Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལམ་ལུགས་ཤིག་གི་སྲོག་ཤིང་ལ་རྒོལ་བ།

Posted on 2012-11-292012-11-29 By ཁ་བརྡ་ 16 Comments on ལམ་ལུགས་ཤིག་གི་སྲོག་ཤིང་ལ་རྒོལ་བ།

དཔྱི་ས་དགེ་འདུན་ཡོན་ཏན།

སྤྱིར་རང་ཉིད་ལ་མཚོན་ན་ཡང་རབ་བྱུང་བ་ཞེས་པའི་སྡེ་འདི་ལ་ཞུགས་པ་ནས་བཟུང་ཆོས་གྲྭའི་སྒོ་ཐེམ་འགྲིམས་པའི་སྐལ་བ་ཐོབ་ཤིང་ཆོས་རྭའི་ནང་དུ་རྟགས་གསལ་ཐེབས་ཆག་རེ་གཏོང་སྐབས་ཀྱང་རྩིབ་བཞག་ཆེན་མོ་དང་རིགས་ལམ་འཕྲུལ་ལྡེ་ལས་གསུངས་པའི་ཕྱིར་ཞེས་ཅི་ཞིག་གི་རྒྱབ་རྟེན་ཡོད་མདོག་མདོག་བྱས་མྱོང་ལ། དུས་རྒྱུན་དུ་ནས་འགྲོགས་པའི་འཛིན་གྲྭ་གོང་འོག་གི་ཆོས་གྲོགས་ཚོས་ཀྱང་དེ་བཞིན་དུ་རང་གི་ཡིག་ཆ་ལས་གསུངས་ན་སྒྲ་ཇི་བཞིན་དུ་འདོད་ལབ་རྐྱང་དང་ཁས་ལེན་རྐྱང་བྱེད་ཀྱི་རེད། གཞན་དགེ་བའི་བཤེས་གཉེན་དག་གིས་ཀྱང་རང་གི་ཡིག་ཆ་ཚིག་ཟིན་ལྟར་དུ་ཁས་ལེན་དགོས་པའི་བསླབ་བྱ་ནན་ནན་ཏིག་ཏིག་གིས་གཏོང་གི་རེད། ཡིན་ནའང་སྐབས་དེ་དུས་བྱིས་བློ་ཞིག་ལས་ཅི་ཡང་མེད་པས་དེ་དག་ལ་བསམ་གཞིག་ཞིག་ཀྱང་ཡེ་ནས་བྱས་མྱོང་མི་འདུག་ལ། ཡིག་ཆ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ནི་རང་གི་ཁྱད་ཆོས་དང་དགོན་པའི་ལ་རྒྱ་བརྩད་པའི་འདུ་ཤེས་ཤིག་ཏུ་རང་གིས་ཀྱང་བཟུང་མྱོང་ལ་གཞན་གྱིས་ཀྱང་དེ་ལྟར་བྱེད་ཀྱིན་པ་ཁོ་བོའི་རྣ་བས་ཐོས་ཤིང་མིག་གི་མཐོང་ཆོས་སུ་གྱུར་བ་ཞིག་གོ ། དུས་ད་ལྟའང་དེ་དག་དང་དེ་དག་དང་ཆ་འདྲ་བ་དག་གིས་ནི་ཕྱོགས་ཁ་གང་ཞིག་གི་བསྟན་པའི་རྗེས་འབྲངས་པ་ཡིན་མདོག་གིས་སྣ་འཐེན་ནས་ཁ་ནང་དུ་འཇོག་ཐུབ་པའི་བཟོ་ལྟ་བཏོད་ཀྱིན་ཡོད་ལ། དུང་ཞེན་ཉི་ཚེ་བ་ཞིག་གི་ལྟག་རྒྱབ་ན་གྲུབ་མཐའ་གང་ཞིག་གི་ལ་རྒྱ་རྩོད་པའི་ཟོལ་གྱིས་བདེན་དོན་དང་གནས་ལུགས་ཀྱི་གཏན་ཚིགས་རྒྱང་དུ་གཡུགས་ཏེ་ཚིག་སྣེ་ཡར་འདོགས་མར་འདོགས་ཀྱིས་རྒྱུ་འབྲས་སྣོག་གིན་ཡོད། དེ་བས་དེ་དག་གིས་ནི་ཡིག་ཆའི་ཆེད་དུ་ཞེ་སྡང་གིས་ངོ་གདོང་དམར་སེང་ངེའི་འོག་ནས་བཤད་སྟངས་ལ་གཞིག་ན་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་འབོད་པའི་༧རྗེ་ཉིད་ཀྱང་གྲུབ་མཐའི་དབྱེ་བ་འབྱེད་མ་ཤེས་པར་རྨོངས་ལོས་ཡོད་འདོད་འདོད་འདྲ་ཞིག་བཤད་ངེས་ཡིན་ལ། ཀླུ་སྒྲུབ་ཡབ་སྲས་ཞེས་མཁས་ཆེན་དེ་ཚོ་ཡང་ཡིག་ཆ་གང་ཞིག་གི་རྩོམ་པ་པོའི་འཁོར་ཤ་སྟག་ལོས་ཡིན་བསམ་བསམ་ཞིག་སྒྲུབ་ངེས་ཡིན། མ་ཟད་དུ་འུ་ཚོའི་ཆོས་གྲྭ་བ་མང་པོ་ཞིག་གིས་གཞན་ཕར་ཞོག ཡིག་ཆའི་ཚིག་རིས་ཙམ་ལ་རྒྱབ་ཀྱིས་གཏད་ན་ཡང་ཅི་ཞིག་ཤེས་མདོག་གི་ང་རྒྱལ་དང་བཅས་(རང་གི་ཕོར་བ་ལ་རང་གིས་རྡོག་ཐོས་ཀྱིས་གཞུས་པ་རེད)་ཟེར་བ་དང་(ཡར་ཀླུང་ཤར་ནས་འདུག་ན་ཡར་ཀླུང་ཤམ་པོར་བསྟུན་དགོས་པ་རེད)ཅེས་སྒམ་མདོག་ཁ་བོས་དེ་དང་དེ་འདྲ་བའི་སྐད་ཆ་ཟུར་ཁ་ཅན་དང་སྣུམ་དྲེགས་ཆགས་འདུག་པ་འགའ་རེ་ཁྱེར་ཡོང་ཏེ་འབུར་འཇོམས་བྱེད་ཅི་ཐུབ་བྱེད་ན་ཡང་དེ་དག་ལ་ཁོ་བོས་འདི་སྐད་ཟེར་འདོད་དེ་ཁྱོད་ཚོའི་བཤད་སྟངས་དེའི་ཟུར་ཁ་ལ་འཇུས་ཏེ་སྙིང་ཤ་ལ་བསྣུན་ན་སྟོན་པའི་ཕོར་བའི་གུད་ཅིག་ན་ཁྱེད་ཚོར་དེ་འདྲའི་ང་ཆེན་པོ་ཞིག་འདོགས་སའི་ཕོར་བ་སུ་ཡིས་སྦྱིན་ཡོད་ཨང་། བྱེ་བྲག་ཏུ་དགེ་ལུགས་པ་ཞིག་ཡིན་ན་ཁྱེད་ཚོར་རྗེ་བླ་མའི་ཕོར་བ་དང་མ་འབྲེལ་བར་གནམ་ནས་བབས་བཞག་པ་ཞིག་དང་ས་ནས་སྐྱེས་བཞག་པའི་ཕོར་བ་ཞིག་གང་ན་ཡོད་ཅེས་པ་དེ་ཡིན། རེད་དེ་ད་ནི་དེ་དག་ལ་ཕྱིར་དྲན་རེ་བྱས་ན་ཆོས་གྲྭའི་རྩོད་པ་བ་དེ་དག་གི་བསམ་བློའི་མུ་གེ་མཐོང་ནས་འདུག་ཅིང་ཡིག་ཆ་ཞེན་ཁོག་གིས་འཛིན་པའི་འདུ་ཤེས་དེ་ལ་ཡང་ཞེན་པ་གཏིང་ནས་ལོག་སོང་ངོ་།། མདོ་དང་རྒྱ་གཞུང་གི་གཞུང་ཤིང་ཡོད་ཚད་ཀྱང་ཡིག་ཆ་དང་མཐུན་དགོས་པ་དང་བསྟུན་གྱིན་པའི་ལམ་ལུགས་འདི་ལ་བསམ་གཞིག་བྱེད་ཐེངས་རེར་རླུང་ཁའི་མར་མེ་དང་འདྲ་བའི་ཐུབ་པའི་བསྟན་པ་རིན་པོ་ཆེའི་ལས་དབང་ལ་ཤོར་བའི་བརྣངས་སེམས་ཀྱི་མཆི་མ་ཡོད་པ་ཡང་ཁོ་བོ་གཅིག་པུས་ག་ལ་ཚད། ད་དུང་ཀློག་པ་པོ་ཀུན་ལ་གསལ་གསལ་ཐང་ཐང་གིས་སྨྲ་རྒྱུ་ཞིག་ཡོད་པ་ནི། དཔེར་ན་ཡིག་ཆ་གང་ཞིག་གི་བདག་པོ་དང་རྗེ་ཉིད་ལྟ་བུ་ལ་འདོད་ཚུལ་མི་མཐུན་པ་རེ་ཡོད་ཚེ་གང་ཞིག་རྗེ་ཉིད་ཀྱིས་གསུངས་པ་དེ་ལ་ཡིན་པའི་ཁྱབ་ཅེས་འགྲིག་རྟགས་རྒྱག་རྐྱང་དང་། གང་ཞིག་རྗེ་ཉིད་ཀྱི་གསུངས་སྟངས་དང་མ་འདྲ་ཚེ་མ་ཡིན་པའི་ཁྱབ་ཅེས་ནོར་རྟགས་རྒྱག་རྐྱང་བྱེད་དགོས་པར་བཤད་འདོད་པ་གཞར་ཡང་མིན་མོད། གང་ལ་ཤེས་བྱེད་དང་རྒྱུ་མཚན་ལྡན་མིན་གྱི་ལམ་ཁ་ཞིག་གི་གཞི་རྩའི་སྟེང་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ལ་གཏུགས་དགོས་པར་ནན་ནན་ཏིག་ཏིག་གིས་བཤད་པ་དེའོ།།
སྤྱིར་ཡིག་ཆ་ནི་རང་གི་ཤེས་བྱའི་རྨང་གཞི་འཇོག་བྱེད་ཀྱི་གཞི་རུ་བཟུང་ནས་བལྟ་དགོས་རྒྱུ་ནི་ཧ་ཅང་གལ་ནན་ཆེན་པོ་ཞིག་ཏུ་ཟད་དེ། དེ་མིན་མདོ་དང་རྒྱ་གཞུང་དུ་འབོད་པའི་གཞུང་ཆེན་མོ་དེ་དག་ལ་ནི་ང་དང་ང་འདྲ་བའི་བློ་གསར་བ་དག་ལ་ནི་ཧ་ཅང་མཁྲེགས་པའི་གནས་སུ་གྱུར་འདུག་པས་སོ།། དེ་ལས་གཞན་འདི་སྐད་ཡང་འདོད་དེ་ཡིག་ཆའི་བདག་པོར་གྱུར་བའི་བསྟན་འཛིན་གྱི་སྐྱེས་ཆེན་དེ་དག་གིས་ཀྱང་རང་གིས་བརྩམས་པའི་བསྟན་བཅོས་འདི་གཞི་རུ་བཟུང་སྟེ་ནང་བསྟན་མཚན་ཉིད་རིགས་པའི་ཤེས་བྱར་སྦྱངས་བརྩོན་བྱེད་ཀྱིན་པའི་ཆོས་གྲྭ་བ་དག་གིས་ནི་གནས་ལུགས་དང་བདེན་དོན་གྱིས་གཏམས་པའི་ལེགས་བཤད་དག་རྒྱང་དུ་གཡུག་སྟེ་ཡིག་ཆའི་ཚིག་ཟིན་གྱི་ཆེད་དུ་རྔུལ་ཁྲག་གཏོང་གིན་ཡོད་པའི་སྣང་ཚུལ་འདི་མཐོང་ཚེ་ཡིད་ཁམས་སྐྱོམ་པའི་མིག་ཆུ་གྲང་ཤུར་ཤུར་གཏོང་ངེས་པ་ལ་ནི་ཁོ་བོར་ཐེ་ཚོམ་ཅི་ཡང་མེད་དོ།།

ལོ་རྒྱུས་ལ་ཕྱིར་མིག་དང་རིགས་ལམ་གྱི་བདེན་པ།
སྔོན་ཆད་སྔོན་ཆད་ཅིག་ལ་ནཱ་ལེནྡྲ་ཞེས་པའི་ལྟ་བ་མཉམ་གནས་ཀྱིས་ཁོར་ཡུག་ཡོངས་སུ་ཁྱབ་ཅིང་དགག་སྒྲུབ་དང་དོགས་སློང་གི་སྙིང་ཤ་འབུར་ཚིགས་སུ་ཡོད་པའི་ཆོས་སྡེ་ཆེན་པོ་ཞིག་སྟེ། རྒྱུ་འབྲས་དང་གནས་ལུགས་ཀྱི་སོ་ཁ་ནས་བདེན་པ་དང་བདེན་པ་བརྡར་ཏེ་རྒྱལ་ན་རྒྱལ་ཁ་སྟོབས་ཀྱིས་ལེན་ཞིང་ཕམ་ན་ཕམ་ཁ་འཛུམ་གྱིས་དང་དུ་ལེན་ཐུབ་པའི་ཁོར་ཡུག་ཅིག་མི་ཡུལ་དུ་འོད་ལམ་མེར་འཁྲུངས་པས་ད་གཟོད་ནཱ་ལེནྡྲའི་པཎྜིཏར་བསྙད་པའི་རང་གི་ཁེར་ཚུགས་ཀྱི་བསམ་བློའི་དར་ཆ་དགུང་དུ་ཕྱར་བའི་གྲུབ་མཐའ་དེ་དག་གི་ཤིང་རྟའི་སྲོལ་འབྱེད་སོགས་མཁས་ཆེན་ཤིན་ཏུ་ནས་ཀྱང་མང་པོ་ཞིག་ཆུ་བོའི་རབ་ཁ་བརྡོལ་བ་བཞིན་བྱོན་མྱོང་བ་མ་ཡིན་ནམ། དེ་ཡང་འུ་ཚང་གི་བོད་རྒན་གནམ་དགའ་མ་ཚོས་བཤད་སྟངས་ལྟར་གློ་རྡེག་ལ་བྱུང་བའི་སྤང་ཀོང་ཕྱག་རྒྱ་བ་དང་མདོ་སྡེ་ཟ་མ་ཏོག་སོགས་ནམ་མཁའ་ནས་རྒྱུ་མེད་རྐྱེན་མེད་དུ་བབས་པ་འདྲ་གང་ནས་ཡིན། ཡེ་ནས་མ་ཡིན་ཏེ་དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སྔོན་བྱོན་སྐྱེས་བུ་མི་ཉུང་བ་ཞིག་གི་རྔུལ་ཁྲག་གིས་བསྐྲུན་ཞིང་། བག་ཆགས་ཀྱིས་བསྐྱེད་པའི་འདུ་ཤེས་ཁྲོད་བྱུང་བར་ཁ་ཚོན་བཅད་ནས་བཤད་དུ་རུང་ལ། མདོར་དྲིལ་ན་རིག་པ་དང་རིག་པ། གནས་ལུགས་དང་གནས་ལུགས་བརྡར་བའི་ཁྲོད་ཀྱི་འབྲས་བུ་ཞིག་ལས་གཞན་ལུང་གིས་ལུང་ལ་ཐོད་གཏུགས་པ་དང་དུང་ཞེན་དང་དུང་ཞེན་འཛིངས་པའི་ཁྲོད་ཀྱི་ཐོན་བསྐྱེད་ཀྱི་འབྲས་བུ་ཞིག་མིན་པ་ཁོ་བ་ཚོའི་མིག་ལོང་བ་མིན་ན་མཐོང་ན་འགྲིག་པ་ལ་ཨང་། ད་དུང་བོད་ཡུལ་གྱི་མཁས་གྲུབ་མང་པོའི་ཁྲོད་དུ་སྐར་ཆེན་ལྟར་འཚེར་བའི་༧རྗེ་བདག་ཉིད་ཆེན་པོས་ཀྱང་’’མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་ནི་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར’’ཞེས་པའི་གཞི་རྩའི་ལྟ་གྲུབ་འདི་རྨང་གཞིར་བྱས་ཏེ་སྔ་རབས་པའི་མཁས་ཆེན་མང་པོ་ཞིག་གི་མདུན་དུ་རིགས་ལམ་གྱི་བདེན་དོན་དཔང་བོར་བཅོལ་ཏེ་ཕྱོགས་སྔར་ལངས་ཤིང་། རང་གི་ཁེར་ཚུགས་ཀྱི་བསམ་བློ་དང་མི་གཞིའི་ཟབ་ས་ན་འཚེར་བའི་ལྷན་སྐྱེས་ཀྱི་མེ་ལྟར་འབར་བའི་ཤེས་རབ་ཀྱི་མཐུ་ལ་བརྟེན་ནས་རང་གི་སློབ་དཔོན་ཡིན་ཀྱང་གནས་ལུགས་ཀྱི་མདུན་ནས་ཡན་པོར་མ་བཞག་ཏེ། སྔ་རབས་པའི་སློབ་དཔོན་མང་པོ་ཞིག་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཁྲོད་ཤ་ཟད་རུས་ལ་ཐུག་གི་བར་དུ་དཔྱད་དེ་ཡིད་རྟོན་བྱེད་ཀྱིན་པའི་རྔུལ་ཁྲག་གིས་བརྟས་པའི་ལྟ་གྲུབ་དག་ལ་ཡང་དགག་པ་ཚ་ནན་བཏང་སྟེ་རིགས་ལམ་གྱི་རྒྱབ་ཀྱིས་ཁྱོགས་པའི་རང་གི་གྲུབ་མཐའ་འདིའི་སྲོལ་ཐོག་མར་བྱས་ཏེ་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཞེས་སྙན་གྲགས་ཀྱི་བ་དན་དགུང་ན་འཕྱོ་བ་འདི་ཡང་། མཐར་གཏུགས་ན་རྒྱུ་འབྲས་ལ་དཔྱོད་པའི་བློ་གྲོས་ཀྱི་མིག་དང་རིགས་ལམ་ལ་དད་པའི་ཡིད་ཆེས་ཀྱི་སྟོབས་འདིའི་རྨང་གཞིའི་སྟེང་ནས་བྱུང་བ་འུ་ཚོར་ར་འཕྲོད་དགོས་པའི་གཏན་ཚིགས་ཞིག་ཏུ་སེམས་གྱིན་ཡོད་ལ། གཞར་ཡང་འུ་ཚོའི་སེམས་ཞབས་ལ་འཁྱིལ་དགོས་པའི་སྙིང་གཏམ་མར་ལོ་འདྲ་བ་ཞིག་ཏུ་ཁོ་བས་སེམས་སོ།།
དེ་ལྟ་མ་ཡིན་པར་འུ་ཚོའི་ཡིག་ཆའི་ཕྱོགས་ཁ་འཐེན་འཁྱེར་གྱི་བསྟན་བདག་དེ་ཚོ་ནང་བཞིན་ཡིག་ཆའི་ཚིག་རིས་ཙམ་གྱི་ཆེད་དུ་ཡང་སྣོག་རྒྱག་པའི་ངལ་བ་དང་དུ་ལེན་མཁན་འདྲ་ཡིན་པའི་དབང་དུ་བཏང་ན། ༧རྗེ་ཉིད་ཀྱང་བོད་སྔ་རབས་པར་འབོད་པའི་མཁས་ཆེན་དེ་ཚོའི་གསུང་སྒྲོས་ལས་འདའ་ཐུབ་མེད་ངེས་ཡིན་ལ། ཐ་སྙད་ཚད་གྲུབ་ཞེས་ཀུན་གྱི་དབུས་ན་གཟེངས་སུ་མཐོ་བའི་ལྟ་གྲུབ་འདི་ཡང་ད་དུང་མི་ཡུལ་དུ་འཁྲུངས་མེད་ལས་ཆེ། འོ་ན་ཡིག་ཆ་མ་གཏོགས་ཅི་ཡང་མེད་དེ་རྒྱུགས་ཟེར་ན་གཤིན་རྗེས་འཕྲང་དང་རྒྱོབ་ཟེར་ན་ཨ་ཕའི་མགོ་ཡིན་ཟེར་མཁན་དག་གི་ཁྲོད་དུ་ལྷག་བསམ་གཙང་མ་ཅན་གྱི་མི་མགོ་འགའ་ཡོད་དུ་ཆུག་མོད། གནས་ལུགས་ཀྱི་ཐོང་རྩར་འཇུས་པའི་ཕན་ཆད་ནས་ལྷག་བསམ་ཟེར་བའི་མདངས་ཅན་དེ་ཡང་མདངས་མེད་ཞིག་ཏུ་འགྱུར་མི་འགྲོ་བའི་ངེས་པ་ག་ལ་ཡོད། དེ་བས་ཡོད་ཚད་ཡིག་ཆའི་ཚིག་ཟིན་གྱི་སྒྲོམ་ལ་འདོགས་པའི་ལམ་ལུགས་འདིས་ནི་བློ་རིགས་ཀྱི་གློག་ཞགས་འཁྱུག་པའི་ཆོས་གྲྭ་བ་མང་པོ་ཞིག་གི་དཔྱོད་པའི་བློ་མིག་དང་བསམ་གཞིག་གི་བར་སྟོང་ལ་བཞི་ཤད་བརྒྱབ་ཡོད་ཅིང་། གསར་གཏོད་ཀྱི་སེམས་ཁམས་དང་ཐོལ་བརྒལ་གྱི་སྙིང་སྟོབས་ལ་ཡང་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་པས། འུ་ཚོས་མ་འོངས་བའི་མི་རབས་ཤིག་གི་ཆེད་དུ་ལམ་ནོར་ལྡོག་ཤེས་བྱས་ཏེ་རང་དབང་གིས་དཀྱེལ་ཡངས་དང་། གུ་ཡངས་ཀྱི་དགོད་སྒྲ་འཁྱིལ་བའི་ཁོར་ཡུག་ཞིག་གི་སྐྱེས་སྐར་ལ་རྒྱང་འབོད་བྱེད་དགོས་ཤིང་། ཨུ་ཚུགས་དང་དུང་ཞེན་གྱི་འདུ་ཤེས་ཡོངས་སུ་གཏོལ་ཏེ་གནས་ལུགས་ཀྱི་ཆེད་དུ་ཅི་ཡང་བྱེད་དུ་ཕོད་པའི་འབྱུང་འགྱུར་གྱི་མི་བུ་རུས་རྐང་ཅན་དག་གི་རྣམ་ཤེས་ལ་བསམ་གཞིག་གཏོང་དགོས་པ་མ་ཡིན་ཨང་། སྤྱིར་འུ་ཚོའི་ཁོར་ཡུག་འདི་ལྟ་བུའི་གནས་ལུགས་ཀྱི་འདུ་ཤེས་ལས་བརྒྱ་འགྱུར་གྱིས་དུངས་ཞེན་ཙམ་པོ་བའི་འདུ་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཁོར་ཡུག་ཅིག་ནས་འདི་འདྲའི་སྐད་ཆ་སྨྲ་རྒྱུའང་དོན་དངོས་ཀྱིས་ཅུང་དཀའ་ལེ་འདྲ་ཞིག་འདུག་མོད། རང་དང་འདྲ་བའི་གཞོན་པ་དེ་དག་གི་རྣམ་དཔྱོད་ཀྱི་སྐྱེ་རྒྱུན་གཅོད་པའི་ན་ཟུག་གིས་ཚ་འདྲི་ཡང་ཡང་ཐེབས་པའི་དྲི་རྟགས་ཁྲོད་བྲིས་པ་ཡིན་ལ། གཞོན་པ་དེ་དག་ལ་གློ་རྒྱུ་མའི་ཧྲག་བར་ནས་ཕུལ་བའི་རང་གི་སེམས་གཏམ་དང་། དེ་དག་དང་དེ་དག་གི་ལས་དབང་རང་གི་མིག་ཆུའི་མདངས་ལ་གཞུས་ཏེ་ཐུབ་པའི་བསྟན་པ་རིན་པོ་ཆེའི་འབྱུང་འགྱུར་གྱི་ལས་དབང་གི་ཆེད་དུ། འུ་ཚོ་མི་རེ་རེས་འགན་འཁྲི་ཞེས་པའི་ཐ་སྙད་འདི་དགའ་བ་བརྒྱ་འགྱུར་སྟོང་འགྱུར་གྱི་སྤྲོ་དགའི་ཁྲོད་སྤོབས་པའི་མགོ་བོ་མཐོ་རུ་བཏེགས་ཏེ་ཕྲག་ཏུ་ལེན་དགོས་པའི་རྒྱང་འབོད་བྱས་པ་ཡིན་ལ། གང་ཞིག་མིའི་རིགས་ཀྱི་བསམ་བློའི་སྐྱེ་རྒྱུན་གཅོད་གཏུབ་བྱེད་ཀྱིན་པའི་བདེན་པ་མ་ཡིན་པའི་ལམ་ལུགས་དེ་དག་ལ་ལག་བརྡ་གཏོང་བར་བྱ་ཞེས་པ་དེ་ཡིན་ནོ།།

དཔྱད་རྩོམ།

Post navigation

Previous Post: དངན་པ་ཁ་རླངས་ཅན་ཞིག་རེད
Next Post: རྒྱ་གར་བྱང་ཤར་གྱི་བོད་མིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ།

Comments (16) on “ལམ་ལུགས་ཤིག་གི་སྲོག་ཤིང་ལ་རྒོལ་བ།”

  1. ཅོག་རོང་གི་མྱི། says:
    2012-11-29 at 8:17 pm

    གནས་ལུགས་སེམས་ཅན་ཤིག་ཡིན་ནམ་གནས་ལུགས་ཚིག་ཕྲད་ཤིག་ཡིན། ཧ་གོ་མ་སོང་།

  2. ཅོག་རོང་གི་མྱི། says:
    2012-11-29 at 8:19 pm

    ལམ་ལུགས་ལ་བཅོས་རོགས་

  3. ཟུར་གནས། says:
    2012-11-29 at 9:04 pm

    ང་ད་གིན་རང་བསམ་བློ་འདི་འཁོར་བྱུང་། ང་ཚོ་ནང་པས་ངོ་བོ་ཉིད་རྐྱང་རྐྱང་བཙལ་ནས། གང་ཡང་མ་བརྙེད་པ་དང་། གང་ཡང་མ་བྱུང་བ། གང་ཡང་མ་རག་པར། མཐའ་མ་ནང་ཆོས་ཡང་ངོ་བོ་ཉིད་ཀྱིས་མ་གྲུབ་སྟབས། འཛམ་གླིང་ཆོས་ལུགས་ཆེ་གྲགས་ཀྱི་ནང་ལ་ཡང་མ་ཚུད་པ་རེད།

    དེ་ལས་སྟོན་པས། ངོ་བོ་ཉིད་མ་བཙལ་བར། དངོས་པོའི་སྟོབས་ཤུགས་དང་ནུས་ཤུགས། གོ་ཆོད་དག་བཙལ་ནས་དེ་དག་བེད་སྤྱོད་ལེགས་པར་སྤྱོད་ཐུབ་ན། རང་བདེ་གཞན་བདེ་ཡོང་སྲིད།

    ངོ་བོ་ཉིད་བཙལ་ན་སྟོང་པ་ཡིན་སྲིད་རུང་། དེ་ལས་དངོས་པོའི་སྟོབས་དང་ནུས་པ། ཁྱད་ཆོས། བྱུང་འགྱུར་། འཕོ་འགྱུར་སོགས་ལ་བལྟས་ནས། རིགས་པའི་གཞུང་ལུགས་ཤིག་གསར་གཏོད་གནང་ཡོད་ཚེ། ནང་ཆོས་འདི་ཨང་ཀི་དང་པོར་བསླེབས་སྲིད། མ་ཟད་ངོ་བོ་ཉིད་སྟོང་པ་ཡིན་པ་ཤེས་པས་ཆགས་པ་དང་ཞེ་སྡང་ནི་འགོག་ཐུབ་ཀྱི་མེད་པ་ང་ཚོའི་ཉམས་མྱོང་དང་རིགས་པས་རྟོགས་ཐུབ།

    དེ་ལ་བསམ་ཚུལ་ཇི་འདྲ་ཡོད་དམ།

  4. མེ་ཏོག་དཀར་པོ། says:
    2012-11-29 at 9:33 pm

    ཟུར་གནས་ཀྱིས”མ་ཟད་ངོ་བོ་ཉིད་སྟོང་པ་ཡིན་པ་ཤེས་པས་ཆགས་པ་དང་ཞེ་སྡང་ནི་འགོག་ཐུབ་ཀྱི་མེད་པ་ང་ཚོའི་ཉམས་མྱོང་དང་རིགས་པས་རྟོགས་ཐུབ།”བཤད་དུས་འགོ་མ་གད་མོ་ཤོར་ནས་བྲོད་ཁོག་ཟུག་རྒྱབ་སོང་། ཡང་ག་ལེར་བསམ་པས་སྙིང་རྗེ་ནས་མིག་ཆུ་ཤར་ཤར་ཤོར་སོང་།

  5. མེ་ཏོག་དཀར་པོ། says:
    2012-11-29 at 9:36 pm

    དཔྱི་ས་ལགས། ཐུགས་རྗེ་གཟིགས། ཡི་གེའི་བར་མཚམས་ཀྱི་སྟོང་ཆ་དེ་ཡོད་པ་གནང་རོགས། དེ་མིན་ཁྱེད་ཀྱིས་བྲིས་པ་དེ་མཐོང་དུས་བུ་སུབ་དོག་ནས་དབུགས་འགག་བྲབ་བྱེད་གི་འདུག

  6. ཀརྡོ་གཉེར་ཕྱག་པ་ says:
    2012-11-29 at 9:41 pm

    ཁ་ཅིག་གིས། ་་་་་་ དེ་ཡང་འུ་ཚང་གི་བོད་རྒན་གནམ་དགའ་མ་ཚོས་བཤད་སྟངས་ལྟར་གློ་རྡེག་ལ་བྱུང་བའི་སྤང་ཀོང་ཕྱག་རྒྱ་བ་དང་མདོ་སྡེ་ཟ་མ་ཏོག་སོགས་ནམ་མཁའ་ནས་རྒྱུ་མེད་རྐྱེན་མེད་དུ་བབས་པ་འདྲ་གང་ནས་ཡིན།ཡེ་ནས་མ་ཡིན་ཏེ་དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སྔོན་བྱོན་སྐྱེས་བུ་མི་ཉུང་བ་ཞིག་གི་རྔུལ་ཁྲག་གིས་བསྐྲུན་ཞིང་།བག་ཆགས་ཀྱིས་བསྐྱེད་པའི་འདུ་ཤེས་ཁྲོད་བྱུང་བར་ཁ་ཚོན་བཅད་ནས་བཤད་དུ་རུང་ལ། ་་་་ཟེར།
    ཁ་ཅིག་གིས། གནས་ལུགས་སེམས་ཅན་ཤིག་ཡིན་ནམ་གནས་ལུགས་ཚིག་ཕྲད་ཤིག་ཡིན། ཧ་གོ་མ་སོང་།
    ༢༽ ཅོག་རོང་གི་མྱི་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ གི་ཆུ་ཚོད་ ༢༠ སྐར་མ་ ༡༩ལམ་ལུགས་ལ་བཅོས་རོགས། ཟེར།
    ཁ་ཅིག་གིས། ་་་་ རིགས་པའི་གཞུང་ལུགས་ཤིག་གསར་གཏོད་གནང་ཡོད་ཚེ། ནང་ཆོས་འདི་ཨང་ཀི་དང་པོར་བསླེབས་སྲིད། མ་ཟད་ངོ་བོ་ཉིད་སྟོང་པ་ཡིན་པ་ཤེས་པས་ཆགས་པ་དང་ཞེ་སྡང་ནི་འགོག་ཐུབ་ཀྱི་མེད་པ་ང་ཚོའི་ཉམས་མྱོང་དང་རིགས་པས་རྟོགས་ཐུབ། དེ་ལ་བསམ་ཚུལ་ཇི་འདྲ་ཡོད་དམ། ཟེར།

  7. ཟུར་གནས། says:
    2012-11-29 at 10:34 pm

    མེ་ཏོག་དཀར་པོ།

    ཁྱེད་བགོད་ཆོག་ཆོག་དང་ངུ་ཆོག་ཆོག སྲོག་རླུང་ཕོག་པའི་མི་འདྲ་བོ་དེ་འདྲ་ལ་སྟོང་ཉིད་དང་དོན་དམ་བདེན་པའི་སྐོར་གླེང་ཡུལ་མིན་པ་ཤེས་སོང་། བྱས་ཙང་བཏང་སྙོམས་ལ་བཞག་གི་ཡིན། ངས་དགེ་འདུན་ཡོན་ཏན་ལ་འདི་བཤད་འདོད་བྱུང་།

    དཀར་ཡོལ་ནང་ལ་ཆུ་ཕྱེད་ཀ་ཡོད་པ་དེར་ལྟ་སྐབས། མི་ལ་ལས་དེ་ཕྱེད་ཀ་སྟོང་པ་ཡིན་པ་མཐོང་། ལ་ལས་དེ་ཕྱེད་ཀ་བཀང་བ་མཐོང་། དེ་བཞིན་ང་ཚོས་དངོས་པོའི་གཤིས་ལུགས་ལ་ལྟ་དུས། ནང་པས་ངོ་བོ་ཉིད་སྟོང་བ་དང་མཚན་མ་མེད་པ་མཐོང་། ཚན་རིག་པས་དེ་ནུས་པ་ཆེ་ལ། རྐྱེན་གཞན་དང་འཕྲད་ན་བསམ་ཡུལ་ལས་དཔག་ཚད་བྱེ་བ་འགའ་ཤས་ཀྱི་ས་ལ་སྐྱོད་ཐུབ་པའི་དངོས་པོ་མཐོང་གི་རེད།

    དེ་ལ་བསམ་གཞིགས་ཡག་པོ་ཞིག་གནོངས་རོགས་ནང་པའི་མཁས་པ་རྣམས།

  8. ཟུར་གནས། says:
    2012-11-29 at 10:41 pm

    བགོད་དེ་དགོད་ལ་བཅོས་རོགས། ༎

  9. ཅོག་རོང་གི་མྱི། says:
    2012-11-29 at 10:49 pm

    སྤྱི་བོ་གནམ་བསྟན་ཉོན་རེ་རྨོངས།
    མགོ་ནག་བོད་མི་སྙིང་རེ་རྗེ།
    དགྲ་རྒན་རྒྱ་གཉིས་གདུག་རེ་རྩུབ།
    མགོ་སེར་སྤྲེལ་རྣམས་ཞེ་རེ་ལོག
    སྲིད་ཀྱི་འཕོ་འགྱུར་དབྱར་སྤྲིན་འདྲ།
    དེ་འཛིན་སྐྱེས་བུ་རྡོ་དང་འདྲ།
    ཁེ་ཕན་དཀོར་ཟས་བསྐོལ་བའི་ཕྱིར།
    འོ་སྐོལ་བུད་ཤིང་སྲེག་སྲེག་བྱས།
    ཨ་མ་ན་པ་མ་ཧ།

  10. སྲོག་གཅོད says:
    2012-11-29 at 11:00 pm

    ངོ་མ་རྩོམ་ཐུང་མཐོ་གང་གི་ནང་ལ་གནས་ལུགས་འདོམ་གང་བཅུགས་འདུག རྩོམ་ཡིག་འདིས་ཁ་བརྡའི་ཐལ་མདོག་ལ་གསེར་བྱེ་སོར་གང་བྱུགས་འདུག

  11. ཐོས་བསམ་གླིང་པ་ says:
    2012-11-30 at 12:08 am

    རྩོམ་བདག་དཔྱི་ས་དགེ་འདུན་ཡོན་ཏན་ལགས་ཀྱིས་དགོངས་པ་ག་ཚོད་ཙམ་བཞེས་
    ཡོད་མེད་མི་ཤེས་ལ་གང་ལྟར༼མདོ་དང་རྒྱ་གཞུང་གི་གཞུང་ཤིང་ཡོད་ཚད་ཀྱང་ཡིག་ཆ་དང་མཐུན་དགོས་པ་དང་བསྟུན་གྱིན་པའི་ལམ་ལུགས་འདི་༽ཞེས་པའི་སྐད་ཆ་
    འདིའི་རྒྱབ་ལོག་ན་ཆོས་འཇིག་རྟེན་གཉིས་དང་འབྲེལ་བའི་བོད་མིའི་སྤྱི་ཚོགས་ཀྱི་རྙོག་ཁྲ་གཏིང་ཟབ་མོ་དང་རྒྱ་ཆེན་པོ་ཞིག་འདུག།འདི་རྒྱ་དཀར་གྱི་ནང་ཆོས་ཀྱི་ལོ་རྒྱུས་རིང་པོ་དེ་དང་བོད་ལ་སོགས་པ་ནང་པའི་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ཀྱི་འཕེལ་འགྲིབ་དེ་ཅི་
    འདྲ་ཞིག་བྱུང་ཡོད་མེད་སོགས་འབྲེལ་ཡོད་ཀྱི་གནད་དོན་རྣམས་རྒྱ་མ་གཅིག་གི་ཐོག་ལ་བཞག་ནས་ཡང་ལྗིད་གཞལ་དགོས་བ་ལས་དཀར་པོ་མིན་ན་ནག་པོ་ཡིན་དགོས་པ་འདྲ་པོ་སྟོང་བཤད་རྒྱག་བྱེད་བྱས་ན་ཕན་པོ་མི་འདུག་སྙམ་མོ།།
    མ་གཞི་ནས་ད་ལྟའི་བོད་ཕྱི་ནང་གི་རང་ལུས་མེ་སྲེག་གི་གྲངས་ཀ་༩༤་ལ་སླེབས་པའི་ཛ་དྲག་ཆེན་པོའི་སྐབས་འདིར་རྣམ་དཔྱོད་དང་དུས་ཚོད་གཞན་སེམས་ཤུགས་ཡོད་
    མཁན་ཞིག་ཡིན་ན་སོ་སོའི་འཚོ་གནས་བྱེད་སའི་བོད་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་
    འདི་ཆེས་ཉམས་རྒུད་དུ་འགྲོ་བཞིན་པའི་ཚབས་ཆེན་གྱི་གནས་སྟངས་སམ་དུས་འདི་ལ་དམིགས་ཏེ་་ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ་ཚིག་ཁ་ཤས་བཤད་དེ་དོན་ལ་སྨིན་བའི་
    ཐབས་ཟུས་རེ་ཨེ་རྙེད་པའི་འབད་བརྩོན་གཅིག་བྱ་རྒྱུ་དེ་ནི་རང་ཉིད་ཐེག་པ་ཆེན་པའི་
    ཆོས་པའམ་བོད་པའི་ཤེས་ཡོན་ཅན་ཡིན་ཟེར་མཁན་ཞིག་གིས་ངེས་པར་དུ་ཁུར་དགོས་པའི་འོས་འགན་ཞིག་མ་རེད་དམ།
    བོད་ཡོད་ན་བོད་མི་རིགས་ཡོད་ལ་བོད་མི་རིགས་ཡོད་ན་བོད་ཀྱི་ནང་ཆོས་གནས་སའི་ས་གཞི་ཡོད་པས།
    བོད་རྒྱལ་ལོ

  12. ཀརྡོ་གཉེར་ཕྱག་པ་ says:
    2012-11-30 at 12:50 am

    གྲྭ་ཚང་སོས་སོའི་ཡིག་ཆའི་དོན་མ་ཤེས་བར་དུ་དེའི་དོན་ཉག་གཅིག་ལ་ཤེས་པ་ལ་འབད་དགོས་ཀྱང་། རང་གི་ཆིག་ཆའི་དོན་ཤེས་ནས། རྗེ་ཡབ་སྲས་གསུམ་དང་། བསྟན་འགྱུར་དང་བཀའ་འགྱུར་དང་འགལ་ན་ཡང་དེ་ཉིད་རང་གི་ཨ་མའི་ཕོར་པི་གཚང་ཞེན་བྱེད་མི་རིགས་ལགས།
    ནང་ཆོས་གཞུང་ནས་གསུངས་པའི་གནས་ལུགས་སམ། ངོ་བོ་ཉིད་སྟོང་པ་ཡིན་པ་ཤེས་པས་ཆགས་པ་དང་ཞེ་སྡང་ནི་འགོག་ཐུབ་ཐུབ་དང་མི་ཐུབ་མི་ཤེས་ཀྱང་། ཉོན་མོངས་མགོ་གནོན་མི་ཐུབ་པ་མི་སྲིད་པས། སློབ་གཉེར་བྱས་ཚད་ནང་སེམས་རྒྱུད་འདུལ་བ་ལ་ཕན་ཐོགས་དགོས་པ་དེ་གནད་ཀྱི་དགོས་དོན་དེ་མ་བརླགས་པར་བྱེད་དགོས་པས་སོ། །

  13. ཨ་རིག་དགེ་མཐོང་གིས། says:
    2012-11-30 at 1:31 am

    ང་ནི་དྲ་ལམ་ནས་ཁྱེད་ལ་རྒྱུས་ཡོད་ཀྱི་དྲ་གྲོགས་ཤིག་ཡིན་པའི་ཆ་ནས་ཞུས་ན། ཁྱེད་རང་གིས་ལོ་ངོ་འགའ་རེ་ལ་བསྟུད་མར་རྩོམ་ཡིག་གམ་སྙན་ངག་ཐན་ཐུན་བྲིས་པ་རེད། འོན་ཀྱང་རྗོད་བཤད་ཚིག་དང་དང་བརྗོད་བྱ་དོན་གང་ཐད་ནས་དེ་རིང་གི་འདིའི་ཡན་ཅིག་འབྲི་མ་མྱོང་ཐལ་ཟེར་ན་འདོད། ཧ་ཅང་བཟང་གི སྙན་ངག་ལས་ལྷུག་རྩོམ་ལ་ནུས་ཤུགས་ཆེ། སྤྱི་ཚོགས་སྐྱོན་བརྗོད་ཀྱི་རིགས་ལྷུག་རྩོམ་གྱི་རྣམ་པའི་སྒོ་ནས་སྤེལ། དུང་སེམས་ཀྱི་སྐོར་སྙན་ངག་གམ་ཚིགས་བཅད་རང་མོས་སོགས་ཀྱི་སྒོ་ནས་སྤེལ་དང་རེ་རེ་ལ་མ་འདྲ་བའི་ཁྱད་ཡོན་རེ་མཆིས།

    དེ་རིང་གི་ཁྱེད་ཀྱི་བརྗོད་བྱ་འདིའི་ཐད་དུ་ཁོ་བོས་སྔོན་འགའི་སྔོན་དུ་༼ ས་རྩོད་ཆུ་རྩོད་ལྟ་བུའི་འཇང་དགུན་ཆོས༽་ཞེས་པ་དྲ་ལམ་དང་དུས་དེབ་ཚགས་པར་སོགས་སུ་སྤེལ་ཡོད་པ་ཉིད་ཀྱིས་མཁྱེན་ངེས་རེད། དེ་བཞིན་ད་དུང་གླེང་དགོས་བསམ་ཡང་ལེ་ལོའི་དབང་དུ་གྱུར་བས་མ་འཇོན་ཐལ། ཉིད་ཀྱིས་ཀྱང་ད་དུང་ཁ་གསལ་གཏིང་ཟབ་ཅིག་འཁྱོང་མི་འདུག་པས་དཔྱད་པ་གནད་དུ་ཐིང་བ་ཞིག་བྱས་ཏེ་ཡང་བསྐྱར་སྤེལ་རོགས་ཞུ།

  14. རྒད་པོ། says:
    2012-11-30 at 12:58 pm

    དཔྱི་ས་དགེ་འདུན་ཡོན་ཏན་ལགས།

    ཁྱེད་ཐུགས་སེམས་ཐང་པོ་རང་ཨེ་ཡོད་བསམས། ཁྱེད་དགེ་ལུགས་ཀྱི་དགོན་པར་མ་ཞུགས་གོང་ལ་བསམ་བློ་ག་རེ་བཏང་པ་ཡིན་ནམ། བསམ་བློ་དེ་ཚོ་དགོན་པར་མ་འཛུལ་གོང་ནས་བཏང་དགོས། ཁྱེད་དགེ་ལུགས་ཀྱི་དགོན་པ་ཞིག་ལ་ཞུགས་ནས། དགེ་ལུགས་པའི་དཔེ་ཆ་མ་གཏོགས་ལྟ་མི་འཇུག་ཟེར་ན། ཁྱེད་རྩ་མ་ཐང་བའི་སྐད་ཆ་རེད།

    ཁྱེད་དགེ་ལུགས་པའི་དགོན་པ་ཞིག་ལ་ཞུགས་ནས། ཚན་རིག་ལྟ་རྩིས་ཡིན་ནམ། གནམ་དཔྱད་རིག་པ་སྦྱངས་བསམ་ནས་དགེ་ལུགས་དགོན་པར་ཞུགས་སམ། རྙིང་མ་དང་ས་སྐྱ། དེ་བཞིན་བོན་པོ་ཚང་མའི་བཤད་གྲྭ་གཅིག་མཚུངས་རེད། དགོན་པ་རང་གི་ཡིག་ཆ་མ་གཏོགས་ལྟ་བཅུག་གི་མ་རེད། འདི་འཛམ་བུ་གླིང་གི་འགྲོ་སྟངས་རེད། ཨེ་ཀྲ་ལི་ལ་ཡེ་ཤུའི་ཀ་རྡོ་ལེགས་ཀྱི་དགོན་པར། གྲུབ་མཐའ་གཞན་པའི་དཔེ་ཆ་བལྟས་ན། ལྕགས་ཀྱི་རྟ་ལ། ཁོག་ནང་ལ་མེ་བརྒྱབ་ནས། དེའི་སྟེང་དུ་སྒྲོགས་ནས་གསོད་ཀྱི་རེད།

    ཁྱེད་ངོ་མ་བློ་གཟུ་བོར་བསྡད་ནས། བཅོམ་ལྡན་འདས་ཀྱི་གསུངས་ལ་ཞིབ་འཇུག་བྱེད་འདོད་ན། ཨ་རིའི་སློབ་གྲྭ་ཆེན་པོ་དེ་དག་གི་ཆོས་ལུགས་ཞིབ་འཇུག་ཁང་ལ་འགྲོ་དགོས། དེ་ལ་མ་གཏོགས་ནང་པའི་ཤེས་བྱ་མཐའ་དག་འཐེན་འཁྱེར་མེད་པར་སྦྱངས་ས་མེད།

  15. ལྷ་སྲས་ཐ་ཆུང་། says:
    2012-12-01 at 1:29 am

    གནས་ལུགས་དེ་སེམས་ཅན་དང་ཚིག་ཕྲད་ཅིག་ཡིན་མིན་ལ་དོགས་པ་ཡོད་ན་ལམ་ལུགས་དེ་ཡང་སེམས་ཅན་ཅིག་གམ་ཚིག་ཕྲད་ཅིག་ཡིན་མིན་གྱི་དོགས་པའང་ང་ལ་འདུག

  16. རིགས་ཞེན་དཀར་པོ། says:
    2012-12-02 at 10:13 am

    རྒད་པོ་ཟེར་བའི་སྨྱོན་པ་དེས། ༼ཁྱེད་དགེ་ལུགས་པའི་དགོན་པ་ཞིག་ལ་ཞུགས་ནས། ཚན་རིག་ལྟ་རྩིས་ཡིན་ནམ། གནམ་དཔྱད་རིག་པ་སྦྱངས་བསམ་ནས་དགེ་ལུགས་དགོན་པར་ཞུགས་སམ། རྙིང་མ་དང་ས་སྐྱ། དེ་བཞིན་བོན་པོ་ཚང་མའི་བཤད་གྲྭ་གཅིག་མཚུངས་རེད། དགོན་པ་རང་གི་ཡིག་ཆ་མ་གཏོགས་ལྟ་བཅུག་གི་མ་རེད།༽ཟེར་དེ་ནི་དབང་པོ་སྐྱོན་ཅན་ཁོ་རང་གི་མཐོང་སྣང་ལས་ཆོས་རྒྱུད་ཐམས་ཅད་ཀྱིས་དེ་འདྲའི་ཆོས་སྤང་གི་ལས་བསག་གི་མེད་པ་ཆོས་གྲྭ་ཁག་ལ་སོང་དང་ད་གཟོད་ཤེས་པར་འགྱུར་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme