Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚངས་པ་རྒན་པོའི་བདེན་ཚིག

Posted on 2013-01-082013-01-08 By ཡེ་ཤེས་ 27 Comments on ཚངས་པ་རྒན་པོའི་བདེན་ཚིག

༄༅། །དཔལ་ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་དགུང་གྲངས་གྱ་ལྔ་བཞེས་པའི་དུས་སུ་ཕུལ་བའི་བརྟན་བཞུགས་གསོལ་འདེབས་ཚངས་པ་རྒན་པོའི་བདེན་ཚིག་ཅེས་བྱ་བ།
ཀླུ་སྨྱོན།
ཀ་དག་རྟེན་འབྱུང་ཟུང་དུ་འཇུག་པའི་མདོ་སྔགས་རིག་པའི་ལམ་བཟང་གིས། །
ཁ་བ་ཅན་ལྗོངས་མ་རིག་མུན་པ་སེལ་མཛད་དཔལ་ལྡན་ས་སྐྱའི་བསྟན། །
ག་ས་གང་དུ་ཐུགས་བསྐྱེད་འཕྲུལ་གྱིས་ཉི་འོད་བཞིན་དུ་སྤེལ་མཛད་པའི། །
ང་ཚོའི་བླ་མ་འཇིགས་བྲལ་བདག་ཆེན་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཅ་ཅོའི་འདུ་འཛི་དྲག་ཏུ་འཁྲིགས་པའི་ནུབ་གླིང་མུན་པའི་ནམ་མཁའ་རུ།
ཆ་རྫོགས་མཛད་འཕྲིན་ཟླ་བ་གཞོན་ནུ་བཅུ་ཕྲག་ལྔ་ལྷག་བརྒལ་བའི་ལོར། །
ཇ་ཡུན་ཙམ་ལའང་རྒྱལ་བསྟན་འབའ་ཞིག་ཐུགས་ལ་བརྣགས་པའི་བླ་མ་གང་། །
ཉ་རྒྱས་གསང་གསུམ་འོད་དཀར་འགྱེད་བཞིན་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཏྰ་ལའི་བླ་མའི་ཐུགས་རྗེའི་གྲིབ་བསིལ་གདུགས་དཀར་ས་གསུམ་འཁོར་བའི་ཚེ། །
ཐ་དད་འགྲོ་བའི་མགོན་པོ་ཁྱེད་ཀྱང་ཐུགས་བསྐྱེད་རྒྱ་མཚོའི་རླབས་བཞིན་དུ། །
ད་ལྟའི་སྙིགས་མ་ལྔ་རུ་བདོ་བའི་དུས་འདིར་བདག་སོགས་གདུལ་བྱའི་ཆེད། །
ན་རྒའི་ཚུལ་ཙམ་བཞེས་པ་མེད་པར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

པ་ར་མི་ཏའི་གཞུང་ལུགས་གྲུ་ཆར་ཐུགས་རྗེ་ཆུ་འཛིན་ཀློང་ནས་བསྙིལ། །
ཕ་མའི་རྒྱུད་སྡེ་དབང་ལུང་ཁྲིད་གསུམ་གདུལ་བྱའི་ཡིད་དང་འཚམ་པར་སྩོལ། །
བ་སོའི་མདངས་ལྡན་གངས་ཅན་ལྗོངས་ཀྱི་བསྟན་སྲིད་བདེ་བའི་ཐུགས་སྨོན་གྱིས། །
མ་ལུས་འགྲོ་བའི་མགོན་པོ་གཅིག་བུར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཙ་རི་ལ་སོགས་དཔའ་བོ་མཁའ་འགྲོའི་གནས་མཆོག་དུ་མའི་བྱིན་རླབས་རྒྱུན། །
ཚ་བས་བཞུས་པའི་གངས་ཆབ་ཅི་བཞིན་སྤྲུལ་པའི་ལྷ་ཁང་འདིར་བསྟིམས་ཏེ། །
ཛ་ཡའི་བསྟན་པ་ནུབ་ཀྱི་ཕྱོགས་སུ་རྫོགས་ལྡན་བཞིན་དུ་སྤེལ་མཛད་གང་། །
ཝ་ལེར་སྤྱི་གཙུག་བདེ་ཆེན་འཁོར་ལོར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཞ་ལོང་འོན་ལྐུགས་ཉམ་ཐག་འགྲོ་བ་ཐུགས་ཀྱིས་བུ་བཞིན་ལེགས་གཟིགས་ཏེ། །
ཟ་འཐུང་ཚུན་ཆད་སྦྱིན་པས་གྲོལ་མཛད་རྒྱལ་སྲས་བྱང་ཆུབ་སེམས་དཔའི་གར། །
འ་ཅག་མ་རིག་མུན་པར་འཁྱམས་ཏེ་མགོན་མེད་དུཿཁས་མནར་བའི་ཚོགས། །
ཡ་གའི་བདེ་ལྡན་ཞིང་དུ་འདྲེན་ཕྱིར་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ར་རིའི་དྲི་བྲལ་བདེ་སྟོང་ཐུགས་ནི་ཏིང་འཛིན་རྒྱ་མཚོའི་རྦ་རླབས་འཕྱུར། །
ལ་ལ་ཙམ་མིན་ཤེས་བྱའི་གནས་ལུགས་སྐད་ཅིག་གཅིག་ལ་རྗེན་པར་གཟིགས། །
ཤ་ཁྲག་གདོས་བཅས་མི་ཡི་ཟོལ་བསྟན་ཁྱབ་བདག་གདོད་མའི་མགོན་པོ་ཉིད། །
ས་སྟེང་རྒྱལ་བསྟན་བདག་པོར་བཞེངས་ཏེ་ཞབས་པད་སྲིད་མཐར་བརྟན་གྱུར་ཅིག །

ཧ་ཅང་བཀའ་དྲིན་འཁོར་ཐབས་བྲལ་བའི་གོང་མ་རྡོ་རྗེ་འཆང་ཆེན་ཉིད། །
ཨ་རིའི་ཡུལ་འདིར་སྐལ་བ་བཟང་པོས་མཇལ་ཏེ་མི་ལོ་བཅུ་ཕྲག་འཁོར། །
ཨ་མདོའི་སྤྲུལ་སྐུ་ཡེ་ཤེས་བདག་ཀྱང་དེང་ནས་གདོད་མའི་ས་ཐོབ་བར། །
ཧ་རིས་བཏེགས་པའི་རྡོ་རྗེའི་ཁྲི་ནས་བརྩེ་བའི་ཐུགས་ཀྱིས་མི་འདོར་ཤོག །
*བདག་ཆེན་རིན་པོ་ཆེ་འདི་བ་ནི་ས་སྐྱའི་ལོ་ངོ་དགུ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ས་སྐྱ་གོང་མ་སྐུ་ཚེ་རིང་ཤོས་དེ་ཡིན་ཞིང་། ཞིང་གཤེགས་གསེར་རྟའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་སྐྱེས་ཆེན་དུ་མས་རྩོད་མེད་དེང་དུས་ཀྱི་གྲུབ་པ་མཆོག་གི་སྐྱེས་བུ་ཞིག་ཏུ་ངོས་འཛིན་ཞུས་དང་ཞུ་བཞིན་པའོ།།

སྙན་ངག

Post navigation

Previous Post: ཟམ་གདོང་བླ་མས། ༼ཐོམ་བུ་བཟུང་ནས་ནགས་དང་སྟ་རེ་ཁྱེར་ནས་ཆུ་བཅུ་རུ་འགྲོ་གིན་འདུག༽ནག་ཐར་སྐྱིད།
Next Post: ཁེར་བཤད་ཐེངས་གཅིག

Comments (27) on “ཚངས་པ་རྒན་པོའི་བདེན་ཚིག”

  1. ཅོག་རོང་གི་མྱི། says:
    2013-01-08 at 10:12 pm

    ས་སྐྱ་བདག་ཉིད་ཆེན་པོར་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-08 at 10:30 pm

    བླ་མ་ཀླུ་སྨྱོན་སྐབས་འགར་དངོས་གནས་སྨྱོན་པའི་ཚུལ་བཟུང་སེམས་ལ་གང་དྲན་འབྲི།
    འོན་ཀྱང་ད་རེས་ཡ་རབས་ཚུལ་བཟུང་༧ས་སྐྱ་གོང་མ་རྡོ་རྗེ་འཆང་ཆེན་པོར།
    བརྟན་བཞུགས་གསོལ་འདེབས་ཀ་བཤད་དུ་བཀོད་ཚངས་པ་རྒན་པོའི་བདེན་ཚིག་ཅེས་བྱ་བ།
    ཡིད་འཕྲོག་ཀ་འཕྲེང་བྲིས་པའི་གཟི་བྱིན་འོད་འཕྲོས་བླ་མའི་བྱིན་རླབས་འགུག་ལ་བསྔགས།།

    མིང་ཚིག་འགའ་ལ་རྟོག་དཔྱོད་དགོས་པར་མཐོང་། ཏྰ་ལའི ཞེས་པ་ཧོར་ཚིག་ཡིན་པས། འ་ཆུང་ཏ་ཡི་འོག་ཏུ་མེད་པར་ཏ་ལའི་ཞེས་ཀྱང་ཆོག་གམ་སྙམ། པ་ར་མི་ཏའི་ ཞེས་པ་ལེགས་སྦྱར་ཚིག་སྟེ། དག་པར་འབྲི་ན། པཱ་ར་མི་ཏཱ་ ཞེས་དགོས་སོ། འཚམ་པར་སྩོལ་ ཞེས་པར་འཚམས་པར་དང་། འདི་བ་ནི་ ཞེས་པར་འདི་པ་ཞེས་པ་ང་ཡི་ཁ་སྐད་ལགས། རིགས་དང་མི་རིགས་གཞུང་དཔེར་གཟིགས་ལ་དཔྱད་དགོས་སོ།

  3. ངོ་ལུག says:
    2013-01-08 at 10:32 pm

    ས་སྐྱ་བདག་ཆེན་རིན་པོ་ཆེས་ད་ལོ་རྒྱལ་བའི་ཞབས་བརྟན་གྱེར་བཞིན་པའི་མཛད་འཕྲིན་དེ་གཡུ་ཐུབ་ནང་ནས་མཇལ་རྒྱུ་བྱུང་། རིན་པོ་ཆེས་གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་གྱུར་ཅིག་ཅེས་སྨོན་ཚིག་མཇུག་བསྡུ་བའི་སྐབས་སུ་གསུངས་འདར་ཤུམ་དང་བཅས་སྤྱན་རྩ་རླན་པ་མཐོང་དུས་ང་མིག་ཆུ་ཤོར་སོང་། ཅི་འདྲའི་བླ་མ་བཟང་པོ་ཞིག་རེད་ཨ། སྐུ་ཚེ་རིང་པོར་བཞུགས་པར་ཤོག འདི་ནི་ངས་ཀ་ཕྲེང་ཐོག་ནས་བརྩམས་པའི་ཞབས་བརྟན་མཐོང་བ་དང་པོ་དེ་ཡིན་ས་རེད། རང་ཉིད་ཐོས་པ་ཉུང་བས་ལན། དཔེ་སྙན་པོ་འདུག

  4. ཀརྡོ་གཉེར་ཕྱག་པ་ says:
    2013-01-09 at 1:18 am

    ་་་་ཨ་རིའི་ཡུལ་འདིར་སྐལ་བ་བཟང་པོས་མཇལ་ཏེ་མི་ལོ་བཅུ་ཕྲག་འཁོར། །
    ཨ་མདོའི་སྤྲུལ་སྐུ་ཡེ་ཤེས་བདག་ཀྱང་དེང་ནས་གདོད་མའི་ས་ཐོབ་བར། །
    ཧ་རིས་བཏེགས་པའི་རྡོ་རྗེའི་ཁྲི་ནས་བརྩེ་བའི་ཐུགས་ཀྱིས་མི་འདོར་ཤོག །
    *བདག་ཆེན་རིན་པོ་ཆེ་འདི་བ་ནི་ས་སྐྱའི་ལོ་ངོ་དགུ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ས་སྐྱ་གོང་མ་སྐུ་ཚེ་རིང་ཤོས་དེ་ཡིན་ཞིང་། ཞིང་གཤེགས་གསེར་རྟའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་སྐྱེས་ཆེན་དུ་མས་རྩོད་མེད་དེང་དུས་ཀྱི་གྲུབ་པ་མཆོག་གི་སྐྱེས་བུ་ཞིག་ཏུ་ངོས་འཛིན་ཞུས་དང་ཞུ་བཞིན་པའོ།། །།་་་་་་་ཟེར།

  5. ཟུར་གནས། says:
    2013-01-09 at 1:21 am

    ཀ་བཤད་ཀྱི་བརྟན་ཞུགས་འདི་སྙན་པོ་དང་གོ་བདེ་པོ་འདུག། རྗེས་སུ་ཡི་རངས་དང་སྨོན་ལམ་དེ་ལྟར་གྲུབ་གྱུར་ཅིག

  6. སྤོབས་པ་མཐའ་ཡས། says:
    2013-01-09 at 2:01 am

    འདི་ཚང་ཨ་བྱང་ཨ་མེ་རི་ཁར་བཞུགས་གདན་འཇགས་བཞག་པ་དེས་ཅིག་འགྲིགས་མི་འདུག རབ་ན་བོད་ལ་ཕེབས་ནས་གདན་ས་སྐྱོང་ཐུབ་པ་ཞིག་གམ་མ་མཐའ་ཡང་རྒྱ་བལ་གང་རུང་ཞིག་ཏུ་དགོན་པ་རེ་བཏབ་ནས་བཞུགས་ན་གདུལ་བྱ་དར་སྟངས་དེ་འདྲ་གི་མ་རེད་བསམ། ས་སྐྱ་གོང་མ་འདི་གོ་ཐོབ་མཐོ་དོན་ནི་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ལས་བྱུང་བ་ཞིག་ཡིན་དུས་བརྩི་བཀུར་གྱི་མགོ་བོད་ཀྱི་སྤྱི་ཚོགས་ནས་ཚུགས་དགོས་རེད། ཨ་མེ་རི་ཁ་ན་ས་སྐྱ་གོང་མ་ཡིན་ནས་དམིགས་བསལ་ཞེད་པོ་ཞིག་བརྩི་མཁན་འདྲ་མེད་པ་རེད། བཟང་ངན་ནི་ང་ལ་གླེང་རྒྱུ་ཅི་ཡང་མེད། ཀླུ་སྨྱོན་རང་གིས་ཀྱང་སྲོལ་རྒྱུན་བསྟོད་རྩོམ་གྱིས་སྲོལ་བསྐྱངས་ནས་སྐུ་གསུང་ཐུགས་གསུམ་དང་། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་གཟུངས་སྔགས་འདྲ་བོ་མང་པོ་ཞིག་གིས་བསྟད་བསྟད་ནས་མཇུག་དྲིལ་དུས་གསེར་རྟའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་ཡར་བཀྱག་བཞག་པ་དེ་ཙམ་ལས་ཁོ་རང་ལ་ངེས་ཤེས་བརྟན་པོ་ཞིག་མེད་པའི་རྡར་སྐད་ཤོར་མི་འདུག་གམ།་སྙམ། ཀུ་རེ་ཞུས་པ་ཡིན། ཟུར་ཟ་སོགས་གང་ཡང་མིན།

  7. བན་དེ་བ། says:
    2013-01-09 at 2:04 am

    ༼ཆ་རྫོགས་མཛད་འཕྲིན་ཟླ་བ་གཞོན་ནུ་བཅུ་ཕྲག་ལྔ་ལྷག་བརྒལ་བའི་ལོར། །༽
    འདི་ཡི་དོན་ཅི་ཡིན་ནམ། བཅུ་ཕྲག་བརྒྱད་ལྷག་བརྒལ་བ་མིན་ནམ།

  8. yeshe says:
    2013-01-09 at 2:11 am

    ཁོང་ཨ་རིར་ཕེབས་ནས་ལོ་ལྔ་བཅུ་ང་ལྔ་བརྒལ་པས་སོ།།

  9. སྤོབས་པ་མཐའ་ཡས། says:
    2013-01-09 at 2:20 am

    ངས་བལྟས་ན་རྩོམ་པ་པོས་དོན་གནད་གཉིས་ལ་གདེངས་འཇོག་ཆེན་པོ་གནང་གི་འདུག དེ་ནི་འདས་པའི་ས་སྐྱ་གོང་མ་བྱོན་ཚད་ཀྱི་ནང་ནས་སྐུ་ཚེ་རིང་ཤོས་ཡིན་པ་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་གདེངས་འཇོག་ཆེན་པོ་གནང་བ་དེ་གཉིས་རེད་འདུག དོན་གནད་དེ་གཉིས་ལ་སྐར་རྟགས་བཀོད་ནས་མཇུག་ཏུ་འགོད་པ་ཙམ་མ་ཡིན་པར། དོན་གནད་དེ་གཉིས་ལ་སྦྱར་བའི་ཚིག་སྙན་དོན་ཟབ་ཀྱི་ཤོ་ལོ་ཀ་གཉིས་སྙན་ངག་ཀྱི་དཀྱུས་སུ་ཡོད་པ་བྱས་ན་དེ་ལས་འདྲ་ཆགས་འབྲེལ་ཡོད་དང་དང་བ་སྐྱེས་འོས་པར་འགྱུར་སྙམ། དེ་ནི་བསམ་ཚུལ་ཡིན་མ་གཏོགས་སྐྱོན་རྗོད་སོགས་ནི་མིན།

  10. ཀླུ་སྨྱོན། says:
    2013-01-09 at 2:34 am

    ཀ་རྩོམ་དེ་མདང་དགོང་ཉལ་ཁར་སྐར་མ་འགའི་རིང་གཉིད་ཀྱིས་དུབ་བཞིན་བྲིས། མཇུག་གི་ཡིག་ཕྲེང་དེ་གཉིས་དེ་རིང་ཉིན་གུང་དྲ་ངོས་སུ་འཇོག་ཁར་བྲིས། དེ་གཉིས་ལྷན་དུ་སྦྱར་ནས་ཅིག་འབྲི་ཐུབ་མ་སོང་།

  11. ཀླུ་སྨྱོན། says:
    2013-01-09 at 2:49 am

    དེང་སྐབས་རྩོམ་པ་པོ་རྒན་པའི་མིང་ཞིག་ཐོགས་ཡོད་ཚེ་ཀ་རྩོམ་བྲིས་ན་ངོ་ཚར་རྩི་བའི་ལུགས་སྲོལ་ཞིག་ཕལ་ཆེར་འདུག་པས། ངོ་ཚ་དེ་རྒྱབ་ལ་བསྐྱུར་ནས་ཀ་རྩོམ་རེ་ཟུང་འབྲི་བར་ཐལ་ཅིང་། ལྷག་པར་དུ་ས་སྐྱ་གོང་མ་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ལ་བསྔགས་པའི་ཀ་རྩོམ་གཉིས་ནི་དུས་ཚོད་ཐུང་ཐུང་ཞིག་གི་ནང་རང་གི་འདོད་པ་ཅུང་ཚིམ་པའི་ཚིགས་སུ་བཅད་པ་བྲིས་པ་རེ་བྱུང་བའི་ཁྲོད་ཀྱི་གཉིས་ཡིན་ནོ།།

  12. སྤོབས་པ་མཐའ་ཡས། says:
    2013-01-09 at 2:59 am

    ཀ་རྩོམ་བྲིས་ན་ངོ་ཚར་སུས་བརྩིས་པ་རེད། ཀ་རྩོམ་འདི་བོད་ཀྱི་སྐད་ཡིག་དང་དེ་ལ་མཀས་པ་ཚོའི་ཐུན་མོང་མིན་པའི་རྩོམ་རྩལ་ཁྱད་དུ་འཕགས་པ་ཞིག་མ་རེད་དམ། དེ་བྲིས་ན་ངོ་ཚར་རྩི་མཁན་ཞིག་ཡོད་པའི་ལྟས་ངན་འདི་དེ་རིང་མ་གཏོགས་གོ་ཡང་མ་མྱོང་། དེ་སུ་ཡིན་ང་ལ་ཤོད་དང་དེའི་འཕོང་ཤ་རིལ་པོའི་ཐོག་ལ་ལྕགས་ཚན་ཞིག་འབྲབ་གི་ཡིན།

  13. ཨ་ཕྱི་ཆོས་སྒྲོན says:
    2013-01-09 at 5:42 am

    ༡ ས་སྐྱ་༧གོང་མ་རིན་པོ་ཆེ། ༢ ༧གོང་མའི་གོང་ཕྲུག་རིན་པོ་ཆེ། ༣ ༧གོང་མའི་གང་བདག་རིན་མོ་ཆེ། ༤ ༧གོང་མའི་གོང་བློན་རིན་པོ་ཆེ། །༥ ༧གོང་མའི་གོང་སློབ་རིན་པོ་ཆེ། ༦ ༧གོང་མའི་གོང་ཆོས་རིན་པོ་ཆེ། ༧ ༧གོང་མའི་གོང་ནོར་རིན་པོ་ཆེ། ༧གོང་བདུན་པོར་སྐུ་ཚེ་བརྟན་པར་ཤོག འགྲོ་དོན་བོད་ལ་འབྱུང་བར་ཤོག །

  14. བོད་ཁམས་ཉི་མ་། says:
    2013-01-09 at 5:53 am

    གོང་མ་རིན་པོ་ཆེའི་སྤྱན་ཆབ་དེ་ཡང་ཆོས་དང་ཆབ་སྲིད་གང་དཔྱད་ན་འོས།

  15. ལོག་སྨྲ་ཚར་གཅོད། says:
    2013-01-09 at 6:05 am

    ས་ཆེན་གོ་ལའི་ས་ཡི་ལྟེ་བ་ན།། ས་སྒང་བོད་ཀྱི་གཙང་གི་ས་ཕྱོགས་སུ།།
    ས་ཆེན་གོང་མའི་རྒྱུད་པའི་ས་པཎ་སོགས།། ས་གསུམ་གང་ན་ས་སྐྱ་པ་ཞེས་གྲགས།།

  16. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-01-09 at 6:29 am

    ད་རེས་ཀླུ་སྨྱོན་ནས་བྱ་བ་ཡག་པོ་ཞིག་བསྒྲུབས་འདུག

  17. རིགས་ཞེན་དཀར་པོ། says:
    2013-01-09 at 11:34 am

    གོང་མ་རིན་པོ་ཆེའི་སྤྱན་ཆབ་དེ་ཡང་ཆོས་དང་ཆབ་སྲིད་གང་དཔྱད་ན་འོས། ཅེས་བྲིས་འདུག་དྲྭ་འབུ་འདི་ཚོ་ལ་ངོ་ཚ་འདུག་གམ།

  18. རྒད་པོ། says:
    2013-01-09 at 1:47 pm

    གོང་མ་འདི་པ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ་སྤུན་རྒན་གཞོན་རེད་དམ། ས་སྐྱ་བདག་ཁྲི་རིན་པོ་ཆེ་དགོངས་པ་རྫོགས་ཚེ། ཐེངས་རྗེས་མ་དེ་ཁོང་གི་བུ་ཚ་ཚོས་ས་སྐྱའི་ཁྲི་ལ་ཕེབས་ཀྱི་རེད་དམ། 

  19. ཚ་ཕྲུག་རྒྱལ། says:
    2013-01-09 at 1:48 pm

    གོང་མ་བདག་ཆེན་གྱི་སྤྱན་ཆབ་དེས་སྔ་འགྱོད་ཕྱིར་སྡོམ་གྱི་ཚོར་བའི་རྣམ་པ་་ཞིག་ཡིན་འགྲོ། ས་སྟེང་རྒྱལ་བསྟན་གྱི་བདག་པོ་དང་ཕར་ཙམ་རེད། ས་ཁུལ་རང་བསྟན་གྱི་བདག་པོ་མ་ཐུབ་པས་རང་ཁྲི་སྒྲོལ་ཕོར་ཤོར་སོང་ནི་མ་རེད་དམ། ད་དུང་བདག་ཁྲི་འཛིན་རྒྱུར་མི་ཐོག་གང་ནས་ཡིན་ནམ། ཧཧཧཧཧ

  20. ངོ་ལུག says:
    2013-01-09 at 3:35 pm

    ད་བར་དུ་མཁས་བླུན་དབྱེར་མེད་པའི་ཀ་རྩོམ་མི་ཉུང་བ་ཞིག་མིག་འོག་ནས་བཞུར་ཕྱིན་མོད། དྲན་ལམ་ན་ད་ལྟ་ཡང་གཟུགས་སུ་གྲུབ་པ་ལྟར་འབུར་རེར་འགྱིངས་པ་དེ་ནི་དགེ་ཆོས་ཀྱི་བླ་བྲང་ལ་བསྐུར་བའི་འཕྲིན་ཡིག་དེ་དང་རང་གྲོལ་གྱི་ཀ་རྐྱང་ལེགས་བཤད་དེ་རེད་འདུག ཨོ་ད་དུང་མི་རིང་བའི་སྔོན་ཀརྨ་པའི་ཀ་རྩོམ་ཞིག་ཀྱང་དྲ་ཐོག་ནས་མཇལ་མོད། དྲང་པོར་བརྗོད་ན་དེའི་ནང་དུ་ཅི་ཞིག་བརྗོད་ཡོད་པ་ད་ལྟ་གསལ་ཆ་མི་འདུག ཕལ་ཆེར་ཁོང་ལ་འཆང་བའི་དད་པ་དེའམ་ཀརྨ་པའི་ཀ་རྩོམ་ཟེར་བའི་མིང་ཆེན་པོ་དེས་དྲན་པ་ན་གོ་ས་ཞིག་བཟུང་ཡོད་ས་རེད། རྩོམ་ཟེར་བ་འདི་ཡང་སྐབས་རེ་ཟས་སྣ་རང་ལ་མཐོང་གི་འདུག ཞིམ་པ་དེ་ཚོ་ནི་ཡང་ཡང་ཟ་དགོས་པ་དང་། རྐྱང་རྐྱང་དེ་ཚོ་ནི་ལྟོགས་སེལ་ཆེད་ཙམ་དང་། མི་ཞིམ་པ་དེ་ཚོ་ལ་སྣ་ཡང་འགེབས་རྒྱུ་འཁེལ། སྐབས་རེ་བག་ལེབ་མངར་མོ་ལ་སོ་འདེབས་པ་བཞིན་ཕྱི་རྩོམ་གྱི་བྲོ་བ་ཡང་མྱོང་རྒྱུ་ཡོད་མོད། དེ་དག་གིས་ནམ་ཡང་ཕ་སྐད་ལམ་ནས་བྲིས་པའི་ཚབ་བྱེད་མི་ཐུབ་པ་ནི་རྒྱ་གར་གྱི་གླང་ཤ་ཇི་ལྟར་ཞིམ་ཡང་། བོད་ཀྱི་ལུག་ཤ་ཚོན་པོ་དེ་དང་གཡག་ཤ་ཁེངས་པ་དེའི་བྲོ་བ་ལ་འགྲན་དུ་མེད་པའི་ཚོད་དུ་མཆིས། དེ་ནི་ཁྲག་གི་དངས་ཁ་དང་རུས་པའི་ཡིད་ཀ་ཟེར་བ་དེ་ཡིན་ས་རེད། དེར་བརྟེན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཞབས་རྗེས་འཇོག་དང་འཇོག་བཞིན་པའི་མཁས་པ་བླ་མ་སུ་ཡིན་པའམ། གསར་རྩོམ་གྱི་ལམ་དུ་འཇུག་དང་འཇུག་བཞིན་པའི་གསར་བུ་གསར་མོ་སུ་ཡིན་ཀྱང་རུང་མུ་འཐུད་སྨྱུག་རྩེ་ཁ་བ་ལ་གཏད་ནས་བདེ་སྡུག་གི་གཏམ་རྒྱུད་མུ་འཐུད་སྤེལ་བ་དང་། སྤེལ་ཐུབ་པའི་ཕྱོགས་སུ་འབད་པ་བྱེད་རོགས་ཅེས་བརྗོད་འདོད་བྱུང་།

    ་

  21. ངོ་ལུག says:
    2013-01-09 at 4:28 pm

    ཁྲག་གི་དངས་ཀ་ཡི་ད་དེའི་འོག་ཏུ་ཝ་ཟུར་ཞིག་དང་དེ་ནས་རུས་པའི་ཡིད་ཀ་ཟེར་བ་དེ་རུས་པའི་ཡི་ག་ལ་བཅོས་རོགས། ཝ་ཟུར་རྙེད་མ་སོང་། དགོངས་དག

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-09 at 10:15 pm

    ངོ་ལུག་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ གི་ཆུ་ཚོད་ ༡༦ སྐར་མ་ ༢༨
    ཁྲག་གི་དངས་ཀ་ཡི་ད་དེའི་འོག་ཏུ་ཝ་ཟུར་ཞིག་དང་དེ་ནས་རུས་པའི་ཡིད་ཀ་ཟེར་བ་དེ་རུས་པའི་ཡི་ག་ལ་བཅོས་རོགས། ཝ་ཟུར་རྙེད་མ་སོང་། དགོངས་དག
    དྭངས་ཀ། ད་ཡིག་རྒྱབ་རྗེས་དེ་མ་ཐག་ཏུ་ཝ་ཟུར་ཆེད་wནོན་དང་། དའི་འོག་ཏུ་ཝ་ཟུར་འཐོན་ནོ།

  23. དོམ་ཁྲ། says:
    2013-01-09 at 11:13 pm

    དྲྭ་གྲོགས་མང་པོ་ཞིག་གིས་ས་སྐྱ་བདག་ཆེན་དང་ས་སྐྱ་ཁྲི་ཆེན་གཉིས་དབྱེ་བ་ཕྱེ་མ་ཤེས་པའི་ཐོག་ལ་ཟུར་ཟ་བྱེད་མདོག་མདོག ཡང་འགའ་ཤས་ཀྱིས་ཕོ་བྲང་གཉིས་པོ་ཇི་ལྟར་ཡིན་མིན་ཡང་ཤེས་ཡོད་ཚོད་མི་འདུག་ལ་ས་སྐྱ་ཁྲི་འཛིན་དེ་ཇི་ལྟར་བྱེད་ནས་འགྲོ་དགོས་ཀྱི་ཡོད་མེད་དེ་ཡང་ཤེས་ཡོད་ཚོད་མི་འདུག གང་ལྟར་ཧོབ་བཤད་བཤད་ཀྱང་ཀྱང་རེད་འདུག་བ་གྲོགས་པོ་ཚོ། ཚེ་འདིའི་མི་ཁ་ལ་མ་འཇིགས་ཀྱང་ཕྱི་མའི་སྡུག་བསྔལ་ལ་བསམ་དགོས་རྒྱུ་རེད་ད།

  24. བསྟན་འཛིན། says:
    2013-01-10 at 1:23 am

    ས་ལུགས་རང་ན་ས་སྐྱ་ཕུན་ཚོགས་ཕོ་བྲང་དང་ས་སྐྱ་སྒྲོལ་མ་ཕོ་བྲང་གཉིས་བར་རེས་མོས་བྱེད་ནས་ས་སྐྱ་བདག་ཁྲིར་ཕེབས་དགོས། ད་ལྟ་ས་སྐྱའི་ཁྲི་ཐོག་༤༢ པ་འདི་དངོས་གནས་བྱས་ན་ཕུན་ཚོགས་ཕོ་བྲང་ནས་ཕེབས་དགོས་ཚུལ་འདུག། འོན་ཀྱང་ས་སྐྱའི་ཆོས་ཕྱོགས་ཀྱི་མཐུན་སྒོ་འགའི་རྐྱེན་གྱིས་སྒྲོལ་མ་ཕོ་བྲང་ནས་ཕེབས་པ་རེད་གསུང་། མ་འོངས་པའི་ས་ཁྲི་༤༣ པ་དེ་སྒྲོལ་མ་ཕོ་བྲང་ནས་ཕེབས་པ་ཡིན་ན་ཕོ་བྲང་གཉིས་ཀྱི་རེས་མོས་ཀྱི་ས་སྐྱའི་བདག་ཁྲིར་ཕེབས་པའི་ལུགས་སྲོལ་དེ་ཇི་ལྟར་འགྱུར་མིན་དགོངས་ཚུལ་གསུང་རོགས།

  25. བསྟན་འཛིན། says:
    2013-01-10 at 1:31 am

    ས་སྐྱ་བདག་ཁྲི་༤༡ དང་༤༢ ལ་བཅོས་རོགས།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-01-10 at 2:22 am

    ངའི་ལེབ་ཊོབ་ནང་གི་མཉན་ཆས་ལ་ད་ཡིག་རྗེས་Mཨེམ་མནན་ན་དྭངས་ཞེས་ཝ་ཟུར་ད་འོག་ཏུ་སྦྱར་ཐུབ་བགྱིད་འདུག་ཀྱང་་་་

  27. ངོ་ལུག says:
    2013-01-10 at 5:19 pm

    བློ་བཟང་འཇམ་དཔལ་ལགས་དང་ཀརྡོ་གཉེར་ཕྱག་པ་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། ངའི་མཛུབ་མོ་འདི་ཁོབ་དྲག་པའམ་མཉན་ཆས་མི་འདྲ་བ་ཅི་ཡིན་མི་ཤེས་མོད་ཡོང་གི་མི་འདུག ད་རེ་ཞིག་ཝ་ཟུར་འདི་གཡོལ་གང་ཐུབ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme