང་གིས། says:
    2013-01-13 at 11:25 am

    དེ་འདྲའི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་རིགས་ཀྱི་མཆན་བུ་མི་འདེབས་རྒྱུའི་འབོད་སྐུལ་ཞུ།

  8. མེ་ཏོག་དཀར་པོ། says:
    2013-01-13 at 11:56 am

    སྤྱི་ཚོགས་གཉིད་དཀྲོག་དུས་དགེ་མཐོང་སྐད་ངན་ཤོར།

  9. གེ་སར་ནས་ says:
    2013-01-14 at 6:21 am

    དགེ་ལུགས་གི་བྱས་རྗེས་ཆེན་པོ་བཞག་ཡོད་རེད་་་་་ད་ལྟ་བོད་གི་གནས་ལྟང་་་ག་འདྲད་འདུག་་་་

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-14 at 7:45 am

    ཁམས་ནག་ཆུ་ཁ་པ་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་ལ་རྒྱ་གར་པ་དང་བོད་པ་མང་ཆེ་བས་མགོ་སེར་བླ་མ་ཞེས་འབོད། ༡༩༥༨ ལོར་བདག་གིས་ཁོང་དང་པོར་མཇལ། ཁོང་གིས་ཧིནྡ་སྐད་རགས་པ་ཐ་སྙད་ཀྱི་གོ་བརྡ་སྤྲོད་པ་ལ་ཐོགས་པ་མེད་པ་ལྟ་བུ་མཁྱེན། སྐུ་ཤ་རྒྱགས་པ་ཁམས་ནག་ཆུ་ཁ་པ་ཨ་པོ་ཧོར་གྱི་བརྒྱུད་པ་ཡིན་པ་ཐོས། ཁོང་ལ་ཚ་བོ་གཉིས་ཡོད། གཉིས་ཀ་སྤུན་མཆེད་ཡིན་པ་རྒན་པ་ལ་ཆོས་གྲགས་འཕྲིན་ལས་དང་། གཞོན་པ་ལ་རྒྱལ་པོ་ཟེར། འདི་གཉིས་ཆུང་དུས་རྒྱ་གར་པ་ཕྲུག་གུ་དང་གཤིབས་པས་དེ་ཀའི་གྲོང་ཡུལ་གྱི་སྐད་ཆུ་རྒྱུགས་རྒྱུགས་ཤེས། དགེ་སློང་ཐུབ་བསྟན་ཐུབ་བསྟན་འབྱུང་གནས་རིས་མེད་ལྟ་བུ་ཆོས་འཁོར་གནས་བོད་དགོན་དུ་མང་ཇའི་ཚོགས་ལ་བོད་རིགས་རིས་མེད་ཀྱི་གྲྭ་པ་རྣམས་ཕེབས་ཆོག་པ་ཡོད། བདག་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་ནས་དྲང་སྲོང་ལྷུང་བ་ཆོས་བསྐོར་གནས་སུ་འབྱོར་སྐབས་བོད་དགོན་དུ་ཡང་དང་ཡང་དུ་མཇལ་བ་ཡོད།
    གཞན་ཡང་དེར་སྐུ་མདུན་གྱི་གཟིམ་ཆུང་མཇལ་ཁ་ཞིག་ཀྱང་ཞུ་བ་དང་། སྐུ་མདུན་བཞུགས་པའི་རྒྱ་གར་དང་བོད་ཀྱི་མཁས་པའི་བགྲོ་གླེང་དུ་སྐྱ་མདུན་གྱི་བཀའ་སློབ་ཞུ་བ་དང་། དུས་གཞན་ལ་རྒྱ་གར་པ་དང་། བོད་ཀྱི་མཁས་པ་དགེ་བཤེས་རྣམས་ཀྱི་ཕར་ཚུར་གསུང་སྐད་སྒྱུར་བ་ལན་མང་ཙམ་ཞུས་པའི་བྱིན་རླབས་ཀྱི་འབྲས་བུར་ད་ལྟར་བོད་དང་ལེགས་སྦྱར་གཞུང་ལ་ཞབས་འདེགས་ཞུ་བཞིན་པ་ལགས་སོ།།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-14 at 7:51 am

    སྐྱ་མདུན་ཞེས་པ་སྐུ་མདུན་ཞེས་བཅོས་སོ།

  12. གླིང་གེ་སར་ says:
    2013-01-15 at 5:31 am

    ཚེས་བཅུ་རེ་ལ་ཚེས་གཏོར་རེ་་་་་ཟངས་མདོག་དཔལ་རི་ར་རོའི་བཀང་།

  13. གེ་སར་ནས་ says:
    2013-01-15 at 6:27 am

    ཉི་ཤུ་དགུ་ལ་དོལ་རྒྱལ་རེ་་་་་་དེ་དང་མཉམ་དུ་ལྟས་ངན་རེ་་་་་

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-15 at 8:10 am

    རྒན་ཨ་རི་དགེ་མཐོང་ཉམས་མྱོང་ཅན་གྱིས་ངོ་སྤྲོད་ལེགས་པར་བྲིས་པ་བཀླགས། ཡི་གེའི་དག་ཆ་དང་རྗོད་བྱེད་བརྗོད་པ་རྣམས་ངོ་མཚར་ཆེ་བ་བོད་སྤྱིའི་སྐད་ཡར་རྒྱས་ལ་ཕན་ཐོགས། འོན་ཀྱང་རྩོམ་ཡིག་འདིའི་ནང་ན། བཀའ་བསྟན་གསུང་འབུམ་རྣམས་དང་། དེ་དག་གི་དག་ཆ་ལྟ་བདེར་བཀོད་པ་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་འགལ་བ་ཞིག་ཀྱང་མཆིས་། གཅིག་ན་དེ་ཉིད་བོད་རྒྱ་ཚིག་མཛོད་སོགས་དང་བསྟུན་པ་ཡིན་ངེས། འོང་ཀྱང་བདག་ཅག་གིས་ནི་བཀའ་བསྟན་གསུང་འབུམ་གྱི་དག་ཆ་རྣམས་འདམ་དགོས་པ་ཡིན། ཞིབ་པར་དཔྱད་ན་དག་ཆ་གཞན་འགའ་ཞིག་ཡོད་ཀྱང་། འདིར་༼བསྩལ་༽ ཞེས་པ་འདི་ཡིན། འདི་ལ་ལན་གྲངས་དུ་མར་བྲིས་ཀྱང་། རྒན་ཨ་རི་དགེ་མཐོང་གིས་མ་གཟིགས་པའམ། གཟིགས་ཀྱང་བཀའ་བསྟན་གསུང་འབུམ་དག་ཆ་དང་། དེ་དག་གི་དག་ཆ་བསྡུས་པ་ཟ་མ་ཏོག་དང་། ངག་སྒྲོན་སོགས་དགོས་པ་མེད་གསུང་ན། སླར་ཨུ་ཚུགས་མེད། འོང་ཀྱང་།
    བོད་སྐད་དག་ཆ་རྣམས་ལ་སྐྱོན།
    ཅུང་ཟད་ཡོད་པ་དག་ལ་ཡང་།
    བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་།
    སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།།
    ཞེས་པ་ལྟར་ཡིན།
    ཞར་དུ་ཆོས་འཁོར་བསྐོར་བའི་གནས་ལ། དྷ་རྨ་ཙ་ཀྲ་པྲ་བ་རྟ་ན། ཡང་ན། དྲང་སྲོང་ལྷུང་བ། རྀ་ཥི་པ་ཏ་ན། ཞེས་མ་བོད་པར་དིང་སང་། སཱ་ར་ཎཱ་ཐ། ཞེས་ཟེར་བ་ཅི་ཡིན་ནམ་ཞེ་ན། བར་སྐབས་སུ་ལོ་ངོ་བརྒྱ་ཕྲག་མང་པོར་སངས་རྒྱས་ཀྱི་རྗེས་འཇུག་རྣམས་གནས་མཇལ་དུ་སླེབས་དཀའ་བར་གྱུར། དེའི་རྐྱེན་གྱིས་སངས་རྒྱས་པའི་གནས་ཆེན་དག་ངོས་འཛིན་དཀའ་བར་ཆགས།
    སཱ་ར་ནཱ་ཐའི་མེ་འཁོར་བབ་ཚུགས་ཀྱི་ཐག་ཉེ་བ་ན། སཱ་རཱངྒ་ནཱ་ཐ། ཞེས་པའི་མུ་སྟེགས་པ་ཧིནྡུའི་ལྷ་ཁང་ཞིག་ཡོད། སྔོན་ལོ་ངོ་སུམ་ཅུའི་སྔོན་དུ་གསལ་བར་མཐོང་བ་ཡོད། དིང་དུས་ཀྱི་སངས་རྒྱས་པའི་གནས་ཡོངས་གྲགས་ཆགས་པའི་ལོ་བརྒྱ་ཕྲག་སྔོན་དུ། ལྷ་ཁང་དེ་ལ་ཧིནྡུ་མཇལ་མཁན་མང་པོ་འོངས་པས། ས་གནས་དེ་ལ་སཱ་ར་ནཱ་ཐ་ཞེས་ཡོངས་གྲགས་ཆགས་པ་ཐོས་སོ།།

  15. བན་དེ་བ། says:
    2013-01-15 at 9:45 am

    རྒན་ལ་དགས་པས།
    བོད་སྐད་༼འོན་ཀྱང༽ཟེར་བ་༼འོང་ཀྱང༽ ཟེར་བར་བསྒྱུར་བ་ཡིན་ནམ། གང་ཡིན་ཟེར་ན་ཁྱེད་ཀྱི་མཆན་བུ་གཅིག་གི་ནང་དུ།
    འོང་ཀྱང་ཞེས་ཐེངས་གཉིས་ཙམ་བྲིས་འདུག

  16. ཀརྡོ་གཉེར་ཕྱག་པ་ says:
    2013-01-15 at 11:24 am

    བོད་ཡོངས་སུ་བསྒྲགས་ཟིན་པའི་ནང་པ་དང་ཕྱི་པ་དེ། ནང་བ་དང་ཕྱི་བ་བཟོས་ནས་ཕན་ལས་གནོད་ཆེ་བ་མི་འདུག་གམ། ལགས།

  17. གཡུ་འབྲུག་དཀར་པོ། says:
    2013-01-15 at 11:38 am

    ༼ཕྱི་ལོའི་སྔོན་གྱི་ལོ་ ༥༡༡་ ལོ་སྟེ་མི་འབྲུག་ཟླ་བ་༡ ་ཚེས་ ༡ ་ནས་༡༥་ བར་མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་པ་༽ད་ལྟ་རང་རེས་ཟླ་བ་དང་པོར་བརྩིས་པའི་མཆུ་ཟླ་བ་ལ་སྔོན་རྒྱ་གར་དུ་ཡང་ཟླ་བ་དང་པོར་བརྩིས་སམ། མ་ཟད་ཆོ་འཕྲུལ་དུས་ཆེན་མཆུ་ཟླ་བར་འཁེལ་བའི་རྒྱུ་མཚན་གང་ཞིག་ཡོད་དམ།

  18. བཙན་པོ། says:
    2013-01-15 at 12:02 pm

    རྣམ་པ་གསལ་མིན་ཙམ་རེད། མེ་ཏོག་དཀར་པོ་ལགས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-15 at 11:26 pm

    བན་དེ་བ་ལེགས།
    འོང་ཀྱང་ཞེས་ཐེངས་གཉིས་ཙམ་བྲིས་འདུག འདི་འོན་ཀྱང་ཞེས་ཞུས་དག་མཛོད། ཐེངས་ཞེས་པ་ལ་ངའི་ཁ་སྐད་དུ་མ་ཟད་ཆོས་སྐད་དུ་ཡང་། ལན་གཅིག་ ལན་གསུམ་སོགས་འབྲི། ཆོས་ཀྱི་ཐང་གཅིག་ཅེས་པའི་ཐང་དེ་ལ་འགྲེང་བུ་བསྣན་ཏེ། ཐེངས་ཞེས་ཆགས། འོན་ཀྱང་། ཐེངས་ཞེས་པ་ཞ་བོ་ལ་ཟེར།
    རྒན་ཨ་རི་དགེ་མཐོང་གི་ལན་ལ་སྒུག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme