Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆིག་སྒྲིལ་གྱི་ལྡེ་མིག ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

Posted on 2012-12-24 By ཁ་བརྡ་ 10 Comments on ཆིག་སྒྲིལ་གྱི་ལྡེ་མིག ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ཉེ་ཆར་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྲིད་སྐྱོང་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་འཐབ་རྩོད་འབོད་སྒྲ་གཅིག་གི་འོག་ལ་འགྲོ་དགོས་པའི་བཀའ་སློབ་གནང་ཡོད་ཀྱང་དོན་དམ་པའི་འབོད་ཚིག་གཅིག་གི་འོག་ལ་འགྲོ་རྒྱུ་ཧ་ཅང་དཀའ་མོ་རེད། དབུ་མའི་ལམ་འདི་མ་བྱུང་བའི་ཡར་སྔོན་དུ་བོད་གཞུང་དམངས་གཉིས་ཀ་ལང་ཕྱོགས་གཅིག་པ་ཡིན་པས་གཞུང་དམངས་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་ཞེས་བཤད་ན་དཀའ་མོ་ཞིག་མིན་ཀྱང་། ད་ནི་དུས་ཚོད་འགྱུར་ཟིན་པས་དེ་འདྲ་ཡོང་དཀའ་། ཕྱོགས་ཁག་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་རང་དོན་ཁོག་བཅུག་དང་། གནས་ཚུལ་མ་རྟོགས་མཁན། ཕུགས་ཀྱི་བསམ་བློ་མི་ཐོངས་མཁན། ཚོར་བའི་རྗེས་འབྲང་བ་སོགས་མཚན་སྨད་ཅི་ཙམ་བེད་སྤྱད་རུང་དེ་ནང་ཁུལ་དམ་ཚིག་ལ་གས་ཆག་ཇེ་ཆེར་འགྲོ་བའི་རྒྱུ་ཞིག་ལས། གཅིག་གིས་རང་གི་བལྟ་བ་དོར་ནས་གཞན་དག་དང་གཅིག་ཏུ་ཐིམས་འགྲོ་རྒྱུ་ཧ་ཅང་ཧ་ཅང་དཀའ་མོ་ཡིན་པ་དེ་དངོས་ཡོད་རེད། དེ་འདྲ་ཡོང་རྒྱུར་རེ་སྒུག་བྱས་མ་གླེན་པའི་རྟགས་དང་། དེ་ལྟར་མ་བྱུང་ན་ཁྲེལ་མེད་དང་བསམ་མེད་དུ་བརྩིས་ན་རང་ཉིད་བསམ་མེད་ཡིན་པའི་རྟགས་རེད། དེ་ནི་གཡོལ་དུ་མེད་པའི་བདེན་དོན་རེད། གནད་དོན་འདི་ཕན་ཚུན་གཉིས་དང་ལྷག་པར་དུ་དབུ་མ་བ་དག་དང་གཞུང་གི་དབང་འཛིན་པ་དག་གིས་མཁྱེན་དགོས།

འོ་ན་ད་ནི་ང་ཚོར་གཞུང་དམངས་གཉིས་འབོད་སྒྲ་གཅིག་གི་འོག་ཏུ་འགྲོ་ཐུབ་པའི་ཐབས་ལམ་ཞིག་མེད་པ་ཡིན་ནམ་ཞེ་ན། ངའི་བསམ་པར་མེད་པ་མིན་པར་ཡོད་དེ། བོད་གཞུང་གི་ལང་ཕྱོགས་དེ་དབུ་མ་དང་རང་བཙན་གང་ལ་ཡང་ཉེ་རིང་མི་བྱེད་པའི་བཏང་སྙོམས་ཤིག་བཟུང་ནས་ཏེ། འཐབ་རྩོད་ཀྱི་དམིགས་ཡུལ་གཙོ་བོ་རང་ཐག་རང་གཅོད་ལ་བྱེད་རྒྱུ་དེ་རེད། འདི་ནི་དབུ་མ་དང་རང་བཙན་གཉིས་ཀ་ལ་བསྟུན་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་ཡང་ཡོད་པས། དོན་དམ་པའི་སྟོབས་ཤུགས་ཤིག་ཡིན་པར་ངས་བསམ། འདི་ནི་དབུ་མ་དང་སྒྲིག་ཐུབ་ལ་རང་བཙན་དང་བསྟུན་ཐུབ། དེར་མ་ཟད་བོད་ནང་གི་འབོད་སྒྲ་དང་ཡང་བསྟུན་ཐུབ། འདིའི་ནང་དུ་གཞོན་སྐྱེས་ཀྱི་ཚོར་བའི་འབོད་སྒྲ་ཤོངས་ཐུབ་ལ། རྒན་རབས་ཀྱི་མྱོང་བའི་རིགས་ལམ་ཤོངས་ཐུབ། འདི་ནི་ཆིག་སྒྲིལ་གྱི་ལྡེ་མིག་ཡིན།

གཞུང་ཞིག་གི་སྲིད་ཇུས་ཡིན་ན་དེའི་འོག་ན་འབངས་སུ་གཏོགས་པའི་རིས་སུ་མ་ཆད་པའི་མི་དམངས་ཀྱི་མངོན་འདུན་ཐམས་ཅད་ཤོངས་བའི་གུ་ཡངས་བ་འདི་འདྲ་ཞིག་དགོས་པ་ལས་ཕྱོགས་གཅིག་གི་འདོད་ཚུལ་ཙམ་ལ་ལྷུང་བ་ནི་སྲིད་གཞུང་བཟང་པོ་ཞིག་གི་ཁྱད་ཆོས་མིན། ད་ལྟའི་ང་ཚོའི་གཞུང་གི་ལངས་ཕྱོགས་དེ་ཡང་དེ་འདྲ་བ་ཞིག་འགྱུར་བཞིན་འདུག གང་ལགས་ཤེ་ན་ད་ནི་གཞུང་དང་འབྲེལ་བ་ཐོགས་པའི་སྐྱེ་བོ་ཞིག་ཕར་ཞོགས། མི་སེར་དཀྱུས་མ་ཞིག་གིས་ཀྱང་མང་ཚོགས་ཤིག་གི་དཀྱིལ་དུ་བོད་གཞུང་ཞེས་པའི་ཚིག་འདི་ཙམ་ཡང་བློ་ཁོག་ཅིག་མ་བསྐྱེད་པར་དུ་འབོད་འཚེར་བ་ཞིག་ཏུ་གྱུར་འདུག ཅི་སྟེ་སུ་ཞིག་གིས་བཙན་བྱོལ་བོད་གཞུང་ཞེས་བོས་ན་ནང་སྙིང་མེད་པའི་ཀླད་མེད་རེ་ཟུང་གིས་དེ་མ་ཐག་ཏུ་ཁྱོད་ཀྱིས་སྐད་ཆ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་མི་འདུག་ཅེས་མ་ཤེས་ཤེས་མདོག་གིས་ཁ་བརྡུང་གཏོང་བར་འཛེམས་བག་མེད་བྱེད་པའི་གནས་སྟངས་ཡ་ང་བ་ཞིག་ལ་གྱུར་འདུག འདི་ནི་གཞུང་གི་ལངས་ཕྱོགས་ལ་ཤོངས་རྒྱ་མེད་པའི་དབང་གིས་རེད།

རང་ཐག་རང་གཅོད་ཀྱི་ངོ་བོ།

དེས་ན་སྐབས་སུ་བབ་པ་རང་ཐག་རང་གཅོད་ཅེས་པ་ལ་མཚམས་སྦྱོར་ཅུང་ཟད་བྱེད་དགོས། སྤྱིར་ན་གུས་པ་རྒྱལ་སྤྱིའི་སྲིད་དོན་ཚན་རིག་ལ་སྦྱང་བ་བྱས་པའི་མཁས་པ་ཞིག་མིན་པས་ཞིབ་ཚགས་པོ་ཞིག་དང་གཏིང་ཟབ་མོ་ཞིག་ཞུ་མི་ཐུབ་པས་འདིའི་ཐོག་ལ་གཞུང་གི་ངོས་ནས་མང་ཚོགས་ལ་ཟབ་སྦྱོང་དང་སློབ་སྟོན་མང་དུ་བྱེད་དགོས། རང་ཐག་རང་གཅོད་ཅེས་པ་ནི་དབྱིན་ཇིའི་ཚིག་self-determination ཞེས་པ་དེའི་ཐད་དུ་བསྒྱུར་བའི་བོད་ཚིག་ཡིན། ཚིག་འདི་སྔོན་ནས་རང་རེས་དབྱིན་ཚིག་འདིའི་ཐད་དུ་བེད་སྤྱོད་བྱས་ཟིན་པ་ཞིག་ཡིན་པ་ལས་ཁོ་བོས་གསར་བཟོ་བྱས་པ་ཞིག་མིན།

རང་ཐག་རང་གཅོད་ཅེས་པ་འདི་ཐོག་མར་གསར་གཏོད་པ་པོ་ནི་ཨ་རིའི་སྲིད་འཛིན་ཝུཌརོ་ཝིལསོན་(Woodrow Wilson)་ཞུ་བ་ཡིན་འདུག ཕྱི་ལོ་༡༩༤༡་ལོར་བཟོས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་གཞི་འཇོག་ས་གཙོ་བོ་དེ་ཡང་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཁོ་ན་ཡིན་འདུག་ཅིང་། རང་ཐག་རང་གཅོད་ཟེར་བ་འདི་འཛམ་གླིང་ཆབ་སྲིད་ཀྱི་ནང་དུ་ཚང་མའི་སེམས་སུ་ཁྲིག་སེར་ཡོད་པའི་བལྟ་གྲུབ་ཅིག་ཡིན་འདུག་པས་འདིའི་སྐོར་ལ་མི་སུ་ཡིན་རུང་མགོ་རྨོངས་པའི་གཞི་རྩ་མེད་པ་རེད། དེ་ལས་ལྡོག་སྟེ་རང་ཅག་གི་དབུ་མའི་ལམ་ལྟ་བུ་ཡིན་ན་མི་སུས་ཀྱང་འགྲེལ་བཤད་གང་དུ་རྒྱབ་ཆོག་ཆོག་ལྟ་བུ་ཞིག་ཏུ་གྱུར་འདུག་པས་སྐབས་རེ་དབུ་མའི་ལམ་པ་དག་ལ་མི་དམངས་ལ་མགོ་སྐོར་གཏོང་གིན་ཡོད་པའི་སྙོན་འཛུགས་ཡོང་གིན་ཡོད་པ་དེ་ཡང་གནད་དོན་འདི་ལ་ཐུག་པ་རེད། གཤམ་དུ་ཁོ་བོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དུ་རང་ཐག་རང་གཅོད་ཅེས་པའི་འགྲེལ་བཤད་ཅི་ཡིན་འཛམ་གླིང་ཝི་ཁི་རིག་མཛོད་ལ་གསལ་བ་དེ་བོད་ཡིག་ཏུ་དོན་བསྒྱུར་བྱས་ནས་འགོད་རྒྱུ་ཡིན།

རང་ཐག་རང་གཅོད་ནི་མི་རིགས་ཁག་གི་རང་ཐག་རང་གཅོད་དམ་མདོར་བསྡུས་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དུ་ཁྲིམས་གཞི་གཙོ་བོའི་ཀ་བ་ལྟ་བུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ལ་དེའི་བཅའ་ཁྲིམས་གྱི་འབྲུ་དོན་བཞིན་རྒྱལ་སྤྱིའི་ཁྲིམས་སུ་བཅོས་རྒྱུར་དབང་ཚད་ཡོད། དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཞག་མི་རིགས་ཚང་མར་ཕྱིའི་ཐེ་གཏོགས་དང་གནོན་ཤུགས་མེད་པར་རང་རང་གི་ཆབ་སྲིད་གནས་བབ་དེ་རང་བཙན་ནམ་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་གཞན་གང་ཡིན་རུང་རང་དབང་གིས་འདེམས་པའི་ཐོབ་ཐང་ཡོད། དེ་ནི་ཨ་རིའི་སྲིད་འཛིན་རོསི་ཝོལཊི་དང་། དབྱིན་ཇིའི་སྲིད་བློན་ཆརཆ་ཧིལ་རྣམ་པ་གཉིས་ཀྱིས་ཕྱི་ལོ་༡༩༤༡་ཟླ་༨་ཚེས་༡༤་ཉིན་མཚན་རྟགས་བཀོད་ནས་དམ་བཅས་པའི་དོན་ཚན་ལྔ་ཅན་གྱི་ཨཊལཱན་ཀྲིག་བཅའ་ཁྲིམས་དང་མཐུན་ཡོད།  བཅའ་ཁྲིམས་དེར་མི་རིགས་ཀྱིས་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང་། གྲུབ་འབྲས་ཇི་ལྟར་ཡིན་དགོས་པ་དཔེར་ན་རང་བཙན་གཙང་མ། མནའ་མཐུན། སྲུང་སྐྱོབ་མངའ་ཁུལ། རང་སྐྱོང་གི་རྣམ་པ་ཞིག ཡང་ན་སིམ་སྒྲིལ་གཏོང་བ་སོགས་གང་ཞིག་ཡིན་དགོས་པའི་གསལ་ཁ་མེད། དེར་མ་ཟད་མི་རིགས་ཁག་གི་བར་ཁྱད་གང་ཡིན་དང་མཐའ་ན་མི་རིགས་ཅེས་པ་གང་འདྲ་ཞིག་ལ་གོ་དགོས་པ་ཡང་གསལ་ཁ་བྱུང་མེད། ངོ་མ་བཤད་ན་དེའི་ནང་དུ་སྡེ་ཁག་གང་ཞིག་གིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ཁྲིམས་ཐོག་ནས་ཇི་ལྟར་ལེན་ཆོག་དང་མི་ཆོག་གི་ཞིབ་ཆ་གང་ཡང་འཁོད་མེད། ཕྱི་ལོ་༡༩༦༠་ཟླ་༡༢་ཚེས་༤་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་‘མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་མི་དམངས་ལ་རང་བཙན་སྤྲོད་དགོས་པའི་བསྒྲགས་གཏམ’་ཞེས་འབོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༡༥༡༤་པས་མི་སེལ་སྤེལ་ཡུལ་རྒྱལ་ཁབ་དང་ ‘མི་དམངས’ ་དག་ལ་སྤྲོད་རྒྱུའི་རང་ཐག་རང་གཅོད་ཀྱི་འགྲེལ་བཤད་གསལ་ཏུ་བཏང་ནས་དེའི་ཐོབ་ཐང་སྤྲད་ཡོད། དེའི་དོན་ཚན་༥་བའི་ནང་དུ་ད་བར་རང་བཙན་སྤྲད་མེད་པའི་ས་ཁུལ་ཁག་ལ་རང་དབང་ཆ་ཚང་བ་ལོངས་སུ་སྤྱོད་ཆེད་ཚོན་མདོག་དང་རིགས་རུས་སོགས་དང་གཞན་ཆ་རྐྱེན་གང་ཡང་མེད་པར་ཁོ་བོ་ཅག་གི་ཇི་ལྟར་འདོད་པ་ལྟར་གྱི་རང་བཙན་སོགས་སྤྲོད་པའི་ལས་རིམ་མྱུར་དུ་འགོ་འཛུགས་དགོས་ཞེས་གསལ་ཡོད། དེར་མ་ཟད་ཕྱི་ལོ་༡༩༦༠་༡༢་༡༥་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་༡༥༤༡་པའི་རྩ་དོན་ཞེས་འབོད་པ་དེའི་ལེའུ་༧༣་ནང་གསེས་ང་བའི་ནང་ཇི་ལྟར་འཁོད་པ་ལྟར་གྱི་ས་ཁུལ་ཞིག་ལ་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་སོགས་ཀྱི་གནས་སྟངས་ཀྱིས་རང་བཙན་བྱེད་པའི་དུས་ལ་བབ་ཡོད་མེད་ཀྱི་སྐོར་འཁོད་པའི་དྲི་བ་དེ་དག་རང་བཙན་སྤྲོད་པར་དུས་འགྱང་བྱེད་པའི་ཆ་རྐྱེན་ལ་ནམ་ཡང་བརྩི་མི་ཉན་ཞེས་འཁོད་ཡོད། གྲོས་ཆད་ཨང་༡༥༤༡་པ་ལག་ལེན་དུ་སྟར་ཆེད་དུ་ཕྱི་ལོ་༡༩༦༡་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་སེར་སྤེལ་བའི་བྱ་བ་མེད་པར་གཏོང་བའི་ལས་དོན་ཚོགས་ཆུང་ཟེར་བ་ཞིག་གསར་འཛུགས་བྱས་ནས་རང་ཐག་རང་གཅོད་ཀྱི་རྩ་དོན་ཐོག་མི་སེར་སྤེལ་ཡུལ་ཁག་གིས་རང་བཙན་བྱེད་པའམ། ཟླ་སྒྲིལ་བྱེད་པ། ཡང་ན་ལྷན་སྦྱར་གྱི་གནས་བབ་ངང་སྡོད་པ་སོགས་གང་ཞིག་བདམས་པ་དེ་ལྟར་ཡོང་ཐབས་བྱེད་བཞིན་ཡོད། ཅེས་གསལ།

མདོར་བསྡུས་ན་རང་ཐག་རང་གཅོད་ཀྱི་དོན་ནི་ཕྱིའི་ཤུགས་རྐྱེན་མེད་པར་རང་དབང་གིས་བདམས་པའི་རང་ཉིད་ཀྱི་ཆབ་སྲིད་ཀྱི་མདུན་ལམ་དེ་ལ་གོ་བ་རེད། མི་རིགས་སྤྱིའི་མངོན་འདོད་ལ་གུས་བརྩི་བྱེད་དགོས་ཤིང་། མི་དམངས་རྣམས་ཀྱིས་རང་ཉིད་ཀྱིས་རང་ཉིད་སྐྱོང་དགོས། རང་ཐག་རང་གཅོད་ནི་ཚིག་ཚོགས་ཙམ་ཞིག་མིན་པར་ལག་ལེན་ལ་དབབ་རྒྱུའི་ལས་འགུལ་གལ་ཆེན་ཞིག་རེད།

ང་ཚོ་ནི་མི་དམངས་ཡིན་ལ་ཁྱད་དུ་འཕགས་པའི་མི་དམངས་ཤིག་ཡིན།

རང་ཐག་རང་གཅོད་ཅེས་པ་འདི་སུ་ཞིག་ལ་ཐོབ་ཐང་ཡོད་པ་དང་། སུ་ཞིག་ལ་མེད་པའི་ས་མཚམས་དེ་སུ་ཞིག་དེ་‘མི་དམངས’་ཞེས་པ་དེ་ཡིན་མིན་ལ་ཐུག་ཡོད། ཕྱི་ལོ་༡༩༩༠་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་ལེགས་བྱང་བཅས་ཀྱི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཡིག་ཁག་ཏུ་‘མི་དམངས་ཤིག་ཡིན་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད’་ཅེས་པའི་ནང་གི་‘མི་དམངས’་ཞེས་པའི་འགྲེལ་བཤད་ཞིབ་པར་བཏང་ཡོད།

དེ་ཡང་དང་པོ། རང་ཐག་རང་གཅོད་ཐེ་བའི་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུ་གསལ་བའི་མི་དམངས་ཞེས་པ་ལ་གཤམ་གསལ་ཆ་རྐྱེན་དག་ཚང་དགོས་པ་ནིཿ ཀ་། མི་ཚོགས་གང་ཞིག་ལ་ཐུན་མོང་གི་རྒྱལ་རབས་ཡོད་པ། ཁ་། ཐུན་མོང་གི་རིགས་ཡོད་པ། ག་། ཐུན་མོང་གི་ལེགས་བྱང་ཡོད་པ། ང་། ཐུན་མོང་གི་སྐད་ཡིག་ཡོད་པ། ཅ་། ཐུན་མོང་གི་ཆོས་ལུགས་ཡོད་པ། ཆ་། ཐུན་མོང་གི་ས་ཆ་ཡོད་པ། ཇ་། ཐུན་མོང་གི་དཔལ་འབྱོར་འཚོ་སྟངས་ཡོད་པ་བཅས་ཡིན་དགོས། གཉིས་པ། མི་ཚོགས་དེ་ལ་གྲངས་མ་ཉུང་ལ་མ་བལྟོས་པར་གྲངས་ཀ་ངེས་ཅན་ཞིག་དགོས་པ་ལས་སྐྱིད་སྡུག་ཚོགས་པ་ལྟ་བུ་ཞིག་གིས་མི་ཆོག གསུམ་པ། མི་ཚོགས་དེ་ལ་འདིར་འགྲེལ་བཤད་བྱས་པའི་མི་དམངས་ཞེས་པ་དེ་ལ་ངོས་འཛིན་འདོད་ཀྱི་འདུན་པ་ཡོད་དགོས། བཞི་བ། མི་ཚོགས་དེ་ལ་རང་ཉིད་ཀྱི་མངོན་འདོད་དེ་དག་ཕྱིར་འདོན་སའི་བརྒྱུད་ལམ་དུ་གྱུར་བའི་སྒྲིག་འཛུགས་སམ་ཡང་ན་བརྒྱུད་ལམ་གཞན་ཞིག་ཡོད་དགོས་པ་བཅས་རེད།

ང་ཚོ་བོད་ལ་གོང་གི་ཆ་རྐྱེན་དེ་དག་ཡོངས་སུ་ཚང་ཡོད་ལ། དེའི་ངོས་འཛིན་གསལ་བོར་རིམ་པར་ཐོབ་ཡོད་པ་ནི། ཕྱི་ལོ་༡༩༩༡་ལོར་སཊར་སི་བག་ལ་གླིང་ཆེན་བཞིའི་རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་ལས་གྲུབ་པའི་གཏན་འཇག་མི་དམངས་ཀྱི་གྱོད་དོན་ཞེས་པ་དཔྱད་བསྡུར་མཐར་ཕྱིན་པ་བྱས་རྗེས་བོད་མི་ནི་མི་དམངས་ཤིག་ལ་ངོས་འཛིན་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་པར་ངོས་འཛིན་ཞུས་ཡོད། དེ་བཞིན་ཕྱི་ལོ་༡༩༩༣་ལོར་ལོན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་ཆེན་དང་། ཕྱི་ལོ་༡༩༩༥་དང་༡༩༩༦་སོ་སོར་འཚོགས་པའི་བོད་ཀྱི་ཆེད་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་ཆུང་དང་། མཁས་པའི་ལྷན་ཚོགས་གཉིས། དེ་བཞིན་ཕྱི་ལོ་༡༩༩༦་ལོར་སུ་སིར་འཚོགས་པའི་རྒྱལ་སྤྱིའི་སྲིད་དོན་ཞིབ་འཇུག་པ་དང་ཁྲིམས་དོན་མཁས་དབང་གི་བོད་དང་ཤར་ཏི་མུར་ནུབ་ས་ཧ་ར་བཅས་ཀྱི་རང་ཐག་རང་གཅོད་ཀྱི་གནད་དོན་སྐོར་གྲོས་གླེང་བྱེད་པའི་ཚོགས་འདུ་སོགས་ལ་ཡང་དེ་བཞིན་ཁ་གཅིག་མཐུན་བྱུང་ཡོད། དེའི་ཕྱིར་ང་ཚོ་ནི་རྒྱལ་སྤྱིའི་ཁྲིམས་སུ་གསལ་བའི་རང་ཐག་རང་གཅོད་ཅེས་པ་དེ་རྩོད་པའི་ཐོབ་ཐང་ཡོད་པའི་མི་དམངས་ཞེས་པ་དེ་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་ཀྱང་དེ་ལྟར་ངོས་འཛིན་ཞུས་ཡོད།

ཁྲིམས་ལུགས་ཀྱི་རྒྱབ་རྟེན།

འོ་ན་ང་ཚོ་མཉན་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་འགྲེལ་བཤད་བཞག་པའི་མི་དམངས་ཞེས་པ་དེ་ཡིན་ན་ང་ཚོ་ལ་རག་རྒྱུ་ཅི་ཡོད་ཅེ་ནཿ ཕྱི་ལོ་༡༩༦༠་ཟླ་༡༢་ཚེས་༤་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་‘མི་དམངས’་ཡོངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད། དོན་དག་དེ་‘མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་མི་དམངས་ལ་རང་བཙན་སྤྲོད་དགོས་པའི་བསྒྲགས་གཏམ’་ཞེས་འབོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༡༥༡༤་པའི་ནང་དུ་གསལ་བོར་འཁོད་ཡོད། དེར་མ་ཟད་ཕྱི་ལོ་༡༩༦༡་ལོ་དང་༡༩༦༥་ལོ་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རང་གི་ཐོག་ཏུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་རིམ་པ་གཉིས་བཞག་ཡོད། དེ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་༦༠་ཙམ་ཡོད་འདུག

དགོད་བྲོ་བའི་དོན་དག་ཅིག་ལཿ ཕྱི་ལོ་༡༩༣༡་ལོར་མའོ་ཙེ་ཏུང་གིས་གྲོས་མགོ་བཏོན་ནས་བཞག་པའི་ཁང་ཤི་མི་དམངས་སྤྱི་མཐུན་གྲོས་ཆོད་ཅེས་པའི་ནང་དུ་མའོ་ཙེ་ཏུང་རང་ཉིད་ཀྱིས་ ‘ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་རྒྱ་ནག་གི་གྲངས་ཉུང་མི་རིགས་དག་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཁོ་ཚོས་རྒྱ་ནག་ལས་ལོགས་སུ་རང་བཙན་རྒྱལ་ཁབ་འཛུགས་རྒྱུའི་ཐོབ་ཐང་ཡང་ངོས་འཛིན་བྱེད་ཀྱི་ཡོད། སོག་པོ་དང་བོད་སོགས་རྒྱ་ནག་གི་མངའ་ཁུལ་ན་ཡོད་པའི་གྲངས་ཉུང་མི་རིགས་དག་གིས་རང་ཐག་རང་གཅོད་ཀྱིས་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་ཆོག དེ་ཡང་ཁོ་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཞུགས་པ་འམ་དེ་ལས་གྱེས་ནས་རང་ཉིད་ཀྱི་སྲིད་གཞུང་ལོགས་སུ་འཛུགས་གང་ཡིན་ཡང་འདེམས་ཆོག’་ཅེས་འཁོད་འདུག

དེ་བཞིན་ཕྱི་ལོ་༡༩༥༩་ལོར་མང་ཚོགས་ལ་གཏམ་བཤད་ཅིག་གི་སྐབས་སུ་སྲིད་འཛིན་ཅང་ཀེ་ཤེག་གིས་ ‘གོ་མིན་ཏང་གིས་བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ལམ་ལུགས། གོམས་གཤིས་དང་ཆོས་ལུགས་བཅས་ལ་གུས་བརྩི་བྱེད་ཀྱིན་ཡོད། དེ་རིང་ངས་གསལ་བོར་བརྗོད་འདོད་པ་ཞིག་ལ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་བསྐུལ་བའི་དམར་ཤོག་ཀྱི་སྲིད་གཞུང་འདི་མཐར་སྤྲོད་བཏང་ནས་བོད་རིགས་རྣམས་ལ་རང་གི་བསམ་འདུན་བརྗོེད་པའི་རང་དབང་བྱུང་བའི་རྗེས་སུ་ང་ཚོའི་གཞུང་གིས་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་བོད་ཀྱི་མངོན་འདོད་དེ་བསྐོང་ཐུབ་པ་བྱེད་ཀྱི་ཡིན།’་ཞེས་གསུང་འདུག དེ་བཞིན་རྒྱ་ནག་གི་མགོ་ཁྲིད་རིམ་བྱུང་གིས་བོད་འདི་དམིགས་བསལ་ཅན་ཡིན་པ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་བཤད་པ་མང་པོ་ཡོད་འདུག

འོ་ན་ང་ཚོས་གང་རྩོད་དགོས།

ང་ཚོས་ཁྲིམས་ལུགས་ཀྱི་བསྙེས་ས་དང་། ལོ་རྒྱུས་ཀྱི་གཞིགས་ས། ལག་ལེན་གྱིས་འཇུ་ས། མ་འོངས་བར་སྙེག་ས་སོགས་ཡན་ལག་སྣ་མང་འཛོམས་པའི་ཕུང་པོ་རང་ཐག་རང་གཅོད་ཅེས་པ་འདི་ལ་ཅིའི་ཕྱིར་མི་རྩོད། རྩོད་ན་ཇི་ལྟར་རྩོད་ཅེ་ན། དེ་ནི་ང་ལྟ་བུ་ཞིག་གིས་ལམ་སྟོན་བྱེད་འོས་པ་ཞིག་དང་བྱེད་དགོས་པ་ཞིག་མིན། ནམ་ཞིག་བོད་གཞུང་གི་ལང་ཕྱོགས་དེ་འདིའི་ཐོག་ཏུ་སོང་ན་དེ་དུས་རྣམ་དཔྱོད་ཅན་གྱི་རིག་པའི་དཔའ་བོ་མང་དུ་འབྱུང་ངེས་རེད། དེ་དུས་གང་ཞིག་བྱེད་དགོས་པ་དང་གང་ལྟར་བྱེད་དགོས་པའི་ལམ་ཁ་རང་བཞིན་གྱིས་དོད་ཡོང་གི་རེད།

འདིར་ང་རང་གིས་ཞལ་འདེབས་ཙམ་གྱི་ཚུལ་དུ་རང་ཉིད་ཀྱི་བསམ་ཚུལ་འབུལ་རྒྱུ་གཅིག་ནི། ང་ཚོས་རྒྱལ་ཚོགས་ཀྱི་ལྟ་རྟོགས་འོག་བོད་ནང་དུ་མི་མང་བསམ་ཚུལ་བསྡུ་ལེན་བྱེད་པར་འབད་བརྩོན་བྱེད་རྒྱུ་དེ་ཐབས་ལམ་གཅིག་ཡིན་རྒྱུ་རེད་སྙམ། ལོ་རྒྱུས་ནང་དུ་མི་མང་བསམ་ཚུལ་བསྡུ་ལེན་གྱི་ཐབས་ལམ་བརྒྱུད་ནས་མི་རིགས་ཀྱི་དཀའ་ངལ་སེལ་བའི་དཔེར་མཚོན་མང་པོ་འཇོག་རྒྱུ་ཡོད་འདུག ༢༠༡༢་ལོར་སུ་ཌན་མི་མང་བསམ་ཚུལ་བསྡུ་ལེན་གྱིས་ལྷོ་སུ་ཌན་རང་བཙན་བྱེད་རྒྱུར་ཐག་ཆོད་པ། ༡༩༩༥་ལོར་ཁུ་བྷེག་མི་མང་བསམ་ཚུལ་བསྡུ་ལེན་གྱིས་ཁུ་བྷེག་རང་སྐྱོང་ལྗོངས་ཁེ་ན་ཌའི་འོག་ཏུ་སྡོད་སྒྱུར་ཐག་ཆོད་པ། ༡༩༦༧་ལོར་ཨོསི་ཊེར་ལིཡ་མི་མང་བསམ་ཚུལ་བསྡུ་ལེན་གྱིས་ཡུལ་བདག་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་ཕན་ཐོགས་བྱུང་བ་སོགས་ལས་འགུལ་འདིས་གྲུབ་འབྲས་གཟེངས་སུ་ཐོན་པ་སྤྲད་པའི་ལོ་རྒྱུས་མང་པོ་ཡོད།

ད་སྐབས་དབུ་མ་བ་དག་གིས་ཁོ་བོ་ཅག་གི་ལངས་ཕྱོགས་འདི་བོད་མི་མང་ཆེ་བའི་མངོན་འདོད་ཡིན་མདོག་དང་། རང་བཙན་པ་དག་གིས་ཀྱང་དེ་ལྟར་བཤད་ཀྱིན་ཡོད། ཡིན་ན་ཡང་དབུ་མ་བ་བསམ་ཚུལ་འདི་འཛིན་མཁན་མང་དག་ཅིག་གིས་བསམ་ཚུལ་དེ་ངེས་པ་དང་དད་པ་གཉིས་ལས་དད་པ་གཙོ་བོའི་ཐོག་ནས་བཟུང་བ་ཞིག་དང་། རང་བཙན་པ་ཡང་མང་དག་ཅིག་གིས་བསམ་ཚུལ་དེ་ངེས་པ་དང་ཚོར་བ་གཉིས་ལས་ཚོར་བ་གཙོ་བོའི་ཐོག་ནས་བཟུང་བ་ཞིག་ཡིན་པར་འདོད། ནམ་ཞིག་མི་མང་བསམ་ཚུལ་བསྡུ་ལེན་འདི་བྱས་པའི་གྲུབ་འབྲས་བྱུང་བའི་ཉིན་ནས་བཟུང་དབུ་མ་དང་རང་བཙན་གྱི་རང་རང་ལང་ཕྱོགས་དེ་བོད་མི་མང་གི་ལངས་ཕྱོགས་ཡིན་པའི་རྩོད་གླེང་དེ་འདོར་བར་འགྱུར་། དེའི་དུས་སུ་དབུ་མ་དང་རང་བཙན་གྱི་ལྟ་བའི་འགལ་ཟླ་ལས་འཕྲོས་པའི་ལབ་གླེང་སྣ་ཚོགས་པ་དག་ཀྱང་འཇའ་ལྟར་ཡལ་བར་འགྱུར་བས་དེ་དུས་དོན་དམ་པའི་གཞུང་དམངས་རྡོག་རྩ་ཆིག་སྒྲིལ་ཞིག་དང་འབོད་ཚིག་གཅིག་གྱུར་ཞིག་འབྱུང་ཐུབ་བོ།

 

གསར་འགྱུར།, རྩོམ་རིག

Post navigation

Previous Post: འཚོ་བའི་རྣམ་རྟོག སེར་ཤུལ་རིན་ཆེན་དོན་གྲུབ།
Next Post: དགུན་ཁའི་འཛུམ་མདངས་ཉི་ཐིག་འོག་ན་འདུག ཁྲོ་གཏུམ།

Comments (10) on “ཆིག་སྒྲིལ་གྱི་ལྡེ་མིག ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།”

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-12-24 at 11:43 am

    ཁོ་བོའི་རྩོམ་འདི་དུས་བབ་དྲ་ཐོག་ཏུ་ཟླ་ཤས་གོང་དུ་སྤེལ་ཡོད་ཀྱང་དུས་བབ་ཀྱི་དྲ་ཐོག་ཏུ་བགྲོ་གླེང་སྟབས་བདེ་མིན་པས་ཡིན་ནམ་གང་ལྟར་བགྲོ་གླ྄ེང་འདོད་པ་ཁེངས་བ་ཞིག་བྱུང་མ་སོང་བས་ད་ལན་འདིར་སྤེལ་བ་ཡིན། ་དྲ་གྲོགས་རྣམ་པས་བགྲོ་གླེང་རེ་གནང་བའི་རེ་བ་ཞུ།

  2. པདྨ་རྡོ་རྗེ་།། says:
    2012-12-24 at 12:51 pm

    དཔྱད་རྩོམ་རིང་པོ་ཞིག་འདུག་། ཀླག་ཟིན་། ཡག་སྡུག་གང་ཡིན་བཤད་མ་ཤེས་ཀྱང་། ༡ གཞུང་འཛིན་པས་ཐབས་ཤེས་འདྲ་མིན་བེད་དཔྱད་དེ་རང་བཙན་རྩོད་མཁན་རྣམས་སྤྱི་ཚོགས་ནང་ཕུ་རོག་དཀར་པོ་བཟོ་གི་ཡོད་པའི་ཚོར་སྣང་ཞིག་ཡོད་བཞིན་པ་རེད་། ཡང་མིན་ན་རང་བཙན་རྩོད་མི་འགའི་བྱེད་སྟོངས་ཧ་ཅང་ཐལ་དྲག་ཡིན་རྒྱུ་རེད་། ༢ བསམ་བློ་ཡག་པོ་མ་གཏོང་ན་། བཙན་བྱོལ་སྒྲིགས་མཛུགས་ཟེར་དུས་། ང་རང་དེའི་ཁོངས་སུ་ཡིན་བསམ་པ་ཞིག་བློ་ལ་འཆར་མི་ཐུབ་པའི་དཀའ་ངལ་ཞིག་དངོས་གནས་འདུག་། བོད་བཙན་བྱོལ་གཞུང་ལབ་ཡོང་དུས་། ང་རང་དེའི་ཁོངས་སུ་ཡོང་མེད་ལ་བསམ་བློ་གཏོང་དགོས་མེད་། དེ་ནི་མིང་ཙམ་གྱི་ནུས་པ་ཡིན་རྒྱུ་རེད་། གང་ལྟར་མིང་གསར་པ་མང་པོ་ཞིག་ཡོད་རུང་བོད་མིའི་སྒྲིགས་མཛུགས་ཟེར་བའི་མིང་སྐྱོ་བོ་དེ་འདྲ་ཞིག་ལས་ང་ཚོ་ལ་མི་རག་རྒྱུའི་གནད་འགའ་དེ་ག་རེ་ཡིན་ན་བསམ་ཏེ་བསམ་བློ་མང་པོ་གཏོང་གི་ཡོད་།

  3. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-12-24 at 10:17 pm

    དྲ་གྲོགས་པད་མ་ལགས།
    ཟམ་གདོང་རིན་པོ་ཆེ་སོགས་དེའི་རྗེས་འབྲང་འགའ་ཞིག་གིས་མིང་ཙམ་དང་ཚིག་ཙམ་གལ་ཆེ་མིན་ཚུལ་གྱིས་ཞེས་ཁྱད་གསོད་བྱེད་ཀྱིན་འདུག
    འོན་ཀྱང་བོད་གཞུང་ཞེས་པ་འདི་མིང་ཙམ་ཞིག་གམ་ཚིག་ཅིག་ཡེ་ནས་མ་རེད། དེ་ནི་གོ་བབ་ཅིག་དང་ཐོབ་ཐང་ཞིག་རེད། དེ་ནི་ཆོ་ལོ་ཞིག་དང་ཆེ་མཐོང་ཞིག་རེད། དེ་ནི་ལོ་རྒྱུས་ཞིག་དང་བདེན་དོན་ཞིག་རེད། དེ་ནི་མདུན་ལམ་ཞིག་དང་མ་འོངས་བ་ཞིག་རེད། དེའི་ཕྱིར་ཚིག་ཙམ་ཞིག་ལ་རྩོད་པ་གཏི་ཐུག་རེད་ཅེས་འཕྱད་དམོད་བྱེད་པ་ནི་རང་ཉིད་ཀྱི་བསམ་བློ་འཁྱེར་སོ་ལ་དཔྱད་དགོས་པ་ཞིག་རེད།
    འོན་ཀྱང་ཁོ་བོའི་བགྲོ་གླེང་གི་བརྗོད་གཞི་འདི་མིན། རང་ཐག་རང་གཅོད་ཀྱི་སྐོར་ཡིན། ཁ་སྔོན་ཁོ་བོས་འདི་བྲིས་པའི་དུས་དེར་འདིར་རྒྱབ་སྐྱོར་བྱེད་པའི་རྩོམ་གཞན་ཞིག་ཀྱང་བྱུང་སོང་། གང་ལྟར་འདིའི་ཐོག་ལ་བགྲོ་གླེང་ཞིག་བྱེད་ཆེད་ངས་ཁ་བརྡ་དྲ་བར་བཀོད་པ་ཡིན།

  4. ཅོ་ཪི་ཉི་མ། says:
    2012-12-26 at 7:38 am

    ཨ་མཆོད་འཇམ་ཚུལ་ལགས་ཁྱེད་ཀྱིས་སྐད་ཆ་ལ་བདག་པོ་རྒྱབ་མཁན་མི་འདུག་བ། བཤད་རོགས་བྱོས་ལབ་དུས་བཤད་མཁན་མི་འདུག་བ། ཁྱེད་དང་ཀླུ་མཁར་བྱམས་གཉིས་ཀྱིས་བཀའ་ཁྲིའི་འོས་བསྡུའི་སྐབས་སུ་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གཙོ་འཛིན་པ་བཀྲས་མཐོང་བསྟན་རྣམ་ལ་རྒྱབ་སྐྱོར་མ་བྱས་པར་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པར་རེད།
    དམངས་གཙོའི་སྲིད་གཞུང་གི་མི་སེར་ཞིག་གིས་ངོས་ནས་ཆབ་སྲིད་ལམ་ཕྱོགས་ཁ་ལོ་སྒྱུར་པར་གོ་སྐབས་ཡག་ཤོས་འོས་བསྡུའི་སྐབས་སུ་རེད། ལྟ་གྲུབ་ཡག་པོ་ཡོད་པའི་བཀའ་ཁྲི་དང་སྤྱི་འཐུས་གདམ་ཀ་བྱེད་ཀྱི་ཐོབ་ཐང་ཡོད་རེད། ཁྱེད་རང་གཉིས་ཀྱིས་ཐུགས་བསམ་ཡག་པོ་ཞིག་བཞེས་དང་། འོས་བསྡུའི་སྐབས་སུ་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་པ་བཀྲས་མཐོང་བསྟན་རྣམ་ལགས་སུ་རྒྱབ་སྐྱོར་མི་བྱས་པར་དེ་རིང་རང་ཐག་རང་གཅོད་ཐོག་ཏུ་འགྲོ་དགོས་གསུངས་པ་འདི་ལྐུགས་པའི་སྐད་ཆ་འདྲ་པོ་མཐོང་གི་འདུག

    སོ་སོའི་ཆོལ་ཁའི་སྤྱི་འཐུས་ག་འདྲ་བསྐོས་ཡོད་མེད་དང་ཁྱེད་རང་ཚོས་སྐོས་པའི་སྤྱི་འཐུས་ཚོའི་ལྟ་གྲུབ་གང་འདྲ་ཡིན་མིན། མི་དེ་དག་གིས་གྲོས་ཚོགས་ནང་དུ་ཆབ་སྲིད་ལམ་ཕྱོགས་ཅི་འདྲ་ཞིག་ལ་བསྒྱུར་གྱི་ཡོད་མེད་བཅས་ཐོག་ཏུ་བསམ་བློ་ཐོངས་དང་། དམངས་གཙོ་བེད་སྤྱོད་ནས་གདམ་བྱ་ཡག་པོ་གདམ་ཐུབ་འདུག་གམ།།

    སྐད་ཆ་འདི་དག་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་འོས་བསྡུའི་སྐབས་སུ་བསམ་ཚུལ་མ་མཐུན་པར་རང་རང་སོ་སོའི་བཀའ་ཁྲིའི་མི་འོས་ཁ་ཁར་དང་། བཀའ་ཁྲིའི་འོས་མི་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་པ་བཀྲས་མཐོང་ལགས་འོས་ཤོར་སོང་བས་རྒྱུ་མཚན་གྱིས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ཕྱོགས་སྒྱུར་པར་དཀའ་ལས་ཁག་པོ་ཆགས་སོང་། རྒྱུ་མཚན་འདིས་ཁྱོད་གཉིས་ཀྱིས་འོས་བསྡུའི་སྐབས་སུ་ལྐུགས་ལས་བྱས་པར་བློ་ཕམ་ཡོད་པས་དེ་རིང་ཁ་རྡུང་ཞིག་ཁྱོད་གཉིས་གཏོང་མཁན་བསླེབས་པ་ཡིན་ལགས།

  5. གནམ says:
    2012-12-26 at 7:55 am

    རྡོག་རྡོག་པོ་སྟེ། རིང་བོ་རིང་བོ་ཞིག་གིས་བཏང་འདུག་པས། རྩོམ་རིང་ཀློག་འདོད་ཅན་ཞིག་མིན་པས། རྒད་པོ་ཁྱོད་ལ་ཁ་བརྡ་རེ་བྱེད་ཐུབ་མ་སོང་། ད་ཁྱེད་དགས་མ་ནྀ་རེ་ཐོན་ལ་སྡོད། ཚིག་དུམ་གོ་བདེ་འདྲ་ཡོད་དུས། ངས་ཁ་བརྡ་རེ་ཨེ་ཡོང་གི་ལྟ།

  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-12-26 at 8:05 am

    དྲ་གྲོགས་གནམ་ལགས།
    རྡོག་རྡོག་ཞུས་ན་ང་ཚོའི་དབུས་གཞུང་གིས་ལང་ཕྱོགས་དེ་དབུ་མ་ལས་འཕོས་ནས་རང་ཐག་རང་གཅོད་ཀྱི་སྒང་ལ་འགྲོ་དགོས་ཀྱི་འདུག་ཅེས་པ་འདི་རེད། རིང་པོ་འབྱུང་བའི་རྒྱུ་མཚན་ནི་སྒྲུབ་བྱེད་འགོད་དགོས་པའི་དབང་གིས་ཡིན།

  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-12-26 at 8:09 am

    དྲ་གྲོགས་ཅོ་རི་ལགས།
    འོས་བསྡུའི་སྐབས་སུ་ཁྱེད་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་མཛད་པ་ངས་དྲན་གྱི་ཡོད། དེ་དུས་ངས་རྒྱབ་སྐྱོར་མ་བྱས་པ་དེ་ལ་ད་སྐབས་འགྱོད་པ་འདྲ་མི་འདུག དེ་ལ་ཡང་རྒྱུ་མཚན་གཞན་ཡོད་པས་རེད། བཀྲས་མཐོང་ཐོབ་རུང་སྤྱི་འཐུས་ལྷན་ཁང་གིས་ཁྲིམས་སུ་མ་བཅས་པར་དུ་ལམ་དབུ་མ་ལ་འགྲོ་རྒྱུ་ལས་ལམ་ཁ་གཞན་མེད་པ་རེད། དེའི་ཕྱིར་དེ་ལ་ཁྱད་པར་དེ་ཙམ་ཡོད་པར་མི་བསམ།

  8. ཅོ་ཪི་ཉི་མ། says:
    2012-12-26 at 8:18 am

    ཡ་ཡ་་་་སོ་སོའི་ཆོལ་ཁའི་སྤྱི་འཐུས་ཚོས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བདག་པོ་བརྒྱབ་སོང་དང་མ་སོང་། ལྟོས་དང་། ལྟ་གྲུབ་ལ་མ་བལྟས་པར་གང་ཟག་ལ་བལྟས་ནས་གདམ་པ་མིན་ནམ། ཧཧཧ
    ད་ལྟའི་སྐབས་སུ་དགྱོད་པ་མེད་པ་ཡིན་ན་ཡག་པོ་རེད། བློ་སེང་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་དུས་སུ་ཁྱེད་རང་དགའ་པོ་ཡོད་དམ། བཙན་བྱོལ་བོད་གཞུང་རྒྱ་འོག་བཅུག་ཚར་དུས་ཁྱེད་ལ་དགྱོད་པ་ཞིག་སྐྱེས་མི་ཡོང་ངམ་བསམས་གྱི་འདུག

  9. གནམ says:
    2012-12-26 at 6:21 pm

    ཨོ། ནང་དོན་དེ་འདྲ་ཡིན་ན། ཨ་མཆོད་ཁྱོད་བདེན། སྐུ་མདུན་སྐུ་བཞུགས་རེག་པར། ང་ཚོ་ལང་ཕྱོགས་གསར་བ་ཞིག་ལ་འགྲོ་དགོས་བ་དང་། དེ་ལ་ཡང་སྐུ་མདུན་གྱིས་མི་མང་ལ། དུས་དང་འཕོ་འགྱུར་ལ་བསྟུན་ནས་ལང་ཕྱོགས་རེ་དགོས་བའི་བཀའ་སློབ་ཞིག་མེད་པར། ལམ་དབུ་མ་འདི་རང་དུ་བཞག་ན། ད་བོད་དད་པ་ཅན་ང་ཚོ། སྐུ་མདུན་ཕེབས་ཤུལ་ནས། རྡོག་རྩ་ཞིག་ཕར་ལ་བཞག། མཐའ་ན་དགྲ་ལ་མི་འཐབ་ནང་ལ་འཐབ་ནས་འདུག་རྒྱུ་རེད་ཡ། སྐབས་དེའི་དུས་ང་ཚོ་ཚང་མ་ཁ་རྒྱལ་མགོ་རྒྱལ་བུད་ཚར་རེད། རྒྱ་ནག་གིས་ཀྱང་སྐུ་མདུན་བཀའ་སློབ་རེ་ལ་འཇུས་ནས་སྡེ་དཀྲུག་ཅི་འདྲ་ཞིག་བྱེད་འདོད་པ་ཞུ་མ་དགོས་པ་རེད།

    ད་རེ་ད། མ་འཕྱུག་མ་ནོར་བའི་སྲིད་ཇུས་དགྲ་མགོ་ངོ་མ་གཅོག་སྤྱད་ཞིག་ཡིན་ཐལ། གྲྭ་གྲོང་གཉིས། བླ་སློབ་གཉིས། རྒན་གཞོན་གཉིས། ཕ་མོ་གཉིས། དད་ལྡན་མིན་གཉིས། གསར་རྙིང་གཉིས། འབྱོར་དམན་གཉིས། བོད་ཕྱི་ནང་གཉིས། ཤི་གསོན་གཉིས། ཚང་མའི་བསམ་ཚུལ་གཞི་གཅིག་ལ་བཞག་ནས་ཐག་གི་གཅོད་དགོས་བ་ལས། དགྲ་ནག་པའི་སྟོབས་དང་འབྱོར། ཁེ་དང་གྱོང་། སྐྱིད་དང་སྡུག་སོགས་ལ་འབྲེལ་བ་མེད་པར་ཤུགས་ཅིག་རྒྱབ་ན་ཡག་ཤོས་རེད།
    བདེན་པ་བརྡར་ན། བདེན་པ་ཀློད་དགོས་བ་དེ་འདྲ་མེད་པར།
    འཐབ་རྩོད་བྱས་ན། ཐོབ་ཐང་ཤོར་དགོས་བ་དེ་འདྲ་མེད་པར།
    ལོ་རྒྱུས་གླེང་ན། མགོ་རྙོགས་དཀྲུག་དགོས་བ་དེ་འདྲ་མེད་པར།
    རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་དེ་འདྲ་མ་བྱུང་ན་ཡང་། བོད་ཀྱི་གནམ་ས་བོད་སྲིད་ཀྱིས་སྐྱོང་བ། བོད་ལུགས་ཀྱིས་རྒྱན་པ་སོགས་བོད་ས་ན་བོད་འཁམ་རང་བཙན་པ་ཞིག་མེད་ན། གཞན་ཅི་གང་ཐོབ་པ་ལ་དགེ་མཚན་མེད་དོ།

  10. Tenzin rigden says:
    2012-12-26 at 9:59 pm

    དོན་མེད་པའི་ཚིག་མང་ནས་གང་བྱེད། ཡུལ་མེད་པའི་ལམ་མང་ནས་ཅི་བྱ། ལག་མེད་པའི་ཁ་མང་ནས་གང་བྱེད། སྤྱོད་མེད་པའི་ལྟ་མང་ཅི་ལ་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme