Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་སྲོག་འབར་སྟངས་ཀྱི་མཐའ་སྣེ་འཚོལ་བ།

Posted on 2012-11-132012-11-13 By ཁ་བརྡ་ 16 Comments on ཚེ་སྲོག་འབར་སྟངས་ཀྱི་མཐའ་སྣེ་འཚོལ་བ།

སྲོང་བཙན་བུ།

གཅིག ཕངས་མེད་དུ་འབར་སྟངས།

བྱིས་པ་བསམ་མེད་ཅིག་གི་ཁ་ནང་ནས་ཨ་མའི་ནུ་མ་འབར་སོང་། ཕོ་སྐྱེས་དར་མ་ཞིག་གི་མིག་ལམ་ནས་གཏན་གྲོགས་མའི་ལང་ཚོ་འབར་སོང་། ཨ་མྱེས་རྒས་འཁོགས་དེའི་ལག་པས་འཁེན་ས་འབར་སོང་། གསེར་ཁྲིའི་སྟེང་གི་བླ་མ་གསེར་ཞྭ་ཅན་དེ་གསུང་ཆོས་འཕྲོ་ཅན་དུ་བཞག་ནས་འབར་སོང་། གསེར་ཏོག་འོད་སྣང་འཁྱིལ་བའི་དགོན་འདབས་དེ་ནས་གྲྭ་གཞོན་ལོ་ཆུང་དེ་འབར་སོང་། དམར་པོའི་དར་དམར་གཡོ་བའི་སློབ་རའི་སློབ་མ་དེ་འབར་སོང་། སྨྱུག་ཐོགས་ཡི་གེ་བ་དེ་རྩོམ་པ་འཕྲོ་ཅན་དུ་བཞག་ནས་འབར་སོང་། སྒྲ་སྙན་འཁུར་བའི་གཞས་པ་དེ་སྙན་གཞས་འཕྲོ་ཅན་དུ་བཞག་ནས་འབར་སོང་། ཕ་མ་ཞིག་གི་སེམས་ཀྱི་ཕྱེད་ཀ་དེ་འབར་སོང་། མ་འབྱར་བྱིས་པ་ཞིག་གི་ཕ་མ་འབར་སོང་།
ཁྲོམ་གཞུང་ནས་འབར་སོང་། དགོན་འདབས་ནས་འབར་སོང་། གྲོང་སྡེ་ནས་འབར་སོང་། སྲིད་གཞུང་གི་སྒོ་ཁ་ནས་འབར་སོང་། གཅིག་རེ་བྱས་ནས་འབར་སོང་། གཉིས་རེ་བྱས་ནས་འབར་སོང་། གསུམ་རེ་བྱས་ནས་འབར་སོང་། ལོ་གཅིག་ནང་གཅིག་འབར་བ་བྱུང་སོང་། ཟླ་རེར་དུ་མ་རེ་འབར་བ་བྱུང་སོང་། ཉི་མ་རེར་ལྔ་རེ་འབར་བ་བྱུང་སོང་། རྒན་གཞོན་བདུན་ཅུ་ཐམ་པ་འབར་སོང་།
འབར་སྟངས་གཅིག འབོད་སྒྲ་གཅིག འདི་ཚང་མ་གཉེན་ཉེ་མ་རེད། འདི་ཚང་མ་ཁོར་ཡུག་གཅིག་གི་མི་མ་རེད། འདི་ཚོའི་ལས་རིགས་མི་གཅིག་ཁ་ཁ། འཚོ་གནས་མི་གཅིག་སོ་སོ་རེད། ཐུན་མོང་གི་སེམས་ཁམས་འདི། ཐུན་མོང་གི་གཟིགས་སྟངས་འདི། ཐུན་མོང་གི་བསྐྱོད་སྟངས་འདི། སུ་གང་གིས་ད་སྔ་ཕན་ལ་ཚོད་དཔག་ཙམ་གྱི་ཡུལ་དུའང་འཁོར་མ་མྱོང་བའི་བསྐྱོད་སྟངས་ཤིག་ཆགས་ཡོད།
ཆོད་སེམས་འདི་འདྲ་འཁྲུངས་རྒྱུ་ལས་སླ་པོ་ཞིག་མིན་ལ། བློས་གཏོང་འདི་འདྲ་བྱེད་པ་རང་བཞིན་པའི་མིས་ནུས་པ་ཞིག་དེ་བས་མིན། འདི་དག་གིས། རང་ལས་གཞན། ཉུང་བ་ལས་མང་བ། ཁྱིམ་ཚང་གཅིག་གི་བདེ་སྡུག་ལས་མི་རིགས་ཤིག་གི་བདེ་སྡུག་གལ་ཆེ་བར་ལྟ་སྟངས་ཤིག་སེམས་ནས་འཕྱུར་སྟངས་ཀྱི་ངོས་འདི་ན། ད་གཟོད་རྒྱལ་གཅེས་པ་ཞེས་པའི་ཐ་སྙད་འདི་འོད་ཀྱིས་འཚེར་བཞིན་ཡོད། འདི་ཚོ་ཁྱོད་དང་ང་། ཁོང་བཅས་ཀྱི་བདེ་སྐྱིད་ཆེད་འབར་བ་རེད།
བུ་ཆུང་ཞིག་སྔུན་ནས་བཞག་སྟེ་ཕྱིན་སོང་། ཕ་མ་ཞིག་རྒྱབ་ཏུ་བཞག་ནས་ཕྱིན་སོང་། ཚེ་གྲོགས་ཤིག་འཁྲིས་ནས་བཞག་སྟེ་ཕྱིན་སོང་། མ་ངུ་ལབ་ནས་ཕྱིན་སོང་། མ་སྡུག་ལབ་ནས་ཕྱིན་སོང་། མ་སྐྱོ་ལབ་ནས་ཕྱིན་སོང་། བདེན་པའི་མགོ་འཕང་གནམ་དུ་བཏེགས་ནས་ཕྱིན་སོང་། མཚམས་མ་ཆད་པར་བཞུར་སོང་།

གཉིས། མེ་དཔུང་འདི་འབར་དོན།

ཕྱི་ལོ་ ༢༠༠༩ ལོ་ནས་དུས་དེ་རིང་གི་བར་དུ། རྒྱ་ནག་གཞུང་གིས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་འུད་སྒྲོག་བྱེད་མུས་ཀྱི་གནམ་འོག་ན་གནས་པའི་བོད་མི་བདུན་ཅུ་དོན་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སོང་། བོད་མི་བདུན་ཅུ་དོན་གཉིས་འདི། དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་བ་རྐྱང་ཡིན། མི་རབས་ཀྱི་ཆ་ནས་བྱས་ན། མི་རབས་གསར་པ་ཆགས་ཡོད། ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་དང་། གོམ་པའི་སྤོ་ཕྱོགས་གཅིག་མཚུངས་ངང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་། རང་ཉིད་ཀྱི་ལུས་སྲོག་གཉིས་ཀ་གདན་དུ་བཏིངས་ནས་བོད་མིའི་མཐར་ཐུག་གི་དམིགས་ཡུལ་མངོན་སྟོན་བྱས་པ་ཞིག་ཆགས་ཡོད།
དེ་ཡང་ཆུང་བ་རང་ལོ་བཅོ་ལྔ་ནས་ཆེ་བ་དྲུག་ཅུ་རྩ་བཞི་བར་གྱི་བོད་མི་བདུན་ཅུ་དོན་གཉིས་འདི་ནི། བླ་མ་དང་གྲྭ་པ། འབྲོག་ལས་པ་དང་ཞིང་ལས་པ། སློབ་མ་དང་རྩོམ་པ་པོ་སོགས་ལས་གྲུབ་པའི་དཔུང་ཁག་ཅིག་ཆགས་ཡོད། “བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས།” འདི་ནི་ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་གིས་བསྒྲགས། བོད་མི་རེ་རེའི་སེམས་པའི་ངོས་སུ་སུབ་མེད་ཀྱི་རི་མོར་བྲིས། འདིས་ནི། རྒྱལ་སྤྱིའི་དྲང་བདེན་གྱི་མིག་དང་རྣ་བ་ཡོད་ཚད་སྒུལ་བ་ཞིག་བྱུང་ཡོད། འདི་ཡང་བོད་ཀྱི་ལོ་རྒྱུས་ནང་སྔ་ན་མ་གྲགས་པའི་ལེའུ་ཞིག་ཆགས་ཡོད
རྒྱ་ནག་གཞུང་གིས་བོད་འདི་རྩ་མེད་བཟོ་དགོས་ན། ཆོས་རིག་གི་བསྟི་གནས་སུ་གྱུར་པའི་དགོན་སྡེ་ཁག་རྩ་གཏོར་དང་། བླ་གྲྭ་ཁག་འཛིན་གསོད། སྤྱི་ཚོགས་ལས་རིགས་ཁག་གི་གནད་ཡོད་མི་སྣ་རྩ་མེད་བཟོ་བའི་སྲིད་བྱུས་དེ། བཙན་འཛུལ་གྱི་གོམ་པ་དང་པོ་སྤོ་དུས་ནས་མགོ་འཛུགས་བྱས་ཡོད། སྤྲིན་གསེབ་ཀྱི་ཉི་མའི་འོད་སྣང་ཞིག་མཐོང་རྒྱུ་ཡོད་པར་གྱུར་པའི་དུས་རབས་སྔ་མའི་དུས་སྨད་ནས་བཟུང་། དགོན་པ་མཐོང་རྒྱུ་ཡོད་པ་དང་། བླ་གྲྭ་མཇལ་རྒྱུ་ཡོད་པ། སྤྱི་ཚོགས་ལས་རིགས་ཁག་ནས་གནད་ཡོད་མི་སྣ་མཐོང་རྒྱུ་བྱུང་བ་རེད། དེ་དང་མཉམ་དུ་མིང་འདྲ་མིན་བཏགས་ནས་ཆོས་སྒོ་རྒྱག་པ་དང་། ལྷ་སྐུ་དང་མཆོད་རྟེན་བཤིག་གཏོར་བྱེད་པ། བླ་མ་གྲྭ་པ་དང་མཁས་པ། ཐ་ན་གཞས་པ་ཚུན་ཆད་དགྲ་བོ་ཨང་དང་པོར་བཞག་སྟེ། འཛིན་བཟུང་དང་བཙོན་འཇུག འགྲོ་འདུག་དང་སྨྲ་བརྗོད་ཐད་དམ་བསྒྲགས་ཀྱང་མཉམ་སྤེལ་བྱས་ཡོད་པ་རེད། ལྟ་སྟངས་འདིའི་ངོས་ནས་བལྟས་པ་ཡིན་ན། བོད་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་སྡོད་རང་དབང་ཟེར་བ་ཞིག་གཏན་ནས་མེད།
ཕྱི་ལོ་ ༡༩༧༩ ལོའི་ཚུན་ལ་བྱས་རྗེས་རླབས་ཆེན་འཇོག་མྱོང་མཁན་གྱི་མཁས་པ་ཕལ་ཆེ་བའང་གནས་སྟངས་འདྲ་མིན་གྱི་འོག་ནས་རྐྱེན་འདས་དང་བཙོན་འཇུག་བྱས་པའི་གནས་སྟངས་བྱུང་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། རྗེ་གུང་ཐང་བསྟན་པའི་དབང་ཕྱུག་མཆོག ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཅས་ནི་ཡོངས་ཁྱབ་ཀྱིས་གསལ་རྟོགས་ཡོད་པའི་དཔེ་མཚོན་ཙམ་རེད། ང་ཚོས་མ་ཤེས་པ་དང་ཡོངས་གྲགས་མ་ཆགས་པའི་རིགས་ག་ཚད་ཡོད་དམ། གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མིན།
བོད་མིའི་ཆིག་སྒྲིལ་གྱི་རྣམ་པ་ནི་ནམ་རྒྱུན་སེམས་ཁམས་ཤིག་གི་རྣམ་པར་ཡོད། ཕྱི་ལོ་ ༢༠༠༨ ལོར་སེམས་ཁམས་འདི་ཡོམ་ཡོམ་འགུལ་ནས། བོད་ཀྱི་གནམ་ས་གཉིས་ཀ་མཉམ་དུ་འགུལ་བ་ཞིག་བྱུང་། འགུལ་སྟངས་འདིས། རྒྱ་ནག་དམར་གཞུང་གི་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་ཚང་མའི་ནང་དོན་ནག་བསུབ་བཏང་སོང་ལ། ཁ་ན་ན་བར་བསྒྲགས་པའི་དེང་རབས་ཅན་གྱི་བོད་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད། བདེ་སྐྱིད་ལྡན་པའི་བོད་ཅེས་སུ་བསྒྲགས་པའི་ཡི་གེ་དང་གཏམ་བཤད་ཚང་མ་ཐལ་བར་བྱང་སོང་། བདེན་པ་འགུལ་སྟངས་འདིས། གནས་ལུགས་འགུལ་སྟངས་འདིས། བོད་ཁམས་ཡུག་གཅིག་ཏུ་བརྒྱུས་ཡོད། འདི་ནི། རྒྱ་ནག་གཞུང་གིས་མིག་གིས་མཐོང་མི་འདོད་པ་མཐར་ཐུག་དང་། རྣ་བས་གོ་མི་འདོད་པ་མཐར་ཐུག་དེ་རེད། ཡིན་ནའང་། མི་འདོད་བཞིན་དུ་བལྟ་དགོས་པ་དང། མི་འདོད་བཞིན་དུ་ཉན་དགོས་པ་ཞིག་བྱུང་ཡོད།
ས་བྱི་ཞི་རྒོལ་ཆེན་མོ། ལོ་རྒྱུས་ཀྱི་ཐ་སྙད་ཅིག་ཆགས་ཡོད། ས་བྱི་ཞི་རྒོལ་ཆེན་མོ། བསྐལ་བ་མ་སྟོང་བར་གྱི་བོད་མིའི་སེམས་པའི་རི་ལུང་ཞིག་ཆགས་ཡོད། ས་བྱི་ལོའི་འགུལ་སྟངས་འདི། སུ་གང་གིས་ཚོད་དཔག་བྱས་མ་མྱོང་བ་ཞིག་དང་།་སུ་གང་གིས་ནག་བསུབ་གཏོང་མི་ཐུབ་པ་ཞིག་ཆགས་ཡོད། བྱུང་རབས་ཀྱི་འོད་སྣང་ཞིག་འདི་ན་ཡོད། ས་བྱི་ཞི་རྒོལ་ཆེན་མོར་ངོས་འཛིན་ཡང་དག་དང་། ཐག་གཅོད་དོན་འབྲེལ་མ་བྱས་པ་དེའི་དབང་གིས། ད་ལྟའི་མེ་ལྕེ་འདི་འབར་བ་བྱུང་ཡོད། འདིའི་འགན་ཆ་ཚང་རྒྱ་ནག་གཞུང་ཁོ་ན་ལ་ཡོད་པ་ཞིག་ཡིན།

གསུམ། མུ་མཐུད་འབར་ངེས་པ།

“བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས།” རེ་འདུན་འདི་འདོན་ཡུལ་ནི་རྒྱ་ནག་གཞུང་ཆགས་ཡོད། རྒྱ་ནག་གཞུང་གི་བོད་མིའི་རེ་འདུན་ལ་བདག་སྤྲོད་མ་བྱས་པ་དེ་སྲིད་དུ་མེ་ལྕེ་འདི་མུ་མཐུད་འབར་ངེས་པ་ཞིག་ཆགས་ཡོད། འཐབ་རྩོད་དང་ཞི་ལྷིང་སྣེ་གཉིས་ཀ་རེ་འདུན་གྱི་སྣེ་འདི་ན་ཡོད།
མེ་ལྕེ་འདི་བོད་ལ་རང་དབང་གཙང་མ་ཞིག་མ་ཐོབ་པ་དེ་སྲིད་དུ་འབར་ངེས་པ་ཞིག་ཡིན། ཇི་སྲིད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བོད་པ་རང་གིས་ལོངས་སུ་སྤྱོད་པའི་དུས་དེ་སྲིད་དུ། ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་ལ་བོད་པ་རང་ཉིད་ཀྱིས་བདག་པོ་རྒྱག་པའི་བདག་དབང་མ་ཐོབ་པ་དེ་སྲིད་བར། ཇི་སྲིད་བོད་གཞིས་བྱེས་གཉིས་ལྷན་འཛོམས་མ་བྱུང་བ་དེ་སྲིད་བར། ཇི་སྲིད་༸རྒྱལ་བ་ཡིད་བཞིན་ནོར་བུ་ཕོ་བྲང་པོ་ཏཱ་ལར་ཞབས་སོར་བདེ་འཁོད་མ་བྱུང་བ་དེ་སྲིད་དུ་མེ་ལྕེ་འདི་འབར་ངེས་པ་ཞིག་ཆགས་ཡོད།
དེ་རིང་བར་དུ་འབར་བའི་མེ་ལྕེ་འདི། རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་བཟོད་དཀའི་དཀའ་ངལ་མང་པོའི་གཡང་ལ་དེད་པ་ལས་བྱུང་བ་ཞིག་ཡིན། དེ་བས་ན། རྒྱ་ནག་དམར་གཞུང་གིས་བོད་ལ་རང་དབང་མ་སྤྲད་པ་དེ་སྲིད་དུ་འབར་ངེས་པ་ཞིག་ཆགས་ཡོད་ལ། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།། སྤྱོད་པའི་དགའ་སྟོན་་་་་་གྱི་ཉི་མ་མ་འཆར་བར་དུ་འབར་ངེས་པ་ཞིག་ཆགས་ཡོད། མེ་ལྕེ་འདི་འབར་འཇུག་མཁན་རྒྱ་ནག་གཞུང་ཡིན་ལ། མེ་ལྕེ་འདི་ཞི་ལྷིང་ངང་མཚམས་ཆོད་པའི་གནས་སྟངས་ཤིག་གསར་སྐྲུན་བྱེད་པའང་རྒྱ་ནག་གཞུང་ཁོ་ནས་བྱེད་ཐུབ་པ་ཞིག་ལས། གཞན་སུ་གང་གིས་མཚམས་ཆོད་པའི་ནུས་པ་འདོན་དཀའ་བ་ཡིན། དེ་བས་ན། ད་ལྟའི་གནས་སྟངས་ལ་དཔག་ན། མེ་ལྕེ་འདི་ཇི་སྲིད་བོད་ལ་རང་དབང་གཙང་མ་ཞིག་མ་ཐོབ་པ་དེ་སྲིད་དུ་འབར་ངེས་པ་ཞིག་རེད།

བཞི། མེ་ལྕེ་འདི་གླེང་སྟངས།

རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདུ་འཚེ་བའི་ལས་ཅན་ཡིན་མིན་གླེང་མཁན་བྱུང་སོང་། བཀའ་བསྟན་གསུང་རབ་ཀྱི་ལུང་ཚིག་རྒྱབ་རྟེན་དུ་འཁྱེར་ཡོང་ནས་འཚེ་བའི་ལས་འགུལ་མ་ཡིན་པར་སྒྲུབ་པའི་ངལ་བ་བསྟེན་མཁན་ཡང་འདུག་སྟེ། ད་ལྟའི་མེ་ལྕེ་འདི་ལ། བོད་མི་རྣམས་རྒྱ་ནག་གི་དབང་སྒྱུར་སྲིད་བྱུས་འདིའི་འོག་ནས་སྡོད་འདོད་མེད་ཅིང་། སྲིད་བྱུས་དེར་རྒོལ་བའི་ལས་འགུལ་རྣམ་གྲངས་མང་པོ་ཞིག་སྤེལ་བ་ལས། ཚེ་སྲོག་མེ་རུ་སྦར་ནས་ངོ་རྒོལ་དང་རེ་འདུན་འདོན་གྱི་ཡོད་པ་ལས་ལྷག་པའི་འགྲེལ་བཤད་ཡན་གར་བ་ཞིག་དགོས་མཁོ་མེད་པར་མཐོང་།
ཅི་སྟེ་འགྲེལ་བཤད་གཙང་མ་ཞིག་རྒྱག་རྒྱུ་ཡིན་ན། བོད་ཀྱི་ལོ་རྒྱུས་ནང་གཞི་རྒྱ་ཆེ་ཤོས་ཡིན་པའི་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་ནག་གཞུང་གིས་ངོས་འཛིན་གསལ་པོ་དང་། བདག་སྤྲོད། རེ་འདུན་གཞིར་བཞག་གི་ཐག་གཅོད་བྱ་རྒྱུ་ལས་ལྡོག་སྟེ། དྲག་གནོན་དང་། དམར་གསོད། འཛིན་བཟུང་། བཙོན་འཇུག རྡུང་རྡེག་བཅས་ཀྱི་བྱེད་སྟངས་དེ་དག་གིས་བོད་མི་རྣམས་ལམ་ཁ་འདིར་བཙན་འདེད་བྱས་པ་ཞིག་ལས། བོད་མིས་རེ་འདུན་རིམ་བཏོན་ལ་བདག་སྤྲོད་བྱས་ཡོད་པ་ཡིན་ན། ད་ལྟའི་དུས་ཚོད་འདིར་མེ་ལྕེ་འདི་འབར་དགོས་དོན་མེད་པ་ཞིག་ཡིན་པའི་ངོས་དེ་འགྲེལ་བཤད་ཞིབ་རྒྱས་ཤིག་བརྒྱབ་པ་ཡིན་ན། དེ་བཟང་བར་འདུག་དྲན།
ད་ལྟ་ང་ཚོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་སྟངས་གལ་ཆེ་བ་ལས། བཀའ་བསྟན་གསུང་རབ་ཀྱི་བསྟན་དོན་དང་མཐུན་དང་མི་མཐུན་དེ་གལ་དེ་ཙམ་མི་ཆེ། ཉེས་ས་ནས་བཤད་ན། ལྟ་སྟངས་རིགས་གཅིག་གི་ངོས་ནས་དེ་ནི་གནང་སྟངས་ཁྱད་མཚར་ཞིག་ཏུ་མཐོང་སྲིད་པ་ཞིག་ཀྱང་ཡིན།
ད་ལྟ་བོད་པའི་སྤྱི་ཚོགས་ནང་། མེ་ལྕེ་འདི་མཚམས་འཇོག་དགོས་པའི་བསམ་ཚུལ་འདོན་མཁན་ཡོང་གི་ཡོད། བསམ་ཚུལ་འདོན་མཁན་ཚོ་ཡང་བསམ་ཚུལ་རང་ཞིག་འདོན་པའི་མུ་ན་ཡོད་པ་ལས། མེ་ལྕེ་འདི་འབར་མཚམས་བཞག་པའི་འཕྲོས་དེ་ནས། འདིའི་ནུས་པ་གཅིག་མཚུངས་སུ་སླེབས་ཐུབ་པའི་ལས་འགུལ་གྱི་སྣེ་སྟོན་གང་ཡང་རྙེད་ཀྱི་མེད། རྩོད་གཞི་ལྟེ་བ་དེ། འདིའི་ཕན་ནས་ལས་འགུལ་གང་ཞིག་གིས་རང་ལུས་མེར་བསྲེགས་ལས་འགུལ་འདིའི་ཚབ་བྱེད་ཐུབ་པའི་སྣེ་མོ་གང་ཡང་རྙེད་ཀྱི་མེད་པའི་སྣེ་ན་ལྷག་ཡོད།

ལྔ་། མེ་ལྕེ་འདིའི་མཐའ་སྣེ། །

ཁ་སང་དེ་རིང་གི་འབར་སྟངས་ལ་བལྟས་པ་ཡིན་ན། མཚམས་ཆོད་པ་ཞིག་ཡོང་དཀའ་བ་ཆགས་ཡོད། མེ་ལྕེ་འདི་འབར་མཚམས་ཆད་དགོས་ན། ཡང་ན། མཚམས་ཆོད་པའི་དུས་དེ། རྒྱ་ནག་གཞུང་གིས་བོད་ལ་རང་དབང་གཙང་མ་ཞིག་སྤྲོད་པའི་དུས་དེ་ག་རང་ལ་རག་ལས་ཡོད་པ་ལས། གཞན་གང་གིས་ཀྱང་མཚམས་ཆོད་ཀྱི་མ་རེད། རྒྱ་ནག་གཞུང་འདི་འགྱེལ་བ་ཡིན་ནའང་། བོད་ལ་རང་དབང་གཙང་མ་ཞིག་མ་ཐོབ་པ་དེ་སྲིད་དུ་འབར་ངེས་པའི་ངོས་འདི་ནས་མེ་ལྕེ་འདི་འབར་མཚམས་འཇོག་དང་མི་འཇོག་གི་དྲི་ལན་བཙལ་དགོས། གནད་འགག་གི་སྣེ་མོ་འདི་ན་ཡོད།
བོད་མིའི་ཞི་རྒོལ་གྱི་གནས་སྟངས་འདིར་ལྟ་སྟངས་ཀྱི་ཆ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས་དེ་ཡང་དག་པ་ཞིག་མ་རེད། དཔལ་འབྱོར་ཉམས་རྒུད་གླེང་ལོས་དགོས་ཏེ། འགྲོ་བ་མིའི་ཚེ་སྲོག་འདི་ག་དུས་ཡིན་ཡང་ཤུགས་ཆེན་པོས་གླེང་དགོས་པ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལས་འགན་དང་པོ་ཡིན་ཟེར་བ་བདེན་ན། ད་ནི་བདེན་པ་བདེན་པར་མཐོང་བའི་མིག་དབང་དེ་བགྲད་ནས་བལྟ་དགོས་པའི་དུས་ཚོད་རེད། བོད་དོན་ལ་སྐོར་དུས་རྒྱལ་སྤྱིའི་མིག་འདི་ཡང་རབ་རིབ་ཅིག་རེད། འབར་མཚམས་ཆད་པའི་ཉིན་མོ་ཞིག་དགོས་པ་ཡིན་ན། རྒྱལ་སྤྱིའི་དྲང་བདེན་སྟོབས་ཤུགས་དེ་ཡང་བོད་མིའི་ཆོད་སེམས་དང་བློས་གཏོང་འདིའི་མཉམ་དུ་སྤུངས་ནས་རྒྱ་ནག་སྒུལ་དགོས།
རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་ནས་འཛམ་གླིང་མི་དམངས་དུང་ཕྱུར་བདུན་ཅུ་ཐམ་པར། སྔར་བྱས་ནོར་འཁྲུལ་ལ་འགྱོད་བཤགས་དང་། བོད་ཀྱི་ཕྱིས་འབྱུང་འཚོ་གནས་དེ་བོད་མིའི་དགོས་འདུན་གཞིར་བཞག་གིས་ཐག་གཅོད་གཙང་མ་ཞིག་བྱས་པའི་ཉིན་མོ་དེ་ནི། ད་གཟོད་མེ་ལྕེ་འདི་འབར་མཚམས་འཇོག་པའི་ཉིན་མོ་ཡིན།
རྒྱལ་བ་རིན་པོ་ཆེ་བོད་ལ་ཞབས་སོར་འཁོད་ཉིན་དེ། བོད་ལ་རང་དབང་གཙང་མ་ཐོབ་ཉིན་དེ། མེ་ལྕེ་འདི་འབར་མཚམས་འཇོག་པའི་ཉིན་མོ་ཡིན།

སྣ་ཚོགས།

Post navigation

Previous Post: ངེས་པར་དུ་སེམས་དགོས་པའི་གནད་འགག་འགའ།
Next Post: ང་ཕོད་འཇིགས་མེད་ལགས་གློ་བུར་དུ་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ནས་ཕབ་དགོས་དོན་གང་ཡིན་ནམ།

Comments (16) on “ཚེ་སྲོག་འབར་སྟངས་ཀྱི་མཐའ་སྣེ་འཚོལ་བ།”

  1. མི་འཁྱམ། says:
    2012-11-13 at 6:58 am

    སྲོང་བཙན་བུས་གསུངས་པར་མངོན་པར་བསྟོད་དོ།། དེ་དེ་བཞིན་ནོ།།

  2. མི་འཁྱམ། says:
    2012-11-13 at 7:03 am

    རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རྒྱབ། མདུན། གཡས།་གཡོན། གྲ། གྲུ་ཆ་ཚང་གླེང་འདུག་པས། གསུངས་པར་མངོན་པར་བསྟོད་དོ།། ཟེར་བཞིན་ཡོད། གནད་ལ་འཁེལ་བ་བྲིས་འདུག མུ་མཐུད་ཡིན་དཱ། བཀའ་འགྱུར་མིན་ན།

  3. མེ་ཏོག་དཀར་པོ། says:
    2012-11-13 at 7:48 am

    མེ་གསོད་སྟངས། ཟེར་བཏགས་ན་དོན་ལ་གནས། ཐུགས་རྗེ་ཆེ།

  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2012-11-13 at 9:32 am

    ཁོང་ཅག་གི་འབོད་ཚིག་ལ་བོད་ལ་རང་བཙན་དགོས་པ་དེ་ཡོད་པ་སྐྱུར་ག་ལ་རུང་།

  5. དབྱངས་ཅན says:
    2012-11-13 at 9:46 am

    འབྲི་མཁན་ཁྱེད་ཀྱིས་གསུང་བ་དངོས་ནས་རེད།། ཀྱེ་མ་ཀྱེ་ཧུ་འུ་ཅག་སྤུན་ཟླ་རྣམས།། ད་ནི་རེའི་རེ་བཞིན་དུ་འབར་ནས་ཚར།། དཔའ་བོ་དཔའ་མོ་གཅིག་ཀྱང་མ་ལྷག་པར།། རེའི་རེ་བཞིན་དུ་འབར་ནས་ཚར་ས་རེད།།
    ཨོ་རྒྱན་པདྨས་གསུང་བ་ལས།། སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབས།། དུས་གསུམ་རྒྱུན་ཆད་མེད་པར་ང་ཡིས་གཟིགས།། ནང་རེ་དགོངས་རེ་བོད་ཀྱི་དོན་ལ་འོང་།། ང་ཡི་སྐུ་ལ་འདས་འཁྲུངས་ཡོད་མ་མཆིས།། གསུང་བ་དེ་ག་རེ་རེད།། ཧུཧུཧུཧུཧུཧུཧུ་་་་་་་

  6. རླངས་སྔགས says:
    2012-11-13 at 9:55 am

    སེམས་འགུལ་ཐེབས་པ་ཞིག་བྲིས་འདུག། སེམས་ཚོར་ཧ་ཅང་གི་རྣོན་པོ་རེད། བོད་མི་ཀུན་ཀྱི་སེམས་ཁམས་ན་འཐབ་རྩོད་ཀྱི་ན་ཟུག་ཆེ་རྐྱེན། རེ་ཟུང་གིས་སྐྱོན་བརྗོད་དང་ཡང་ན་མ་ཉེས་ཁ་གཡོག་ཡང་བྱེད་ཀྱིན་འདུག དེ་འདྲའི་རིགས་ཡོད་ཀྱང་འགལ་བ་མེད་མོད། སྤྱིར་བཤད་ན་ཛ་དྲག་གི་གནས་སྐབས་འདི་ལྟ་བུ་ལ་དེའི་རིགས་མེད་ན་ཡག་ཤོས་རེད།

  7. ཤར་ཕྱོགས་ཁུག་རྟ། says:
    2012-11-13 at 11:09 am

    བཙན་པོ་སྲོང་བཙན་ཚང་གིས། ཞི་དྲག་གི་བློན་ཆེན་རྣམས་སྐད་ཅིག་དེ་ཉིད་ལ་བསྡུས་ཏེ། མེ་དམར་པོའི་མཐའ་སྣེ་འདི་དང་གན་རེད་ཅེས་བཙན་པོ་ཡིན་པའི་མཁས་མཛངས་འཁྲུལ་གསུམ་གྱི་བཀའ་བཀོད་གནང་འདུག ཚོར་བ་མ་འདྲ་བ་ཞིག་སྤྲད་བྱུང།

  8. ཨ་རིག་དགེ་མཐོང་གིས། says:
    2012-11-13 at 11:31 am

    ཧ་ཅང་གི་སེམས་པ་སྐྱོ་བའི་དུས་མེ་འབར་སྟངས་གླེང་མཁན་རེ་བྱུང་སྟེ་མེ་འབར་བའི་སྐོར་བྲིས་ན། ཉིན་མ་འཆོལ་ཐབས་ཀྱི་རེ་བ་ཞིག་རེད། སྲོང་བཙན་བུས་ཀྱང་བདག་གི་སེམས་སྐྱོ་བའི་གནས་སྐབས་སུ་མེ་འབར་སྟངས་གླེང་སྟེ་བདག་སེམས་ལ་དྲོད་ཅིག་བརྒྱུས་པར་སྙིང་ནས་དགའ་བསུ་ཞུ། རྩོམ་ཡིག་འདིའི་སྒྱུ་རྩལ་ཟེར་བ་མིན་པར་བརྗོད་བྱ་ལ་ལབ་ཡིན།

  9. ཐོས་པ་དགའ says:
    2012-11-13 at 12:54 pm

    ཡང་ངས་བོད་མིའི་གནས་སྟངས་འདི་མཐོང་དུས།
    བོད་རྒྱལ་སྲོང་བཙན་གྱི་མངའ་ཐང་ཡང་ཅིག་དྲན།
    བོད་མི་གཅིག་འབར་གཉིས་འབར་ཀྱི་ལས་དབང་བསམ་དུས།
    སྲོང་བཙན་བུའི་ཡིག་ཆུང་གིས་བདག་ཡིད་གནོངས་པར་བྱེད།

  10. བསེ་རུ། says:
    2012-11-13 at 3:00 pm

    མེ་ལྕེ་སྤར་མཁན་དང་། མེ་ལྕེ་འབར་སྟངས་དང་། མེ་ལྕེ་མཆེད་སྟངས། མེ་ལྕེ་མཆེད་རྐྱེན། མེ་ལྕེའི་དགོས་འདུན། མེ་ལྕེའི་ནུས་སྟོབས། མེ་ལྕེ་གསོད་མཁན་སོགས་ཞིབ་ཅིང་ཕྲ་བ་གླེང་འདུག་པས། བཀའ་དྲིན་ཆེ།

    ད་དུང་མེ་ལྕེ་འདི་རྡུལ་ཕྲན་མཚོན་ཆར་འགྱུར་ཉེན་ཡོད་པ་དེ་གླེང་མི་འདུག

  11. བཙན་པོའི་བུ་ says:
    2012-11-13 at 6:56 pm

    ཡག་པོ་བྲིས་འདུག

  12. ངོ་ལུག says:
    2012-11-13 at 7:05 pm

    སྐྱ་རེངས་གསར་པ། རེ་བ་གསར་པ། སྙིང་སྟོབས་གསར་པ། ལོ་གསར་པ་ཡང་མི་རིང་བར་ཤར་ཡོང་། གཏམ་གསར་པ་ཡང་མི་རིང་བར་གོ་ཡོང་། དུས་གསར་པ་ཡང་མི་རིང་བར་སླེབས་ཡོང་།

  13. ལུང་རྟོགས། says:
    2012-11-14 at 10:32 am

    དངོས་གནས་ཡག་པོ་བྲིས་འདུག

  14. བོད་ཁམས་ཉི་མ། says:
    2012-11-15 at 9:08 am

    ལྡན

  15. བོད་ཁམས་ཉི་མ། says:
    2012-11-15 at 9:08 am

    ལྡན

  16. རྔ་རྒྱལ། says:
    2012-11-15 at 2:29 pm

    འབར་སོང་འབར་སོང་ཚང་མ་འབར་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme