Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

Posted on 2013-01-102013-01-10 By ཁ་བརྡ་ 22 Comments on ༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

ཀ་དག་ཀུན་བཟང་དགོངས་པ་ཟང་ཐལ་གདོད་མའི་མགོན་པོ་མི་ཡི་གཟུགས།།
ཁ་དོག་ཡེ་བྲལ་མཚན་མའི་མ་དམིགས་ལྷུན་གྲུབ་བདེ་བ་ཆེན་པོའི་མདངས།།
ག་ན་སྦྱོར་བའི་ཚོགས་རྗེའི་ཚོགས་བདག་འཇིགས་བྲལ་སེང་གེའི་ཟུར་ཕུད་ཅན།།
ང་ཅག་སྟོན་པ་མཚུངས་མེད་དཔལ་ལྡན་བདག་ཆེན་ལྷུན་པོ་རྒྱལ་གྱུར་ཅིག །

ཅ་ཅོའི་ངག་ཚིགས་དབྱིངས་སུ་དག་པ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད།།
ཇ་ཆང་ལོངས་སྤྱོད་འདོད་ཡོན་ལམ་ཁྱེར་ཐ་མལ་སྣང་བ་རིང་ནས་འགོག །
ཆ་སྤྱད་མཚར་དགུའི་སྤྲོས་པ་ཀུན་བྲལ་ཞི་བ་དུལ་བ་སེམས་དཔའི་གཙོ།།
ཉ་གང་ཟླ་བའི་དཀྱིལ་འཁོར་འཛིན་པ་ཕུན་ཚོགས་ཕོ་བྲང་ཞབས་བརྟན་གསོལ།།

ཏ་ཞིས་རྒྱ་མཚོའི་སྐྱེ་འགྲོ་ལས་ཅན་གདུལ་བྱའི་སྣོད་དུ་སྐལ་བ་བཟུང་།།
ཐ་དད་མི་འབྱེད་ཆོས་ཀྱི་བགོ་བཤའ་ཤེས་ལྡན་གང་ཟག་ཀུན་ལ་གདམས།།
ད་ལྟའི་དུས་སྙིགས་དུས་ཀྱི་འདྲེན་པ་བླ་མེད་ཐེག་ཆེན་སློབ་དཔོན་མཆོག །
ན་འཆིའི་ཟློས་གར་ཆུ་སྤྲིན་གཉེར་མའི་རི་མོ་དང་བྲལ་ཞབས་བརྟན་གསོལ།།

པ་ཏྲ་ལྟ་བུའི་ཀུན་རྟོག་ཀུན་བྲལ་བཞི་བཅོམ་དྲུག་ལྡན་སྲིད་ཞིར་འདས།
ཕ་རོལ་གཡེང་བའི་འདུ་འཛིའི་འཆིང་ཐག་ཐོབ་དང་གོ་སའི་གཡུལ་ལས་རྒྱལ།།
བ་ལང་རྫི་བོའི་ངང་ཚུལ་ཇི་བཞིན་ཆབ་སྲིད་ཆོས་པར་སྤྱན་ཆབ་ཉིལ།།
མ་ལུས་འགྲོ་ཀུན་བྱམས་བརྩེའི་སྐྱོང་བཞིན་ཉི་མའི་གཉེན་ཁྱེད་ཞབས་བརྟན་གསོལ།།

ཙ་ཀི་ལིའི་མཆོག་གསུམ་ལྡན་རྡོར་འཛིན་ཀྱཻ་རྡོར་རོལ་བའི་དབྱིངས་དང་མཉམ།།
ཚ་གྲང་མི་བཟད་སྡིག་སྒྲིབ་ཀུན་འཇོམས་ཀུན་རིག་ཐུགས་ཀྱི་ཆུ་རྒྱུན་བསིལ།།
ཛ་ཡའི་བསྟན་པ་གངས་རིའི་ལྗོངས་ནས་ནུབ་གླིང་ཡུལ་གྲུར་འདྲེན་མཛད་པ།།
ཝ་ཤིན་ཁྲོན་འདིར་ཆོས་ཀྱི་འོད་སྣང་སྡེ་ཚོགས་བསྐྲུན་མཁས་ཞབས་བརྟན་གསོལ།།

ཞ་ཉེའི་ལྕགས་བཞིན་ཡོན་ཏན་ཀུན་བསྡུད་ཡིད་བཞིན་དབང་རྒྱལ་ཆོས་ཀྱི་རྗེ།།
ཟ་མ་ཏོག་གི་མདོ་སོགས་གཉན་པོའི་གསང་རྒྱའི་དགོངས་དོན་ཐུགས་སུ་ཆུད།།
འ་ཅག་ལས་འཕྲོས་སྨོན་ལམ་དུས་སྨིན་ཁ་བའི་རྡུལ་བརྩེགས་དམུས་ལོང་དང་།།
ཡ་མཚན་ལྟ་སྤྱོད་ལོག་སྤྱོད་དམུ་རྒོད་མ་ལུས་འདུལ་ཁྱེད་ཞབས་བརྟན་གསོལ།།

ར་གན་གསེར་རྫུ་ཟོག་པོའི་གང་བའི་དུས་སྙིགས་རྒུད་པའི་མཐའ་འདི་ལ།།
ལ་ལུང་སྟོད་སྨད་བཤད་སྒྲུབ་འཛིན་མཁས་བླ་རུང་ཆོས་གྲྭ་ཆེན་མོ་ནས།།
ཤ་བེམ་ཚུལ་བཟུང་ཆོས་སྐུའི་སྟོན་པ་ཨཱ་བྷྱའི་ཐུགས་དང་དབྱེར་མེད་འདྲེས།།
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འདྲེན་པ་རྣམས་གཉིས་ཚེ་རབས་བསྙེན།།

ཧ་རི་ལྷ་ཡི་ལྗོན་པས་ཇི་བཞིན་ཁྱེད་བརྟེན་འགྲོ་རྒྱུན་རླན་པར་བྱེད།།
ཨ་མ་གཅིག་པུའི་བུ་ཕྲུག་ལྟ་བུར་ཉེ་རིང་མེད་པར་ཀུན་ལ་སྙོམས།།
ཧ་ཅང་དྭངས་བས་དད་ཕྱག་དང་བཅས་བདག་སེམས་སྤྲོ་བའི་ཞུ་འབོད་འདི།།
ཨ་དོན་སྐྱེ་མེད་རོལ་བའི་ཀློང་ནས་གསན་ཅིང་དགོངས་ཏེ་དགྱེས་བཞུགས་གསོལ།།

ཞེས་༠༡/༠༩/༡༣ལ་རྨོངས་རྒན་གྱི་ན་བ་སྤྲུལ་སྐུ་དབང་ཆེན་གྱིས་སྦྱར་བའོ།།

རྩོམ་རིག

Post navigation

Previous Post: རྒྱ་ནག་གི་གད་སྙིགས་ཁྲོད་ཀྱི་བོད།
Next Post: རླུང་གིས་འཁུར་བའི་ལོ་མ། བསོད་ནམས་ཟླ་བ།

Comments (22) on “༄༅། །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་ལྔ་བཞེས་པ་ལ་བརྟན་བཞུགས་གསོལ་འདེབས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 2:50 am

    སྐུ་པར་མཇལ་ཙམ་གྱིས། གོན་ཆེན་རིན་པོ་ཡིན་ས་རེད། ལགས་མ་རེད་པེ། ལགས།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 2:57 am

    མིག་ཤར་ཅིག་བྱས་རྗེས། ཨ་མ་གཅིག་པུའི་བུ་ཕྲུག་ལྟ་བུར་་་་ མ་ཡིན་པར། ཨ་མ་བུ་ཕྲུག་གཅིག་པའི་ལྟ་བུར་་་ཞེས་མི་དགོས་སམ། ང་རང་ལ་བོད་ཡིག་བོད་སྐད་ཀྱི་གཤིས་ལུགས་འདི་ངོས་འཛིན་ཤིནད་ཏུ་ཤེས་དཀའ་བས་དྭོགས་པ་ཤར་བྱུང་བས། ལན་འདེབས་གནོངས་གྲོགས་མཛོད་ཅིག་གུ

  3. བན་དེ་བ། says:
    2013-01-10 at 3:56 am

    ༼ཞ་ཉེའི་ལྕགས་བཞིན་ཡོན་ཏན་ཀུན་བསྡུད་ཡིད་བཞིན་དབང་རྒྱལ་ཆོས་ཀྱི་རྗེ།།༽
    ཞ་ཉེ་ནི་ལྕགས་མིན་ལ་དེ་ཡིས་ལྕགས་རིགས་གཞན་ཇི་ལྟར་འདྲེན་ནམ། དེ་རྡོ ཁབ་ལེན་ཀྱང་མིན་ལྕགས་ལེན་ཀྱང་མིན།

  4. གཡུ་འབྲུག་དཀར་པོ། says:
    2013-01-10 at 4:13 am

    ས་སྐྱའི་ལུགས་ལ་གསལ་བྱེད་སུམ་ཅུའི་གོ་རིམ་ལ་ཅ་ཇ་ཆ་ཉ་ཟེར་འདོན་པ་ཡིན་ནམ། ཧ་ཧ་ཧ་ཀུ་རེ་ཡིན། ཀར་རྡོ་ལགས། ཨ་མ་བུ་ཕྲུག་གཅིག་པའི་ལྟ་བུར་ཟེར་ན་ཡང་གོ་རྒྱུ་ཞིག་འདུག་གམ། དེ་བས་ཨ་མ་གཅིག་པའི་བུ་ཕྲུག་ལྟ་བུར་ཟེར་ན་གང་འདྲ་འདུག། བོད་སྐད་ལ་གང་འདྲ་ཡིན་མི་ཤེས་ངའི་ཡུལ་སྐད་དང་ནི་དེ་ལྟར་བྱས་ན་གོ་རྒྱུ་འདུག།

  5. བློ་བཟང་ says:
    2013-01-10 at 10:33 am

    གཡུ་འབྲུག་དཀར་པོ་ལགས་ཆོས་བརྒྱུད་རེ་ལ་གསལ་བྱེད་རེ་ཡོད་པ་རེད་བས། མ་གཞི་ཆོས་ལུགས་དང་ཆོལ་ཁའི་མིང་དོན་མེད་དུ་མ་ཁུར་ན་བཟང་ཧཧཧཧཧ་ང་གི་ཀྱང་ཀུ་རེ་ཡིན།

  6. སྤྲུལ་སྐུ་དབང་ཆེན། says:
    2013-01-10 at 10:59 am

    ཞ་ཉེའི་ལྕགས་ནི་རྡོ་ཁབ་ལེན་གྱི་མིང་གི་རྣམ་གྲངས་ཤིག་ཡིན་ཞན་ལྕགས་ཡང་ཟེར། རྡོ་ཁབ་ལེན་ནི་བྱེད་ལུས་ཀྱི་མིང་མིན་པར་བྱ་བས་ནུས་པའི་མིང་ཡིན་པ་ཤེས་པར་མཛོད།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 11:47 am

    ངས་ཟོལ་ཚོད་བྱས་ན། སྤྲུལ་སྐུས། ཨ་མ་གཅིག་པུའི་བུ་ཕྲུག་ལྟ་བུར་ཉེ་རིང་མེད་པར་ཀུན་ལ་སྙོམས།། ཨ་མས་བུ་གཅིག་པུ་ལ་བརྩེ་བ་ལྟར་ཀུན་ལ་ཉེ་རིང་མེད་པར་བྱང་སེམས་བཞིན་གསུངས་འདོད་པ་མ་རེད་པེ། ལགས། ༤༽ གཡུ་འབྲུག་དཀར་པོ་ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 11:54 am

    ཡང་ན་ཨ་མ་གཅིག་པུ་ཤིང་ནགས་སུ་ལུས་པ་དེ་ཡིས་བུ་ཚང་མར་སྙོམས་པར་བརྩེ་བ་ལབ་དགོས། ཡང་ན། ཨ་མས་རང་གི་བུ་གསུམ་ག་ཆ་སྙོམས་བརྩེ་བ་ལྟར་ལབ་དགོས་ལ་འདི་ནི། ཤེས་བྱ་མི་སྲིད་པའི་དཔེ་རེད་ལབ་ན་མི་འགྲིགས་པ་མིན་ནམ་སྙམ་ལགས།

  9. གཡུ་འབྲུག་དཀར་པོ། says:
    2013-01-10 at 12:16 pm

    ཀར་རྡོ་ལགས། བུ་གཅིག་ལས་མེད་ན་ཉེ་རིང་བྱེད་ས་གང་འདྲ་ཡོང་གི་རེད། དེ་ཡིན་དུས་ཨ་མ་གཅིག་པའི་བུ་ཕྲུག་ཟེར་ན་ཨ་མ་གཅིག་ལ་བུ་ཕྲུག་མང་པོ་ཡོད་ཅིང་ཨ་མས་བུ་ཕྲུག་ཀུན་ལ་ཉེ་རིང་མི་བྱས་པ་ལྟར་ཟེར་ནས་གོ་དགོས་པ་འདྲ་སྙམ། ང་རང་གི་ཡུལ་ལ་དེ་འདྲའི་ལབ་སྲོལ་ཞིག་ཀྱང་ཡོད་རེད། རང་གི་མཛའ་བཤེས་སྙིང་ཉེ་པོ་ཚོ་ལ་ང་གཉིས་ཨ་མ་གཅིག་པའི་བུ་བཞིན་རེད་ཟེར་ལབ་སྲོལ་ཞིག་དང་། དགེ་རྒན་གྱིས་སློབ་མ་ཀུན་ལ་ཨ་མ་གཅིག་པའི་བུ་ཕྲུག་ལྟར་བྱམས་བརྩེ་གནང་གི་ཡོད་ཟེར་བ་སོགས་རེད། འབྲུག་པའི་སྐད་དུ་ཨའི་གཅིག་གི་ཨ་ལོ། ཨ་མ་ཐུར་ག་ཝག་ཙ། ཨ་མ་གཅིག་གི་བུ་ཚ། ཨ་མ་ཐེག་གི་ཨོང་ང་། དེ་འདྲ་ཟེར་རོ།
    ང་རང་གི་སེམས་ལ་གཅིག་པ་དང་གཅིག་པུ་གཉིས་ལ་ཁྱད་པར་ཞིག་མེད་དམ་སྙམ།

  10. ནུབ་ཕྱོགས་གངས་ཕྲུག་ says:
    2013-01-10 at 12:36 pm

    ཀ་དག་ཀུན་བཟང་གདོད་མའི་མགོན་པོ་ཞེས་པ་རྙིང་མའི་ཆོས་སྐད་རེད། ས་སྐྱ་དང་བཀའ་བརྒྱུད་དགེ་ལུགས་བཅས་ལ་རྡོ་རྗེ་འཆང་ཞེས་འབྲི་དགོས།

  11. རྒད་པོ། says:
    2013-01-10 at 1:27 pm

    བླ་མ་འདིའི་གསང་ཡུམ་ལ་དངོས་ནས་སེམས་གཏིང་ནས་མོས་པ་བསླེབས་བྱུང་། རིན་པོ་ཆེ་ཐོག་མ་ཨ་རིར་ཕེབས་དུས། འཚོ་རྟེན་ལ་དཀའ་ངལ་དང་། ལས་ཀ་རག་མིན་གྱི་དཀའ་ངལ་ལ་བརྟེན། བསྟན་པའི་བྱ་བ་མཛད་རྒྱུར་འཁོམས་པ་མེད་པའི་སྐབས། གསང་ཡུམ་ཁོ་རང་ལས་ཀར་ཕྱིན། ཉིན་མ་གཅིག་ལ་ལས་ཀ་གསུམ་ཙམ་ལ་ཕྱིན་ནས། རིན་པོ་ཆེ་དང་བུ་ཕྲུག་ཚོ་གསོས་པ་རེད་ཟེར། སྐད་ཆ་འདི་རིན་པོ་ཆེའི་ནང་མི་རྣམས་ཀྱི་གསུངས་བྱུང་། གསང་ཡུམ་གྱི་བཀའ་དྲིན་ལ་བརྟེན་ནས། རིན་པོ་ཆེ་ལས་ཀར་ཕེབས་མ་དགོས་པར་ཆོས་ཚོགས་བཙུགས་པ་དང་ཆོས་ཕྱོགས་ཀྱི་བྱ་བ་རྒྱུན་ཐུབ་ཡོད་ཟེར།

  12. སྤྲུལ་སྐུ་དབང་ཆེན། says:
    2013-01-10 at 7:43 pm

    རྒད་པོས་བཤད་པ་བདེན་སྲིད་ཀྱི་རེད། རིན་པོ་ཆེའི་བདག་མོའམ་མཁའ་འགྲོ་དེ་ཡ་རབས་སྤྱོད་བཟང་ཞིག་འདུག །དང་པོ་སྐྱབས་རྗེ་རིན་པོ་ཆེ་སྐུ་འཁོར་ཨ་རི་ལ་ཕེབས་དུས་སྐུ་ངལ་དག་ཙམ་མྱང་བ་རེ་ཐོས་བྱུང་། ཨ་རིའི་མི་སེར་གྱི་ཐོབ་ཐང་མ་རག་ནས་ཡང་སྐུ་ངལ་འཕྲད་པ་ཞིག་གོ་མྱོང་ཡོད།

  13. ཡར་ཁམས་ཁྲི་རྒྱལ། says:
    2013-01-10 at 8:09 pm

    བ་ལང་རྫི་བོའི་ངང་ཚུལ་ཇི་བཞིན་ཆབ་སྲིད་ཆོས་པར་སྤྱན་ཆབ་ཉིལ།། འདི་ནི་གོ་རྒྱུ་ཡོད་མཁན་དང་བཤད་འདོད་པའི་སྐད་ཆ་ཞིག་ཡིན་པ་འདྲ།།

  14. བན་དེ་བ། says:
    2013-01-10 at 9:15 pm

    བླ་མ་འདི་པ་བཟང་པོ་ཞིག་ཡིན་གཤིས་ཐོབ་གོ་གནས་ལ་མི་རྩོད་མཁན་ཞིག་གཏན་གཏན་རེད་འདུག དེ་མིན་སྐུ་དངོས་སུ་མཇལ་མ་མྱོང་བར་བརྟེན་སྐུ་བསྟོད་གསུང་བསྟོད་འདྲ་ནི་ཕུལ་ཤེས་མ་སོང

  15. བསྟན་འཛིན། says:
    2013-01-10 at 10:15 pm

    ཐོབ་དང་གོ་སར་མི་ལྟ་མཁན་མི་བུ་ཞིག་ཡོད་ན་དེར་ཆ་རྐྱེན་འགའ་མེད་ནས་ཡིན་པ་ལས་དེར་མི་དགའ་མཁན་བླ་སྤྲུལ་ཞིག་ཡོད་དོག་མེད། སྐྱབས་སུ་འཆི། ཁོང་སྔོན་མ་ཐེ་ཝན་བོད་སོག་ལས་ཁང་ས་ནས་མཐུན་སྦྱོར་མང་པོ་ལེན་མཁན་ཞིག་རེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 11:39 pm

    single son = བུ་གཅིག་པུ། same mother = ཨ་མ་གཅིག་པ།

  17. བན་དེ་བ། says:
    2013-01-11 at 1:56 am

    ཐེ་ཝེན་ནས་བླངས་མཁན་ད་མང་པོ་ཡོད། ཡིན་ནའང་མི་དཔུང་རྒྱུ་དཔུང་ཆེ་བ་དག་གིས་གང་བྱས་རེད།
    འཇིག་རྟེན་གྱི་གཏམ་དཔེར།
    ཕྱུག་པོས་འཁྲབ་ཚད། ཞབས་བྲོ་རེད།
    སྤྲང་པོས་འཁྲབ་ཚད། ཐལ་སློངས་རེད།
    ཅེས་བཤད་པ་རེད། མ་གཞི་ནས་ང་ལ་ནི་ཁོང་གིས་མཛད་པ་ཆ་རྒྱུས་མེད་པས། འདི་དང་འདི་ཞེས་བརྗོད་མི་ནུས་སོ།

  18. ནོར་བུ་ says:
    2013-01-11 at 5:44 pm

    ཕྱི་རྒྱལ་ཁག་ལ་ཡོད་པའིབོད་པའི་ཆོས་ཚོགས་སངས་རྒྱས་ཀྱི་གསུང་ཚོང་མཁན་
    རྣམས་དང་བོད་པའི་
    ཚོང་ཁང་སངས་རྒྱས་ཀྱི་སྐུ་ཚོང་མཁན་རྣམས་བར་མཁྱད་པར་གང་
    ཡོད་དམ་

  19. རྒད་པོ། says:
    2013-01-11 at 8:18 pm

    ད་ཞབས་བརྟན་འབུལ་ཡུལ་མང་བ། འབུལ་མཁན་ཉུང་བའི་དབང་དུ་སོང་ནས། ངས་འདིར་བསྟན་པའི་རྩ་ལག་རྣམས་ལ་ཞབས་བརྟན་རྣལ་མ་ཞིབ་འབུལ་གྱི་ཡིན། ཁྱེད་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག་ཨ།

    བོད་ཡིག་ཡག་པོ་ཤེས་ཀྱི་ཡོད་མ་རེད་ད། དག་ཆ་དཔེ་སྐྱོ་པོ་ཡིན་དུས། ནོར་འཁྲུལ་ཡོང་གི་རེད་ད། དམ་ཚིགས་སྲུང་ཤོག་ཨ། ངའི་རྗེས་ལ་ཁྱེད་ཚོས་ཀྱང་མུ་མཐུད་ཞབས་བརྟན་འབུལ་ཤོག་ཨ།

    ཨོ་ཨ་ཧུ། སྦིང་སྦིང་རིང་པོ་ཆེ་ལ་ཕྱག་འཚལ་ལོ།

    དབྱིན་མོའི་བདག་པོ་སྨྱོན་གཟུགས་དགྱེས་རྡོར་དང་། གསང་ངག་མདོ་མཇེ་འཛིན་པ་ཀླུ་སྨྱོན་ཞབས།

    རྫབ་ཆེན་འགྲོ་བའི་མགོན་པོ་དབང་ཆེན་མཇེ། འགྲོ་བའི་སྟོན་པ་གསུམ་ལ་ཞབས་བརྟན་འབུལ།

    ཨ་ནི་སྨྱོན་པའི་རྣམ་སྤྲུལ་ཨ་ཕྱི་ཆོས། ཁ་སྤྱོད་རྣ་སྤྱོད་ངར་མ་ནག་ཐར་སྐྱིད།
    ཞར་དང་ཞོར་ལ་སྨྱོ་བ་ཁ་བ་འཚོ། མཁའ་སྤྱོད་རྣ་སྤྱོད་གསུམ་ལ་ཞབས་བརྟན་འབུལ།

    བན་ལ་སྡང་བ་བན་དེ་བོན་རྒན་དང་། བོན་པོའི་མག་པ་Bonpoཅན།
    རིས་མེད་རྣ་མེད་རང་རིགས་སྡང་བའི་ཞབས། ཁ་བརྡའི་མཆན་པོ་རྣམས་ལ་ཞབས་བརྟན་འབུལ།

    དབུ་མའི་ཐུག་པ་དཀྲུག་མཁན་ཤར་ཁུག་དང་། རང་བཙན་གཞན་སྟོང་སྨྲ་བ་ཀླུ་ཁར་འབྱམས།
    སེམས་ཙམ་ལྟ་བའི་བདག་པོ་བསྟན་རྩོན་འགྲུས། ལྟ་བའི་མེས་པོ་གསུམ་ལ་ཞབས་བརྟན་འབུལ།

    ཁམས་གསུམ་འཕྲིན་ལས་རྒྱལ་པོ་སྐལ་ལྡན་མཇེ། འཛམ་གླིང་མཇེ་ཡི་བདག་མོ་ལི་ལི་སྦིང་།
    ཕ་རོལ་གསང་བ་འདོན་མཁས་དབྱངས་ནོར་མཇེ། གསང་བའི་བདག་པོ་གསུམ་ལ་ཞབས་བརྟན་འབུལ།

    ད་དུང་གཞན་སུ་ལྷག་འདུག ཧ་ཧ་

  20. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 1:12 am

    བསྟན་འཛིན་སྐྱེས་བུ་ཐམས་ཅད་༸སྐུ་ཁམས་བཟང་། །

  21. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 1:12 am

    ༇། །ཕུན་ཚོགས་ཕོ་བྲང་༸སྐུ་ཚེ་ཡུན་བརྟན་ཤོག །

  22. བྱི་ལ says:
    2013-01-12 at 5:13 am

    , བོད་གངས་ཅན་ལྗོངས་ལ་ཆོས་སྲིད་གང་གི་སྒོ་ནས་བཤད་ཀྱང་བཀའ་དྲིན་གྱི་བཞག་པ་ཆེ་བའི་དཔལ་ལྡན་ས་སྐྱ་མཁོན་གྱི་གདུང་ལས་སོན་པའི་སྐྱེས་བུ་ཆེན་པོ་ཁོང་ལ། དད་གུས་ཀྱིས་བསྟོད་ཚིག་འབུལ་འདོད་མེད་ནའང་། སྐུར་འདེབས་ཀྱི་ལས་ངན་མ་བསག་ན་འོས་ཆེ་བར་སེམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme