Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

Posted on 2012-12-31 By ཁ་བརྡ་ 16 Comments on གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

ཟླ་འདིའི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། ཅམ་རཱ་ཇཱུ་ན་གྷར་རྫོང་། ཀོ་ལེ་གྷལ། ཨོ་ཊའི་ཡ་པ་ལ་ས་ཁུལ་དུ་ཡོད་པའི་བོད་མའི་གཞིས་ཆགས་དོན་ལྡན་གླིང་། རྫོགས་ཆེན་དགོན་དུ་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་དངོས་སུ་དབུ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཉིན་མོ་དེའི་ཞོགས་པའི་ཆུ་ཚོད་༨ : ༣༠ ཐོག་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཡོངས་ཀྱི་བདག་པོ་རྫོགས་ཆེན་ཡིད་བཞིན་ནོར་བུ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་མཆོག་དབུར་བཞུགས་ཐོག རྫོགས་ཆེན་དགེ་མང་རིན་པོ་ཆེ་དང་། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་སོགས་འཕགས་བོད་གཉིས་ཀྱི་དགོན་སྡེ་ཁག་ ༤༠ ལྷག་གི་མཁན་སྤྲུལ་སྐུ་ཚབ་ཁག་དང་། དེ་བཞིན་ཕྱི་གླིང་ཡུལ་གྲུ་ཁག་གི་དད་ལྡན་བཞིན་བདག་དང་ཆོས་ཞུ་བ་མི་གྲངས་བརྒྱ་ཕྲག་བརྒལ་བ་ཙམ་རྫོགས་ཆེན་དགོན་པའི་དཔེ་མཛོད་ཁང་དུ་གདན་ལ་འཁོད་པ་དང་། འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ། རྫོགས་ཆེན་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་དངོས་སུ་དབུ་འཛུགས་གནང་། ཐོག་མར་ལས་རིམ་གཙོ་སྐྱོང་བ་སློབ་དཔོན་བརྩོན་འགྲུས་ལགས་ཀྱི་ལས་རིམ་སྒྲོག་སྦྱང་བྱས་རྗེས། རྫོགས་ཆེན་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱི་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་ངོ་སྤྲོད་དང་འབྲེལ་གསུང་དོན། ང་ཚོས་གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་བྱུང་རིམ་ལ་ཕྱི་མིག་བལྟས་ཏེ། མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ག་འདྲ་དགོས་མིན་ཐད་གྲོས་བསྡུར་ལྷུག་པོ་དང་། ཞིབ་ཚག་གནང་རྒྱུ་ཡིན། ཅེས་གསུང་སོང་། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ཀྱིས་མཁན་སྤྲུལ་ལྷན་འཛོམས་དེའི་ཐོག་གསུང་འཕྲིན་ཞིག་གནང་ཡོད་པ་དེ་ཐེག་མཆོག་རྣམ་གྲོལ་གླིང་གི་སྐུ་ཚབ་མཁན་དཀོན་མཆོག་ལགས་ཀྱིས་སྒྲོག་སྦྱང་གནང་ཡོད་པ་དང་། གསུང་འཕྲིན་དེའི་ནང་“༸གོང་ས་སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གིས་སྐུ་ངོ་རྟ་ར་བ་བརྒྱུད་ཕྱི་ལོ་ ༡༩༦༧ ཟླ་ ༧ ཚེས་ ༡༢ འཁོད་པའི་རྫོགས་ཆེན་མཁན་པོ་ཟླ་ཟེར་མཆོག་གི་མཚན་ཐོག་བཀའ་ཡིག་གནང་བར། རྫོགས་ཆེན་པདྨ་རིག་འཛིན་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐྱེ་སྲིད་རྡོ་གྲུབ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་རྟགས་དགོངས་དོན་ལྟར་ཏྲེ་ཤོད་ཧོར་ལ་དཀར་ཚང་གི་བུ་ཤིང་འབྲུག་ལོ་པར་ངེས་རྙེད་ཚང་མ་བློ་སེམས་གཅིག་མཐུན་གྱིས་བདག་གཅེས་ཞུ་མུས་གང་ལེགས་ལ། དམ་པ་གོང་རིམ་གྱི་མཛད་བཟང་བདག་གིར་སྐྱོང་བཞེས་ཐུབ་པའི་སྐུ་ཡོན་གསན་བཞེས་ཞུ་སྐུལ་སོགས་ལ་སེང་ཤོར་མ་སོང་བ་བྱེད་ཅིང་། རང་གཞུང་ནས་རིས་མེད་བསྟན་འཛིན་སྐྱེས་བུར་འོས་བབས་ཀྱི་བཀུར་བཟོས་མཐུན་སྐྱོང་གཟིགས་པ་གཡེལ་མེད་སྔར་མུ་བཞིན་གནང་རྒྱུ་བཅས་ཞེས་བརྟག་དོན་བློ་སེམས་གཅིག་མཐུན་གྱིས་ངོས་བཞེས་གནང་སྟེ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞེས་མཚན་གསོལ་བས་གཟིགས་སྐྱོང་ཆེན་པོ་གནང་ཡོད།

༸གོང་ས་མཆོག་གི་བཀའ་དགོངས་བཞིན་རིན་པོ་ཆེ་མཆོག་ཉིད་ཀོ་ལེ་གྷལ་གཞིས་ཆགས་སུ་ཆེད་ཕེབས་གནང་ནས་ད་བར་གཞིས་ཆགས་ཀྱི་མི་མང་དང་། རྒྱལ་ཕྱི་ནང་གི་ཆོས་ཚོགས། ཁྱད་པར་བྱེས་ཀྱི་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་གནང་ཏེ། ཆོས་བརྒྱུད་འཛིན་མཁན་ཡོངས་ལ་བཤད་སྒྲུབ་གཉིས་ཀས་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཐུགས་ཁུར་ཆེ་བཞེས་གནང་དང་གནང་མུས་ལ་རིས་སུ་མ་ཆད་པར་སྐྱེས་བུ་དུ་མས་བསྔགས་བརྗོད་དང་གདན་ས་འདིར་ཞབས་ཀྱིས་བཅགས་གནང་ཡོད། ད་ལྟའི་དུས་འདིར་བོད་ཕྱི་ནང་གི་རྫོགས་ཆེན་ཆོས་བརྒྱུད་འཛིན་མཁན་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་ཐབས་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཕྱག་རྗེས་མིས་སྨོན་རང་སྐྱིད་ཇི་ལྟར་འཇོག་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་གནང་དགོས་རྒྱུ་དུས་ཀྱི་དགོས་མཁོ་གྱུར་ཡོད་ན། འབྲེལ་ཡོད་ཚང་མས་མ་འཕྱུག་པ་གནང་གལ་ཆེ་སྐོར་དང་། དེ་བཞིན་བོད་ཀྱི་རིག་གཞུང་དང་། སྐད་ཡིག ཁོར་ཡུག་སོགས་ལ་ཞབས་འདེགས་ཇི་ལྟར་སྒྲུབ་ཐབས་སོགས་ལ་འགྲོས་བསྡུར་ཐུབ་ན་དགེ་མཚན་ཆེ་”ཞེས་འཁོད་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་ནས་གནང་བའི་གསུང་ཕྲིན་དེ་བཞིན་ཀོ་ལེ་གྷལ་དོན་གླིང་ས་གནས་འགོ་འཛིན་སྐུ་ངོ་ཕུན་ཚོགས་ལགས་ཀྱིས་སྒྲོག་སྦྱང་གནང་སོང་ལ། གསུང་འཕྲིན་དེའི་ནང་དུ་ “གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་བྱུང་རིམ་ལ་ཕྱི་མིག་བལྟས་ནས་ད་ལྟའི་གནས་སྟངས་དང་འབྱུང་འགྱུར་བཤད་སྒྲུབ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར་ལ་རྫོགས་ཆེན་རིན་པོ་དབུ་བཞུགས་ཀྱིས། བཀའ་བསྡུར་གནང་གཏན་ཁེལ་བར་འདི་ག་ཆོས་རིག་ལས་ཁུངས་ནས་༸རྫོགས་ཆེན་རིན་པོ་ཆེ་དབུས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། གནས་གསལ་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་ནས་རྫོགས་ཆེན་སྐུ་ཕྲེང་བདུན་བསྟན་པ་དང་འགྲོ་བའི་དོན་དུ་ཕེབས་ཤིང་། ད་ལྟའི་ཆར་མཇའ་མཚོན་དང་མཁའ་འགྲོའི་སྙིང་ཐིག་གཙོ་བོར་ཕྱག་བཞེས་གནང་བཞིན་ཡོད་ཚོད་ལ། རྫོགས་ཆེན་པདྨ་རིག་འཛིན་གྱི་གསུང་ཆོས་དང་གཏེར་སྟོན་ཉི་མ་གྲགས་པའི་གཏེར་ཆོས་ལའང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་སོར་ཆུད་གལ་གནད་ཆེ་བར་མངོན། ” ཞེས་འཁོད་འདུག དེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་དང་ཆོས་ཚོགས་ཁག་གི་འཐུས་མི་རྣམས་ཀྱིས་ནུབ་ཕྱོགས་རྒྱལ་ཁག་གི་ཆོས་ཚོགས་ངོ་སྤྲོད་དང་རྫོགས་ཆེན་ཡིད་བཞིན་ནོར་བུའི་མཛད་འཕྲིན་ལ་བསྔགས་བརྗོད་དང་འབྲེལ་བའི་གཏམ་བཤད་བྱས།  སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་རྫོགས་ཆེན་མཁན་སྤྲུལ་ལྷན་འཛོམས་ཐོག་གཙོ་བོ་འབྱུང་འགྱུར་རྒྱལ་བསྟན་སྤྱི་དང་བྱེ་ཕྲག་སྔ་འགྱུར་རྙིང་པ་མ་དང་། ལྷག་པར་དུ་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དེ་འཛམ་གླིང་ལ་ཁ་ཕྱོགས་པ་དང་། དུས་རབས་ལ་ཁ་ཕྱོགས་པ། ཆོས་རྒྱུད་རང་གི་ཐུན་མོང་མ་ཡིན་པའི་སྔར་སྲོལ་བཟང་པོ་དག་རྒྱུན་འཛིན་བྱེད་ཕྱོགས། ལྷག་པར་བསྟན་པའི་རྩ་བ་ལུང་རྟོག་གི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་ཀྱི་གསུང་བཤད་གནང་གྲུབ་རྗེས། རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་དེ་རིང་གི་མཁན་སྤྲུལ་ལྷན་འཛོམ་ཐེངས་གསུམ་པ་འདི་ནི་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་མ་ཡིན་པར། གཙོ་བོ་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ལ་ཡར་རྒྱས། མདུན་བསྐྱོད་ག་འདྲ་དགོས་མིན་ཐད་བགྲོ་གླེང་དང་གྲོས་བསྡུར་བྱེད་རྒྱུའི་ཆེད་དུ་འཚོགས་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་ཚང་མ་འཆམ་མཐུན་དང་། གཅིག་སྒྲིལ་བྱ་དགོས་པ་ལས་ཡག་པ་ཡ་གཅིག་གིས་ཟློག་པ་མི་ཡོང་བའི་དཔེ་ལྟར། ཕྱོགས་གཅིག་ཁོ་ན་གཅིག་སྒྲུལ་དང་། མཐུན་ལམ་ཡོང་རྒྱུ་ཁག་པོ་ཆགས་ཡོད་པས། རྫོགས་ཆེན་པ་ཚང་མ་མཐུན་སྒྲིལ་གྱི་སྒོ་ནས་རྫོགས་ཆེན་པའི་བསྟན་པའི་ཞབས་འདེགས་ཞུ་དགོས་པའི་སྐོར་བཀའ་སློབ་ལམ་སྟོན་གནང་སོང་།

ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་བོད་ནང་ནས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་མཁན་གངས་བསམ་་ལྷུན་འགྲུབ་དང་།   ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་། གཞན་ཡང་རྫོགས་ཆེན་པའི་དགོན་ལགས་ཁག ༣༥ ནས་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པའི་ཐོག་བསྐུར་འབྱོར་བྱུང་བའི་ཞུ་འཕྲིན་ཁག་སྒྲོག་སྦྱང་བྱས་ཡོད་པ་རེད།  

སྤྱི་ཚེས་ ༣༠ ཉིན་གྱི་ཞོགས་པར་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པའི་ཚོགས་བཅར་བ་རྣམས་སྡེ་ཚན་གཉིས་སུ་བགོས་ནས། རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དང་འབྲེལ་བའི་བརྗོད་གཞི་གསུམ་གྱི་ཐོག་གྲོས་བསྡུར་བྱས་ཡོད་པ་དང་། ཉིན་རྒྱབ་སླར་ཡར་རྫོགས་ཆེན་དཔེ་མཛོད་ཁང་དུ་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་དང་། རྫོགས་ཆེན་དགེ་མང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཚོགས་ཆུང་ཁག་གཉིས་ཀྱི་ནང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དང་འབྲེལ་བའི་གྲོས་ཆོད་གང་བྱུང་བ་རྣམས་སྤྱི་མོས་ཀྱིས་གཏན་ལ་ཕབས་ཡོད་པ་རེད།  མཐར་རྫོགས་ཡིད་བཞིན་ནོར་བུ་མཆོག་གིས་མཁན་སྤྲུལ་ལྷན་འཛོམས་ཐོག་གྲོས་ཆོད་གང་བྱུང་བ་དག་ལ་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་རྒྱབ་སྐྱོར་དང་། གྲོས་ཆོད་རྣམས་ཡིག་ཐོག་ཙམ་མ་ཡིན་པར་ལས་དོན་ཐོག་འགྲུབ་ཐུབ་པར་འབད་བརྩོད་དགོས་པའི་སྐུལ་ལྕག་ཀྱང་ཞུས་གནང་བ་དང་། བོད་གཞིས་བྱེས་གཉིས་སུ་གྲུབ་དབང་རྫོགས་ཆེན་པ་གཅིག་ལས་གཉིས་སུ་མེད་པས། རྫོགས་ཆེན་པའི་བླ་སྤྲུལ། མཁན་སློབ་ཚང་མས་རང་ཚུགས་ཐུབ་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། རྒྱལ་བསྟན་སྤྱི་དང་བྱེ་བྲག་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་ཞབས་ཕྱི་ཡང་དག་པ་ཞུ་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་། མཇུག་མཐར་རྫོགས་ཆེན་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་གྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་འབྲེལ། གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་པ་དེ་བཞིན་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། 

གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས། ཅེས་པ་ནི་རྫོགས་ཆེན་པའི་འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་གནས་བབ་ལ་བལྟས་ནས་ཐུན་མིན་རྫོགས་ཆེན་པའི་བཤད་སྒྲུབ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སོགས་ལ་གྲོས་བསྡུར་བྱེད་སའི་དམིགས་བསལ་གྱི་ཚོགས་འདུ་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༩༧ ལོའི་བོད་ཟླ་ ༥ པའི་ཡར་ཚེས་ལ་རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བསྟན་བདག་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་དབུར་བཞུགས་ཐོག  རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་། རྫོགས་ཆེན་དགེ་མང་རིན་པོ་ཆེ། རྫོགས་ཆེན་གླིང་བླ་སྐུ་ཆེན། བསོད་རྒྱལ་རིན་པོ་ཆེ།  སྤྲུལ་སྐུ་པད་རྒྱལ། མཁན་པོ་ཆོས་དགའ། ལྷ་དགོངས་སྤྲུལ་སྐུ་སོགས་མཁན་སྤྲུལ་ལྷན་འཛོམས་ཐེངས་དང་པོ་དབུ་འཛུགས་གནང་བ་དང་།

བོད་ཟླ་ ༥ པའི་ཚེས་ ༢༠ ཉིན་ནས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་། གྲུབ་དབང་རྫོགས་ཆེན་པའི་བྱེས་ཀྱི་གདན་ས་ཆེན་མོ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ལྷན་འཛོམས་གནང་སྟེ། གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སོགས་ལ་བགྲོ་གླེང་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༡ ལོའི་སྤྱི་ཟླ་ ༡ ཚེས་ ༢༠ ཉིན་ནས་ཉིན་གསུམ་གྱི་རིང་ལ་འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་དུ་མཁན་སྤྲུལ་ལྷན་འཛོམས་གྲ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག མཁན་སྤྲུལ་ལྷན་འཛོམས་ཐེངས་དང་པོའི་སྐབས་ཀྱི་གྲོས་ཆོད་དགོངས་དོན་བཞིན། རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་དབུར་བཞུགས་པའི་བོད་ཕྱི་ནང་གཉིས་ཀྱི་གྲུབ་དབང་རྫོགས་ཆེན་པའི་ཆོས་རྒྱུད་འཛིན་པ་དགོན་སྡེ་ཁག་ ༣༤ ཡིི་བསྟན་བདག་མཁན་པོ་དང་སྤུལ་སྐུ། བླ་མ། སློབ་དཔོན། དེ་མིན་འབྲེལ་ཡོད་སྐུ་ཚབ་སོགས་ཁྱོན་མཁན་སྤྲུལ་ ༤༠ ལྷག་ལྷན་འཛོམས་གནང་སྟེ། གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་འདས་མ་ད་གསུམ་གྱི་གནས་བབ་དང་འབྲེལ་བའི་ཆོས་རྒྱུད་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ལ་གྲོས་བསྡུར་གནང་ཡོད་པ་རེད།

ད་ཐེངས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༩ ནས་ ༣༠བར་གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་གསུམ་པ་དེ་ཡང་མཁན་སྤྲུལ་ལྷན་འཛོམས་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད་བཞིན་འཚོགས་པ་ཞིག་རེད་འདུག

བསོད་ནམས་ཚེ་རིང་ནས། རྒྱ་གར་ལྷོ་ཕྱོགས་རྫོགས་ཆེན་དགོན་ནས་བསྐུར།

གསར་འགྱུར།

Post navigation

Previous Post: བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།
Next Post: རྗེ་བཙུན་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨ་བཞད་པ་ཞེས་བྱ་བ་བཞུགས་སོ།།

Comments (16) on “གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།”

  1. རྒྱལ་ཁམས་ says:
    2012-12-31 at 9:57 am

    བདེ་བཞིན་གཤེགས་པ་ཐམས་ཅད་བཀའ་གྲོས་མཛད།
    ཅེས་པ་དང་མཚུངས་པས་་་་ རྒྱལ་བ་རྫོགས་ཆེན་པའི་བསྟན་རྒྱས་པར་ཤོག་་་་་

  2. ཟུར་གནས། says:
    2012-12-31 at 11:23 am

    བསྟན་པའི་དཔལ་གྱུར་བླ་མའི་སྐུ་ཚེ་བརྟན།
    བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་སུ་ཁྱབ།
    བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་པ་དང་།
    བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

    རང་གྲོལ་ལྷུན་གྲུབ་རྫོགས་པ་ཆེན་པོའི་སྐུ།
    རོ་གཅིག་དབྱེར་མེད་ཕྱག་རྒྱ་ཆེན་པོའི་གསུང་།
    གཏི་མུག་སྒྲིབ་སྦྱོང་དབུ་མ་ཆེན་པོའི་ཐུགས།
    གངས་ལྗོངས་བསྟན་པ་མཐའ་དག་རྒྱས་གྱུར་ཅིག

  3. བན་དེ་བ། says:
    2012-12-31 at 11:33 am

    གཞན་སྟོང ་་་་་་་་་་ །

  4. སྐལ་བཟང་ says:
    2012-12-31 at 12:04 pm

    ་སྔ་འགྱུར་བསྟན་པའི་བསྟན་པའི་བདག་པོ་རྣམས་
    སྐུ་ཚེ་སྐལ་བརྒྱ་བསྟན་པར་ཤོགས འགྲོ་དོན་ལྷུན་གྱིས་འགྲུབ་པ་ཤོགས
    རྫོགས་ཆེན་རིན་པོ་མཆོག་ལགས་
    རང་གིས་ཆོས་ལུགས་རང་གིས་བདག་པོ་རྒྱབ་པ་ཤོགས
    སྔོན་མ་ཆུང་མ་དེ་འདྲ་རྗེས་སུ་མ་ཐུག་པ་ཤོགས
    རིན་པོ་ཆེ་རྙིང་མའི་ཆོས་ཡོད་པ་དག་པ་བྱེད་པ་ཤོགས་

  5. ཨ་ཕྱི་ཆོས་སྒྲོན says:
    2012-12-31 at 12:05 pm

    བསྟན་འཛིན་འཇིགས་བྲལ་ལྷུན་པོའི་ཞབས་བརྟན།
    ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང་།།
    གྲུབ་པའི་རིག་འཛིན་མཆོག་ཏུ་རོལ་བའི་གར།།
    བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ།།
    རིམ་བྱོན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས།།
    རྨད་བྱུང་ཐུབ་བསྟན་ལུང་རྟོགས་འཛིན་པའི་འཕྲུལ།།
    མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ།།
    སྲིད་ཞིའི་འཇིགས་བྲལ་ཕན་དང་བདེ་བའི་དཔལ།།
    མི་འགྱུར་ལྷུན་པོའི་སྤོ་ལ་རྟག་ཤར་ཤོག །
    ཤྰཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོའམ་ཏྰ་ལའི་བླ་མས་གསུངས་སོ། །

  6. རང་གྲོལ། says:
    2012-12-31 at 1:52 pm

    རྫོགས་ཆེན་བསྟན་པ་ཡིན་རིང་རྒྱས་གྱུར་ཅིག

  7. དགེ་ཆོས says:
    2013-01-01 at 12:03 am

    གངས་ལྗོངས་བོད་ཀྱི་རྙིང་མའི་གདན་ས་ཆེན་པོ་གྲུབ་དབང་རྫོགས་ཆེན་པས། མི་ལོ་བརྒྱ་ཕྲག་དུ་མར་བཤད་སྒྲུབ་ལས་གསུམ་ཀྱི་བསྟན་པ་རིན་པོ་ཆེ་དར་སྤེལ་རྒྱ་ཆེར་གནང་བས་ཆོས་བརྒྱུད་དགོན་ལག་བདུན་བརྒྱ་ལྷག་གིས་འཕགས་བོད་རྒྱ་སོག་འབྲུག་འབྲས་ལྗོངས་བལ་བོ་སོགས་ཡུལ་གྲུ་དུ་མར་ཁྱབ་པར་མཛད་དེ་བསྟན་འགྲོ་ལ་ཕན་ཐོག་བསམ་གྱིས་མི་ཁྱབ་པ་བྱུང་ཡོད།

    དེ་ལས་ཀྱང་འཛམ་གླིང་འདིར་སྙན་པར་གྲགས་པའི་རྫོགས་ཆེན་ཤྲི་སིངྷ་བཤད་གྲྭ་ཆེན་པོ་ནི་ཆོས་བརྒྱུད་རྙིང་མ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་མར་ཟད་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དང་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ལའང་ངོ་མ་བཀའ་དྲིན་ཆེན་པོ་རེད།

    འོན་ཀྱང་དེང་སང་འཕགས་ཡུལ་དང་བལ་ཡུལ་ཕྱོགས་ལ་རྫོགས་ཆེན་པའི་བསྟན་པ་དར་རྒྱས་ཆེར་ཕྱིན་མི་འདུག་ཀྱང་མ་འོངས་པར་མིང་དོན་མཚུངས་པའི་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཡངས་བའི་ས་ཆེན་ཀུན་ཏུ་དར་ཤིང་རྒྱས་པ་དང་། ཁྱད་པར་དུ་གཞི་བྱེས་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་བླ་ཆེན་མཁན་སྤྲུལ་གྲྭ་དམངས་ཚང་མས་རང་ཆེ་ཕྱོགས་རིས་ཀྱི་གཡང་དུ་མི་མཆོངས་པར་བསྟན་འགྲོའི་དོན་དུ་ཐུགས་དགོངས་མཐུན་ཤིང་ཁྱེད་རྣམས་པའི་ཆོས་མཐུན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག་ཅིག་གུ།

  8. དོལ་སྨྱོན། says:
    2013-01-01 at 4:29 am

    བརྡ་དག་གི་འགྲོས་ཙམ་ལ་ཡང་རྨོངས་པའི་ཡིག་ཉོག་དག་ལ་བལྟས་ན། རྫོགས་ཆེན་བསྟན་པའི་ངོ་གདོང་དམར་རྗེན་དུ་མངོན་མི་འདུག་གམ།

  9. སྤོབས་པ་མཐའ་ཡས། says:
    2013-01-01 at 4:50 am

    གྲོས་ཐག་གང་དང་གང་བཅད་སོང་།

  10. རྫ ་ཚེ་རིང་བཀྲ་ཤིས། says:
    2013-01-01 at 8:20 am

    བཀྲ་ཤིས་བདེ་ལེགས། མཁན་སྤྲུལ་ལྷན་འཛོམས་ཆེན་མོ་ལ་རྟེན་འབྲེལ་ཞུ།

  11. ཨོ་རྒྱན་ཉི་མ། says:
    2013-01-01 at 10:31 am

    གྲུབ་དབང་རྫོགས་ཆེན་པའི་བསྟན་པ་རྒྱས་གྱུར་ཅིག

  12. དམེ་དཔུང་། says:
    2013-01-02 at 7:30 am

    དངོས་གནས་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་སུ་ཡིན་རིང་གྲངས་མེད་བཅས་་་་་་་་་་་

  13. གཡུ་འབྲུག་དཀར་པོ། says:
    2013-01-02 at 7:49 am

    ལྷན་འཛོམས་མང་ན་འཁྲུག་པ་ཤོར་རྒྱུ་མང་། དེས་བསྟན་པ་ཕྱོགས་མཐར་རྒྱས་པའི་འགོག་རྐྱེན་བྱེད། དེ་བས་ལྷན་འཛོམས་མ་མང་ན་ལེགས།

  14. པདྨ says:
    2013-01-02 at 9:14 am

    འཕགས་ཡུལ་གྲུབ་དབང་རྫོགས་ཆེན་ཚང་གི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།
    རེ་བ་ཆེན་པོ་གཅིག་ནི་༧གྲུབ་དབང་རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་ཉི་ཟླ་སྐར་གསུམ་ཡང་མཉམ་འཛོམས་ཀྱི་དགའ་སྟོན་ལ་གཞི་བྱེས་རྫོགས་ཆེན་པའི་བླ་སློབ་དད་དམ་གཙང་མས་བདེ་སྐྱིད་མཉམ་དུ་རོལ་ཞིང་རྒྱལ་བསྟན་སྤྱི་དང་སྔ་འགྱུར་གྲུབ་དབང་རྫོགས་པ་ཆེན་པོའི་བསྟན་པ་ལ་ལུང་རྟོགས་བཤད་སྒྲུབ་ཁོ་ནས་འཛིན་སྐྱོང་སྤེལ་བའི་སྨོན་འདུན་ཡོད།
    གྲུབ་དབང་རྫོགས་ཆེན་པའི་བསྟན་པ་རྒྱས་པའི་སྨོན་ལམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །
    ན་མོ་མ་ཧཱ་གུ་རུ་པདྨ་བིདྷྱཱ་དྷ་ར་ཡེ། མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ལས། །སྒྲོལ་མཛད་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །རྡོ་རྗེ་སློབ་དཔོན་གཟུགས་སུ་མངོན་སུམ་བྱོན། །རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག།།དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཆེ། །གྲུབ་པའི་དབང་ཕྱུག་ཀུ་ཀུ་རཱ་ཛ་དངོས། །རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག།།སྡེ་གསུམ་ཀློང་དགུའི་རྫོགས་པ་ཆེན་པོའི་བསྟན། །གངས་རིའི་ཁྲོད་འདིར་འདྲེན་པའི་ཤིང་རྟ་ཆེ། །འཕོ་ཆེན་སྐུར་བཞེངས་བི་མ་མི་ཏྲ་དངོས། །རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུ་ཅིག།།ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་གཟིགས་པའི། །རྡོ་རྗེའི་དོ་ཧས་འབྲེལ་ཚད་རྡོ་རྗེའི་སར། །སྦྱོར་མཁས་གྲུབ་མཆོག་ས་ར་ཧ་པ་དངོས། །རྫོགས་ཆེན་པ་་་་་། གསང་སྔགས་སྟོན་པ་པདྨ་སམྦྷ་ཝའི། །དགོངས་རྒྱུད་བྱིན་ཐོབ་གྲུབ་པ་མཆོག་བརྙེས་ནས། །ལྷ་སྲིན་བྲན་ཁོལ་རླངས་ཆེན་དཔལ་སེང་དངོས། །རྫོགས་ཆེན་པ་་་་་། རྫུ་འཕྲུལ་ཐོག་མདས་འཁྲུལ་སྣང་བྲག་གི་རི། །བསྙིལ་མཁས་གྲུབ་པ་མཆོག་གི་བརྟུལ་ཞུགས་ཅན། །སྐད་གཉིས་སྨྲ་དབང་དཀོན་མཆོག་འབྱུང་གནས་དངོས། །རྫོགས་ཆེན་པ་་་་་། །མཁན་སློབ་ཆོས་རྒྱལ་གསུམ་གྱི་ཐུགས་བསྐྱེད་མཐུས། །ལེགས་དྲངས་རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ། །བསྟན་པའི་རྩ་ལག་མངའ་བདག་ཁྲི་རལ་དངོས། །རྫོགས་ཆེན་པ་་་་་། །བདེན་དོན་མངོན་དུ་གཟིགས་པའི་ཡེ་ཤེས་ཀྱིས། །གཏི་མུག་ལམ་སློང་བརྟུལ་ཞུགས་རྩལ་རྫོགས་པ། །གྲུབ་ཆེན་ཕག་ཚང་བ་ཡི་དངོས་སྤྲུལ་མཆོག།།རྫོགས་ཆེན་པ་་་་་། །ཚེ་གཅིག་རྡོ་རྗེ་འཆང་གྲུབ་མི་ལ་རྗེའི། །སྙན་རྒྱུད་གདམས་པའི་མཛོད་འཛིན་ཐུགས་ཀྱི་སྲས། །ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་དངོས། །རྫོགས་ཆེན་པ་་་་་། །བསྐལ་བཟང་རྣམ་འདྲེན་དྲུག་པ་སེངྒེའི་མཚན། །མངལ་གྱི་སྒྲིབ་པས་མ་གོས་སྤྲུལ་པའི་སྐུ། །གྲུབ་པ་མཆོག་བརྙེས་དུས་གསུམ་མཁྱེན་པ་དངོས། །རྫོགས་ཆེན་པ་་་་་། །ཆོས་ཉིད་མངོན་སུམ་གཟིགས་པའི་བརྟུལ་ཞུགས་ཀྱི། །ཨོ་རྒྱན་ཡུལ་ཕྱོགས་ས་སྤྱོད་ཞིང་ཀུན་ཉུལ། །གྲུབ་པའི་དབང་ཕྱུག་གླིང་རྗེ་རས་པ་དངོས། །རྫོགས་ཆེན་པ་་་་་། །བླ་མ་ཆོས་སྐུར་རྟོགས་པའི་མོས་གུས་ཀྱི། །རྣལ་འབྱོར་མཐར་ཕྱིན་རྟོགས་པའི་དབང་ཕྱུག་མཆོག །སྒྲུབ་བརྒྱུད་བསྟན་འཛིན་སྟག་ལུང་ཐང་པ་དངོས། །རྫོགས་ཆེན་པ་་་་་། །རྟོགས་པ་མཆོག་བརྙེས་སྣང་སེམས་དབང་དུ་འབྱོར། །ལྟ་སྟངས་ལ་སོགས་བརྟུལ་ཞུགས་ཀུན་གྲུབ་པ། །ཨོ་རྒྱན་རང་བྱུང་པ་ཡི་དངོས་སྤྲུལ་མཆོག །རྫོགས་ཆེན་པ་་་་་། །རྒྱལ་བ་ཀུན་གྱི་མཁྱེན་རབ་འཇམ་པའི་དབྱངས། །ཐུབ་བསྟན་རྩ་ལག་ངུར་སྨིག་འཛིན་པའི་གར། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དངོས། །རྫོགས་ཆེན་པ་་་་་། །གཞན་ཡང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །རིགས་གསུམ་སེམས་དཔའ་མཆོག་གི་རྣམ་འཕྲུལ་དུ། །རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ཡི། །རྫོགས་ཆེན་པ་་་་་། །མདོར་ན་ཕྱོགས་དུས་རྒྱལ་བ་རམ་འབྱམས་ཀྱི། །ཁྱབ་བདག་རྡོ་རྗེ་སེམས་དངོས་ཁྱོད་ཡིན་ཕྱིར། །སྲས་བཅས་རྒྱལ་ཀུན་ཁྱོད་ཀྱི་སྒྱུ་འཕྲུལ་གར། །རྫོགས་ཆེན་པ་་་་་། །རྒྱལ་བ་ཀུན་དངོས་པདྨ་རིག་འཛིན་དང་། །འགྱུར་མེད་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོ། །ངེས་དོན་བསྟན་འཛིན་བཟང་པོའི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །མི་འགྱུར་ནམ་མཁའི་རྡོ་རྗེ་གདོད་མའི་མགོན། །ཀུན་གཟིགས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག།།འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །ནམ་མཁའ་འོད་གསལ་གཏེར་ཆེན་ཉི་མ་གྲགས། །རབ་འབྱམས་བསྟན་པའི་རྒྱལ་མཚན་ལ་སོགས་པའི། །མཚུངས་བྲལ་ཐུགས་ཀྱི་སྲས་མཆོག་རྣམས་ཀྱི་མཐུས། །རྫོགས་ཆེན་པ་་་་་། །འཇིགས་མེད་ཕྲིན་ལས་འོད་ཟེར་རིམ་བྱོན་དང་། །འཇིགས་མེད་མི་བསྐྱོད་རྡོ་རྗེ་རིམ་བྱོན་སོགས། །བརྒྱུད་འཛིན་སྐྱེས་ཆེན་རྣམས་ཀྱི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། །མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སོགས། །རྩོད་བྲལ་མཁས་གྲུབ་རྒྱ་མཚོའི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །རྒྱལ་སྲས་གཞན་ཕན་མཐའ་ཡས་རིམ་བྱོན་དང་། །ཀུན་འབྲུག་གླིང་གསུམ་མཁྱེན་ཀོང་གཉིས་ལ་སོགས། །རྒྱལ་ཚབ་མཆོག་སྤྲུལ་རྣམས་ཀྱི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །པདྨ་བཀྲ་ཤིས་པདྨ་མཛྲ་སོགས། །འདྲེན་མཆོག་བསྟན་འཛིན་ཆོས་བཟང་བར་བྱོན་པའི། །མཁན་རབས་གསེར་རིའི་ཕྲེང་བའི་ཐུགས་བསྐྱེད་མཐུས། །རྫོགས་ཆེན་པ་་་་་། །ཁྱད་པར་རྒྱ་གཞུང་བཅུ་གསུམ་ཆ་ལག་བཅས། །འཆད་ཉན་ཕྲིན་ལས་གངས་ཅན་མཐའ་དབུས་ཀུན། །སྤེལ་མཛད་གཞན་ཕན་ཆོས་ཀྱི་སྣང་བའི་མཐུས། །རྫོགས་ཆེན་པ་་་་་། །བསྟན་པའི་རྩ་ལག་གཞི་གསུམ་ཉམས་བཞེས་གཙང་། །སྔ་འགྱུར་བཀར་གཏེར་ཕྲིན་སྒྲུབ་ཕྱག་བཞེས་བཟང་། །སྤོང་དང་ཀློག་པའི་སྡེ་ཆེན་གྱིས་འཛིན་པའི། །རྫོགས་ཆེན་པ་་་་་། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་འཆད་ཉན་འཕེལ། །བྱ་བྲལ་འཁྲུལ་ཞིག་སྒྲུབ་པོས་རི་སུལ་ཁེངས། །བསྟན་བརྒྱུད་འཛིན་པའི་གངས་ལྗོངས་མཐའ་དབུས་ཁྱབ། །རྫོགས་ཆེན་པ་་་་་། །འཁོར་ལོ་གསུམ་གྱི་ཕྲིན་ལས་ཟླ་མེད་ཕྱིར། །མདོ་ཁམས་སྔ་འགྱུར་བསྟན་པའི་རྩ་ལག་ཏུ། །གྲགས་པའི་ཆོས་དུང་སྒྲ་ཡིས་ས་གསུམ་སྙན། །རྫོགས་ཆེན་པ་་་་་། །ཀཿ དཔལ་གཉིས་སོགས་ས་དགེ་བཀའ་རྙིང་གི །བསྟན་འཛིན་དུ་མས་མདོ་སྔགས་རིག་གཞུང་བཅས། །གསན་བསམ་མཛད་གནས་ཆོས་ཀྱི་སྡེ་ཆེན་པོ། །རྫོགས་ཆེན་པ་་་་་། །མདོར་ན་སྟོན་མཆོག་ཤཱཀྱའི་རྒྱལ་པོ་ཡི། །བསྟན་པ་ཡོངས་སུ་རྫོགས་པ་འཛིན་པ་ལ། །ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པ། །རྫོགས་ཆེན་པ་་་་་། །བརྒྱུད་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཐེག་པ་རིམ་པ་དགུ་ཡི་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །རྫོགས་ཆེན་པ་་་་་། །ཐུགས་རྗེ་ལས་སྤྲུལ་སྐྱེས་མཆོག་མང་དུ་བྱོན། །ཆོས་བརྒྱུད་འཛིན་རྣམས་འཆད་ཉན་རྟག་ཏུ་འཕེལ། །ཆོས་སྐྱོང་སྲུང་མས་འཕྲིན་ལས་ཚུལ་བཞིན་བསྒྲུབ། །རྫོགས་ཆེན་པ་་་་་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །ཚོགས་གཉིས་སྨོན་ལམ་ཡོངས་སུ་རྫོགས་པའི་མཐུས། །རྫོགས་ཆེན་པ་་་་་། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་སྙིང་པོ་རྒྱལ་བ་རྫོགས་ཆེན་པའི། །བསྟན་པ་འཛིན་ལ་ལུས་དང་སྲོག་འདོར་ཡང་། །ཅུང་ཟད་ཙམ་ཞིག་ལྷོད་པར་མ་གྱུར་ཅིག།།རྒྱལ་སྲས་སྨོན་ལམ་འབུམ་ཕྲག་བགྲང་ཡས་པ། །ཀུན་འདུས་དམ་ཆོས་འཛིན་པའི་སྨོན་ལམ་མཆོག།།འགྲུབ་པའི་མཐུན་འགྱུར་སྲས་བཅས་རྒྱལ་རྣམས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་སྐྱོང་བཞིན་གནང་བར་མཛོད། །དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན། །བསྟན་འཛིན་དགེ་འདུན་སྡེ་ཡིས་འཛིན་མར་ཁྱབ། །རྙེད་དང་བཀུར་སྟི་བཅས་ཏེ་ཐུབ་པའི་བསྟན། །རྟག་ཏུ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག།།ཅེས་པ་འདི་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པས་གྲུབ་དབང་རྫོགས་ཆེན་པའི་སྐྱེས་ཕྲེང་གསོལ་འདེབས་གསུངས་པའི་དོན་དང་མཐུན་ཞིང་བསྔགས་བརྗོད་གཞན་རྣམས་ཀྱང་ཟོལ་བརྫུན་དང་བཅོས་མ་མ་ཡིན་པ་དོན་ལ་ཇི་ལྟར་གནས་པ་བཞིན་བརྗོད་པའི་སྒོ་ནས། བསྟན་པ་རྒྱས་པར་སྨོན་པ་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ཟླ་བ་བཞི་བའི་དམར་ཕྱོགས་ཀྱི་ཚེས་ཉེར་ལྔར་སྦལ་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ལག་རྡོ་རྗེ་གླིང་དུ་གྲགས་པའི་རི་འགུལ་ནས་དུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གྲལ་མཐར་སྐྱེས་ཙམ་བན་ཧྲུལ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་མིང་པས་སུག་བྲིས་བགྱིས་པའི་དགེ་བས་དད་ལྡན་གྱི་གདུལ་བྱ་རྣམས་ཀྱིས་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་རང་བསྟན་འཛིན་སྐྱོང་སྤེལ་འདོད་ཀྱི་སྙིང་སྟོབས་ཉིན་བཞིན་ཕན་ཚུན་འགྲན་པ་ལྟར་འཕེལ་ནས་རྒྱལ་བསྟན་རིན་པོ་ཆེ་ཉམས་པ་སོར་ཆུད་པ་དང་། མི་ཉམས་གོང་འཕེལ་དུ་དར་ནས་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་པར་གྱུར་ཅིག།དགེའོ། །དགེ་འོ། །དགེའོ། །སརྦ་མངྒ་ལཾ།། །།

  15. བན་དེ་བ། says:
    2013-01-02 at 9:33 am

    རང་གིས་རང་བསྐྱག སྣང་བས་རིག་པ་བསྐྱག སྐྱག་པའ་རྐུབ་བསྐྱག
    རྫོགས་ཆེན་བསྟན་པ་རྒྱས་གྱུར་ཅིག

  16. རྒད་པོ། says:
    2013-01-02 at 6:56 pm

    རྫོགས་ཆེན་བསྟན་རྒྱས་སྨོན་ལམ་རྗེན་པ་རྗེན་རྐྱང་ཞུགས་སོ།

    ཨོམ། ཁ་བརྡ་བ་ལ་ཕྱག་འཚལ་ལོ།

    རྒྱལ་བ་ཀུན་དངོས་ཀླུ་སྨྱོན་ཧེ་རུ་ཀ། རྡོ་རྗེ་འཆང་གི་རྣམ་སྤྲུལ་ཀྱེ་རྡོར་བ།
    དུས་གསུམ་སངས་རྒྱས་གཉིས་པ་ཨོ་ཉི་བ། ཁ་བརྡ་བ་ཡི་བསྟན་པ་རྒྱས་གྱུར་ཅིག

    དབུ་མའི་ཤིང་རྟ་ཤར་ཕྱོགས་འཁུག་རྟ་དང་། ལྟ་བའི་རྒྱལ་པོ་ཀླུ་ཁར་འབྱམས་ཀྱི་ཞབས།
    གངས་ཅན་མཁས་པའི་གཙུག་རྒྱན་འཇམ་དབྱངས་ནོར། ཁ་བརྡ་བ་ཡི་བསྟན་པ་རྒྱས་གྱུར་ཅིག

    སྲིད་པའི་དབང་གི་བདག་པོ་ཤི་ཅིན་ཕིང་། འཛམ་གླིང་ནོར་གྱི་བདག་པོ་སྦིལ་སྒེ་ཀྲི།
    སྲིད་གསུམ་དམག་གི་རྒྱལ་པོ་ཨོ་སྦ་མ། ཁ་བརྡ་བ་ཡི་བསྟན་པ་རྒྱས་གྱུར་ཅིག

    རླུང་འཕྲིན་འགོ་པ་ང་ཕོད་འཇིགས་མེད་དང་། རླུང་འཕྲིན་བདག་མོ་མཛེས་མ་ལི་ལི་སྦིང། འཛམ་གླིང་ཕུ་འཁྲུག་སྐལ་ལྡན་བློ་གྲོས་རྗེ། ཁ་བརྡ་བ་ཡི་བསྟན་པ་རྒྱས་གྱུར་ཅིག

    དབུ་མའི་ཤིང་རྟ་ཤར་ཕྱོགས་འཁུག་རྟ་དང་། ལྟ་བའི་རྒྱལ་པོ་ཀླུ་ཁར་འབྱམས་ཀྱི་ཞབས།
    ཞར་དང་ཞོར་ལ་མཆན་འགོད་རྒད་པོ་བ། ཁ་བརྡ་བ་ཡི་བསྟན་པ་རྒྱས་གྱུར་ཅིག

    ཁྱོད་རྣམས་ཀུན་ལ་གསོལ་བ་བཏབ་པའི་འཐུས། བདག་སོགས་གང་དུ་གནས་པའི་ཡུལ་ཕྱོགས་འདིར། རྩོམ་དང་སྙན་ངག་རྩོད་པ་འཕེལ་བ་དང་། ཚེ་རིང་སྐྱིད་ཀྱི་བཞིན་བཟང་འཇལ་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (48)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme