Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྲེག་གི་གསང་བ།

Posted on 2012-12-052012-12-06 By ཤར་ཕྱོགས་ཁུག་རྟ། 32 Comments on རང་སྲེག་གི་གསང་བ།

ཤར་ཕྱོགས་ཁུག་རྟ།

དོ་དགོང་ཨ་རིའི་བརྙན་འཕྲིན་ཁང་ནས་རང་སྲེག་ཐད་”ཕྱི་ཕྱོགས་ནས་གདོང་ལེན་”ཞེས་པའི་བརྗོད་གཞིའི་ཐད་བགྲོ་གླེང་ཞུ་སྐབས། ངེད་ནས་’’ཐོབ་ཐང་ཡོད་མེད་’’ཟེར་བའི་སྐོར་ལ་དྲི་བ་དྲིས་ཡིན། སྐབས་དེར་ཁྲི་ཟུར་མཆོག་གིས་རང་སྲེག་མཚམས་འཇོག་རོགས་ཞེས་ལབ་ཐུབ་ཀྱི་མི་འདུག་གསུངས་པ་མ་གཏོགས། ཐོབ་ཐང་ཡོད་མེད་ཀྱི་རྒྱུ་མཚན་གསུངས་མ་སོང། ངས་ཡང་བསྐྱར་ཁ་པར་ལན་འགར་བཏང་ཡང་ཁ་པར་མཐུད་མཁན་གྱི་ཞབས་ཞུ་མ་དེས་ངའི་ཁ་པར་མཐུད་མ་སོང། ངའི་བསམ་ཚུལ་བཤད་རྒྱུ་ལུས་སོང།

 

རང་སྲེག་སྐོར་གྱི་བགྲོ་གླེང་དབུ་འབྱེད་བྱས་ནས་ཉིན་མོ་དེ་རིང་བར་མདུན་རྒྱབ་གཡས་གཡོན་གང་ནས་བསམས་ཀྱང། ཆེ་ཆུང་མི་སྣ་སུ་འདྲ་ཞིག་ལ་ཐུག་ཀྱང་ངེད་ལ་ཐོབ་ཐང་མེད་ཅེས་པའི་སྐད་ཆ་འདི་ལ་རྒྱུ་མཚན་ཆེན་པོ་མེད་པ་དངོས་ར་གསལ་འཕྲོད་བྱུང། ངེད་ལ་ཁ་རྡུང་རྦབ་རྡོ་བཞིན་འཕེན་ན་འདྲ། ངས་བཀག་ཀྱང་མི་ཁོག་པ་ཞིག་ནི་ཐོབ་ཐང་མེད་ཅེས་པ་འདི་ནི་མདོར་དྲིལ་ན་འགན་འཁུར་ཁྱེར་འདོད་མེད་པ་དང། རང་སྲེག་མུ་མཐུད་འབྱུང་འདོད་ཀྱི་རྐྱེན་བྱས་ཏེ་ཐོན་པ་ཞིག་ཡིན་པར་ངེད་ནས་ མགྲིན་པ་གཟེངས་སུ་བཏགས་ནས་ ངོས་འཛིན་ཞུ་བཞིན་ཡོད།

 

མི་མང་མགོན་མེད་ལ་གཞུང་ཞིག་དགོས་ཀྱི་ཡོད་པ་དང གཞུང་ལ་མཁས་མཛངས་ལྡན་པའི་ལས་སྣེ་ཞིག་ཀྱང་དགོས་པ་ཨ་ཅང་ཅང། ལས་སྣེ་དེ་ཡིད་ཆེས་བློ་གཏོད་ཞུ་སའི་དབུ་ཁྲིད་རེད། དེ་བཞིན་རང་རེའི་བོད་ཀྱི་གཞུང་དང་དབུ་ཁྲིད་ཀྱི་བྱུང་རབས་ཀྱང་ཚང་མས་མཁྱེན་མཁྱེན་པ་ཡིན་སྟབས། ལྷུན་རྩེ་རྫོང་ནས་དགའ་ལྡན་ཕོ་བྲང་གི་མངའ་དབང་བསྐྱར་གསོ་ཟིན་པ་གསལ་བསྒྲགས་གནང་བ་དང། རྒྱ་གར་དུ་འབྱོར་འཕྲལ་དབུ་ཁྲིད་དང་གཞུང་སྐྱབས་བཅོལ་ཆགས་ཟིན་པའི་གཞིས་ལུས་བོད་མིའི་བདེ་སྡུག་གཙོ་འདོན་གྱིས་བོད་ཀྱི་རང་དབང་འཐབ་རྩོད་ལྷོད་མེད་གནང་སྟེ། སྲིད་སྐྱོང་སྟག་བྲག་གི་ཆབ་སྲིད་མངའ་དབང་གཞིས་བྱེས་བོད་མིའི་དབུས་སྒྲིག་འཛུགས་སུ་རྩིས་སྤྲོང་མ་གནང་བར། ལོ་རབས་བདུན་ཅུའི་ནང་གཉེན་འཕྲད་སྒོ་ཕྱེ་བ་ནས་བོད་ནང་དུ་བཙན་བྱོལ་གཞུང་མང་ལ་རང་དབང་བསྐྱར་གསོའི་ཐད་གང་ཡང་གསུངས་ཆོག་པའི་ཐོབ་ཐང་ཡོད་ལ། ལོ་རབས ༨༠ དང ༢༠༠༨ བཅས་ཀྱི་སྐབས་སོ་སོར་འབོད་སྐུལ་ལམ་སྟོན་སྣ་ཚོགས་གནང་ཡོད་པ་བྱུང་རབས་ནང་གསལ་བོ་ཡིན་ནའང། རང་སྲེག་གི་ལས་འགུལ་མགོ་བཙུགས་པ་ནས་བཙན་བྱོལ་དབུས་དམངས་ལ་བོད་དུ་ཅི་ཞིག་ལབ་རྒྱུའི་ཐོབ་ཐང་མེད་ཚུལ་གྱི་དཀྲོགས་གཏམ་ཞིག་དར་ནས།

 

མདོ་དོན་རང་སྲེག་གཏོང་མཁན་ཚོས་རེ་བ་གཅིག་ཏུ་གཏོད་ཡུལ་བཙན་བྱོལ་སྒྲིག་འཛུགས་སམ་བོད་ཕྱི་ནས་གཞིས་ལུས་བོད་མི་ཚོར་རང་སྲེག་བྱུང་ནས་དེ་རིང་བར་སེམས་དགའ་བའི་སྐད་ཆ་ཚིག་གཅིག་ཀྱང་ཞུ་རྒྱུ་རྙེད་མེད་པ་ལྟ་ཞོག  ཐ་ན་དེ་རིང་བར་རེ་བ་གཏོད་ས་ནས་ཅི་ཞིག་འཇོན་ཡོད་མེད། ཅི་ཞིག་སྒྲུབ་ཐུབ་མིན། རང་སྲེག་ལས་འགུལ་ཐད་ལྟ་སྟངས་ཁ་གསལ་བོ་ཞིག་ཀྱང་རྡོ་ལས་འོ་མ་བཞོ་བའི་ངང་ཚུལ་དུ་འགྱུར་བཞིན་པ་ནམ་ལངས་ཉི་ཤར་ཡིན་པ་འདྲ་ན། ད་ནས་ཐོབ་ཐང་མེད་ཅེས་ཐེ་ཚོམ་རང་བཞིན་ཅན་གྱི་རེ་བ་གནང་རྒྱུ་མཚམས་འཇོག་ཡོང་བ་དང། དེ་བཞིན་རང་སྲེག་གི་ཤུགས་ལ་བརྟེན་ནས་བོད་མིའི་འཐབ་རྩོད་ཀྱི་ཐབས་ལམ་དང་དམིགས་ཡུལ་བཅས་པར་འགྱུར་བ་ཐེབས་རེ་བཅས་སུ་རྨི་ལམ་གཏོང་བའི་ཚོད་དཔག་ཅན་གཉིས་ཀ་དམིགས་ཡུལ་མི་འདྲ་བའི་ལམ་ཁ་གཅིག་ནས་ཁ་མཐུན་པ་འདི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་སྟབས།

 

བོད་གཞུང་གི་ཁྲིམས་མཐུན་གྱི་རྒྱུན་སྐྱོང་མཁན་ཡིན་པའི་འོས་འགན་འཁྱེར་ནས་མེས་འཚིགས་བཞིན་པའི་རང་གི་མི་མང་བདག་མེད་ངང་མ་འཇོག་རོགས་ཞེས་གཞུང་གསར་པར་སྐུལ་མ་ཞུ་འདོད་བྱུང་ལ། སྲིད་སྐྱོང་སྟག་བྲག་གི་མངའ་དབང་ཁྱབ་ཚད་ཡིན་མིན་ལ་དོགས་པ་ཡོད་པ་དང་རྙོག་གླེང་ཡོད་པའི་ས་ཁུལ་གྱི་རང་སྲེག་ལའང་བརྩེ་བའི་མ་བཞིན་འགན་འཁྱེར་དགོས་པ་འདུག་ཅེས་ཀྱང་ཞུ་འདོད་བྱུང།།

༢༠༡༢། ༡༢། ༥། དགུང་མོ་ཆུ་ཚོད ༨། ༥༠ སྟེང་ཐོལ་བྱུང་དུ་སྨྲས།

 

དཔྱད་རྩོམ།

Post navigation

Previous Post: རེབ་གོང་སྙན་སྐུལ་ཡི་གེ་གླེང་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།
Next Post: ༄༅། །དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ། ཨེ་མ་ཧོ།

Comments (32) on “རང་སྲེག་གི་གསང་བ།”

  1. སྲིན་པོ་རྫ་རྒན། says:
    2012-12-05 at 11:26 am

    ཤར་ཕྱོགས་ཁུག་རྟ། གོ་སྐབས་ཡོད་ཚད་ལ་སྲིང་སྐྱོང་དང་གཞུང་ལ་སྡིག་རྒྱུ་འདི་ཇི་ལྟར་དྲན་སོང་། ཐབས་རྡུགས་རང་རེད། རྩོམ་བྱང་ཚར་ཁ་ཤས་ལ་བརྗེས་ནས་ཕན་གྱི་མ་རེད།

    ༼ལོ་རབས ༨༠ དང ༢༠༠༨ ་བཅས་ཀྱི་བར་འབོད་སྐུལ་ལམ་སྟོན་སོགས་སྣ་ཚོགས་གནང་ཡོད་པ་བྱུང་རབས་ནང་གསལ་བོ་ཡིན་ནའང། རང་སྲེག་གི་ལས་འགུལ་མགོ་བཙུགས་པ་ནས་བཙན་བྱོལ་དབུས་དམངས་ལ་བོད་དུ་ཅི་ཞིག་ལབ་རྒྱུའི་ཐོབ་ཐང་མེད་ཚུལ་གྱི་དཀྲོགས་གཏམ་ཞིག་དར༽བཤད་སྟངས་འདི་རྒྱ་མི་ལ་དགོས་པ་དེ་རེད།

    བོད་ནང་གི་་ལས་འགུལ་དེ་ཚོ་བོད་ནང་གི་བོད་མིས་བརྩམས་ཤིང་སྤེལ་བ་ལས། བཙན་བྱོལ་གཞུང་མང་གིས་སྐབས་དུས་རིམ་པར་ལམ་སྟོན་གནང་ཡོད་པར་ཤོད་ཕོད་པ་འདི་ཡ་མཚན་རེད། རྒྱ་ནག་གཞང་གིས་ནམ་ཞར། ཁ་བྲལ་རིང་ལུགས་པའི་ངན་སྐུལ་ལས་བོད་ནང་ལས་འགུལ་སྤེལ་གྱི་ཡོད་པར་བཤད་སྟངས་ལ་ང་ཚོས་རབ་འདེགས་བྱེད་མི་རུང་ཡ།

  2. བཙན་རྒོད། says:
    2012-12-05 at 11:29 am

    བཤད་ཆེ་ན་ཕ་ཚིག་བུ་ལ་གནོད་འགྲོ་དང་།ཟ་ཆེ་ན་གངས་དཀར་མཆིན་པ་གནོད་འགྲོ་ཟེར་པའི་དཔེ་ལྟར།ད་ཤར་ཁུག་གི་མདའ་ཁ་མདུང་ཁ་ནང་ལ་མ་བསྐོར་བཟང་འདུག་བསམ་གི།བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་མཆོད་མེ་འབུལ་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཁ་ཆེམས་ལ་ང་ཚོའི་བརྩི་མཐོང་བྱེད་དགོས་པ་ཧ་ཅིང་གལ་ཆེན་པོ་རེད་བསམ་འདུག

  3. ཤར་ཕྱོགས་ཁུག་རྟ། says:
    2012-12-05 at 11:31 am

    རྒྱུས་ཡོད་སྲིན་པོ་ལགས། དང་པོར་རྒྱུ་མཚན་ཤོད། གཉིས་པ་སྐུ་རླུང་ལངས་རྒྱུ་བྱས་ན་ཅི་འགབ། ངའི་སྐད་ཆ་འདི་ཚོ་རྒྱུ་མཚན་ཡིན། རྒྱུ་མཚན་ལ་རྒྱུ་མཚན་གྱི་ལན་དགོས། རྒྱུ་མཚན་མིན་ན་རིག་པའི་ལམ་ནས་རྫུན་མར་སྒྲུབ་རོགས། གལ་ཏེ་ང་ཤོར་བ་ཡིན་ན། སྐབས་དེར་ངས་ཁྱེད་ཀྱི་གཤེ་གཤེ་གཟེད་ངེས་ཡིན་ལགས།།

  4. ཤར་ཕྱོགས་ཁུག་རྟ། says:
    2012-12-05 at 11:36 am

    བཙན་རྒོལ་ལགས། མདའ་དང་མདུང་གང་ཡང་མེད། ཁྱེད་ནས་བགྲོ་གླེང་གནང་ན་དང་པོ་གང་ཞིག་མདའ་དང་མདུང་ཡིན་མིན་ངོས་འཛིན་རོགས། དེ་ནས་ཚུལ་ཅི་ལྟར་ནང་ལ་བསྐོར་གྱི་ཡོད་མེད་བདེན་པས་གསལ་བཤད་གནང་རོགས། རྒྱལ་ཁམས་ཀྱི་མིག་ན་ཤེས་རབ་ཀྱི་མིག་ཡོད་ཙང། རྒྱལ་ཁམས་ཀྱིས་བཙན་རྒོལ་འགྲིག་གི་རེད་གསུངས་རྒྱུའི་ལབ་ཡ་ཡོད་ན། དང་པོར་ཚུལ་མཐུན་བགྲོ་གླེང་གནང་ན་ཡག་གི་རེད། །

  5. ཀརྡོ་གཉེར་ཕྱག་པ་ says:
    2012-12-05 at 12:09 pm

    ཤར་ཁུག་འདི་ཉིན་ལྟར་ར་བཟི་ནས་སྡོད་བགྱིན་ཡོད་པ་ཡིན་ནམ། ཡང་ན། ཉེས་ཐག་འཐེན་ནས་རྩོམ་འབྲི་བྱེད་བགྱིད་མེད་དམ་སྙམ་པ་མི་འདུག་གམ། ལགས།

  6. འདྲེ་རྐང་ཐོ། says:
    2012-12-05 at 12:14 pm

    དེ་རིང་ཡང་ཤར་ཁུག་ལགས་ནས་གདེན་གཏམ་ངོ་མ་ཞིག་གླེང་འདུག་ག
    རེད་་སྟག་བྲག་གི་ལག་པས་མ་ཟིན་པའི་བོད་ས་ཁུལ་མང་ཐག་ཆོད་རེད་་་་་འདིའི་སྐོར་གླེང་ན་བློ་སེང་གི་མགོ་བེད་དེ་ན་གི་རེད་་་ད་འདིའི་སྐོར་རེ་ཞིག་སྐྱུར་ལ་ཐོངས། བློ་སེང་ལ་ཅིག་གླེང་དུས་ལ་ལ་ཞིག་རྒྱུ་མཚན་སྣ་གཅིག་མེད་པར་མགོ་ལ་མཆོང་གྲབས་བྱེད་ཀྱི་འདུག་ག་་་་་མི་འདི་ཚོས་བློ་སེང་གི་བཀའ་ཁྲིའི་སྔོན་གྱི་དམངས་ཚོར་གཏམ་བཤད་ཅི་བྱས་སྐོར་དྲན་གྱི་མེད་པ་འདྲ།

  7. མེ་ཏོག་དཀར་པོ says:
    2012-12-05 at 12:38 pm

    ཤར་ཁུགས་ཀྱིས་”ངས་བཀག་ཀྱང་མི་ཁོག་པ་ཞིག་ནི་ཐོབ་ཐང་མེད་ཅེས་པ་འདི་ནི་མདོར་དྲིལ་ན་འགན་འཁུར་ཁྱེར་འདོད་མེད་པ་དང། རང་སྲེག་མུ་མཐུད་འབྱུང་འདོད་ཀྱི་རྐྱེན་བྱས་ཏེ་ཐོན་པ་ཞིག་ཡིན་པར་ངེད་ནས་ མགྲིན་པ་གཟེངས་སུ་བཏགས་ནས་ ངོས་འཛིན་ཞུ་བཞིན་ཡོད།”ཅེས་པ་ནི་”ཁྲི་ཟུར་མཆོག་གིས་རང་སྲེག་མཚམས་འཇོག་རོགས་ཞེས་ལབ་ཐུབ་ཀྱི་མི་འདུག་གསུངས་པ་མ་གཏོགས། ཐོབ་ཐང་ཡོད་མེད་ཀྱི་རྒྱུ་མཚན་གསུངས་མ་སོང་།”ཞེས་པའི་རྒྱུ་མཚན་གྱིས་ཡིན་པ་འདྲ། ཨ་ལེ་བཀའ་ཟུར་མང་པོ་ཡོད་པའི་ནང་ནས་བཀའ་ཟུར་སུ་ཡིན་ཧ་གོ་མ་སོང་། ད་སུ་ཡིན་ནའང་ཡིན་དུ་ཆུག རང་སྲེག་མཚམས་འཇོག་ར྄ོགས་ཞེས་ལབ་མ་ཐུབ་པའི་རྒྱུ་མཚན་ཐོབ་ཐང་མེད་ནས་མ་གཏོགས་གཞན་ཁོའི་ཁ་ལ་སྒོ་ལྕགས་རྒྱབ་མཁན་སུ་ཡོད། ལར་ནས་ཁོའི་སྐད་ཆའི་བཤད་བབ་ཅིག་གིས་རང་དང་ལྡོག་ཕྱོགས་ཀྱི་བསམ་ཚུལ་འཛིན་མཁན་ཚང་མར་སྡེབ་གཅིག་ཏུ་ཚོན་ནག་བྱུག་ཀྱང་བྱས་པ་ནི་ཨ་ཙ་མ་སྙམ་མོ།།

  8. ཚ་ཕྲུག་རྒྱལ། says:
    2012-12-05 at 2:30 pm

    ཤ་ཁུག་ལགས་ཀྱིས་༼ ངེད་ནས་’’ཐོབ་ཐང་ཡོད་མེད་’’ཟེར་བའི་སྐོར་ལ་དྲི་བ་དྲིས་ཡིན། སྐབས་དེར་ཁྲི་ཟུར་མཆོག་གིས་རང་སྲེག་མཚམས་འཇོག་རོགས་ཞེས་ལབ་ཐུབ་ཀྱི་མི་འདུག་གསུངས་པ་མ་གཏོགས། ཐོབ་ཐང་ཡོད་མེད་ཀྱི་རྒྱུ་མཚན་གསུངས་མ་སོང།༽ ཞེས་པའི་གསུངས་བབ་ལ་གཞིགས་ན་སྐུ་ཉིད་ཀྱི་འབྲོག་སྐད་མ་གཏོགས་དབུས་སྐད་སོགས་ཀྱིས་ཁྱེད་ལ་གོ་བརྡ་ཡག་པོ་འཕྲོད་ཀྱི་མེད་པ་འདྲ། བོད་མིས་རང་སྲེག་མཚམས་དགོས་སྐོར་གཞན་ལ་ཐོབ་ཐང་ཡོད་མ་རེད་བསམ་གྱི་ཡོད་ཞེས་བཀའ་ཁྲི་ཟུར་པ་བསྟན་རྣམ་ལགས་ཀྱིས་གསལ་པོ་གསུངས་འདུག་པ་མ་ཟད། དེའི་རྒྱུ་མཚན་ཡང་ཐུང་ངུ་ཞིག་གསུངས་འདུག། སྐུ་ཉིད་ཀྱིས་འདིའི་སྐོར་ཅི་ཞིག་བཤད་པ་དང་། གང་ཞིག་སྒྲུབས་འདོད་པ་ཡིན་ནམ།

  9. འཚོ་བྱེད་བུ་t.p says:
    2012-12-05 at 2:41 pm

    ཐོག་མར་ཁ་བྱང་མཐོང་ནས་་ཤར་ཁུག་གིས་གསང་བ་ཞིག་བརྙེད་ཡོད་ས་རེད་བསམ་སོང་། དེ་ནས་ཞིབ་ཏུ་ཀློག་མགོ་བཙུགས་དུས་རྣམ་རྒྱུན་དང་འདྲ་བར་ཤར་ཁུག་གིས་རང་ཉིད་ལ་བདེན་པ་རྒྱུ་མཚན་ཤ་སྟག་ཏུ་འདོད་པ་དེ་རེད། དྲང་མོ་བཤད་ན་ཤར་ཁུག་མི་རྣམ་དཔྱོད་ཅན་ཞིག་ཡོད་བཟོ་མི་འདུག མི་གཅིག་གིས་དགོས་བ་རྒྱུ་མཚན་མཐོང་གི་ཡོད་ནའང་མང་པོ་ཞིག་གིས་དེ་བཞིན་འདོད་མོས་མེད་པ་ཡིན་ན་མང་པོ་དེ་བདེན་པ་རེད་སྙམ།

  10. རང་དབང་། says:
    2012-12-05 at 3:10 pm

    བོད་མིའི་སྒྲིག་འཛུགས་དང་གཅིག་སྒྲིལ་གྱི་ནུས་པ་འདི་ཚོ་ཚང་མ་རང་བཙན་ཁ་ཁྱེར་བ་འཇམ་དབྱངས་ནོར་བུ་དང་དབུ་མ་ཁ་ཁྱེར་བ་ཤར་ཁུག་གཉིས་ཀྱིས་ཏག་ཏག་བཟོ་ངེས་རེད། འདི་ལས་དབང་ཟེར་བ་དེ་རེད། སུས་ཀྱང་བཅོས་ཐབས་མེད། མེ་བསྲེགས་མ་གཏོང་སྡུག་གྱོང་རེད། ལྷག་བསམ་རྣམ་དག་གིས་བོད་ཀྱི་རྩ་དོན་ལ་དཀའ་ལས་མ་བརྒྱབས། སྡུག་རང་ཁུར་རེད། རང་ལ་མིང་དང་དཔལ་འབྱོར་གྱི་ཁེ་སང་དོན་དུ་ཡིན་ན་མ་གཏོགས་བོད་དོན་དུ་ཅི་ཡང་མི་བྱེད། གྱོང་གྱོང་ནག་རེད། གོ་ཨེ་ཐལ།

  11. རང་དབང་། says:
    2012-12-05 at 3:16 pm

    དབྱིན་ལན་གྱི་ངེས་སྟོན་པ་ཡིན་ན་དེས་སྐད་ཆ་བཤད་སྟངས་ལ་གཟིགས་དང་། སྐད་ཅ་བཤད་ཤེས་ཀྱི་འདུག་གམ། བོད་སྐད་བཤད་ཤེས་ཀྱི་འདུག་གམ། བཤད་པའི་སྐད་ཆ་ལ་གོ་རྒྱུ་ཞིག་འདུག་གམ། བསྐྱར་བསྐོར་ཡང་བསྐོར་ཐེངས་ག་ཚོད་བྱས་སོང་། བཀའ་ཟུར་ཀྱི་སྐད་ཆ་དེ་ཏོག་ཙམ་གོ་རྒྱུ་འདུག་མ་གཏོགས་སྒྲོ་ལར་ཁྲི་ཕྲག་བཏང་བའི་དེ་རིང་གི་ཀུང་གླེང་གི་ལས་རིམ་དེ་འཕྲོ་བརླག་ཕྱིན་གྲབས་ཡིན།

  12. དགའ་ཡ་ says:
    2012-12-05 at 3:47 pm

    ཤར་ཁུག་ལ་རྒྱབ་སྐྱོར་ཡོད། ཁ་བཤད་དོན་ལ་གནས་མཁན་ཞིག་རེད།

  13. གནམ says:
    2012-12-05 at 4:27 pm

    ཤར་ཁུག་ཟེར་ཡ་འདི། རང་ལྟ་མཆོག་འཛུན་བྱེད་མཁན་གྱི་གཏེ་བོ་ཞིག་ཡིན་པ་འདྲ། མི་མང་གི་ཚབ་མཚོན་པའི་སྲིད་དོན་པ་ཞིག་བྱེད་ན་འདོད་ན། མི་མང་ལ་གོ་ཤེས་དང་ཉན་ཤེས་བྱས་ནས་སྤྱི་ཚོགས་སྒུལ་དགོས་བ་རེད། དེ་མིན་བྱ་བརྒྱའི་ཁ་ཤར་ལ་འཁོར་དུས་བྱ་ཁུག་རྟའི་ཁ་ནུབ་ལ་འཁོར་ན་ཡོང་ཡ་མེད་པ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འཐབ་རྩོད་ཀྱི་དགོས་འདོད་མི་སྒྲུབ་པས་མ་ཚད་དེ་རྩོད་སྤྱད་ཀྱི་ཐོབ་ཐང་ལེན་གི་ཡིན་ཟེར་ན། ཁྱོད་དང་རྒྱ་འདྲེ་གཉིས་ལ་ཅི་བྱུང་བ་རེད།

  14. རྟེན་འབྱུང་། says:
    2012-12-05 at 4:48 pm

    ཤར་ཁུག་ཁྱོད་བསམ་བློ་ཞིབ་ཚགས་གནང་ནས་སྐད་ཆ་བཤད་རོགས། ཡང་སྙིང་ཁྱོད་བཤད་འདོད་པའི་སྐད་ཆ་ག་རེ་རེད་གསལ་བོ་གནང་རོགས། རང་སྲོག་ལུས་གཏོང་མ་གནང་རོགས།་མཚམས་འཇོག་རོགས་གནང་ཞེས་ཞུ་བ་ནི་བོད་མི་ཚང་མས་འབུལ་བཞིན་པ་རེད། འོན་ཀྱང་མཚམས་འཇོག་རྒྱུའི་ཆེད་རང་སྲེག་གི་ངོ་བོ་དང་བྱེད་ལས་སོགས་ཡག་པོ་མེད་རབ་དང་སྡུག་ཅག་ཡིན་ཚུལ་བཤད་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྟག་མོ་ལ་ལུས་སྦྱིན་གནང་བའི་སྐབས་ཀྱང་གཉེན་ཉེ་ཚང་མས་མྱང་ངན་གྱིས་བརྒྱལ་བ་སོགས་ཀྱང་བྱུང་ཡོད་པ་རེད། རང་གི་ལུས་འདོམས་པ་གང་བོ་རང་ལ་དབང་བ་ལས་གཞན་ལ་དབང་གི་མེད་ཙང་གཞན་གྱིས་བཀག་ཐུབ་ཀི་ཡོད་པ་མ་རེད། ཁོང་ཚོའི་དམིགས་ཡུལ་དང་རེ་འདུན་ཐོག་ལས་ཀ་གང་ཡང་མ་ཐུབ་པར་བཀག་རྒྱུའི་ཐོབ་ཐང་དེ་ལས་ཀྱང་མེད་པ་ཞིག་རེད། གང་ལྟར་དཔའ་བོ་ཁོང་ཚོའི་རྐང་རྗེས་ལག་པས་མ་བསུབ་རོགས།

  15. དགའ་ཡ་ says:
    2012-12-05 at 4:55 pm

    སོ་སོར་བོད་མི་ཞིག་ཡིན་པས་ཆ་ནས་ཐོབ་ཐོང་ཡོད་པ་རེད།
    ཐོབ་ཐང་སྤྲད་མཁན་ཞིག་དང་ཐོབ་ཐང་ལེན་མཁན་ཞིག་གཉིས་ཡོད་པ་མ་རེད་བོད་མི་ཚང་མ་ལ་ཐོབ་ཐང་ཡོད་པ་རེད།
    བོད་ནང་གི་གནས་ཚུལ་ཕྱི་ལ་བསྒྲགས་རྒྱུའི་ཐོབ་ཐང་ང་ཚོ་ལ་ཡོད་པ་རེད།
    ཚོགས་པ་ཁག་དང་གཞས་པ་སོགས་ཀྱིས་དཔའ་བོ་དཔའ་མོ་རྣམས་ཀྱི་མིང་བྱང་འོག་
    ཞལ་འདེབས་ལྷུང་བ་དང་འཛིན་བྱང་སོགས་བཙོང་ཏེ་དཔལ་འབྱོར་མཁོ་སྒྲུབ་བྱེད་བཞིན་པ་ནི་རང་ཉིད་ཀྱིས་རང་ཉིད་ལ་སྤྲད་པས་ཐོབ་ཐང་ཡིན་པ་ལས་གཞན་སུ་གང་གིས་སྤྲད་ཡོད་པ་མ་རེད།

  16. དགའ་ཡ་ says:
    2012-12-05 at 5:04 pm

    ཤར་ཁུག་ནི་ཁ་ནས་བཤད་ཕོད་པ་ཞིག་དང་ཤེས་འཇོན་དང་ལྷག་བསམ་གཉིས་ལྡན་གྱིས་སྦྱི་སེམས་ཆེ་བའི་གང་ཟག་ཞུག་ཡིན་པ་ལས་ལས་ཁ་ནས་ནམ་ཡང་བོད་མི་རིགས་་མི་ཟེར་ཞོར་རང་གི་གྲོད་ཁོག་ཆེད་དུ་ཤར་ནུབ་གང་སར་སྤྲང་པོ་ལྟར་རྒྱུགས་བཞིན་པ་མིན་ནོ།

  17. ཟི་དམིག says:
    2012-12-05 at 5:18 pm

    ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུག།
    མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག
    །ཕོ་རབ་ཀྱི་གཏམ་དེ་མཁོ་དུས་བཤད།།
    ཕོ་འབྲིང་གི་གཏམ་དེ་དྲི་དུས་བཤད།།
    ཕོ་ཐ་མའི་གཏམ་དེ་རྒྱབ་ཏུ་བཤད།།
    ཕོ་རབ་རྩོད་རྒྱུ་ སྡེ་ཇུས།།
    ཕོ་འབྲིང་རྩོད་རྒྱུ་རང་ཇུས།།
    ཕོ་ཐ་རྩོད་རྒྱུ་ཁ་ཕོར།
    མདུན་ལ་མི་སྐད་དང་རྒྱབ་ལ་འདྲེ་སྐད།།
    །ཕྱི་འཇམ་ལ་ནང་རྩུབ་པ་གྲོད་པའི་ངང་ཚུལ།།
    ནང་རྟགས་ཕྱི་ལ་མ་བསྟན་ན།།
    ཕྱི་མས་ནང་རྒྱུས་ཅི་ལ་ལོན།།
    གཏམ་དང་རལ་གྲི་གཉིས་པོ་དེ།།
    རྩེ་ནས་མི་འཆང་ཡུ་ནས་འཆང་།།
    གཏམ་དོན་ཅན་རྣ་བར་གོ་ན་མཚར།།
    གོས་མདོག་བཟང་རྒྱང་ནས་བལྟས་ན་མཛེས།།
    གཏམ་ལ་རིག་པའི་འབྱུང་གནས་དེ།།
    བསླབ་ལ་གཅིག་གིས་ཚར་ལེ་མ།།
    བུ་རིག་པ་ཡོད་ན་རང་བཞིན་སློབ།།

  18. པདྨ་འཕྲིན་ལས་། says:
    2012-12-05 at 6:23 pm

    སྲིད་སྐྱོང་གང་དུ་འདུག་གམ། གོ་བ་ཚོར་བ་གང་ཡང་མི་འདུག། བོད་ནང་དུ་རང་བསྲེགས་གཏོང་མཁན་མང་རར་འགྲོ་དེས་སྲིད་སྐྱོང་མཆོག་ཡང་གོ་རྒྱུ་དང་མཐོང་རྒྱུ་མི་འདུག། ངའི་དྲན་པར་བྱེས་ན་གཉིས་སྟོང་ལྔ་ལ་ད་ལྟའི་སྲིད་སྐྱོང་མཆོག་ཨ་རི་ནང་བསྡད་ཡོད་པ་རེད། སྐབས་དེ་དུས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་བའི་འོས་བསྡུ་སྐབས་རེད། དེ་དུས་ཁོང་ཨ་རི་བོད་མི་མང་སྤྱི་འཐུས་སྔོན་འགྲོ་ནང་དུ་སླེབས་ཡོད་པ་འདྲ། མི་རིང་བར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གསར་འགོད་པ་དོན་འགྲུབ་རྣམ་རྒྱལ་ལགས་ཀྱི་ད་ལྟའི་སྲིད་སྐྱོང་མཆོག་ལ་ཨ་རི་སྤྱི་འཐུས་འོས་མི་ནང་དུ་བསྡད་འདོད་ཡོད་མེད་བཀའ་འདྲི་བྱེས་པའི་སྐབས་སུ་སྲིད་སྐྱོང་མཆོག་ནས་ལེན་འདི་འདྲ་ཤིག་རྒྱབས་སོང། དོན་འགྲུབ་ལགས། ང་ཨ་རི་བོད་མི་མང་སྤྱི་འཐུས་ལ་སྡད་འདོད་མེད། ངའི་གྲོགས་པོ་དེ་འདྲ་གི་བོད་མི་མང་སྤྱི་འཐུས་ལ་སྡད་ན་ཡག་པོ་ཡོད་པ་མ་རེད་ཟེར་གྱིན་འདུག། རྒྱུ་མཚན་ནི་ང་མཁས་དབང་ཤིག་ཡིན་པའི་ཆ་ནས་རེད། བོད་མི་མང་སྤྱི་འཐུས་ལ་སྡད་ན་ཡག་པོ་མེད་ན། སྲིད་སྐྱོང་ལ་བསྡད་ན་ཡག་པོ་ཡོད་ན་མེད་ནང། དེ་གང་འདྲ་ཡིན་ནམ།

  19. སྤོབས་པ་མཐའ་ཡས། says:
    2012-12-05 at 8:54 pm

    གཞུང་གིས་འཐབ་རྩོད་ཀྱི་སྣེ་ཁྲིད་ཆོག་གི་རེད། ཡིན་ན་ཡང་ཁྱོད་ཤི་དགོས་དང་ཤི་མི་ཆོག་ཟེར་བའི་དབང་ཚད་མེད་པ་རེད།

  20. སངས་དོན། says:
    2012-12-05 at 9:02 pm

    ཤར་པྱོགས་ཁུག་རྟ་ལགས།

    ཁྱེད་རང་གིས་༼རེབ་གོང་གི་ཤེས་ལྡན་པ་སྐོར་ཞིག་གིས་ཕ་ཡུལ་ལ་སྤྲིངས་པའི་ཕྱག་འཕྲིན་དེའང་མི་འགྱངས་པར་ཀུན་ལ་གཟིགས་མོར་བཤམས་ངེས།།༽ ཞེས་པ་དྲ་ངོས་གང་ནས་ལྟ་ཀློག་ཐུབ་ཀྱི་ཡོད་ན། དེ་ཀློག་འདོད་ནས་ཞུས་པ་ཡིན།

  21. ཐུ་བ་རྒྱ་མཚོ། says:
    2012-12-05 at 9:29 pm

    བོད་པའི་ཕྲུ་གུ་ཕལ་ཆེ་བ་རང་བཞིན་གྱིས་བྱ་བྱིའུ་འབའ་འབུ་འཛིན་རྒྱུ་ཧ་ཅང་དགའ་ཟེར་ན་ང་དང་ལོ་ཚོད་མཉམ་པ་དག་གིས་ཕལ་ཆེར་མ་རེད་མི་ཟེར།

    ཆུང་དུས་ཀྱི་གོམས་གཤིས་དེས་དེ་སྔོན་ཁ་བརྡ་ཚང་གི་དྲ་ཕྲུག་མང་པོ་ཡང་མཉམ་རུབ་བརྒྱབ་ནས་ཁུག་རྟར་ལག་རྡོ་འཕངས་པ་ཉུང་ཉུང་མིན། ངས་ནི། བྱ་བྱིའུ་གཞན་ལ་འུར་རྡོ་འཕེན་མྱོང་མེད་པ་བཞིན་ཁུག་རྟ་ལ་ཡང་རྡོ་ལོག་གཅིག་ཀྱང་འཕེན་རྒྱུ་མ་བྱུང་།

    ཡིན་ན་ཡང་དེ་རིང་གི་ཤར་ཁུག་གི་སྐད་ཆ་ཚིག་ཁ་ཤས་ཀྱིས་ང་ལ་ཡང་འུར་རྡོ་གཅིག་གི་ཁུག་རྟ་སྐྱ་ལོག་གེར་གཏོང་དགོས་ནི་མིན་ནམ་ཡང་སྙམ། གང་ཡིན་ཟེར་ན། གཞིས་སྡོད་བོད་མིའི་རང་སྲེག་ཐད་བཙན་བྱོལ་པ་ཚོར་འགྲིག་མ་འགྲིག་དང་། རེད་མ་རེད་གི་སྐད་ཆ་ཚིག་གཅིག་ཤོད་པའི་ཐོབ་ཐང་ཡང་མེད་པའི་མ་ཚད། སྲེག་མ་སྲེག་ཤོད་པའི་དབང་ཆ་སྐར་གང་ཡང་མེད་པ་རེད།

    ཁྱེད་ནས་ཤོད་ཡག་ལ་ཐོབ་ཐང་མེད་ཅེས་པ་ནི་འགན་འཁུར་ལེན་འདོད་མེད་པ་རེད་ཅེས་ངོས་འཛིན་ཞུ་གི་ཡིན་ཟེར། ཅི་འདྲ་འདྲའི་གླེན་བཤད་ཅིག་མ་རེད་དམ། བཙན་བྱོལ་པས་བོད་ནང་གི་རང་སྲེག་གི་འགན་ལེན་བྱེད་འདོད་ཡང་བྱ་ཐུབ་གི་རེད་པས། རང་སྲེག་གི་འགག་སྣེ་བཙན་བྱོལ་ནང་ག་འདྲ་སེ་ཡོད་རེད།

    དགོས་རྒྱུ་སྐད་ཆ་འདི་གུང་ཁྲན་ཏང་ལ་དགོས་པའི་སྐད་ཆ་དེ་རེད། ཀུ་ཅི་ཁུག་རྟ་བླུའུ་རྟགས་དེ་འདྲ་མ་བསྟན་ན་ཡག་གི་རེད། ར་ཡི་ཞོར་ལ་ལུག་གི་རྐང་བ་གཅོག་གི་རེད། ཤིག་གི་ཞོར་ལ་ལྗི་བ་སྦར་འཛིན་ཐེབས་གི་རེད།

  22. སྤྲུལ་སྐུ་དབང་ཆེན། says:
    2012-12-05 at 9:29 pm

    ཡིན་གཅིག་མིན་གཅིག་ཤི་དགོས་དང་ཤི་མི་ཆོག་སུས་ལབ་ཀྱི་འདུག །ཡིན་ནའང་མི་ཞིག་ཟམ་པའི་སྒང་ནས་མཆོང་གྲབས་ཡོད་ན་ལྟད་མོར་བལྟས་ནས་འདུག་དགོས་རེད་དང་མ་མཆོངས་ལབ་དགོས་རེད། ཐོབ་ཐང་ཡོད་མེད་ཟེར་བ་དེ་ལ་ཡང་གོ་ནོར་ཐེབས་ན་དགོད་བྲོ་བོ་ཡོད་རེད་ད།

  23. ཨ་ནུ་ཐ་ནུ། says:
    2012-12-05 at 9:39 pm

    རང་སྲེག་གླེང་མཁན་ཁྱེད་ཚོ་རེབ་གོང་པ་ཚོ་མ་རེད་གདའ། ཤར་ཁུག་ནས་གླེང་སློང་བྱས་པ་མང་དྲག་སོང། བཙན་བྱོལ་ནང་ཁ་གྲགས་པའི་བློ་ཁོག་མེད་སྐབས་ནས་ཤར་ཁུག་གིས་ཅིཅ་ཅིག་མིག་མིག་བཤད་སོང། ད་འགྲིག་གི

  24. མེ་ཏོག་དཀར་པོ says:
    2012-12-05 at 9:44 pm

    མེར་སྲེག་མཚམས་འཇོག་བྱེད་རྒྱུའི་ཐོབ་སྟངས་དེ་རྒྱ་གཞུང་ལ་ཡོད་རེད།

  25. ཤེལ་དཀར་ལེགས་བཤད། says:
    2012-12-06 at 12:22 am

    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་སྐུ་ལུས་མཆོད་མེད་འཕུལ་བཞིན་པར་བཙན་བྱོལ་བོད་མི་སུ་ལ་ཡང་འདི་བྱས་འདི་མ་བྱས་ཞེས་ཞུ་རྒྱུའི་ཐོབ་ཐང་ཞིག་ཨེ་ཡོད་བསམ་གྱི་འདུག་གང་ལ་ཞེས་ན། ཁོང་རྣམ་པའི་རླབས་ཆེན་གྱི་དགོས་འདུན་རྣམས་ང་ཚོས་སྒྲུབ་ཐུབ་ཀྱི་ཡོད་ན་ང་ཚོའི་སྤབ་པ་ཆེན་པོའི་ཐོག་ནས་ཞུ་ཆོག་པ་ཞིག་རེད། དེ་ལས་ཟློག་ཏེ་ང་ཚོ་ནང་ཁུལ་འཐེན་འཁྱེར་དང་ལྟ་བ་ལངས་ཕྱོགས་ཐོག་ཁྱོད་ལས་ང་ཡག་གི་རྩོད་པའི་ནང་ལྷུང་ནས་ད་དུང་ཁོང་ཚོའི་རླབས་ཆེན་གྱི་མཛད་པར་ཚོད་སྟངས་འཛིན་ལྟར་བྱེད་དམ། སོ་སོའི་མ་སྒྲུབ་གཞན་ལ་སྒྲུབ་ཏུ་མི་འཇུག་པ་ཆགས་སྟབས་ང་ཚོར་ཐོབ་ཐང་མེད་ཟེར་ཡོད་པ་རེད།
    དེ་ལས་ཁོང་རྣམ་པའི་རླབས་ཆེན་ལས་འགུལ་དེ་མཇུག་སྒྲིལ་ཡོང་བར་ང་ཚོ་སྤྱི་སྒེར་ཡོངས་ནས་ནུས་པ་ལྡན་པའི་ལས་འགུལ་ཞིག་སྤེལ་ཏེ་ཁོང་ཚོའི་དགོས་འདུན་གཅིག་སྒྲུབ་ཐུབ་པ་གནང་རྒྱུ་ནི་དོན་གྱི་གཙོ་བོ་ཆགས་ཡོད།
    དབུས་བོད་མིའི་སྒྲིག་འཛུགས་ནི་བོད་གཞུང་དགའ་ལྡན་པོ་བྲང་གི་རྒྱུན་དེ་ཡིན་པ་དང་དེ་ལ་བོད་ཕྱི་ནང་གཉིས་ཀྱི་བློ་གཏད་བཅོལ་ཡུལ་ཡིན་པ་དང་མང་གཙོའི་ཐོག་ནས་ཁྲིམས་མཐུན་འགན་དབང་ཡོད་པ་བཞིན་སྔ་ས་ནས་དེ་ལྟར་མི་གནང་རྒྱུའི་རེ་འདུན་འབོད་བསྐུལ་སྟོན་ཚར་བ་རེད། དེ་ཕྱག་ལེན་འཁེལ་མིན་ནི་གཞིས་བཞུགས་བོད་མི་ཚོའི་ཐུགས་ཐག་གཅོད་རྒྱུ་ལས་བཙན་བཀའ་གཏོང་བའི་ཐོབ་ཐང་དབུས་བོད་སྒྲིག་འཛུགས་ལ་ཡང་མེད་པ་གསལ་པོ་ཆགས་པ་རེད་འདོད།

  26. སྲོག་གཅོད says:
    2012-12-06 at 1:37 am

    མཁས་པའི་དབང་བོ་ཁུག་རྟ་ལགས་ཀྱི་སྤྱི་གཙུག་ཏུ།
    དམངས་གཙོའི་ཁྲིམས་ལུང་ཞིག་ལ་མཚོན་ན་ཐོབ་ཐང་ཟེར་བ་དེ་ཡོད་སྲོལ་བཤད་ན་མང་བོ་མང་བོ་ཞིག་ཡོད་ནི་རེད། མེད་སྲོལ་བཤད་ན་ཁྱེད་རང་ལ་རང་སྐྱག་རང་གིས་འཟའ་རྒྱུའི་ཐོབ་ཐང་ཡང་ཡོད་ནི་མ་རེད། ཁྱེད་རང་ཡང་འགྲོ་བ་མིའི་རིགས་སུ་སྐྱེས་ཡོད་པའི་ཆ་ནས་རང་སྐྱག་རང་གི་བཟའ་རྒྱུ་དེ་ནི་མིའི་རིགས་ཀྱི་ཀུན་སྤྱོད་དང་འགལ་ཡོད་པའི་རྐྱེན་གྱིས་རང་སྐྱག་རང་གིས་བཟའ་རྒྱུའི་ཐོབ་ཐང་མེད་པ་མ་ཟད། ཁྲིམས་ལུགས་ཀྱི་གཞི་བཅོལ་ས་ཉག་གཅིག་པོ་དེ་ཡང་མི་ཆོས་རིག་པའི་གཞུང་ལུགས་ལས་འདའ་ས་མེད་པའི་རྐྱེན་གྱིས་ཁྲིམས་འགལ་རེད། འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པའི་རྒྱ་ནག་གི་ཡུལ་ལུང་ལྟ་བུ་ཞིག་ལ་མཚོན་ན་རང་སྐྱག་རང་གིས་བཟའ་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། མྱི་ཤ་རྗེན་པ་བཟའ་རྒྱུའི་ཐོབ་ཐང་ཡང་ཡོད་ནི་རེད། ཐོབ་ཐང་ཟེར་བ་དེ་དེ་འདྲ་ཞིག་ལ་གོ་དགོས་པ་རེད། ཁྱོད་ཀྱིས་ལོ་རབས་བདུན་ཅུའི་ནང་དུ་གཉེན་འཕྲད་སྒོ་བྱེ་པ་ནས་བཟུང་བོད་ནང་དུ་བཙན་བྱོལ་བོད་གཞུང་མང་ལ་རང་དབང་བསྐྱར་གསོའི་ཐད་གང་ཡང་གསུངས་ཆོག་པའི་ཐོབ་ཐང་ཡོད་ཅེས་བོད་ནང་དུ་དེ་འདྲའི་ཐོབ་ཐང་ཞིག་ཡོད་པ་ཐེངས་དང་པོ་ཐོས་པ་ཡིན། དེའི་ནང་གི་གཞུང་མང་ཞེས་པའི་སྲིད་གཞུང་མང་བོ་དེའི་དོན་གོ་མ་སོང་། གང་ལྟར། མང་བོ་མང་བོ་ཞིག་བཤད་ན་མ་བཤད་ན། གོ་བ་མེད་པའི་གླང་རྒན་ལ། རྒྱལ་བའི་བཀའ་ལས་དབྱུག་གུས་གོ་ཆོད་ནི་རེད། ཟམ་གདོང་གི་ཞ་ཞོར་ལ་ཁྱོད་ཀྱི་སྐེ་དཀྱིལ་ལ་དབྱུག་པ་འབབ་གྲབས་འདུག ངོ་མ་ཡིན། རྒྱ་ནག་ཚང་གི་མགྲིན་ཚབ་པས་ཀྱང་ཁྱོད་ཀྱི་སློབ་དཔོན་ཆེན་མོ་ཟམ་གདོང་གི་ཁྱི་བཤད་དེ་ལས་ལྷག་ཅིག་བཤད་ཀྱིན་ཡོད་པ་མ་རེད། ད་ཐོབ་ཐང་ཟེར་བ་དེ་མག་མོག་ཅིག་གོ་སོང་ངམ

  27. དགའ་ཡ་ says:
    2012-12-06 at 2:07 am

    མི་འགའ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་དེ་ནི་གནས་སྐབས་ཙམ་ཞིག་ལས་མཐར་ཐུག་ལ་ཁུངས་མི་འཁྱོལ་བ་དང་། ངོ་ཚོའི་མི་རིགས་འདི་ནི་ལོ་ངོ་སྟོང་ཕྲག་གི་གོང་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་ལུགས་དང་འབྲེལ་བའི་སྙིང་སྟོབས་ལྡན་ལུགས་སོགས་བརྗོད་དེ་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་རང་ཉིད་ཀྱིས་མེར་སྲེག་གི་སྡུག་བསྔལ་མྱོང་མི་དགོས་པ་དང་། སོ་སོའི་ནང་མིའི་དཀའ་ངལ་མིན་པ་ཙམ་ལས་གཞན་སྒྲུབ་བཤད་ཅི་ཡང་མེད་མི་འདུག
    ཕྱི་སྡོད་པ་ཚོར་རྩྭ་ཆུ་འཛོམས་སར་བསྡད་དེ་མེར་སྲེག་གི་དོན་རྐྱེན་ནི་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་ན་དུས་ནམ་ཡང་འཚམས་འཇོག་གི་མ་རེད་བཤད་པ་ནི་གཤོག་པའི་འོག་ལ་རླུང་རྒྱབ་པ་ལྟ་བུར་ཡིན་པས་གཞིས་བཞུགས་སྤུན་ཟླའི་ཚེ་སྲོག་ལ་མ་རིན་ཐང་མ་སྤྲད་པ་དང་འགན་མ་ཁུར་བ་རེད་སྙམ།

  28. ལུང་རྟོགས། says:
    2012-12-06 at 10:53 am

    ད་བར་དུ་རང་ལུས་མེར་སྲེག་བཏང་མཁན་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ནི་བོད་ལ་རང་དབང་དགོས་པ་དང་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཞེས་པ་འདི་ཡིན་པ་ཁོང་ཚོའི་འབོད་ཚིག་ལས་གསལ་ཡོད། ཁོང་ཚོའི་མངོན་འདོད་འདི་སྒྲུབ་ཐུབ་པའི་ནུས་པ་སུ་ལ་ཡོད་ན་དེ་ལ་རང་སྲེག་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་མིན་སུ་ལ་ཡང་ཐོབ་ཐང་ཡོད་མ་རེད། གལ་ཏེ་མངོན་འདོད་དེ་དག་སྒྲུབ་མི་ཐུབ་བཞིན་དུ་རང་སྲེག་ངོ་རྒོལ་མཚམས་འཇོག་དགོས་པར་བཤད་མཁན་ཞིག་བྱུང་ན་དེ་ནི་ད་བར་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་གི་རིན་ཐང་རྩིས་མེད་བཏང་མཁན་རང་རེད།

  29. ལུང་རྟོགས། says:
    2012-12-06 at 11:05 am

    ཤར་ཕྱོགས་ཁུག་རྟ་ཞེས་པའི་མི་འདིས་སྐབས་རེས་འགའ་དབུ་པ་ཡིན་ཁུལ་གྱིས་རང་བཙན་རྩོད་མཁན་ལ་རྒོལ་གྱི་རེད་ལ། ཡང་སྐབས་རེས་འགའ་དབུ་མའི་ལམ་ལ་འགྲོ་མཁན་གྱི་དབུས་སྒྲིག་འཛུགས་དང་དབུ་ཁྲིད་ལ་རྒོལ་ཡོང་གི་རེད། འདིའི་སྟེང་ནས་མཐོང་ཐུབ་པ་ནི་མི་འདི་དབུ་ལམ་པ་དང་རང་བཙན་པ་གང་ཡང་མིན་པར་དེ་གཉིས་ཀའི་ཁ་གཏད་ལང་མཁན་ཞིག་ཡིན་པ་དེ་རེད།

  30. ནག་ཐར་སྐྱིད། says:
    2012-12-06 at 7:20 pm

    སྤྱིའི་ཆ་ནས་ཤར་ཁུག་གིས་ཕྱོགས་གང་སར་སྐེ་སྲིང་ནས་འུར་རྒྱག་དགའ་བོ་ཡོད་ཙང་། སྐད་ཆ་གང་བཤད་ཚང་མ་གནས་ལུགས་རྐྱང་རྐྱང་རེད་བསམ་གྱིན་མེད་དེ། སྐབས་ཀྱི་༼ངས་བཀག་ཀྱང་མི་ཁོག་པ་ཞིག་ནི་ཐོབ་ཐང་མེད་ཅེས་པ་འདི་ནི་མདོར་དྲིལ་ན་འགན་འཁུར་ཁྱེར་འདོད་མེད་པ་དང། རང་སྲེག་མུ་མཐུད་འབྱུང་འདོད་ཀྱི་རྐྱེན་བྱས་ཏེ་ཐོན་པ་ཞིག་ཡིན་པར་ངེད་ནས་ མགྲིན་པ་གཟེངས་སུ་བཏགས་ནས་ ངོས་འཛིན་ཞུ་བཞིན་ཡོད།༽ཞེས་བ་ལྟར། བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད་བ་རེད། ད་ལྟའི་བོད་སྤྱི་བའི་སྒྲིག་འཛུགས་འདི་སྟོབས་དང་ལྡན་པ་ཞིག་ཡིན་རུང་མིན་རུང་། ༼ ལོ་རབས ༨༠ དང ༢༠༠༨ བཅས་ཀྱི་སྐབས་སོ་སོར་འབོད་སྐུལ་ལམ་སྟོན་སྣ་ཚོགས་གནང་ཡོད་པ་བྱུང་རབས་ནང་གསལ་བོ་ཡིན་ནའང། རང་སྲེག་གི་ལས་འགུལ་མགོ་བཙུགས་པ་ནས་བཙན་བྱོལ་དབུས་དམངས་ལ་བོད་དུ་ཅི་ཞིག་ལབ་རྒྱུའི་ཐོབ་ཐང་མེད་ཚུལ་གྱི་དཀྲོགས་གཏམ་ཞིག་དར།༽ཞེས་བ་འདི་གནད་འགག་གཅིག་རེད། ཕྱོགས་གཅིག་ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་རིམ་དང་ཡུན་གྱིས་ཉེན་ཚབས་ཆེ་ནས་ཆེ་རུ་འགྲོ་བཞིན་པ་ཤེས་གསལ་ལྟར། ཁ་གྲགས་རྒྱའི་ཐོབ་ཐང་མེད་ཚུལ་གྱི་སྐད་ཆ་འདི་། རང་ལུས་མེར་སྲེག་གི་དོན་རྐྱེན་འདིའི་མཇུག་འབྲས་དྲང་ལྡོག་གཉིས་ཕྱོགས་ལ་བསམ་བློ་གཏོང་མི་འདོད་པའམ་གཏོང་མ་ཤེས་བའི་བཟོ་ཞིག་འདུག མ་གཞི་ནས་རང་ལུས་མེར་བསྲེགས་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ནུས་སྟོབས་བསམ་གྱིས་མི་ཁྱབ་པ་རེད་དེ། ད་ལྟ་ཡུལ་གྱར་གཞུང་འབངས་འདིའི་རེ་སྒུག་སྟེང་གི་དམིགས་ཡུལ་རང་། པེ་ཅིན་གཞུང་གི་ཆབ་སྲིད་སྒྲོམ་གཞི་ཁོ་རང་ལ་འགྱུར་བ་འགྲོ་བར་ངང་སྒུག་བྱེད་པ་མ་གཏོགས། དེ་རིང་ནས་སང་ཉིན་བོད་སྤྱི་བདེན་མཐའ་སེལ་འགྲོ་བའི་ནུས་སྟོབས་ཞིག་དང་བྱེད་ཐབས་གསར་བ་ཞིག་མེད་པ་གསལ་བོ་རེད། དེར་བརྟེན་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་འགྲོ་རེག་བར་དུ་བློས་གཏོང་འདི་རྒྱུན་མཐུད་པ་ཡིན་ན། བཤད་ཚོད་མི་ཐུབ་པའི་བྱ་བ་ཞིག་རེད།

  31. པདྨ་འཕྲིན་ལས་། says:
    2012-12-06 at 8:54 pm

    ལུང་རྟོགས་ལསག། སྐད་ཆ་བཤད་གྱི་མེད་ན་འདི་མོ་འདི་མ་བཤད་ན་མཆོག།

  32. གངས་སྨྱུག says:
    2012-12-07 at 9:33 am

    བོད་དོན་འཐབ་རྩོད་ཀྱིས་ཚེ་སྲོག་ཤོར་བས་མི་རིགས་རྩ་སྟོང་འགྲོ་མི་སྲིད། དེ་ལས་ཕུང་གསུམ་སྤྱི་ཚོགས་འདིས་མི་རིགས་རྩ་སྟོང་འགྲོ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme