Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རིག་གཞུང་གི་རིན་ཐང༌།

Posted on 2009-08-192009-08-19 By བེ་རི་འཇིགས་མེད 2 Comments on བོད་ཀྱི་རིག་གཞུང་གི་རིན་ཐང༌།

བེ་རི་འཇིགས་མེད།

གཅིག

གསུང་གི་དབང་ཕྱུག་གངས་རིའི་མཚར་སྡུག་ཅན།།

ཚངས་སྲས་སྒེག་མོའི་མགྲིན་པ་ལ་འཁྱུད་དེ།།

གངས་ཅན་བཅུ་ཕྲག་གཙུག་ལག་རིག་གཞུང་གི།

རིན་ཐང་མཚོན་པའི་རྒྱུད་མངས་ཅུང་ཟད་འཁྲོལ།།

སྐོར་གསུམ་སྒང་དྲུག་རུ་བཞིའི་འཛིན་མའི་ཁྱོན།།

མཚན་ལྡན་བརྡའ་སྤྲོད་སྐད་དང་ཨཀྵ་རའི།།

དཀར་གཙང་དར་ཡུག་གཅིག་གིས་ཁྱབ་པ་འདི།།

བྷོ་ཊའི་སྐད་ཡིག་རིག་པའི་རིན་ཐང་ཡིན།།

རྣམ་དག་ཐར་པ་སྒྲུབ་པའི་ལམ་བཟང་འབུམ།།

ཝ་ལེར་གསལ་བའི་མདོ་སྔགས་ཆོས་ཚུལ་ཀུན།།

སྟོན་པ་གཅིག་ལས་ཆད་པའི་གྲུབ་མཐའི་སྲོལ།།

བྷོ་ཊའི་ནང་ཆོས་རིག་པའི་རིན་ཐང་ཡིན།།

རྣམ་དཔྱོད་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།།

རྩོད་ངག་སྤྲིན་གྱི་སྒྲ་བརྒྱ་དགོད་པ་ལས།།

ཕས་རྒོལ་ལོག་རྟོག་བྲག་རི་འཇོམས་པའི་འཕྲུལ།།

བྷོ་ཊའི་གཏན་ཚིགས་རིག་པའི་རིན་ཐང་ཡིན།།

རྒྱུད་བཞིའི་བརྡ་སྤྲོད་མན་ངག་ཨ་རུ་རའི།།

ཕྲེང་བའི་དོ་ཤལ་ཕྱང་པས་དུག་གསུམ་གྱི།།

བཞི་བརྒྱའི་ནད་རིམ་འཇོམས་པའི་ཐབས་ལམ་མཆོག།

བྷོ་ཊའི་གསོ་བ་རིག་པའི་རིན་ཐང་ཡིན།།

ཚངས་ཐིགས་དབྱིངས་སུ་བཏབ་པའི་བྲིས་འབུར་སྐུ།།

དཀྱིལ་འཁོར་ཚོན་རིས་ལྕགས་རྡོ་མགར་བའི་འཕྲུལ།།

བི་ཤྭ་ཀ་མའི་ཁེངས་པ་འཕྲོག་པ་འདི།།

བྷོ་ཊའི་བཟོ་རྩལ་རིག་པའི་རིན་ཐང་ཡིན།།

སྡེ་བཞི་འཕྲོས་དང་བཅས་པའི་གཟུགས་བརྙན་འབུམ།།

སྙན་ངག་རིས་སུ་ཤར་བའི་མེ་ལོང་ནི།།

དབྲ༣སྤྱའི་དགོངས་པའི་དབྱིངས་དང་འདྲེས་པ་འདི།།

བྷོ་ཊའི་སྙན་ཚིག་རིག་པའི་རིན་ཐང་ཡིན།།

མཐའ་དག་དངོས་པོའི་བྱེད་ལས་ནུས་ཤུགས་དང༌།།

འབྲེལ་བའི་མིང་གི་རྣམ་གྲངས་འབུམ་ཕྲག་བརྒྱ།།

ཚིག་གི་ཉམས་འགྱུར་བྲོ་བ་འདོན་པའི་ཚྭ།།

བྷོ་ཊའི་མངོན་བརྗོདརིག་པའི་རིན་ཐང་ཡིན།།

མ་འདྲེས་ཚིག་གི་གཅོད་མཚམས་ལེགས་པའི་ཕྲེང༌།།

རྗོད་བདེ་འགྱུར་ཁུག་འབུམ་གྱིས་མགྲིན་པར་བདེ།།

མ་ཟློས་ལྕི་ཡང་མཉམ་པའི་ཚིག་གི་སྦྱོར།།

བྷོ་ཊའི་སྡེབ་སྦྱོར་རིག་པའི་རིན་ཐང་ཡིན།།

གཟའ་སྐར་འཁོར་ཕྱོགས་འཁྱོག་པའི་གནམ་རུ་དབྱིབས།།

ངོ་མཚར་གྲངས་དང་ས་རིས་ཀྱིས་བཀང་སྟེ།།

འཁོར་འདས་ལྐོག་གྱུར་འབིགས་པའི་ཉག་ཕྲན་རྩལ།།

བྷོ་ཊའི་སྐར་རྩིས་རིག་པའི་རིན་ཐང་ཡིན།།

འདས་པའི་ལུགས་གཉིས་བྱུང་རིམ་ཟློས་པ་ཡི།།

ཉམས་དགུའི་གར་གྱི་སྟངས་སྟབས་བསྒྱུར་བ་ལས།།

དགའ་སྡུག་ཚོར་བའི་ཟིལ་ཆར་འཇོ་བའི་གཏེར།།

བྷོ་ཊའི་ཟློ་གར་རིག་པའི་རིན་ཐང་ཡིན།

གཉིས།

ཡབ་མེས་རྣམས་ཀྱིས་བཞག་པའི་གཅེས་ནོར་མཆོག།

མཐའ་འཁོབ་མུན་པ་སེལ་བའི་ཉི་ཟླའི་འོད།།

གཅོང་རོང་འདམ་ལས་འདྲེན་པའི་དཔྱང་ཐག་སྟེ།།

གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

སྲིད་འབྱོར་ཕུན་ཚོགས་བྱེ་བ་འབྱུང་བའི་སྒོ།།

རྣམ་དག་ཐར་པ་སྒྲུབ་པའི་ལམ་གྱི་གྲོགས།།

འཁོར་འདས་ལེགས་ཚོགས་ཀུན་གྱི་བྱེད་པོ་མཆོག།

གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

ལེགས་ཉེས་བླང་དོར་འཆར་བའི་མེ་ལོང་དང༌།།

དྲན་དབང་བློ་གསལ་དགྱེས་པའི་སྐྱེས་ཀྱི་མཆོག།

མཁས་གྲལ་འཛེག་པའི་གསེར་གྱི་ཐེམ་སྐས་ཏེ།།

གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

འབྱོར་དུས་རྐང་པའི་འོག་ཏུ་མི་རྒྱུ་ཞིང༌།།

རྒུད་ཚེ་རྒྱང་ནས་མཛུབ་ཀེར་མི་བྱེད་པར།།

ནམ་ཡང་བསླུ་མེད་ཕུལ་བྱུང་གྲོགས་ཀྱི་མཆོག།

གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

གསུམ།

འཇམ་མགོན་ཐོན་མི་དགྱེས་པའི་ཞལ་ཆབ་ཀྱི་བདུད་རྩི།།

གངས་ཅན་སྒྲ་རིག་རྒྱ་མཚོའི་ཆུ་རླབས་ཀྱི་རྒྱུན་དེས།།

འཛམ་གླིང་ཤར་ནུབ་དབྱིག་འཛིན་འགྲམ་པ་ཀུན་རློན་པས།།

སྔོན་མེད་དཔྱིད་དཔལ་གསར་བའི་དགའ་སྟོན་ཞིག་བསྐྲུན་འདུག།

འཕགས་བོད་མཁས་རྒུ་མཛེས་མའི་འགྲམ་ཆང་གིས་ཕྱེས་པའི།།

སྲིད་ཞིའི་ལེགས་ཚོགས་སྐྱེད་མའི་དགའ་ཚལ་གྱི་ཁྲོད་དུ།།

ཤར་ནུབ་ཛམྦུ་ནཱ་དའི་ཤེས་ལྡན་ཀྱི་བུང་བ།།

ལྷོ་རླུང་བསིལ་བས་བསྐུལ་བའི་སྟོན་སྤྲིན་བཞིན་འདུས་སོ།།

ཀྱེ་མ་འགའ་ཞིག་གཞན་ལུགས་སྐད་ཡིག་གིས་མཚོན་པའི།།

རིག་གཞུང་འབྲས་ཆང་འཐུང་བའི་དྲེགས་པ་ཡིས་མྱོས་ཏེ།།

རང་གི་རིག་གཞུང་ཟག་མེད་ཨ་མྲྀ་ཏའི་བགོ་སྐལ།།

མྱོང་བའི་དགའ་སྟོན་མ་ཐོབ་ཀྱེ་མ་ཧུད་འཕོངས་པ།།

ཀྱེ་མ་གངས་ཅན་རིག་པའི་གཞུང་ལུགས་ཀྱི་རིན་ཐང༌།།

མཐའ་གྲུ་རྒྱལ་ཁམས་རྣམས་སུ་གཏོང་ཕོད་རེ་ཆེ་ཡང༌།།

དེང་རབས་རིག་གཞུང་གསར་བའི་མེ་ཏོག་གི་ཕྲེང་བ།།

གཞན་ལས་ཉོ་སྒྲུབ་བྱེད་པའི་བློ་གསལ་དེ་དཀོན་པ།།

གངས་ཅན་གཙུག་ལག་རིག་པའི་རྒྱ་མཚོ་ཡི་རིན་ཐང༌།།

ཇི་བཞིན་རྗོད་ལ་དབྱངས་ཅན་མགྲིན་པ་ཡང་ངལ་ན།།

སྐྱེས་སྦྱངས་དམན་པའི་ཚུར་མཐོང་རྩོམ་བྲིས་པ་བདག་གིས།།

ཆུ་ཐིགས་ཙམ་ལས་རྗོད་པའི་སྤོབས་པ་དེ་མ་རྙེད།།

དེ་སྐད་བོད་ཀྱི་གཙུག་ལག་རིག་གཞུང་གི་རིན་ཐང༌།།

སྟོན་པའི་སྙན་འཇེབས་དྲི་ཟའི་ན་ཆུང་གི་གླུ་ཞིག།

ལྷོ་མཐའི་འདོད་རྒུ་གླིང་གི་གཏན་སློབ་ཀྱི་ཁང་དུ།།

སྤྲང་འཁྱམས་གཙུག་ལག་སྨྲ་བ་འཇིགས་མེད་པས་བྲིས་སོ།།

༡༩༩༤།༨།༡༦ ཉིན།

གསར་འགྱུར།

Post navigation

Previous Post: ང་ནི་བོད་པ་ཡིན་འགྲོ
Next Post: བརྗེད་གླུ་སྐྱོ་བའི་གཞི་མ།

Comments (2) on “བོད་ཀྱི་རིག་གཞུང་གི་རིན་ཐང༌།”

  1. ལྷ་རྟ་དཀར་པོ says:
    2009-08-19 at 6:23 am

    དྲ་བདག་ལགས།
    འཇིགས་མིད་ཀྱི་རྩམ་དེ་ལས་གཅིག་ཀློག་བསམ་ཡང་དྲ་ཐོག་ལ་འགོད་སྟངས་མ་འགྲིག་པའང་(format)ཚིག་གྱི་སྒྲིག་བཟོོ་ལ་ཁྱད་པ་ཡོད་པ་ཅི་ཡང་། ཀློག་དུས་ཡིག་གཟུགས་ཆེ་ཆུང་དང་མཐོ་སྨད་དབང་གིས་ཕྲ་ཆུང་མིག་གཉིས་ལ་རྩ་བ་ནས་བདེ་པོ་མི་འདུག། སྐུ་ཉིད་ནས་འགོད་སྟངས་ཐད་མིག་འཕྲུལ་སྟོན་རྒྱུ་ཡོད་ན་ཐེངས་གཅིག་སྟོན་པའི་དུས་ལ་འཁོར་བྱ།

  2. ལྷ་རྟ་དཀར་པོ says:
    2009-08-19 at 10:22 am

    དྲ་དཔོན་ལགས།
    ད་ཀློག་བདེ་དབང་འདུག་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme