Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་དང་ཚེ་སྲོག

Posted on 2012-11-242012-11-24 By ཁ་བརྡ་ 2 Comments on མེ་དང་ཚེ་སྲོག

མདོ་འདུམ།

༡༽
དུས་ཀྱི་སྟངས་སྟབས་འདི་མཐོ་རྒྱག་མདའ་རྒྱག་གིས་མི་སེམས་མང་པོ་ཞིག་མེ་ཡིས་ཟིན་པ་བདེན་མོད་ཀྱང་། འཇིག་རྟེན་འགྱུར་བག་འདི་ཚམ་ཚོམ་མེད་པར་ཞི་བདེ་དང་རང་དབང་། འདྲ་མཉམ་དང་འཆམ་མཐུན་སོགས་ཀྱི་གྲུབ་གཟུགས་སུ་འཕོ་བར་ད་དུང་ནམ་ཚོད་ཤིན་ཏུ་རིང་ཨང་། ལར་ནས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བསམ་སྦྱོར་གྱི་བར་ན་མཐུད་ཀ་རྒྱག་མི་ཐུབ་པའི་བར་ཐག་ཅིག་དང་ཁ་གསབ་བྱེད་མི་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་འདུག་ཕྱིར། འཛམ་གླིང་མི་མང་གི་རེ་བའི་རྨི་ལམ་ཡང་རབ་རིབ་སབ་སིབ་ཀྱི་སྣང་བརྙན་ཞིག་གི་ངོ་བོ་ལས་བརྒལ་ཐབས་བྲལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་རང་མི་རིགས་ཀྱི་དབུ་འཕངས་དགུང་དུ་བཏེགས་མྱོང་ནའང་། དུས་ཀྱི་ཁུགས་སོ་རེ་ནས་གཏད་སོ་གང་ཡང་མེད་པའི་འགྲེ་ལྡོག་མང་པོ་བརྒྱབ་པ་ན་ལོ་རྒྱུས་ཀྱིས་བོད་མི་རིགས་འདི་རྗེས་སུ་བསྐྱུར་བྱུང་ལ་བརྗེད་མི་ཐུབ་པའི་རྩེད་མཚར་རབ་དང་རིམ་པ་བྱས་སོང་། ད་ལྟ། ལོ་རྒྱུས་ཀྱི་བསྡུས་གཟུགས་མང་པོ་ཞིག་གིས་ལོ་རྒྱུས་ཕྱིར་རྟོག་གི་ཡི་ག་མེད་པར་བཟོ་ངེས་ནའང་། ཆག་གྲུམ་ཤོར་བའི་ལོ་ཟླ་མང་པོ་ཞིག་དང་སྐྱིད་སྣང་བྲལ་བའི་ཉིན་མཚན་མང་པོ་ཞིག་གིས་ང་ཚོའི་སྙིང་ལ་ན་ཟུག་སྟེར་ཞིང་ང་ཚོའི་སེམས་ལ་ཚགས་ཤེད་སློང་། འདི་ནི་རང་སྲོག་མེ་ལ་བསྔོས་པའི་རྒྱུ་རྐྱེན་རྣལ་མ་དེ་རེད་ལ་གངས་རིའི་སྣོད་བཅུད་གཉིས་ཀྱི་ལེ་ལེགས་དང་བཅས་པ་འབར་དགོས་པའི་རྒྱུ་རྐྱེན་གསོན་པོ་དེ་ཡང་རེད།

༢༽
དུས་དེ་རིང་། གངས་ལྗོངས་ལྷ་ལམ་གྱི་མཐོངས་དབྱིངས་སུ་དུ་ཞགས་ནག་པོ་ཞིག་འཁྲིགས་ཏེ་འཇིག་རྟེན་དཀར་ངོགས་མུན་པར་བསྒྱུར་བ་འདིས་མི་ལོ་ལྔ་བཅུ་ལྷག་གི་དཀའ་སྡུག་གི་འཚོ་བ་འབར་གྱིན་ཡོད་པ་མཚོན་པ་དང་། དཀའ་སྡུག་འཚོ་བ་འདིས་མཐོ་དབུས་མཐོ་སྒང་གི་སྣང་ཚད་ཡོད་ཚད་ལ་ཁ་དོག་བསྒོས་པའི་ཞོར་ལ་རྣམ་ཤེས་ཁྲི་འབུམ་གྱི་རུས་རྐང་གཞིབ་མྱོང་བ་མ་ཡིན་ནམ། དཀའ་སྡུག་གི་འཚོ་བ་འདིས་གངས་རིའི་འཁྱག་གྲང་གི་ཀློང་ལ་མེ་རླབས་ཆེམ་ཆེམ་དུ་མཆེད་པར་བྱས་ཤིང་བཙག་བསེར་གྱི་བུ་ཡུག་མོད་ས་འདི་རུ་མེ་ལྕེ་དམར་པོ་ཞིག་གི་དྲོད་རླབས་སྦྱིན། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་སྡུག་བསྔལ་གྱིས་གདུང་བ་བདེན་པ་ཞིག་དང་མནར་གཅོད་ཀྱི་ན་ཟུག་བདེན་པ་ཞིག་གིས་བོད་ཡུལ་སྟོད་སྨད་བར་གསུམ་བསྡམས་ཏེ་འཕག་འཚག་རྒྱག་ཏུ་བཅུག་མེད་ནའང་། འབར་ཆོག་ཆོག་གི་མི་བུ་ག་ཚོད་ཀྱིས་ང་ཚོ་དང་གཏན་བྲལ་གྱི་གྱེས་ཕྱག་འཚལ་ཏེ་བཞུད་སོང་ངམ། འབར་ཆོག་ཆོག་གི་མི་བུ་འདི་ཚོའི་རྣམ་ཤེས་འཕོ་འཇུག་གི་གསང་བའི་གཡབ་མོ་ལ་མོས་གུས་ཀྱི་སྙིམ་པའི་མེ་ཏོག་ཅིག་ཀྱང་འདེགས་མི་ཐུབ་པ་འདི་ཅི་ཞིག་རེད་ལགས། བོད་པའི་སྙིང་ཁྲག་གི་བཞུར་རྒྱུན་མེ་དང་མཉམ་དུ་གྲུབ་སྟེ་མེ་དང་ལྷན་དུ་རྒྱས་འགོ་བརྩམས་ནའང། མེ་དང་འགྲོགས་ཏེ་ཆད་དགོས་པའི་ལུང་བསྟན་གང་དུ་ཡོད། དེ་བཞིན་དུ་བོད་པའི་ཟུངས་ཁྲག་གི་རྒྱུ་བ་མེ་དང་འགྲོགས་ཏེ་རྒྱུ་དགོས་པ་དང་བོད་པའི་སྙིང་ཁྲག་གི་བཞུར་རྒྱུན་མེ་དང་མཉམ་དུ་བཞུར་དགོས་ཨང།

༣༽
དུས་དེང་སང། ཨ་རི་གཙོས་པའི་སྟོབས་ལྡན་གྱི་རྒྱལ་ཁབ་དག་གིས་རང་རང་གི་སྟོབས་འབྱོར་མངའ་ཐང་ལ་བསྟེན་ནས་འབངས་མི་སེར་རྣམས་རྫོགས་ལྡན་གྱི་དུས་སྐབས་སུ་འཁྲིད་བཞིན་ངོ་མཚར་གྱི་གསང་བ་ལྐོག་གྱུར་རེ་ལ་ལྟོས་འཇོག་གི་འགྲེལ་བཤད་མང་པོ་རྒྱག་གི་ཡོད་ནའང། ས་སྒང་རིལ་མོ་འདིའི་རྒྱ་ཕིབས་དང་འདྲ་བའི་མདོ་དབུས་མཐོ་ལྗོངས་སུ་རང་དབང་དང་བདེ་སྐྱིད། ཞི་བདེ་དང་འདྲ་མཉམ་སོགས་མང་པོ་ཞིག་གི་གཟི་དཔལ་དེ་བསུ་བའི་ཆེད་རང་གི་གཅེས་པའི་སྲོག་གིས་འགྲོ་གྲོན་གཏོང་གིན་མཆིས། དེ་ལྟར་ན། རང་ཅག་གིས་ནམ་ཡིན་ཡང་ཡིད་ལ་སྒོམ་སྟེ་སེམས་ཀྱིས་འཆག་དགོས་པ་ནི་དགྲ་ཡོང་ན་མདུང་མོ་མཉམ་འཛིན་དང་མགྲོན་ཡོང་ན་སྡེར་ཁ་མཉམ་སྒྲིག་བྱེད་པའི་ཆོད་སེམས་བརྟན་པོ་ཞིག་ཡོད་དགོས་པ་ལས་ཕྱོགས་ཞེན་འཐེན་འཁྱེར་གྱི་བློ་ཁ་མང་པོ་འགྲུབ་མི་རུང་བ་དེ་རེད། རེད་དེ། ང་ཚོའི་སེམས་ངོགས་སུ་བླུན་དད་ཀྱི་ཁ་རླངས་འཐུལ་ཡོད་ལ་ང་ཚོའི་སྙིང་ཁམས་སུ་དུག་ཆུའི་རྫིང་བུ་འཁྱིལ་ཡོད། འཛམ་གླིང་ལོ་རྒྱུས་ནང་བྱུང་མྱོང་བ་ནི་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱེད་སྟངས་ཤིག་དང་རང་ལུས་མེར་སྲེག་གིས་བདེན་པ་བརྡར་སྟངས་ཤིག་རེད་དེ། དེ་ཙམ་གྱི་མིའི་རིགས་ཀྱི་ཞེ་འདོད་བསྐང་མ་ནུས་ཤིང་དེ་ཙམ་་གྱིས་མིའི་རིགས་ཀྱི་ཡིད་སེམས་ཚིམ་མ་ནུས་པས། གངས་རིའི་ཞིང་ཁམས་སུ་དུས་མཐའི་འཐོར་རླུང་གིས་བདས་འདྲའི་མེ་དཔུང་འཕྱུར་འགོ་བརྩམས་ཤིང་དུས་མཐའི་དྲག་རླུང་གིས་དེད་འདྲའི་མེ་ལྕེ་མཆེད་འགོ་བཙུགས།

༤༽
རྒྱ་ནག་སྐམ་ས་ཆེན་པོའི་ས་གཞིའི་ཕང་བ་རུ་དམར་པོའི་གཞུང་ལུགས་ཤིག་གིས་མི་སེམས་གཙབས་ཧྲལ་དུ་བཏང་སྟེ་ཅོལ་ཆུང་གི་རྟུལ་ཞུགས་ལྷུར་ལེན་བྱེད་ཀྱིན་ཡོད་ནའང། རྒྱལ་སྤྱིའི་སྤྱི་ཚོགས་ནི་གང་དེའི་དཔལ་འབྱོར་འཁོར་རྒྱུག་གི་བྲན་ཏུ་གྱུར་སྟེ་རང་གི་ཁེ་ཕན་གྱི་ཞར་ནས་གང་ལ་ཡང་ཅི་མི་སྙམ་པའི་ཚུགས་ཀ་སྟོན་པ་ཆོས་ཉིད་ཅིག་ཏུ་གྲུབ་མི་འདུག་གམ། ཏག་ཏག་སྐབས་འདི་ཤེད་ཅིག་ཏུ་རང་ཅག་གི་དཔའ་བོའི་དྭངས་རྩེ་གྱུར་བ་ལྔ་བཅུ་ང་གྲངས་ཤིག་གི་སྡུག་གི་མཆི་མ་ཁོག་ཏུ་མིད་ཅིང་སྐྱོ་བའི་ངུ་འབོད་ཁ་ནས་ཐོན་ཞོར་མེ་རུ་འབར་བྱུང་། དཔའ་བོ་དཔའ་མོ་འདི་དག་ང་ཚོ་དང་གྱེས་བྲལ་བྱ་དུས་དཔར་ཆས་ཁྲི་ཕྲག་དང་བརྙན་ཆས་ཁྲི་ཕྲག་གི་ཕེབས་སྐྱེལ་ཞུ་མཁན་མེད་ཀྱང་བོད་མི་ས་ཡ་དྲུག་གི་སེམས་ཀྱི་སྨོན་འདུན་ཁྱེད་ཅག་ལ་བཏབ་ཡོད། བོད་མི་ས་ཡ་དྲུག་གི་སེམས་ཀྱིས་འདས་མཆོད་ཁྱེད་ཅག་ལ་སྒྲུབ་ཡོད། དེ་བས་ཀྱང་། ཁྱེད་ཅག་མེ་རུ་འབར་དུས་ཁ་ན་ན་ཟུག་དང་སྨྲེ་སྔག་གི་འོ་དོད་མེད་ལ་ཁོག་ན་འགྱོད་སེམས་དང་གནོངས་འགྱོད་ཀྱི་འཁྲེང་ཞེན་མེད།

༥༽
གཅེས་པའི་ཕ་ཡུལ་དང་། བརྩེ་བའི་ཕ་མ། དུངས་བའི་གཉེན་ཉེ་དུ་སོགས་ཀྱི་སྐྱིད་སྡུག་ཐམས་ཅད་ཁྱེད་ཚོ་ཁོ་ནའི་ཕྲག་སྟེང་དུ་བབས་པ་ཞིག་ག་ལ་ཡིན། བརྗིད་པའི་གངས་རི་དང། ཡངས་པའི་རྩྭ་ཐང་། དྭངས་པའི་མཚོ་མོ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཡང་ཁྱེད་ཚོ་ཁོ་ནའི་བགྱི་བ་དང་དུ་ལེན་དགོས་པ་ཞིག་ཡིན་མི་སྲིད་ནའང་། བོད་པ་ཡོད་དོ་ཅོག་གི་ལས་དབང་གི་དཀར་ཆ་གསལ་དུ་གཏོང་ཕྱིར་དང་། བོད་པ་ཡོད་དོ་ཅོག་གི་རེ་འདུན་གྱི་རི་མོ་མངོན་པར་བྱ་ཆེད་ཁྱེད་ཅག་འབར་དགོས་པ་དེས་ཅི་ཞིག་མཚོན་ནམ། ཁྱེད་ཅག་འབར་བ་དེས་སྙིང་སྟོབས་འཆང་བའི་མི་བུ་ཡོད་ཚད་ཀྱི་གཉའ་བ་བཅགས་སྟེ་སེམས་པ་བསད་པའི་མི་ཚད་གདོང་དམར་བའི་སྙིང་སྟོབས་ཀྱི་གོ་ཐང་འཇིག་རྟེན་ཁམས་ལ་ངོམ་པར་བྱས་སོང་། འདི་ལྟར། འདས་ཟིན་པ་དག་ཇི་མ་ཇི་བཞིན་བསྐྱར་སློག་རྒྱག་མི་སྲིད་པ་དང་། བྱུང་ཟིན་པ་དག་ཀྱང་འདས་ཟིན་པ་དང་འཕྲོད་སྦྱོར་དཀའ་བས་ན་ཁྱེད་ཅག་གིས་གངས་རིའི་རིང་ལུགས་ཀྱི་སྙིང་སྟོབས་གསར་བའི་དར་ཆ་མཐོན་པོར་བསྒྲེངས་པ་ནི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ལེའུ་གསར་བ་ཞིག་རེད། ལོ་ཟླ་འདི་དག་གི་ནང་ང་ཚོའི་འཐབ་རྩོད་ཀྱི་ཟིན་ཐོ་མེ་ཡིས་བྲིས་ཏེ་མེ་རུ་འབར་བ་དེས། ང་ཚོའི་མི་རིགས་འདི་མེ་དང་མཉམ་དུ་འབར་དགོས་པ་དང་མེ་སྟག་བཞིན་དུ་མཆོངས་དགོས་པ། མེ་ལྕེ་བཞིན་དུ་མཆེད་དགོས་པའི་གསལ་འདེབས་བྱེད་ཀྱིན་ཨེ་ཡོད།

༦༽
ཁྱེད་ཅག་མེ་དང་བསྡོངས་ཏེ་འཇིག་རྟེན་འདིར་སླེབས་པ་མིན་རུང་མེ་དང་འགྲོགས་ཏེ་འཇིག་རྟེན་འདི་ནས་འགྲོ་དགོས་པ་དེས། མི་ལོ་ལྔ་བཅུ་ལྷག་གི་དཀའ་སྡུག་གི་འཚོ་བ་སྲེག་འདོད་པ་ཡིན་ནམ། མི་ལོ་ལྔ་བཅུ་ལྷག་གི་མནར་གཅོད་ཀྱི་འཇིགས་སྣང་སྲེག་འདོད་པ་ཡིན་ནམ། ཁྱེད་ཅག་ཀྱང་། ཁུ་ཁྲག་སེམས་གསུམ་གྱིས་བསྐྱེད་ཅིང་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་ཕུང་པོ་རྣལ་མའི་དན་རྟགས་ལགས་ན། རང་ཉིད་རང་གིས་མེ་ལ་སྒྲོན་པའི་སྙིང་སྟོབས་དེ་སུ་ཡིས་སྦྱིན། ཁྱེད་ཅག་གི་སྙིང་སྟོབས་དེ་བཟོད་གླགས་བྲལ་བའི་ན་ཟུག་ལས་བྱུང་ངམ། རང་དབང་མེད་པའི་འཚོ་བ་ལས་བྱུང། རང་སྲོག་མེ་ལ་སྒྲོན་ཏེ་སུ་ཞིག་ལ་འདྲོགས་སློང་གི་ཡོད། སུ་ཞིག་གི་སྙིང་སྟོབས་ལ་འགྲན་སློང་གི་ཡོད། ཀྱེ་རྟུལ་ཕོད་པ། ཁྱེད་ཅག་འཇིག་རྟེན་འདིར་སླེབས་དུས་འཇིག་རྟེན་འདི་མུན་ནག་གི་ཞིང་ཁམས་དང་ཁྱེད་ཅག་འཇིག་རྟེན་འདི་དང་བྲལ་དུས་ཀྱང་འཇིག་རྟེན་འདི་སྔར་བཞིན་མུན་ནག་གི་ཞིང་ཁམས་རེད། ད་དུང། ཁྱེད་ཅག་གི་རྣམ་ཤེས་འཇིག་རྟེན་འདིར་ཕྱིར་འཕོ་དུས་ཀྱང་འཇིག་རྟེན་འདི་ད་དུང་མུན་ནག་གི་འཇིག་རྟེན་ཡིན་ངེས་སམ།

༧༽
མདོ་དབུས་མཐོ་སྒང་གི་ག་ཤེད་ཀྱི་ལུང་ཁུག་ཅིག་ན་རང་དབང་བདེ་སྐྱིད་ཀྱི་ཆེད་དུ་རང་སྲོག་བསྟིམས་མཁན་ཇི་འདྲའི་མང་ཨང་། ལོ་ཟླ་ནི་རེས་མོས་ཀྱིས་བརྗེ་གང་ཐུབ་བྱེད་པ་དང་དུས་ཚོད་ནི་མགོ་མཇུག་ལྡོག་སྟེ་སྐྱོད་གང་ཐུབ་བྱེད་པ་ཇི་བཞིན། ཁྱེད་ཚོའི་ཟུངས་ཁྲག་གི་འཁོར་ཤུགས་ཀྱང་གངས་རིའི་རི་སུལ་ཀུན་ཏུ་རྒྱུ་ཞིང་འཕྱོ། ཁྱེད་ཅག་གིས་མཛད་སྤྱོད་དེས། ང་ཚོའི་མི་རིགས་འདི་འཇིག་རྟེན་པའི་ཧབ་ཆ་དང་འཕྱ་དམོད་ཀྱི་ཧྲག་བར་ནས་འདུག་མི་དགོས་པའི་གསལ་འདེབས་བྱས་སོང་། ང་ཚོའི་མི་རིགས་འདིའི་མདུན་སྐྱོད་ཀྱི་གོམ་ཁ་སྔར་ལས་ཡངས་པའི་གསལ་བརྡ་སྟོན་གྱིན་མཆིས། ལོ་རྒྱུས་ནི་འདི་ལྟར་རེས་འཇགས་རེས་ལངས་ཀྱིས་དུས་ཀྱི་གཡོ་བའི་ཁྲོད་ནས་འཇམ་ཅག་གེར་བུད་འགྲོ་བ་དང་ལོ་རྒྱུས་ནི་རྒྱལ་ཁ་ཐོབ་མཁན་དག་གི་གཏམ་རྒྱུད་ཡིན་ངེས་ན། འུ་ཅག་གི་གཏམ་རྒྱུད་མགོ་བརྩམས་མ་ཐག་རེད། གཏམ་རྒྱུད་ཀྱི་མཚར་སྡུག་གཞུག་ན་ཡོད་ཅེས་པ་འདི་ཇི་འདྲའི་བདེན་ཅོག་ཅོག་ཅིག་རེད་ཨང།

༨༽
རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་ལ་འགག་པ་མེད་པ་དེས་ཁྱེད་ཀྱི་སྙིང་སྟོབས་མཚོན་ནམ། ཧི་མ་ལ་ཡའི་གངས་འཁྱག་ལ་འགྱུར་བ་མེད་པ་དེས་ཁྱེད་ཀྱི་སྤོབས་པ་མཚོན་ནམ། གངས་ཀྱི་རྭ་བ་འདི་ཉི་མར་བར་ཐག་ཉེ་བ་དེས་ཁྱེད་རང་ག་དུས་ཡིན་ཡང་འབར་ཆོག་ཆོག་ཅིག་ཡིན་ནམ། གནས་སྟངས་སྐྱོ་བའི་མི་རིགས་ཤིག་གིས་ཁྱེད་ལ་སྐུལ་ལྕག་གནང་ངམ། ཕ་ས་ཕ་ཡུལ་དུ་རང་རིགས་ཉམས་དམའ་བ་དེས་ཁྱེད་ཀྱི་ཡིད་སེམས་མནར་མྱོང་ངམ། རང་ས་རང་ཡུལ་དུ་བོད་སྐད་བོད་ཡིག་གི་མཛད་འཕྲིན་མ་རྒྱས་པ་དེས་ཁྱེད་ལ་ན་ཟུག་སྤྲད་མྱོང་ངམ། ཕྱིར་མི་ལྡོག་པའི་ལམ་དེ་སུ་ཡིས་བསྟན། བདེན་དོན་གྱི་ཕྱིར་དང་རང་དབང་གི་ཆེད་དུ་ཁྱེད་ཅག་ནི་གཡུལ་སའི་དམག་དཔུང་གི་སྔ་དཔུང་དང་སྔ་དཔུང་དེའི་གདོང་མཆོངས་ངར་མ་བོ་དག་ཀྱང་ཁྱེད་ཅག་རེད་འདུག མི་རིགས་འདིའི་དངོས་ཡོད་འཚོ་བ་ལ་སྒུལ་ཤུགས་སྩོལ་མཁན་ཁྱེད་ཅག་ལས་ལྷག་པ་ཞིག་སུ་ཡོད། ཁྱེད་ཅག་གི་མཛད་སྤྱོད་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་རིང་ལུགས་པ་ཚོར་རིན་ཐང་ཡོད་ཚད་ལ་བསྐྱར་དུ་གདེངས་འཇོག་བྱེད་པའི་བློ་གྲོས་བསྟབས་ཅིང་ཁྱེད་ཅག་བཞུད་སྟངས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐབས་འཚོལ་རིང་ལུགས་པ་ཚོར་མངོན་ལྐོག་བྱ་དངོས་ཀྱི་འཕེལ་འགྲིབ་མི་རྟག་པའི་གནས་ལུགས་བསྟན་སོང་།

༩༽
ཁྱེད་ཅག་ནི་ལྕགས་ཀྱི་མི་བུ་མིན་རུང་། སྤྲུལ་པའི་བདག་པོ་མིན་རུང་། མེ་དང་འགྲན་ཕོད་པ་དང་མེ་དང་འགྲོགས་ཐུབ་པ་དེས་གངས་ཅན་པའི་སྙིང་སྟོབས་རྩ་ནས་སློང་ཞིང་གངས་ཅན་པའི་སྤོབས་པ་རྨང་ནས་འགུགས། ལོ་ངོ་མང་པོར་བག་ལ་ཞ་བའི་སྙིང་སྟོབས་དེ་ཐོག་མ་ནས་མེ་དང་མཉམ་དུ་རྒྱས་འགོ་བརྩམས་པ་དང་མེ་དང་མཉམ་དུ་བཞུ་བར་བྱས་ནའང་། སྟོང་ལོ་གསར་བའི་དུས་ཀྱི་ཡོ་ལང་གི་ཕང་བ་ནས་མེ་དང་ལྷན་དུ་སླར་ཡང་གསོན་ཤུགས་ཀྱིས་རྒྱས་པ་ནི་ཇི་འདྲའི་གཟི་བརྗིད་ཅིག་རེད་འང་། སྤྱིར་ཡིན་ན། ང་ཚོའི་ལྷན་སྐྱེས་ཀྱི་འདུ་ཤེས་སུ་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་ས་བོན་ཡོད་ནའང་། ད་ལྟའི་དུས་སུ། རང་ཅག་གི་རེ་འདོད་སྙིང་དུ་བརྣག་པའི། རང་ཅག་གི་སྐྱིད་སྡུག་སེམས་སུ་སྒོམ་པའི། རང་ཅག་གི་མདུན་ལམ་མིག་གིས་འཚོ་བའི་མི་བུ་ག་ཚོད་ཀྱི་སྙིང་སྟོབས་རྒྱས་འགོ་བཙུགས་ཡོད་པ་རེད་ཨང་།

༡༠༽
འཇིག་རྟེན་སྤྱི་སྙོམས་ཀྱི་བསམ་པའི་གཤིན་ས་མཉེན་པོའི་ངོས་སུ་ཞི་བདེ་དང་རང་དབང་གི་བྱིན་རླབས་སྔ་མོ་ནས་འགོས་ཏེ་སྤྱི་ཚོགས་འཚོ་བའི་སྒོ་མོ་མཐའ་དག་ལ་དཔུང་འཇུག་བྱེད་བཞིན་པའི་དུས་འདིར། དུས་རབས་ཀྱི་འགྱུར་པའི་ཁྲོད་ན་གཡོ་ཞིང་འཁྱོམ་པའི་རླབས་རྩེའི་མེ་ཏོག་དང་དུས་རབས་ཀྱི་ཕང་བར་ལྷུང་བའི་རིགས་ཞེན་གྱི་འབོད་པ་ཁོ་ན་འུ་ཚོའི་སེམས་རྟེན་ཡིན་ངེས། དེ་བས་ན། ང་ཚོས་ཤེས་དགོས་པ་དང་དམ་དུ་བཅའ་དགོས་པ་མཛེས་སྡུག་གི་འཇིག་རྟེན་གསར་བ་ཞིག་སྙེགས་རྒྱུ་དང་། ང་ཚོས་མཐོང་དགོས་པ་དང་དམ་དུ་བཅའ་དགོས་པ་སྐྱིད་སྣང་གི་འཚོ་བ་གསར་བ་ཞིག་འཚོལ་རྒྱུ་དེ་རེད། སེམས་དང་སེམས་བྱུང་གིས་སྐྱེད་ནུས་པའི་རྟོག་བཟོའི་འཇིག་རྟེན་གསར་བ་ཞིག་སྙེགས་རྒྱུའི་དམ་བཅའ་འཇོག་མི་ཉན་པའི་ཁར་རང་སེམས་ཚོར་རྟོག་གི་འཆར་ཡན་ཡང་མི་དམིགས་སྟོང་པའི་དབྱིངས་སུ་རྒྱས་འདེབས་དགོས་པ་ལས་རྟག་བརྟན་འགྱུར་མེད་ཀྱི་དམ་བཅའི་ཚིག་ཅིག་ཡིན་པར་ག་ལ་རློམ་ཉན།

རྩོམ་རིག

Post navigation

Previous Post: དྲན་གདུང་གིས་མནར་བའི་མཚན་མོ་འདི་མིག་ཆུ་མང་བའི་བསམ་གཞིགས་ཤིག་ཡིན་ནམ།
Next Post: རང་ལུས་མེར་སྲེག་མཚམས་འཇོག་དགོས་སམ་མི་དགོས།

Comments (2) on “མེ་དང་ཚེ་སྲོག”

  1. གངས་རིའི་ཉི་མ། says:
    2012-11-24 at 8:09 pm

    ཚེ་སྲོག་གིས་གཏུགས་བཤེར་བྱེད་ཀྱིན་པའི་དུས་རབས་འདིར་མཚོན་ན་རྩོམ་ཡིག་འདིས་ཅིས་མེ་ལྕེ་རེ་རེའི་འགུལ་ཤུགས་ཡིད་དུ་ཟུག་འདུག་བསམས།

  2. ཉི་མ་ལྷ་ས། says:
    2012-11-24 at 9:01 pm

    རྦ་རླབས་ཀྱི་རླབས་རྒྱུན་ཇི་བཞིན་ལོ་རྒྱུས་ཀྱི་འཐབ་རྩོད་ཁྲོད་འགྱུར་ལྡོག་ཆེ་བའི་དུས་འདིར་བསམ་ན། རྩོམ་ཡིག་འདིས་ཅིས་ཀྱང་བཞུད་ཟིན་པའི་དཔའ་བོ་དཔའ་མོ་ཚོ་མཚོན་འདུག་སྙམ། དཔེ་མེད་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme