Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།

Posted on 2013-01-122013-01-13 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 29 Comments on ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།

ཚེ་རིང་སྐྱིད།

དེ་རིང་གཟའ་སྤེན་པའི་ཉིན་ལ་ཞོགས་ཉལ་བརྒྱབ་ཡོད་པའི་སྐབས། ཁ་པར་གྱི་དྲིལ་བརྡ་ཡང་ནས་ཡང་དུ་གྲགས་སོང་བས། ཁ་པར་ཨང་གྲངས་ལ་ཡང་ལྟ་ཁོམ་མ་བྱུང་བར་སྐད་ཆ་བཤད་དུས། ཁ་པར་དུ་ངུ་སྒྲ་དང་ཀུ་སྒྲ་འདྲ་མིན་ཞིག་གྲགས་ཀྱིན་འདུག་ལ། ངའི་ཕ་ཡུལ་ཨ་མཆོག་གི་སྐད་སྲོལ་འདྲ་མིན་གྲགས་ཀྱིན་འདུག (བུ་རྒོད་ཚོ། ད་མ་ནི་རེད། ཧྲ་ལ་བྱོས། འདི་ཕྱོགས་ལ་ཕེབས། མདུན་ལ་སོང་། ཨོ་མ་ཎི་པདྨེ་ཧུམ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། )ཁ་པར་ནས་ཐད་ཀར་ང་ལ་སྐད་ཆ་གང་ཡང་ཤད་ཀྱིན་མི་འདུག་པས། ད་ནི་དོན་དག་མ་ལེགས་པ་ཞིག་བྱུང་ཡོད་པ་གསལ་བོར་རྟོགས་པས། མགྱོགས་མྱུར་དེ་གའི་ཡུལ་མི་གཞན་པ་ཚོར་འབྲེལ་བ་བྱ་དུས། (ཨ་ཤུ་རེ་གོ ཁྱེད་ཀྱི་ཕུ་བོའི་བུ་དགའ་བོ་བུད་སོང་ངཱ་ཟེར) ངས་ཅི་ཞིག་ཤོད་ཀྱིན་པ་གཏན་ནས་མ་གོ་བས། བསྐྱར་དུ་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་དུས། ཁྱེད་ཀྱི་ཕུ་བོ་གདུགས་དཀར་སྐྱབས་ཀྱི་བུ་གཅིག་པུ་དེ་རིང་ཆུ་ཚོད་གཉིས་པ་ཡར་མར་ཙམ་དུ་ཨ་མཆོག་ཁྲོམ་ལམ་ནས་རང་ལུས་མེར་བསྲེགས་བཏང་ཏེ། མ་བདེ་ཐལ་ཟེར། ཉམ་ཆུང་གཤིས་བཟང་གི་བུ་ཆུང་གཅིག་པུའི་བློ་ལ་དེ་འདྲ་ཞིག་ཇི་ལྟར་འཁོར་བ་རེད་དམ། ཉིན་ཤས་སྔོན་ངས་ཁ་པར་ནས་ངའི་ཕུ་བོར་སྐད་ཆ་བཤད་དུས། ཚ་བོས་(ཨ་ཕ། ཁྱེད་ཀྱིས་ཨ་ཅེ་ཀ་ཀ་དང་སྐད་ཆ་བཤད་ཚར་ན་ཁ་པར་ངའི་ལག་ལ་གཅིག་བྱིན་ཨ། ང་བཤད་རྒྱུ་ཞིག་ཡོད)ཅེས་ཟེར་གྱིན་འདུག་ལ། ངས་ཁོ་ལ་སྐད་ཆ་བཤད་སྐབས་འདྲི་རྒྱུ་གཞན་གང་ཡང་མེད་པར། ད་ལྟ་གནས་ཚུལ་གང་འདྲ་འདུག ཁྱེད་ནམ་རྒྱུན་བརྙན་འཕྲིན་ནས་རིག་གི་ཡ། ཡིན་ཡང་ཁྱེད་ཀྱི་སྐྲ་རྣམས་ཡར་འཐེན་འཐེན་པས། ངོ་དེ་ཟླ་བ་འདྲ་ཞིག་རེད། ཁྱེད་ལ་བོད་ལྭ་ཡག་ཙམ་གོན་རྒྱུ་མེད་དམ། ཟེར། ངས་ཁོ་ལ་ཁྱེད་རྗེས་ཕྱོགས་ཀ་ཅིས་མཁར་(ཁ་ཆེའི་གྲོང་ཁྱེར)ལ་འགྲོ་ན་ང་ལ་བོད་ལྭ་བཟོ་བྱེད་ཉོས་ཨ་ཞེས་ཀུ་རེ་དང་བཅས་བཤད་པ་་ཡིན། འདི་ནི་ངས་ལོ་ངོ་མང་པོ་ལ་མ་ཐུག་པའི་ཚ་བོ་དང་མཉམ་དུ་སྐད་ཆ་བཤད་པ་མཐའ་མ་དེ་ཡིན།

ངའི་ཕུ་བོ་གདུགས་དཀར་སྐྱབས་དང་སྲི་མོ་ཚེ་རིང་སྒྲོལ་མ་གཉིས་ལ་བུ་ཆུང་ཚེ་རིང་བཀྲ་ཤིས་དང་བུ་མོ་རྟ་མགྲིན་འཚོ་དང་ཚེ་དར་སྐྱིད་བཅས་བྱིས་པ་གསུམ་ཡོད་པ་དང་། བུ་མོ་གཉིས་རང་རང་སར་གནས་ལ་སོང་ཏེ་གནས་ཚང་གི་གནའ་མ་ཡིན། ཁྱིམ་དུ་ཕུ་བོ་བཟའ་ཚང་གཉིས་ལ་བུ་ཆུང་དང་གནའ་མ་ཡུམ་ཚོ་སྐྱིད་གཉིས་ལས་མེད། སྔོན་ཆད་གསར་འགྱུར་རྒྱུད་ལམ་ཁག་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་གནས་ཚུལ་རེ་རེ་ཤོད་དུས་དང་འབྲི་བའི་སྐབས་སུ། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ལ་ཡོད་པའི་ཕུགས་ཀྱི་དཀའ་ངལ་ཆུང་ཚགས་རིགས་གནས་ཚུལ་རག་ཐབས་མེད་ཀྱང་དེ་རིང་རང་ཁྱིམ་དུ་གནས་ཚུལ་བྱུང་སྐབས། ནང་མི་རེ་རེ་ཡི་མིག་ཆུ་དང་སྨྲེ་སྔགས། ནང་མི་རེ་རེ་ཡི་ཞེན་ཆགས་དང་སེམས་ངལ་འདི་རྣམས་ཁ་པར་རྒྱུད་རྣ་སྒོར་གྲགས་དུས། གསོན་བསྲེགས་བྱེད་པའི་སྙིང་གི་མི་ཞིག་ལ་ལྟ་དགོས་དུས་ཀྱི་སྡུག་བསྔལ་དེ་ཤོངས་ཐབས་བྲལ་བ་ཞིག་རེད།

འབྲེལ་ཡོད་ནང་མི་ཟོག་རྫི་ཞིག་གིས་བརྗོད་ན། དེ་རིང་ཞོགས་པ་ཚེ་རིང་བཀྲ་ཤིས་ཁོང་ཚོ་དང་མཉམ་དུ་ནོར་རྗེས་སུ་ཡོད་ཀྱང་། ཚེ་རིང་བཀྲ་ཤིས་ཀྱིས་ཁོང་ཁྱིམ་དུ་ཐེངས་གཅིག་སོང་ནས་ཡོང་ཞེས་བཤད་ཞོར་ནོར་རྣམས་རྫི་རོགས་ཚོར་བཅོལ་ཏེ་བུད་སོང་ཟེར། ཚེ་རིང་བཀྲ་ཤིས་ཁྱིམ་དུ་སླེབས་ཏེ་(དེ་རིང་ངས་བོད་ལྭ་གྱོན་རྒྱུན་ར། བོད་ལྭ་གང་ཧྲ་གི་ཞེས་ཨ་མ་ཚེ་རིང་སྒྲོལ་མར་དྲིས་པར། ཨ་མ་ཚེ་རིང་སྒྲོལ་མས། དེ་རིང་གནམ་གཤིས་ཅུང་གྲང་མོ་འདུག་པས་སྲིན་ཚལ་མཐུག་པོ་དེ་གྱོན་ཤོག་ཅེས་བཤད་པས། ཁོས་ཀྱང་བོད་ལྭ་མཐུག་པོ་དེ་གྱོན་ཏེ་བསྐྱར་དུ་ཟོག་རྗེས་ལ་ཕྱིན་སོང་ཟེར། དེའི་རྗེས་ཁོ་བསྐྱར་དུ་རྫི་རོགས་ཚོའི་འཁྲིས་སུ་སོང་ནས། ང་ལ་རྒྱ་སྲང་དུ་དོན་དག་ཆེན་པོ་ཞིག་ཡོད་པས། དེར་སོང་ནས་ལམ་སེང་ཡོང་ཆོག་ཅེས་བརྗོད་ཞོར་བུད་སོང་ཟེར་ལ། སྐབས་དེར་ཁོའི་བོད་ལྭའི་རུམ་ནང་དུ་དངོས་པོ་ཆེན་པོ་ཞིག་ཡོད་ཀྱང་ཅི་ཞིག་ཡིན་མིན་མ་ཤེས་པ་དང་། ཡང་ཁོང་གི་ཁ་པར་གྱི་སྒོ་ཡང་བརྒྱབ་སོང་ཟེར།

ཨ་མཆོག་གྲོལ་བརྡལ་དུ་ཚེ་རིང་བཀྲ་ཤིས་ཀྱི་རང་ལུས་མེར་བསྲེགས་གཏོང་བའི་གོ་རིམ་ཆ་ཚང་མིག་མཐོང་བྱེད་མཁན་རྒྱ་གཞུང་གི་ལས་བྱེད་མི་སྣ་ཞིག་གིས་བརྗོད་ན། གྲོང་བརྡལ་གྱི་སྨན་ཁང་སྒོ་མདུན་ནས་བོད་མི་བོད་ལྭ་གྱོན་པ་ཞིག་གིས། རང་གི་ལུས་བོ་ཡོངས་རྫོགས་ལྕགས་སྐུད་ཀྱིས་བསྡམས་ཡོད་པར་མེ་ལྕེ་ལྷམ་ལྷུབ་འབར་གྱིན་པའི་ནང་། ཀཱི་ཧོ་ཧོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཚིག་གི་རྔ་མ་མེད་པར་ས་ལ་རིལ་སོང་ལ།དེ་ནས་བསྐྱར་དུ་ཡར་ལངས་ནས་སྲང་ལམ་དུ་རྒྱུགས་སྐབས། ནམ་རྒྱུན་ལྟར་སྲང་གི་གཞི་མདོ་རུ་དམག་མི་དང་ཉེན་རྟོག་པ་ཚོ་སྐོར་གཡེང་བྱེད་ཀྱིན་པ་མཐོང་ནས། ཁོ་བསྐྱར་དུ་ཁ་མར་འཁོར་ནས་རྒྱུགས་སྐབས་སར་འགྱེལ་ཏེ་སྐར་མ་ལྔ་ཙམ་གྱི་རྗེས་སུ་འབུགས་ཆད་སོང་། སྲང་ལམ་དུ་ཡོད་པའི་བོད་མི་ཚོ་ཐོག་མར་ཧངས་སང་བ་དང་། དེ་ནས་ཉེན་རྟོག་པ་ཚོ་མེར་བསྲེགས་གཏོང་མཁན་གྱི་འཁྲིས་སུ་ཡོང་བཞིན་པར་རྡོ་ཡིས་གཞུས་ཏེ་དམག་མི་དང་ཉེན་རྟོག་པ་རྣམས་རྒྱང་རིང་ལ་དེད་སོང་། ཞེས་འགྲེལ་བརྗོད་བྱེད་སོང་།

དེའི་རྗེས་ནང་མི་ཚོས་བརྗོད་ན་མི་ཞིག་གིས་མེར་བསྲེགས་བཏང་ཏེ་འདས་གྲོངས་ཕྱིན་འདུག་པས།ཁྱེད་ཚང་གི་བུ་ཚེ་རིང་བཀྲ་ཤིས་ཡིན་པར་སྣང་བས། ངོས་འཛིན་བྱ་བར་ཡོང་དགོས་པར་བརྗོད་ཀྱིན་པ་ལྟར་ཕུ་བོ་སོགས་གནས་དེར་སོང་དུས། མིག་གིས་ལྟ་བཟོད་མི་ཐུབ་པ་དང་ཡང་ན་ངོས་འཛིན་བྱ་རྒྱུ་ཁག་པོ་གྱུར་ཡོད་ཀྱང་། གདོང་དབྱིབས་ཀྱིས་རང་གི་བུ་ཆུང་ཡིན་པའི་ངོས་འཛིན་ཐུབ་འདུག གྲོང་བརྡལ་གྱི་བོད་མི་ཚོས་རླངས་འཁོར་སོགས་གྲ་སྒྲིག་གིས། ཕུང་བོའི་མཐར་སྐོར་ཏེ་ཉེན་རྟོག་པ་སོགས་འཁྲིས་སུ་བཅར་དུ་མ་བཅུག་པར། མི་ཚོགས་ཀྱིས་བསྐོར་ཏེ་ཕ་ཡུལ་ཨ་མཆོག་སྐྱིད་ནང་སྡེ་བར་ཕུང་བོ་གདན་འདྲེན་ཞུས་ཐུབ་ཡོད་འདུག
ཨ་མཆོག་དགོན་པའི་དགེ་མདུན་པ་ཚོ་སྨོན་ལམ་གསུངས་པར་ཡོང་བཞིན་པའི་ལམ་བར་དུ་ཉེན་རྟོག་པས་བཀག་འགོག་གི་ཡོང་དུ་མ་བཅུག་པ་མ་ཟད། ད་ལྟ་རང་ཁ་པར་བཏང་སྐབས་དོན་དག་བྱུང་རྗེས། སྐྱིད་སྡེ་བར་ཡོང་བའི་སྲང་མདོ་གསུམ་ཙམ་དུ་ཉེན་རྟོགས་པའི་རླངས་འཁོར་མང་པོ་བཞག་ཡོད་པ་ལས། མཚན་མོ་གློག་འོད་འཚེར་འཚེར་གྱིས་ད་དུང་ཡང་སྲུང་འདུག་ཟེར་ལ། ཡང་སྡེ་བ་ཚོ་བ་གཞན་གྱི་སྐུ་ཚབ་རེ་མ་གཏོགས་སྐྱིད་སྡེ་བར་གདུང་སེམས་མཉམ་སྐྱེད་བྱ་བར་་ཡོང་དུ་བཅུག་མི་འདུག ནང་མི་རྒན་པ་ཞིག་གིས་བརྗོད་ན། ཨ་ཤུ་རེ་ཀོ། རྒྱ་རྒན་འདི་ཚང་ལ་སྡུག་རྩུབ་དི་ཀོ་ཆེ་གི་ཡ། ཕུང་བོ་མགྱོགས་མྱུར་སྐར་མ་ལ་ཕུད་ཅེས་བླ་མ་བར་དུ་བཏང་འདུག་ལ། སྐར་མ་མགྱོགས་མྱུར་མ་ཕུད་ཚེ་དོན་དག་ཅི་བྱུང་འགན་ཁྱེད་ཚོས་ལེན་དགོས་ཞེས་འཇིགས་སྣང་སྐུལ་གྱིན་འདུག འདི་ཚང་ལ་མི་ལས་རྒྱུ་ཞིག་མེད་ཀི། བླ་མས་གཞུང་དང་མང་ཚོགས་བར་དུ་གནང་ཐབས་ཁག་པོ་ཆགས་ཀྱིན་འདུག སྐར་མ་ག་དུས་ཕུད་མིན་དེ་བོད་སྲིད་པ་ཆགས་ཀྱི་འགྲོ་སྟངས་ཤིག་ཡོད། བླ་མར་ཡར་ཞུ་བྱེད་དེ་དགོན་པ་གྲྭ་ཚང་ཕེབས། རི་སྡེ་མང་ཚོགས་ལ་མཆོད་སྦྱིན་བཏང་། དགོན་པར་མཆོད་འབུལ་བྱ་དགོས་སོགས་ཀྱི་གོ་རིམ་ལྟར་འགྲོ་དགོས་ཀྱང་། ད་འདི་ཚང་ཡང་ཡང་དུ་ཡོང་ནས་སྐར་མ་མགྱོགས་པོར་(སྐར་མ་ཟེར་བ་ནི་སྐུ་ཕུང་ཞུགས་འབུལ་གྱི་དོན་རེད)བྱོས་ཟེར་གྱིན་འདུག ཅེས་འུ་ཐུག་པ་དང་ཁོང་ཁྲོ་ལངས་ཡོད་པའི་ཉམས་ཀྱིས་ཤོད་ཀྱིན་འདུག

ཚ་བོ་ཚེ་རིང་བཀྲ་ཤིས་ནི་ང་ཕ་ཡུལ་དང་ཁ་གྱེས་སྐབས་ལོ་བདུན་བརྒྱད་ཅིག་ཡིན་ལ། ཁོས་ང་ལ་ཨ་ཅེ་ཀ་ཀ་ཞེས་འབོད་ཀྱིན་ཡོད། ཀ་ཀ་ཞེས་པའི་གོ་དོན་ནི་ང་རང་སློབ་གྲྭར་འགྲོ་གིན་་ཡོད་པས། ཀ་ཁ་ག་ང་ཞེས་འདོན་གྱིན་ཡོད་པའི་ངོས་འཛིན་ཐབས་ལ་ཨ་ཅེ་ཀ་ཀ་ཞེས་སྟབས་བདེ་ཡིས་འབོད་ཀྱིན་ཡོད། ང་ཚོའི་མི་ཚང་ཕལ་ཆེ་ཤོས་མི་རྒོད་པོ་རྐྱང་རྐྱང་ཡིན་ན་ཡང་། ཁོང་ནི་སུ་དང་མི་འདྲ་པར་རང་གཤིས་འཇམ་པོ་དང་ཁ་མང་པོ་མི་གྲགས་མཁན་ཞིག་ཡིན་ལ། བྱིས་པ་ཡིན་དུས་རྙོག་དྲ་ཚ་བོ་ཞིག་ཀྱང་མིན། ངའི་ཕུ་བོ་གདུགས་དཀར་སྐྱབས་ལ་བུ་གཅིག་པུ་ལས་མེད་པས། ཁོང་ནི་ང་ཚོ་ཚང་མའི་གཅེས་ཕྲུག་ཏུ་གྱུར་ཡོད་ཀྱང་། དེ་དུས་ནམ་ཡིན་ཡང་ངའི་རྗེས་སུ་ཡར་རྒྱུག་མར་རྒྱུག་བྱེད་མཁན་གྱི་ངེད་ཚང་གི་གཅེས་ཕྲུག་ཚེ་བྷ་ད་ལྟ་འཚར་ལོངས་བྱུང་ཏེ་སྟག་ཤར་དུ་གྱུར་ཡོད་ལ། ཆུང་མ་ཡང་ཁོང་གི་ཁམས་དང་བསྟུན་པའི་ཡུམ་མཚོ་སྐྱིད་ཅེས་པའི་བུ་མོ་ཡག་མ་ཞིག་ཁྱིམ་དུ་བསུས་ཡོད། ལན་ཆགས་དང་ནང་འཁོན་གང་ཡང་མེད་པར་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་ཁོང་གློ་བུར་དུ་འཇིག་རྟེན་ཁམས་འདི་ནས་མེད་པར་གྱུར་བ་དང་། ཡང་ན་གསོན་སྲེག་གི་ངང་ནས་སྙིང་རྗེ་བའི་བུ་ཆུང་ཁོང་ད་ལྟ་རུས་ཐལ་དུ་གྱུར་ཏེ་ངོས་ཀྱང་ཟིན་ཐབས་དཀའ་བའི་དངོས་ཡོད་ཀྱི་གནས་ཚུལ་འདི་ལ་ཇི་ལྟར་གདོང་ལེན་བྱའམ། ཡང་ན་ཁྱིམ་དུ་བུ་མོ་ན་ཆུང་མ་ཞིག་ཡུག་ས་མར་གྱུར་བ་དང་། ངའི་ཕུ་བོ་བཟའ་མི་གཉིས་ལག་སྟོང་སེམས་སྟོང་ལ་གྱུར་བ་འདིར་ཇི་ལྟར་སེམས་གསོ་བྱའམ། ངའི་ཕུ་བོ་ནི་ང་ལས་ལྡོག་ཏེ། (ཚེ་བྷ། ད་སེམས་ཁྲལ་མ་བྱ། ངས་ཀྱང་རང་གི་སྙིང་གི་བུ་ཆུང་རང་འགར་བོར་སོང་བའི་ངོས་འཛིན་བྱེད་ཀྱིན་མེད།)ཅེས་ང་རང་སེམས་ཁྲལ་བྱེད་པར་དོགས་ནས། གོ་རྒྱུ་ཅན་གྱི་ཚིག་ཁ་ཤས་ཤིག་བཤད་སོང་། ངའི་ཕུ་བོ་གདུགས་དཀར་སྐྱབས་ནི་ལོ་ཤས་ལ་སྡེ་བ་ཚོ་བའི་སྡེ་དཔོན་གནང་མྱོང་ལ། སྡེ་བ་ཚོ་བའི་གྱོད་སྣ་བར་འདུམ་བྱེད་མཁན་གྱི་གཏམ་བཤད་མཁན་ཞིག་ཀྱང་ཡིན། ངའི་ཕ་དང་འདྲ་བའི་ཕུ་བོའི་སེམས་ཀྱི་རེ་བ་དང་སྙིང་གི་གཏད་ས་འདི་ལྟར་དེ་རིང་རུས་ཐལ་དུ་གྱུར་ཞིང་། ཐ་ན་རང་གི་བུ་ཆུང་ཡིན་མིན་གྱི་དབྱིབས་ཙམ་ཡང་འཚོལ་མི་ཐུབ་པའི་ལུས་ཀྱི་ལྤགས་པ་དང་ཤ་རུས་ག་ལེར་འཚིགས་ཏེ་འདས་གྲོངས་སུ་ཕྱིན་པའི་ཕུང་བོ་ལ་གདོང་གཏད་སྐབས། ངའི་ཕུ་བོས་ད་དུང་བློ་སྙིང་ཆད་པའི་ཨ་མ་ཞིག་དང་སྐྱ་ཡ་བོར་བའི་གནའ་མ་ཞིག་ལ་གདོང་གཏོད་དགོས་ལ། ད་དུང་སྡེ་འདབས་སུ་སྒོ་ཁྱི་ལྟར་སྲུང་བའི་ཉེན་རྟོག་པ་དང་དམག་མིའི་འཇིག་སྐུལ་འོག་ནས་ཐ་ན་འདས་མཆོད་གང་ལེགས་ཤིག་ཀྱང་སྒྲུབ་དབང་མེད་པའི་འུ་ཐུག་ཐབས་ཟད་ཀྱི་གནས་བབ་འདི་ལ་ངས་སྐད་ཆ་གང་འདྲ་ཞིག་སེམས་གསོའི་ཚབ་ཏུ་བཤད་དགོས་པ་ཁ་ནང་དུ་ཡོང་ཐབས་མི་འདུག

སྙིང་ཉེ་བའི་ཚ་བོ་ཆུང་ཆུང་ལགས། ཨ་ཅེ་ཀ་ཀ་ངས་ཁྱེད་ཀྱི་མཐའ་མཇུག་གི་སྐད་ཆ་སེམས་ལ་འཛིན་ངེས། བདེ་བར་གཟིམས་རོགས། ལོ་ངོ་༡༣ཙམ་ལ་ཐུག་མ་ཐུབ་པར་མཐའ་མ་གཏན་དུ་གྱེས་སོང་བའི་ཚ་བོ་ཆུང་ཆུང་ལགས། ཁྱེད་ཀྱིས་ཨ་ཕ་དང་ཨ་མ།ཆུང་མ་བཅས་ལ་ཞེན་ཆགས་མེད་པར་བཞུད་སོང་བ་འདི་ནི། ང་ལ་མཚོན་ན་དངོས་ཡོད་འཁྲུལ་སྣང་གང་ཡིན་ཚོར་ཤེས་ཀྱིས་ཟིན་གྱིན་མི་འདུག་སྟེ། ལོ་ངོ་༡༣ལྷག་ལ་ངས་ཁྱེད་ཚོ་ངའི་སེམས་སུ་ཉར་བ་ལྟར་ད་དུང་ཡང་ཁང་ཁྱིམ་བར་དུ་ཨ་ཅེ་ཞེས་འབོད་ཀྱིན་པའི་ཁྱེད་ཀྱི་མིག་ཟུང་དང་སྐད་ངག་སེམས་སུ་ཉར་ནས་ཁྱེད་ཉིད་མུ་མཐུད་ནས་འཚོ་ཡོད་པའི་སྣང་བ་འཛིན་ངེས། ངའི་སྙིང་ཉེ་བའི་ཚ་བོ་ཆུང་ཆུང་།

( དེ་རིང་སྟེ། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡ཚེས་༡༢ཉིན་གྱི་ཉིན་གུང་རྗེས་ཀྱི་ཆུ་ཚོད་གཉིས་པ་ཙམ་དུ་བོད་མདོ་སྨད་་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་ཁོངས་སྐྱིད་སྡེ་བའི་སྡེ་དཔོན་ཟུར་བ་གང་སེང་ཚང་གདུགས་དཀར་སྐྱབས་དང་བཟའ་ཟླ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ། ད་ལོ་རང་ལོ་ཡིན་པ་ཚེ་རིང་བཀྲ་ཤིས་(གཅེས་མིང་ལ་ཚེ་བྷེ)ཀྱིས་ཨ་མཆོག་གྲོལ་བརྡལ་གྱི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་འདུག དེ་རིང་རང་ལུས་མེར་བསྲེགས་གཏོང་མཁན་ཁོང་གི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཅེས་འབོད་ཀྱིན་ཡོད་འདུག ཁོང་ལ་སྲིང་མོ་གཉིས་ཡོད་པ་ལས་གཅིག་གི་མིང་ལ་རྟ་མགྲིན་འཚོ་དང་གཅིག་ཤོས་ཀྱི་མིང་ལ་ཚེ་དར་སྐྱིད་ཟེར། ཚེ་རིང་བཀྲ་ཤིས་ཀྱིས་བོད་ལྭ་གྱོན་ཡོད་པའི་སྟེང་དུ་རང་གི་ལུས་ཧྲིལ་བོར་ལྕགས་སྐུད་ཀྱིས་བསྡམས་ཡོད་པ་དང་། མེ་འབར་གྱིན་པའི་སྐབས་སུ། ཀཱི་ཧོ་ཧོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱེད་ཀྱིན་ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས་ཐེངས་འགྱེལ་ཞོར་དང་རྒྱུགས་ཞོར་བྱེད་ཡོད་པ་དང་། ཁོང་འདས་གྲོངས་སུ་གྱུར་བ་དང་སྲང་ལམ་གྱི་བོད་མི་ཚོས་ཁོང་གི་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་བར་གདན་འདྲེན་གྱིས། རི་སྡེ་སེར་སྐྱ་མང་ཚོགས་ལྷན་འཛོམས་གྱིས་མ་ཎི་འུར་འདོན་བྱེད་ཀྱང་། ཨ་མཆོག་དགོན་པའི་དགེ་མདུན་པ་དང་རི་སྡེ་གཞན་གྱི་བོད་མི་ཚོ་སྐྱིད་སྡེ་བར་ཡོང་དུ་མ་བཅུག་པར། ལམ་གཞུང་གསུམ་དུ་ཉེན་རྟོག་པའི་རླངས་འཁོར་བཞག་ཏེ་འགྲོ་ལམ་བཅད་ཡོད་འདུག་ལ། མཚན་མོ་ཆུ་ཚོད་བཅུ་བ་ཙམ་ལ་ད་དུང་ཉེན་རྟོག་པའི་རླངས་འཁོར་རྣམས་གློག་འོད་འཚེར་འཚེར་གྱིས་བསྡད་ཡོད་པ་མ་ཟད། ཡང་གཞུང་དང་སྡེ་བའི་བར་དུ་བར་འདུམ་མི་བཏང་སྟེ། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པ་དང་གལ་ཏེ་མ་བྱེད་པར་དོན་དག་གཞན་བྱུང་བ་ཡིན་ན་ལས་འགན་ཡོད་ཚད་ཁྱེད་ཚོར་ཡོད་ཞེས་འཇིག་སྣང་སྐུལ་གྱིན་་ཡོད་འདུག

ཨ་མཆོག་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༡༠ཚེས་ ༢༦ ཉིན་བོད་མི་ལྷ་མོ་ཚེ་བརྟན་ལཊ་ཀྱིས་ཨ་མཆོག་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང།༢༠༡༢ལོའི་སྤྱི་ཟླ་༡༡ཚེས་༢༠ཉིན་ཨ་མཆོག་ཁྱི་ངན་སྡེ་བའི་ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་ལ། ཡང་ཟླ་བ་དེའི་ཚེས་༢༦ཉིན་ཨ་མཆོག་རང་ལོ་༡༨ཙམ་གྱི་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད། དེ་རིང་བསྐྱར་དུ་ཨ་མཆོག་ནས་ཚེ་རིང་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་ལྟར། བོད་མདོ་སྨད་ཨ་མཆོག་ས་ཆ་གཅིག་པུ་ནས་ད་ལྟའི་བར་དུ་བོད་མི་ན་གཞོན་བཞིས་རང་ལུས་མེར་བསྲེགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་གཏེར་ཁ་སྔོགས་འདོན་ལ་སོགས་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།)

གསར་འགྱུར།

Post navigation

Previous Post: ཕྱིར་དྲན་ཁྲོད་ཀྱི་ཕ་ཡུལ།
Next Post: ༸གོང་ས་མཆོག་ཝཱར་ཎའི་བོད་དགོན་དུ་ཕེབས་སྐོར།

Comments (29) on “ངའི་སྙིང་ཉེ་བའི་ཚ་བོ་དང་རང་ལུས་མེར་བསྲེགས།”

  1. པཀྵི says:
    2013-01-12 at 3:48 pm

    ངས་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་ལ་སེམས་གསོ་བྱེད། མི་རིགས་འདིའི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་ཕོད་པའི་ཁྱེད་ཀྱི་ཚ་བོའི་བློ་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཉིད་ཀྱི་ཕུ་བོའི་སྐད་ཆ་ལྟར་ཚེ་བྷེ་རང་དགར་བུད་སོང་བ་ཞིག་གཏན་ནས་མིན་པས་ཁྱེད་ཀྱིས་ཀྱང་། སེམས་སྡུག་ཡོད་ཚད་སྤོབས་པ་ལ་བསྒྱུར་ནས་མི་རིགས་འདིའི་མ་འོངས་པའི་ཆེད་དུ་རང་ནུས་ཅི་འཇོན་གྱིས་ལས་ལ་གཞོལ་རོགས། གང་ལྟར་ང་ཚོ་ཁྱེད་དང་ཁྱེད་ཀྱི་ནང་མི་ལྷན་དུ་ཡོད་པས། སྡུག་བསྔལ་འདི་འུ་ཚོས་མཉམ་དུ་འཁུར་ཆོག་ལ། མིག་ཆུ་འདི་ང་ཚོས་མཉམ་དུ་མིད་ཆོག

  2. གཙངས་རིགས says:
    2013-01-12 at 3:56 pm

    བོད་རྒྱལ་ཁབ་ཀྱི་དཔའ་བོ་ཚེ་རིང་བཀྲ་ཤིས་ཁྱེད་ལ་སྙིང་ནས་གུས་འདུད་ཞུ། བུ་མོ་ཚེ་རིང་སྐྱིད་ཐུགས་ཁྲལ་མ་གནང་། དཔའ་རྒོད་ཁོ་བོད་མི་རིགས་ཀྱི་བདེན་དོན་ཆེད་རེད།

  3. ངོ་ལུག says:
    2013-01-12 at 4:00 pm

    ཨ་དགེ་ཚང་གི་བུ་མོ་རི་ནས་རྦབ་རྡོ་འགྲིལ་ནས་གྲོངས་འདུག་ཟེར་བ་ཐོས་མྱོང་ལ། དེའི་རྗེས་སུ་ཕ་ངུ་ཞིང་མ་རྒྱལ་བ་མཐོང་མྱོང་། ནོར་ལྷ་རྒྱལ་ཚང་གི་བུ་ཁྲོམ་དུ་བུ་མོ་ཞིག་གི་ཆེད་དུ་གྲི་གཡུག་རེས་བྱས་ནས་རྣམ་ཤེས་རྟ་རྔ་འདྲ་བ་དེ་ཡང་འཕུར་སོང་ཟེར་བ་གོ་མྱོང་། ད་དུང་འབུམ་དགའ་ཨ་རག་འཐུང་མང་ནས་གྲོངས་དུས་མཆིན་པ་སྒོག་རྡོག་ཙམ་ཡང་ལྷག་མི་གདའ་ཟེར་བ་དང་། དར་འབུམ་མོ་ཌ་བརྡུང་ནས་གྲོངས། ཚེ་དགའ་ཟས་དུག་ཕོག་ནས་གྲོངས། མགོ་སེའི་ཨ་མ་མདངས་དགོང་མར་ཉར་དུས་ཧ་ཧ་ཧོ་ཧོ་ཡིན་མོད་ད་ནང་ཞོགས་པ་དབུགས་བུད་ཚར་གདའ་ཟེར་བ་སོགས་འཆི་བདག་གི་མཆེ་བའི་་བར་དུ་གནས་སྐབས་འཚོ་བའི་མི་ཕལ་ཆེ་བའི་ལས་དབང་ནི་འདི་འདྲ་ཞིག་རང་ལས་ཅི། ཡིན་ནའང་མིག་ཆུ་ཡི་ཁྲོད་ནས་གདངས་ཟབ་མོ་ཞིག་བརྒྱབ་ན། དྲང་བདེན་ཞིག་དང་། མི་རིགས་ཞིག ལ་རྒྱ་ཞིག་གི་ཆེད་དུ་ལུས་ཐོག་ན་རྫས་སྣུམ་བྱོས་པ་དང་། གདུག་རྩུབ་ཀྱི་སྲིད་ཇུས་ཤིག་ལ་ངོ་རྒོལ་དང་། རིགས་གཅིག་གི་རང་དབང་ཞིག་ལ་འབོད་པ། ད་དུང་སྙིང་ཁ་ན་སོར་བཅུ་འཛུམ་ས་དང་། སྤྱི་གཙུག་ན་མཁྱེན་པ་བྱེད་སའི་སངས་རྒྱས་གངས་རིའི་རྒྱལ་ཁབ་ཞིག་གི་མཚོན་དོན་དུ་གྱུར་པ་དེ་ཉིད་གངས་རིའི་སུལ་དུ་ཞབས་པད་འགོད་ཐུབ་པའི་སྨོན་ལམ་དམ་ཚིག་ཞིག་གི་འོག་ནས་རང་ལུས་ལ་མེ་སྤར་མཁན་དེ་དག་གི་ཚེ་སྲོག་ནི་ཕ་ཡིས། ངས་ཀྱང་རང་གི་སྙིང་གི་བུ་ཆུང་རང་འགར་བོར་སོང་བའི་ངོས་འཛིན་བྱེད་ཀྱིན་མེད། གསུངས་པ་ལྟར་དེ་དག་གི་ཚེ་སྲོག་གཟི་བརྗིད་ནི་ས་ཆེན་གྱིས་ཐེགས་དཀའ་བ་དང་།ཉི་ཟླའི་འོད་ཀྱིས་སྒྲིབ་དཀའ་བ། དུས་ཀྱི་རླུང་བུས་འདེད་དཀའ་བ། གནམ་སའི་བར་ནས་ཡལ་དཀའ་བ། ད་དུང་མི་རབས་ནས་མི་རབས་གངས་ཅན་པ་རྣམས་ཀྱི་སེམས་པ་དང་། གངས་ཅན་པ་རྣམས་ཀྱི་ལོ་རྒྱུས། གངས་ཅན་པ་རྣམས་ཀྱི་སྙན་ངག གངས་ཅན་པ་རྣམས་ཀྱི་སྒྲུང་གཏམ ད་དུང་གངས་ཅན་པ་རྣམས་ཀྱི་སྙིང་སྟོབས། གངས་ཅན་པ་རྣམས་ཀྱིས་གོ་ལའི་ཐོག་གི་ལམ་ལུགས་མུན་ནག་ཞིག་ལ་རྒོལ་མྱོང་བའི་མཛད་རྗེས་ཁྲོད་དུ་འོད་མདངས་ནམ་ཡང་འཚེར་སྲིད་པ་ཡིན་པས་ཚེ་རིང་བཀྲ་ཤིས་གཙོས་པའི་དཔའ་བོ་དཔའ་མོ་ཡོངས་ཀྱི་དྲིན་ཕ་མ། གཉེན་ཉེ་དུའི་ཚོགས་ལ་གངས་ཅན་པ་གཞན་ལས་ཀྱང་མིད་དཀའ་བའི་སྡུག་བསྔལ་ཡོང་བ་ནི་ངེས་གཏན་ཡིན་མོད། དེ་དག་རང་འགར་བོར་བ་མིན་པའི་སྤོབས་པའི་ཉི་གཞོན་དེས་མུན་ནག་དུ་ལྷུང་བའི་ཁྱེད་རྣམ་པའི་སེམས་ཁོངས་སུ་བདེ་དྲོད་ཀྱི་འོད་སྣང་ཚོམ་བུ་ཞིག་རྟག་ཀུན་འཁྱིལ་ཐུབ་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས།

  4. ཐུ་བ་རྒྱ་མཚོ། says:
    2013-01-12 at 4:16 pm

    ཚེ་རིང་སྐྱིད་ཀྱིས་རང་གི་ཚ་བོ་རྒྱལ་གཅེས་དཔའ་བོ་ཚེ་བྷེ་མཆོག་གི་གནས་ཚུལ་ཞིབ་རྒྱས་འདིར་བཀོད་པར་ཐུགས་རྗེ་དང་གདུང་སེམས་མཉམ་བསྐྱེད་ཞུ།

  5. གནམ says:
    2013-01-12 at 5:27 pm

    ཤི་བོའི་རྗེས་འི་གསོན་པོ་རེད། བྱུང་ན། ༧ གོང་ས་མཆོག་དང་སྐྱེས་ཆེན་བླ་མ་དམ་པ་རྣམ་དང་གདན་ས་ཁག་ལ་བསྐོལ་བ་བསྔོ་འདུག་རེ་བྱེད་ཨེ་ཐུབ་ལྟོས་ན། ཡུལ་མིའི་སེམས་བདེ། ཤི་བོའི་བླ་བདེ། རང་གི་བློ་བདེ་བ་ཞིག་འོངས་བར་འདོད། དེ་མིན་བྱ་ཐབས་མེད་པས། བུ་མོ་ཁྱོའི་སེམས་མི་སྐྱོ་བར་ཤུགས་རྒྱག་རོགས། དྲང་མོར་བཤད་ན། ངས་སེམས་གསོ་ཞུ་མི་ཤེས། ཡིན་ན་ཡང་། ཁྱེད་ཅག་ནང་མི་ཡོངས་ཀྱི་སེམས་སྡུག་ལ་གདུང་སེམས་མཉམ་དུ་ཡོད།

  6. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-01-12 at 6:35 pm

    ཁྱོད་ཀྱི་ཚ་བོ་ཁྱོད་རང་གི་ནང་མི་ཞིག་ཡིན་པའི་ཆ་ནས་སེམས་ལ་སྡུག་བསྔལ་ཆེ་ན་ཡང་མི་རིགས་དང་བླ་མའི་ཆེད་དུ་སོང་བ་ཡིན་པས་སྤོབས་པ་བསྐྱེད་དེ་བཞུགས་རོགས། ཐུབ་ན་བོན་རྙིང་ས་བཀའ་དགེ་ལུགས་ཇོ་ནང་དང་བཅས་པའི་བླ་མ་རྩ་ཆེན་རྣམས་ལ་བསྔོ་སྨོན་གསུང་རྟེན་རེ་འབུལ་ཐུབ་ན་ཡག་གི་རེད། དེ་ཙམ་ཡིན། །

  7. ཀླུ་སྨྱོན། says:
    2013-01-12 at 9:16 pm

    ངས་རང་ཉིད་བློས་བཏང་སྟེ་རྩོམ་ཡིག་བྲིས་ནས་གོང་ས་མཆོག་གིས་བཀའ་སློབ་གནང་སྟེ་མེ་སྲེག་ལས་འགུལ་འདི་མཚམས་འཇོག་ཏུ་བཅུག་ན་ལེགས་ཟེར་དོན་ཡང་སྡུག་བསྔལ་འདི་རང་སྟེང་དུ་བསླེབས་ན་བཟོད་ཐབས་མེད་པ་ཞིག་ཡིན་པས་ཡིན། གཤིན་པོར་བསྔོ་སྨོན་དང་ནང་མིར་སེམས་གསོ་ཞུ། དེ་མིན་ངས་ཅི་ཞིག་བྱེད་ནུས་ཨང་།
    བོད་དོན་འདི་མེ་ཡིས་ཐག་གིས་མི་ཆོད་པས། །
    བླ་ཆེན་ཚོས་དམངས་ལ་ཁ་ཏ་བསླབ་བྱ་བྱོས། །
    བོད་མི་རེའི་ལུས་སྲོག་རྡོ་རྗེ་ཕ་ལམ་ཡིན། །
    འདིའི་ཡན་ན་ས་སྟེང་རྩ་ཆེན་ང་ལ་མེད། །

  8. བན་དེ་བ། says:
    2013-01-12 at 9:29 pm

    བུ་མོ་ཚེ་རིང་སྐྱིད་དང་ལྟོས་བཅས་ཤ་རག་སྲིད་ཀྱི་འབྲེལ་བའི་མི་རྣམས་ལ་དཔའ་བོ་ཚ་བོ་དེ་ཉིད་མི་རིགས་ས་ཡ་དྲུག་གི་བདེ་སྡུག་མངོན་པར་གསལ་འདོན་དང་འཛམ་གླིང་རྒྱལ་ཁབ་ཞི་བདེ་རང་དབང་ལ་དགའ་ཞིང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་བསམ་ནས་འདི་ལྟར་གཅེས་པའི་ལུས་རྟེན་དང་མདོར་ན་སྒོ་གསུམ་བློས་བཏང་ཆེན་པོས་གཤེགས་པ་དེར་ངས་མཆོག་གསུམ་ལ་སྐྱབས་ཞུ་ཡང་དག་ཞུ་ངེས། ཁྱེད་རྣམས་སེམས་སྤོབས་བསྐྱེད་འོས་ལས་སེམས་ཕམ་མི་གནང་རོགས། སེམས་ཅན་སུ་ཞིག་ཡིན་ནའང་ཐ་མ་རྒྱལ་སྒོ་ཆེན་པོ་དེ་ལས་འགྲོ་ས་མེད། འོན་ཀྱང་འགྲོ་སྟངས་མི་འདྲ་བ་ཡིན། འགའ་ཞིག་གིས་རང་གི་སེམས་སྡུག་ཆུང་ངུ་ཞིག་གནོན་མ་ཐུབ་ནས་འཆི་བ་ལས་སོགས་འཆི་རྐྱེན་མ་ངེས་པའི་འཆི་བ་ལས་སོགས་སྣ་ཚོགས་ཡོད་ཀྱང། ཁོང་ནི་འཆི་ནའང་འཆི་གོ་ཆོད་པ། སྐྱེས་ནའང་སྐྱེས་གོ་ཆོད་པ་ཞིག་གི་དཔའ་བོ་ཞིག་ཡིན་པས་ས་ཡ་དྲུག་གི་ཆེད་དུ་བློས་བཏང་བར་ས་ཡ་དྲུག་གིས་བསྔོ་སྨོན་ཞུ་ངེས་པས་མྱུར་དུ་འཆི་བའི་ལམ་སྣེ་ཟིན་ནས་ཐར་པ་དང་ཐར་པ་ཆེན་པོ་འཐོབ་པའི་སྨོན་ལམ་ཞུ།
    རྟག་ཏུ་འགྲོ་ལ་གཟིགས་པའི་སྐྱབས་གནས་མཐུས།
    གང་ཞིག་འདི་ནས་ལུས་རྒྱ་ཞིག་མ་ཐག
    འཁོར་བའི་ལས་ཟད་འཇའ་འོད་ལམ་ཞུགས་ནས།
    བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

  9. དོན་ཡོད་མཁས་གྲུབ། says:
    2013-01-12 at 10:42 pm

    གདུང་སེམས་མཉམ་སྐྱེད་ཞུ།།།།།ཨོྃ་མ་ནི་པད་མེ་ཧུྃ ་་ཨོྃ་མ་ནི་པད་མེ་ཧུྃ ཨོྃ་མ་ནི་པད་མེ་ཧུྃ

  10. BONPO says:
    2013-01-12 at 11:02 pm

    རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །
    འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། ཆགས་མེད་རང་གྲོལ་སྤྱོད་པར་ཤོག།
    སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག། །
    འདོད་ཡོན་ལ་ཞེན་པ་མི་ཆགས་པར། ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག། །
    བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག།
    ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག། །
    ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། དོན་དམ་དུ་ཞེན་ཡུལ་གྲོལ་བར་ཤོག།
    ཐབས་ཀྱི་ལམ་མཆོག་རྙེད་པ་དང་། ཤེས་རབ་ཀྱི་ས་གནས་ཀྱི་བགྲོད་པར་ཤོག།
    སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག། །
    རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། འོད་གསལ་དུ་མ་བུ་འཕྲད་པར་ཤོག། །
    མཁྱེན་པའི་ཉི་མ་ཤར་བ་དང་། བརྩེ་བས་འགྲོ་ལ་ཕན་པར་ཤོག། །
    སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག།
    བསམ་སྦྱོར་དག་པའི་སྨོན་ལམ་འདི། སྨོན་པ་བཞིན་དུ་འགྲུབ་པར་ཤོག། །
    རང་རིགས་ཤ་ཁྲག་གཅིག་པའི་སྤུན་ཟླ་ལོ་ཆུང་ཞིག་འདི་ནས་ཕ་རོལ་དུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཡོད།

  11. གདོང་དམར་བ་ says:
    2013-01-12 at 11:47 pm

    རེད་ཡ། ཨ་ཅག་ལགས། འདི་ནི་ང་ཚོ་བོད་པ་ཚང་གི་ལས་དབང་ཟེར་ན་འདྲ། ཁྱེད་ཚང་གི་བགོ་སྐལ་ཟེར་ན་འདྲ། སྡུག་ཡུས་དང་སྐྱོ་གདུང་གི་ཁྲོད་ནས་ཡར་ནས་ཡར་ལ་འཕྱུར་བའི་རེ་བ་དང་རླབས་ཆེན་གྱི་མེ་ལྕེ་དམར་མོ་ཞིག་རེད་ལ། གཞན་ཕན་དང་མདུན་བསྐྱོད་ཀྱི་འོད་སྣང་ཡངས་པོ་ཞིག་རེད། དེས་ན་ང་ཚོ་སྐྱོ་དགོས་ལ་དགའ་དགོས། ང་ཚོ་ངུ་དགོས་ལ་ངར་དགོས། ད་བར་དུ་གྲི་ཤི་དང་ལྟོགས་ཤི་ཐེབས་པའི་སྤུན་ཉེ་ས་ཡ་གཉིས་དང་། མེ་ལྕེ་དང་བརྡུང་བརྡེག་གི་ཁྲོད་ནས་གཤིན་ཁར་སོང་བའི་དཔའ་རྒོད་བརྒྱ་ཕྲག་གི་རེ་བ་དང་། དམིགས་ཡུལ། ཕུགས་མདུན། སྙིང་སྟོབས་བཅས་ཀྱི་མེ་རོ་དེ་ཤི་རུ་འཇུག་མི་ཉན་ལ། ང་ཚོ་འགྱེལ་ས་ནས་ལང་ཐུབ་པ་དགོས། ཨ་ཅག་ལགས། ཁྱོད་དང་ང་། ས་ཡ་དྲུག མགོ་ནག་བོད་པ་ཚང་སྙིང་ལ་རུས་པ་བཅུགས་དགོས། སྡུག་ན་མཆི་མ་མི་ཤོར་བ་ང་ཚོ་བཙན་པོའི་རྒྱུད་པའི་སྲོལ་ཡིན། ཨོྃ་མ་ཎི་པདྨེ་ཧཱུྃ༔

  12. བརྩོན་འགྲུས་རྒྱ་མཚོ་ says:
    2013-01-12 at 11:57 pm

    ངོ་མ་ཁྱེད་ཉིད་སེམས་སྡུག་བྱེད་པ་ཁག་མེད། འོན་ཀྱང་ཁྱེད་ཀྱི་ཕུ་བོའི་སྐད་ཆ་དེ་ངོ་མ་དོན་སྙིང་ཡོད་པས་དེ་སེམས་ལ་ཉར་རོགས། ངས་ཀྱང་འདི་ནས་ཁྱེད་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཡིན། ངོ་མ་དཔའ་བོ་དམ་པ་དེར་སྙིང་ནས་གུས་འདུད་གྲངས་མེད་ཞུ་རྒྱུ་ཡིན།

  13. ཟུར་གནས། says:
    2013-01-13 at 1:02 am

    ཨ་ཡོ། ཤིན་དུ་ནས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། ངས་འདིར་འདས་པོར་སྨོན་ལམ་དང་། ཁོང་གི་ནང་མིར་སེམས་གསོའི་ཆེད་དུ་གཤམ་གྱི་སྐད་ཆ་ཚིག་རེ་གཉིས་འདི་བཤད་པར་ཚེ་རིང་སྐྱིད་སོགས་ནང་མི་རྣམས་ཀྱི་ཐུགས་ལ་མི་ཕོག་པའི་རེ་བ་ཞུ།

    ཚེ་རིང་སྐྱིད་ནས་རང་སྲེག་གི་གནས་ཚུལ་འདི་དག་ངེད་ཚོའི་ནང་ནས་ཞིབ་ཕྲ་ཚ་ཤོས་དང་། རྒྱབ་མདུན་ལེགས་པར་མཁྱེན་པས། ད་རེས་གོ་སྐབས་བཟུང་ནས། ཚ་བོའི་སྲོག་ཤོར་བ་དེ་དོན་ཡོད་དུ་གྱུར་ནས། གཏམ་དཔེར་རྐྱེན་ངན་ལམ་དུ་ལེན་ཟེར་བ་ལྟར། ཚང་མར་མ་འོངས་པ་ན་འདི་ལྟར་མི་བྱེད་པའི་ཁ་སྐོན་ཞིག་ཅི་ནས་གནོངས་རོགས། ཁྱེད་ཀྱི་ཉམས་མྱོང་སྟེང་ནས་བཤད་ན་འཚམ་པོ་རེད། ཁྱེད་ཀྱི་ད་དུང་བཙན་བྱོལ་བོད་གཞུང་སོགས་ལ་སྙན་ཞུ་བཏང་ནས། རང་སྲེག་འཚམ་འཇོག་ཡོང་བར་སྐུལ་མ་བྱེད་པའི་རེ་འདུན་འདོན་རོགས། ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་བཞིན་རྒྱལ་བ་ཀརྨ་པ་དང་། ས་སྐྱ་ཁྲི་འཛིན་སོགས་ནས་མི་མང་ལ་སློབ་གསོ་བརྒྱབ་ནས་འདི་ལྟར་མ་བྱེད་པའི་ལས་འགུལ་སྤེལ་ན་ཤིན་དུ་ནས་སྔ་དྲག་མ་སོང་།

    གོང་ས་མཆོག་གིས་གསུངས་མ་ཐུབ་པ་འདི་ང་ཚོས་ཤེས་ཀྱི་འདུག། གོང་ས་མཆོག་གིས་འཚམ་འཇོག་བྱོས་གསུངས་ན། རྒྱ་མིས་འདི་བོད་དོན་ལ་རྒོལ་བའི་ཆབ་སྲིད་ཀྱི་བྲོ་གར་ཞིག་ཁྲབ་ནས། གསོན་འདས་གཉིས་པོར་གནོད་པ་ཆེ་བ་ཡོང་བ་ཤེས་ཀྱི་འདུག

    ཚེ་རིང་སྐྱིད་ཀྱིས་འགོ་ཁྲིད་ནས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ན། མ་འོངས་པ་ན་ང་ཚོས་ད་དུང་མི་མང་པོའི་སྲོག་སྐྱོབ་ཐུབ་ཀྱི་རེད། ཅི་ནས་དགོངས་པ་བཞེས་པར་ཞུ། ང་ཚོའི་མདུན་དུ་སྲོག་ཤོར་མཁན་དེ་ཚོ་མང་ཆེ་བ་ཕྲུ་གུ་རེད། ང་ཚོ་རྒན་པས་ཁོང་ཚོའི་མདུན་ལམ་ལ་བསམ་བློ་གཏོང་དགོས། ངེས་པར་དུ་གཏོང་དགོས།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-01-13 at 1:09 am

    ཚེ་རིང་སྐྱིད་ལགས་ཀྱི་སྙིང་ཉེ་བའི་ཚ་བོས་བོད་བསྟན་པ་ཆབ་སྲིད་ཀྱི་་ཆེད་དུ་རང་ལུས་མེར་བསྲེགས་ནས་འདས་གྲོངས་སུ་སོང་བར་ཤིནད་ཏུ་ནས་ཡིད་སྐྱོ་བའི་གནས་སུ་མཐོང་བས། རྒྱལ་གཅེས་དཔའ་བོ་ན་གཞོན་ཚེ་བྷེ་ལགས་ལ་མྱ་ངན་གུས་དུད་དང་། སླར་ཡང་དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།
    སྤྱི་ལོ་ ༢༠༡༣ ལོའི་རང་ལུས་རང་མེར་སྲེག་དང་པོ་དེ་ཡིན་པ་ལྟར། ཐ་མ་དེ་དང་ཡིན་པར་ཤོག ད་ནས་བཟུང་ཞི་བའི་ངོ་རྒོལ་གྱི་ཐབས་ལམ་གཞན་ཅིག་བཙལ་ནས། བོད་གཞིས་བྱེས་གཉིས་ནས་རང་ལུས་མེར་དེ་སྲེག་མཚམས་འཇོག་ཡོང་བའི་རེ་སྐུལ་ཡང་ཞུའོ། །

  15. ཅོག་རོང་གི་མྱི། says:
    2013-01-13 at 1:34 am

    ཡུལ་ཁ་བ་ཅན་གྱི་ས་ཆ་ན།
    བོད་མགོ་ནག་མང་པོ་མེ་རུ་བསྲེགས།
    ཡིད་སྐྱོ་ནས་བཟོད་གླག་མེད་ན་ཡང་།
    འདི་བྱུང་བའི་རྒྱུ་ལ་ཡང་ཡང་བསམ།

    རྒྱ་ནག་པོ་བྲག་རྒན་འགྱིངས་བ་དེར།
    བོད་ཉམ་ཆུང་སྒོ་ང་འཕངས་བ་བཞིན།
    འདི་ཐེངས་འགར་འཕངས་ན་རྒྱ་ཡི་སྐྱོན།
    འདི་ཡང་ཡང་འཕངས་ན་རང་གི་སྐྱོན།

    གནས་བཙན་བྱོལ་ཡུལ་གྱི་བོད་མི་ཚོས།
    དཔའ་བོ་མོར་མ་བསྐུལ་མ་བསྒྲོག་རོགས།
    འབུ་མེ་ཁྱེར་མེ་ལ་ཡང་ཡང་མཆོངས།
    དེར་དཔའ་བོ་ཟེར་བ་ཡོད་རེ་རྐན།

    ལྟས་ངན་པ་བཟང་དུ་མ་བལྟ་བར།
    དུས་རྒྱུན་ཏུ་རང་གི་ཁ་ལ་ལྟོས།
    སྡུག་ཟེར་བ་རང་གི་མགོར་ཐོན་དུས།
    ཁ་གསེར་སྒོ་མ་རེད་སྟ་རེ་རེད།

    ཕ་རྒྱལ་བ་ཡིད་བཞིན་ནོར་བུ་དེས།
    བུ་གཞིས་གྱེས་མེད་པར་མཉམ་པར་གཟིགས།
    ཁྱེད་ཕ་མའི་བུ་ཕྲུག་བཞེས་མྱོང་བས།
    སྡུག་ཟེར་བ་འདི་ལས་ལྷག་པ་མེད།

    མགོ་སྒུར་ནས་རྒྱ་ལ་ཕྱག་འཚལ་རུང་།
    ལག་བསྲིངས་ནས་ཨ་རིར་སློང་ན་ཡང་།
    བོད་མགོ་ནག་མྱི་ཡི་ཚེ་སྲོག་འདི།
    ཁྱེད་སྲིད་དོན་གཏའ་མར་མ་འཇོག་རོགས།

    ཀྱེ་མ་ཧུད་གངས་ཅན་བོད་པ་ཚོ།
    ཕུགས་རེ་བ་ཕྱི་ལ་མ་བཅོལ་རོགས།
    མགོ་སྐྱོར་ནས་འཚོ་བ་རོལ་ཐབས་ཀྱིས།
    ཁ་བསྡམ་ནས་ཁོག་ལ་བློ་གྲོས་གསོག

    བོད་བདེ་སྡུག་བདེན་མཐའ་གསལ་ནུས་པའི།
    བུ་ཕོ་རབ་ཕྱི་ནང་ཀུན་ནའང་མེད།
    ཞེ་ཐག་པས་ཕ་མ་བུ་ཕྲུག་གཉོར།
    དེ་ཡན་གྱི་སྐྱབས་གནས་ཁྱེད་ལ་མེད།

  16. སྤོབས་པ་མཐའ་ཡས། says:
    2013-01-13 at 1:53 am

    ད་ཅང་ཟེར་མི་ཤེས་པ་ཞིག་རེད། འདི་ལྟར་བྱེད་མཁན་ཚོ་དཔའ་བོ་ནི་རེད། ཡིན་ན་ཡང་དཔའ་བོ་རེད་ཅེས་རྗོད་བསྡད་ན་ནི་སྐུལ་འདེད་བྱེད་ཀྱིན་ཡོད་པ་ལྟ་བུ་ཞིག་རེད། ཡག་པོ་མ་རེད་ལབ་ན་ནི་དེ་མ་ཡིན་པའི་ལམ་འདི་རེད་ཟེར་བའི་ཡག་པོ་ཞིག་སྟོན་དུ་མེད་དུས་ཅི་ཟེར་དགོས་ཀྱང་མི་ཤེས་པ་ཞིག་རེད། མ་འགྲིགས་པ་ཚང་མ་རྒྱ་དམར་གཞུང་གིས་བཟོས་པ་རེད། ང་ལྟ་བུར་མི་རྩ་ཚང་མཁན་ཚང་མར་འདིའི་ཐད་ལ་ཁ་གྲག་རྒྱུར་དཀའ་ངལ་ཡོད་པ་བཤད་མི་དགོས་པ་ཞིག་རེད། ཚེ་སྲོག་རྩ་བ་ཆེན་པོ་རེད་ཅེས་ལབ་ཁུལ་བྱེད་ཀྱིན་ཡོད་རེད་དེ་མི་ཕལ་ཆེ་བས་རྩ་བ་ཆེ་བའི་བྱས་རྗེས་ནི་གང་ཡང་འཇོག་ཐུབ་ཀྱིན་མེད་དུས་མ་ཤི་བ་ཙམ་གྱིས་རྩ་བ་ཆེ་འཇོག་རྒྱུ་ཡང་ཅང་མི་འདུག ད་མི་ཤེས། ངའི་བསམ་བློ་གཏོང་སྟངས་འདིས་ཅང་འགྲིགས་གི་མེད་པ་ཡིན་པ་འདྲ། རང་སྲེག་འདིས་ཅི་བྱེད་འདི་བྱེད་མེད་པ་ཞིག་བྱེད་ཡོང་གིས་འདུག མཚམས་མཚམས་ལ་ང་རང་ཉིད་ཀྱང་སྲེག་དགོས་གི་མེད་འགྲོ་ཡང་དྲན་གྱི་འདུག མ་སྲེག་ནས་རིན་ཐང་འདི་རེད་ཟེར་བ་ཞིག་མི་ཚེ་འདི་ལ་ཅང་མི་འདུག ངའི་གཡས་གཡོན་གྱི་ང་འདྲ་བ་ཕལ་མོ་ཆེ་ཡང་དེ་མཚུངས་རེད། ངོ་མ་ཡིན།

  17. བསང་ཆུ་འབྲུག་བྷེ། says:
    2013-01-13 at 5:26 am

    ནུ་མོ་ཚེ་རིང་སྐྱིད་དང་ནང་མི་ལྷན་རྒྱས་ལ་སྙིང་ནས་གདུང་སེམས་མཉམ་དུ་སྐྱེལ་ནས་ཡོད་ལ། ལྷག་པར་འདས་པོ་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ཀྱིས་བོད་གངས་ཅན་གྱི་ལོ་རྒྱུས་ཁྲོད་གསེར་ཡིག་གི་བྲིས་པའི་བྱས་རྗེས་འོད་དུ་འཚེར་བ་ཞིག་འཇོག་པར་ལུས་ངག་ཡིད་གསུམ་གྱིས་གུས་འདུད་དང་མྱ་ངན་རྗེས་དྲན་ཞུ།

  18. ལུང་རྟོགས། says:
    2013-01-13 at 6:02 am

    སྤོབས་པ་མཐའ་ཡས་ཀྱི་སྐད་ཆ་དེ་བདེན་པ་རེད། ཚེ་སྲོག་ལ་རིན་ཐང་ཡོད་མེད་ནི་མི་དེའི་བྱ་སྤྱོད་ཀྱི་སྟེང་ནས་འཇོག་དགོས་པ་རེད། ༧གོང་ས་མཆོག་ལ་སོགས་པ་ལྟ་བུ་སྤྱིར་འཛམ་གླིང་དགོས་སུ་རང་མི་རིགས་སོགས་ལ་ཕན་པ་བླ་མེད་སྒྲུབ་ཐུབ་མཁན་ཞིག་ཡིན་ན་ཚེ་སྲོག་ཧ་ཅང་རིན་ཐང་ཆེན་པོ་རེད་ལ། ཡུན་དུ་འཚོ་ཞིང་བཞུགས་དགོས་པ་རེད། སྤྱི་ཚོགས་ནང་ཕུང་དཀྲུག་སྣ་དགུ་སློངས་མཁན་གྱི་མི་ངན་ཞིག་ཡིན་ན་ཡུན་དུ་འཚོ་བ་ལས་མྱུར་དུ་ཤི་ན་སྤྱི་དགེར་གཉིས་ཀ་ལ་དེས་དགའ་ངེས་རེད། ཕན་གནོད་དེ་ཙམ་མེད་པའི་མི་བུ་དག་གི་འཆི་དང་གསོན་ནི་གང་གི་ཆེད་དུ་སྲོག་བཏང་བའི་བྱ་དངོས་དེའི་རིན་ཐང་ལ་བལྟ་དགོས་པ་རེད། མི་རིགས་དང་རིག་གཞུང་རང་དབང་སོགས་ཀྱི་ཆེད་དུ་སྲོག་བཏང་བ་ཡིན་ན་མི་འོས་པ་གང་ཡང་མ་རེད་ལ་དགའ་བ་སྒོམས་མ་ཐུབ་ཀྱང་སྡུག་བསྔལ་དེ་ཙམ་བྱེད་དགོས་དོན་ཡོད་པ་མ་རེད། སྔ་འཕྱི་ཙམ་ལས་ཤི་དགོས་པ་ནི་དངོས་ཡོད་རེད་ལ་འདི་ལྟར་ཤི་བ་ནི་གཟི་བརྗིད་རེད། རྩྭ་ས་རྩོད་གླེང་ལྟ་བུ་དོན་ཆུང་ཞིག་གི་ཆེད་དུ་ཤི་བ་ཡིན་ན་ངོ་མ་ཚེ་སྲོག་འཕྲོ་བརླག་རེད། གང་ལྟར་ནང་མི་སྤུན་མཆེད་ཡོང་ལ་གདུང་སེམས་མཉམ་སྐྱེད་ཡོད།

  19. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2013-01-13 at 6:52 am

    ཨ་ཅེ་ཞིག་གི་ཚ་བོ་ལ་བཅངས་པའི་བརྩེ་སེམས་དང་ཚ་བོས་མི་རིགས་ཀྱི་དོན་དུ་ཡོད་ཚད་རྒྱབ་ཏུ་བསྐྱུར་བའི་མཛད་འཕྲིན་འདིར་གཅིག་བལྟས་ཡོང་དུས་ཐོད་པའི་འོག་གི་མིག་ཟུང་གཉིས་པོ་དེ་སྔ་ས་ནས་མཆི་མས་བརླན་ཚར་འདུག གང་ལྟར་རྒྱལ་གཅེས་དཔའ་བོ་མཆོག་གི་རྣམ་ཤེས་རེ་རེ་སླར་ཡང་གངས་རི་ལྗོངས་སུ་ཐིམ་ནས་མགྱོགས་མྱུར་མི་ལུས་རིན་ཆེན་ཐོབ་པའི་སྨོན་འདུན་དང་ཁྱེད་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་
    མཛད་འཕྲིན་འདིར་གུས་འདུད་དང་ནང་མི་ལྷན་རྒྱས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།

  20. རྭ་རྒྱ་བློ་དབང་། says:
    2013-01-13 at 8:02 am

    དཔའ་བོའི་སྙིང་སྟོབས་ལ་མངོན་པར་བསྟོད་ཅིང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ། དེ་ཙམ་མ་གཏོགས་སྐད་ཆ་ཚར་སོང་།

  21. ཨ་ནུ་ཐང་བསོད་ནམས says:
    2013-01-13 at 10:31 am

    ཐུགས་རྗེ་ཆེ།

  22. ཨ་རིག་དགེ་མཐོང་གིས། says:
    2013-01-13 at 11:55 am

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་བསྒྲུབས་པས་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ནང་མི་ལ་གདུང་སེམས་མཉམ་སྐྱེད་ཡོད།

  23. འདྲེ་རྐང་ཐོ། says:
    2013-01-13 at 12:20 pm

    དཀོན་མཆོག་མཁྱེན་་་་མི་རིགས་ཀྱི་དཔའ་བོ་རེ་རེ་འདི་ལྟར་ཕེབས་འགྲོ་བར་བོད་རིགས་ཙམ་མ་ཟད་སེམས་ལྡན་མི་རིགས་གཞན་གྱིས་ཀྱང་གོ་ན་སྙིང་འདར་བ་་་་་མཐོང་ན་མིག་ཆུ་མི་ཤོར་མཁན་ཞིག་ཡོད་དམ།
    ཨ་ཅེ་ཀ་ཀ་ལགས་་་སེམས་སྡུག་མ་གནང་་་་ང་ཚོ་ཚང་མ་དཔའ་བོ་འདི་ཚོའི་རྒྱབ་ན་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་བཞིན་ཡོད་ལགས།

  24. རྔ་བ་གཉན་རྒོད་་་ says:
    2013-01-13 at 1:25 pm

    ཚེ་རིང་སྐྱིད་ལ་མྱ་ངན་ཞུ་་་ངའི་ཡང་རང་ལུས་མེ་བསྲེགས་འདི་མཚམས་བཞག་འགྲིག་གི་ལབ་མྱོང་་་རྒྱུ་འདི་ལྟ་བུ་ཡིན་ཡ་་ངའི་སྤུན་ཆུང་ཟིག་ལོ་སྔོན་མ་འདི་ལྟར་ཕེབས་སོང་ཡ་་་་་རང་སྟེང་ལ་མ་བབ་མཁན་དག་ནས་ཁ་ལས་གང་ཡང་མི་ཤེས་ཡ་་་་་་བོད་ཁ་བའི་ཕོ་རྒོད་སྟག་འདྲ་ཟིག་་་བོད་བསྟན་སྲིད་ཆེད་བུད་སོང་ཐ་་་ཚེ་རིང་རྒྱུའི་བུ་མོ་ཚེ་རིང་སྐྱིད་་སེམས་གཏིང་ནས་ཁྱེད་དང་མཉམ་དུ་ཡོད་་་་་སྐྱིད་ཉི་མ་སེར་པོ་འཆར་ཉིན་ཟིག་་བོད་ཁ་བའི་དོན་གྱི་ཚེ་སྲོག་དེ་་་བོད་སྐྱེ་བོ་ཀུན་གྱི་ཤེས་ནས་རེ་་་གསེར་སེར་པའི་ཐང་ག་འབྲི་ནི་རེད་་་་བོད་རྒྱལ་ལོ་་་

  25. ཀླུ་སྨྱོན། says:
    2013-01-13 at 4:31 pm

    ངས་ནི་དང་པོར་མེར་སྲེག་ལས་འགུལ་འདིར། །
    སྟག་མོ་ལུས་སྦྱིན་དཔེར་དྲངས་བསྟོད་གླུ་བླངས།
    བར་དུ་གྲུབ་འབྲས་མ་མཐོང་དོགས་པ་ཟོས། །
    མཐའ་མར་མང་ཐག་ཆོད་ནས་དགག་པ་བྱས། །

  26. ཀརྡོ་གཉེར་ཕྱག་པ་ says:
    2013-01-14 at 2:55 am

    ངས་ཀྱང་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློར་ཡང་ཀླུ་སྨྱོན་གྱི་མཆན་བུ་༢༥ལྟར་རང་བོད་མི་རིགས་ཅིག་ཡིན་པའི་ཆ་ནས་དང་ཐོག་སྤོབས་དང་བཅས་རང་འདྲིས་ཀུན་ལ་སྤོབས་པ་ཆེན་པོས་མང་དག་ཅིག་བསྒྲགས་ཀྱང་། ཕྱིས་སུ་རྒྱ་ཡི་གདུག་རྩུབ་ཆེ་དྲགས་དུས། རང་སྲེག་འདི་ནི་རྒྱ་གཞུང་གི་མི་ངན་ལ་གནོད་ཚབ་ལས། རང་རིགས་སྤུན་ཟླར་གོ་ཆག་མང་བ་ཅིག་མཐོང་སོང་ཡང་་་་་་ ད་ཤོད་ཚོད་མི་ཐིག་གོ །

  27. རིག་པའི་བུ says:
    2013-01-14 at 5:47 am

    རང་ལུས་མཆོད་སྦྱིན་གྱིས་ནུས་བ་མི་ཐོན་པ་མ་ཡིན་པ་ཐོན་དང་ཐོན་བཞིན་ཡོད། དེས་ནུས་བ་མི་ཐོན་བསམ་མཁན་དག་ནི་འཐབ་རྩོད་ཀྱི་ལམ་ཁར་རྨོངས་བའི་སྐྱོན་དུ་ཁུམས།

  28. ལྷ་ཆབ། says:
    2013-01-14 at 6:09 am

    ཨ་མའི་སེམས་ཀྱི་ཞིང་ནས་བཏབ་པའི་དུང་སེམས་སྨོན་ལམ་མཐུ་བོ་ཆེ།།
    སྙིང་གི་ནོར་བུ་ས་མཐར་འཁྱར་བའི་སྡུག་གི་རྨི་ལམ་བརྩེགས་མ་སྟེ།།
    སྐྱོ་བའི་གདུང་དབྱངས་ལྷ་ལ་ཕུལ་ཏེ་མཁའ་འགྲོ་སྟོང་ལ་རེ་བ་ནི།།
    མ་དག་འགྲོ་བའི་སེམས་ཉིད་ལགས་ཏེ་བདེན་པའི་མགོ་བོ་ས་ལ་ལྷུང་།།
    ཁ་བ་འདུས་པའི་གངས་ཀྱི་རི་ནས་བདག་གི་ཨ་མའི་དངུལ་ཆུ་བཞུར།།
    ཅ་ཅོའི་ཆུ་ཕྲན་སྟོང་ཕྲག་འདུས་པའི་ཡར་ཀླུང་གཙང་བོ་རྒྱང་དུ་བཀྱེད།།
    མ་ཕམ་གཡུ་མཚོའི་དུངས་པ་འཁུར་བའི་སྤྲིན་པ་ལྷོ་ཡི་ཕྱོགས་སུ་མཆེད།།
    ཀྱེ་མ་མི་རྟག་སྐད་ཅིག་ཐམས་ཅད་བདག་གི་རྒྱུ་ལུས་འགོངས་པའི་ཟླ།།
    སྔོན་ཚེ་མེས་པོའི་བླ་མཁར་མཐོ་བོ་སྤྲིན་པའི་བང་རིམ་རེ་རེར་ཟུག།
    ཨ་མའི་མི་འཇིགས་དགོད་སྒྲ་དྭངས་མོ་ལྷ་དང་ལྷ་མོའི་སྒྱུ་འཕྲུལ་ཉིད།།
    གདོན་དང་འབྱུང་བོའི་དབང་རྩ་དཀྲུག་པའི་དེང་གི་ཨར་འདམ་གྲོང་ཁྱེར་འདི།།
    སུས་ཀྱང་མི་ཐེག་སུ་ཡིས་མི་ལེན་སྡུག་གི་འཁུར་བོ་ཡིན་སོང་ལོ།།
    ལྷ་ལ་དད་པས་ལྷ་ཡིས་མ་བསྐྱབས་གདོན་འདྲེ་གསོལ་བའི་དུས་ཤིག་ཤར།།
    གདོན་དང་འབྱུང་བོ་མཉམ་དུ་ལང་ནས་འཇིག་རྟེན་ཐམས་ཅད་གཤེད་ཀྱིས་བཟུང་།།
    བདག་གི་མེས་པོའི་དུར་ས་སྔོག་ཚེ་བཙན་པོ་སྟོང་གི་ཁ་ཆེམས་ཡོད།།
    མ་འོངས་གངས་ཀྱི་རྒྱལ་ཁམས་འདོད་ན་ཚང་མ་གཤར་ནས་དེ་ལ་འགྲོ།།
    སྡར་མའི་དཔུང་ལ་སྙིང་སྟོབས་ངོམས་པའི་བདག་གི་དཔའ་བོ་དཔའ་མོའི་ཚོགས།།
    མདའ་དང་མདེའུ་རེ་རེ་འཁུར་ནས་ཕྱིར་འོང་མེད་པའི་ཡུལ་དུ་ཆས།།
    ཁྱོད་ཚོའི་རྣམ་ཤེས་དཔང་བོར་བཞུགས་ཤིག་ཐག་གཅོད་ནན་མོའི་ངག་ཅིག་ཁྲོལ།།
    རང་བཙན་གཙང་མ་དགོས་དང་མི་དགོས་དེ་རིང་བདག་གིས་ཤེས་ན་འདོད།།
    ན་ནིང་བཏབ་པའི་ཁྲག་གི་རྒྱ་ཁྲམ་ད་དུང་བོད་པའི་གདོང་ན་ཡོད།།
    མདའ་དང་མདུང་གི་སྣེ་མོ་ཡོད་ན་དེ་རིང་དགྲ་བོའི་ཕྱོགས་ལ་གཏོད།།
    ཕུ་ནུ་ཤི་བའི་བེམ་པོའི་མཁར་ཞིག་ན་ནིང་གངས་རིའི་ལྗོངས་ནས་བརྩིགས།།
    བསད་པའི་རོ་ལ་འཁྱོག་བརྗོད་གསར་འགྱུར་དེ་རིང་ནག་པོ་དགྱ་ཡིས་བྱེད།།
    མཐུ་རྩལ་ཅན་གྱི་ལྷ་ཞིག་ཡོད་ན་དེ་རིང་དགྲ་ངོ་ཟློག་ཏུ་ཤོག།
    སྙིང་སྟོབས་ཅན་གྱི་དཔའ་བོ་ཡོད་ན་དེ་རིང་དགྲ་མགོ་གནོན་དུ་ཤོག།
    རྣམ་དཔྱོད་ཅན་གྱི་མཁས་པ་ཡོད་ན་དེ་རིང་དགྲ་ཁ་གཅོད་དུ་ཤོག།
    དེ་རིང་མེད་ཚེ་སང་ཉིན་མི་ཐུབ་དགྲ་བོའི་མངའ་ཐང་རྒྱས་ནས་ཡོད།།
    ཟུངས་ཁྲག་དྲོན་མོ་འཇིབ་པའི་མ་ཚད་རུས་རྐང་དྭངས་མོ་དབྲལ་སོང་ལོ།།
    བླ་དང་སྲོག་ཁམས་བཅད་པའི་མ་ཚད་རིགས་དང་རུས་རྒྱུད་བཅོམ་སོང་ལོ།།
    འདུག་ཚོད་མིན་པའི་དུས་སྐབས་འདི་ལ་ཞི་བའི་གྲོས་མོལ་མི་ཡོང་སྟེ།།
    དམག་འཐབ་མེད་ཀྱང་ཁ་འཐབ་དྲག་པོས་འཛམ་གླིང་དཀྲུག་པའི་དུས་ལ་བབ།།
    ཐང་གི་རྒྱལ་བོ་ཁྲང་ཨན་ཁྲི་ལས་ལན་གཅིག་ཕབ་པའི་དུས་ཀྱང་ཡོད།།
    ལྕགས་རི་རིང་མོའི་མཁར་ཞིག་བརྩིགས་པ་ང་ཚོར་གཟས་པ་ལོས་ཀྱང་ཡིན།།
    གཉའ་བ་དམའ་དུས་ཉེས་བཅོས་བྱས་མེད་ལས་འབྲས་འཁོར་དོན་ང་ཚོར་མེད།།
    ད་ནི་སྡུག་གི་མགོ་བོ་ཁྱོགས་ཤིག་རྒྱལ་ཁའི་དུས་ཚོད་མཉམ་དུ་བསུ།།
    དམར་བོའི་ཁྲིམས་ཀྱིས་མགོ་བོ་བརྡུངས་སོང་ཀླད་པ་དམར་ནག་ཁྲག་ལ་བསྒྲེས།།
    ཏང་གི་གཉའ་ཤིང་བུ་གར་ཚུད་པའི་རང་རིགས་རུས་སྦལ་མགོ་འཁོར་བཞིན།།
    དགྲ་ལ་འཐབ་པའི་ལོ་རྒྱུས་མེད་པར་ནང་དམེའི་སོ་སྒྲ་སྐག་སྐག་འདི།།
    འོས་དང་མི་འོས་ཉལ་ལག་བྲང་གིས་དཔྱོད་པར་མཛོད་ཅིག་གདོང་དམར་བ།།
    བྱང་ཆུབ་སེམས་ཀྱི་བདེན་པ་སྤྱད་ཀྱང་དགྲ་བོའི་ངོ་སོ་མི་ལོན་ལོ།།
    གཉིས་ཕན་གྲོས་ཀྱིས་ཁ་བཏགས་འཐེན་ཀྱང་དགྲ་བོས་ལགས་སོ་མི་ཟེར་ལོ།།
    མི་འདོད་བྱ་བར་ལན་བརྒྱར་སྐུལ་ཡང་འབྲས་མེད་ངལ་བ་འབའ་ཞིག་སྟེ།།
    དགྲ་ལ་དགྲ་བོའི་འདུ་ཤེས་བཅངས་ནས་དུས་ལ་བབ་པའི་འཐབ་རྩོད་མཁོ།།
    བསད་པའི་ལན་དུ་གསོད་པའི་ལམ་ནི་དྲང་དང་བདེན་པའི་ཚངས་ཐིག་ཡིན།།
    དགྲ་བོས་རྔ་བོ་ཇི་ལྟར་བརྡུང་ན་ང་ཚོས་བྲོ་ཡང་དེ་ལྟར་འཁྲབ།།
    དགྱ་བོད་གཉིས་ཀྱི་ཤ་འཁོན་འདི་ནི་མི་ལོ་སྟོང་ལ་འཛད་མེད་དེ།།
    ཕ་མེས་དུར་ནས་ང་ཚོར་བལྟས་ཡོད་ང་ཚོས་ཞབས་འདྲེན་ཞུ་སྲོལ་མེད།།

  29. ལྷ་ཆབ། says:
    2013-01-14 at 6:09 am

    ཁྱེད་ལ་གདུང་སེམས་མཉམ་སྐྱེད་དང་བཅད་བཅས་སྙན་ཚིག་འདི་ཕུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme