Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་ཤིང་རིན་ཆེན་སྡོང་པོའི་སྔོན་གླེང༌།

Posted on 2009-08-062009-08-06 By བེ་རི་འཇིགས་མེད No Comments on གསེར་ཤིང་རིན་ཆེན་སྡོང་པོའི་སྔོན་གླེང༌།

བེ་རི་འཇིགས་མེད།

སྨྲ་བ་ངག་གི་ལྕགས་སྒྲོག་གྲོལ་བའི་དབྱངས།།
སོར་མོའི་འཕྲུལ་དུ་རྩེན་པའི་གར་མཁན་མ།།
འཁོར་འདས་དངོས་ཀུན་སྒྱུ་རྩལ་དང་འགྲོགས་ཏེ།།
རྩོམ་རིག་འདོད་རྒུར་བསྒྱུར་བའི་མཁས་རྣམས་མཆོད།།
གལ་ཏེ་མང་དུ་ཐོས་པའི་མཁས་པ་ཞིག་ཡིན་ནའང༌། འཆད་པའི་ཚིག་དོན་གྱི་འགྲོས་མེད་ན་སྨན་སྦྱོར་མེད་པའི་སྨན་པ་ཞིག་དང་ཁྱད་པར་གང་ཡང་མེད།  གནད་འདི་ལ་དགོངས་ནས་འཇམ་མགོན་ས་པཎ་གྱིས།
གཞུང་ལུགས་གང་དང་གང་འཆད་པ།།
བྱེད་པའི་ཚིག་གིས་རབ་སྦྱར་ཏེ།།
ཚན་དོན་ལེགས་པར་སྦྲེལ་ནས་ནི།།
འཆད་པ་བརྡ་སྤྲོད་བྱེད་པའི་ལུགས།། ཞེས་གསུངས་ལ།
དེར་བརྟེན་རྣམ་བཤད་རིག་པ་ལས་འབྱུང་བའི།
མདོ་དོན་སྨྲ་བ་དག་གིས་ནི།།
དགོས་པ་བསྡུས་པའི་དོན་ཅན་དང༌།།
ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས།།
བརྒལ་ལན་བཅས་ཏེ་བསྙད་པར་བྱ།།
ཞེས་པའི་དགོས་སོགས་ཆོས་ལྔ་དང༌། སེངྒེས་ལྟ་སྟངས་ཀྱིས་ངག་དོན་བཙལ་བ། རུས་སྦལ་འགྲོས་ཀྱིས་གཞུང་དོན་བཤད་པ། སྟག་མོའི་མཆོང་གི་ས་བཅད་བཀྲམ་པའི་ཆེ་བ་གསུམ་གྱིས་དོན་འདུས་པ།   ཚིག་གསལ་བ།  བརྗོད་བདེ་བ། ངག་ཉུང་བ། ཚིག་སྙན་པ། གཟུང་སླ་བ་དྲུག་གི་སྒོ་ནས་འཆད་པ་ནི་མཁས་པའི་ཡན་ལག་ཡིན་ནོ།།
གལ་ཏེ་དེ་ལྟར་འཆད་པར་མཁས་ཀྱང་རྩོད་པའི་རིགས་ལམ་གྱི་འགྲོས་མེད་ན། དཀའ་གནད་རིགས་པས་འབྱེད་པའི་མཐུ་མེད་པས་མཚོན་ཆ་མེད་པའི་དཔའ་བོ་ལག་སྟོང་ལྟར་ཤེས་བྱའི་ཁ་ཞེང་དང་ཟབ་ཚོད་ལ་བགྲོ་གླེང་དང་བརྒལ་བརྟགས་ཀྱི་དམག་ཐབས་འཁྲུགས་པའི་མཁས་པའི་གཡུལ་སར་རྟ་ཁ་ཕྱིར་ཀྱེད་ཀྱིས་བྲོས་ལམ་དང་གབ་ཁུང་མཚོལ་རྒྱུ་ལས། དཔའ་རྟགས་དང་དཔུང་ངོམ་གྱིས་རྒྱལ་ཁའི་རུ་ཚོན་སྒྲེང་རྒྱུའི་རེ་བ་དང་རྨི་ལམ་ནམ་ཡང་གཏོང་ཐབས་མེད། དེའི་ཕྱིར་རྒྱལ་བ་མ་ཕམ་པས།
ཆོས་བཟང་རིགས་པའི་རྣམ་དཔྱོད་བསམ་པ་ཅན།།
རྟག་ཏུ་བདུད་ཀྱིས་བར་ཆད་མེད་པར་བྱེད།།
ཅེས་པའི་བསླབ་བྱའི་སྡོམ་ཚིག་བཀོད་པ་ལྟར། རྩོད་པའི་རིགས་ལམ་ལ་ཇི་ལྟར་འཇུག་པའི་ཚུལ་ཡང་འཇམ་མགོན་ས་པཎ་གྱིས།
འབེལ་བའི་གཏམ་ལ་སྦྱོར་དངོས་རྗེས།།
སྦྱོར་བ་རྩོད་པའི་ལམ་སྦྱང་ཕྱིར།།
རྒོལ་བ་གཉིས་དང་དཔང་པོ་རྣམས།།
ངེས་པར་བྱས་ནས་རྩོད་ལ་འཇུག།
ཞེས་པ་ལྟར་སྔ་ཕྱིའི་རྒོལ་བ་དང་དཔང་པོ་ཚོགས་པའི་སར་སྒྲུབ་དང་སུན་འབྱིན་གྱི་སྦྱོར་བ་ལ་འགལ་དང་མ་ངེས་མ་གྲུབ་གསུམ་གྱི་ལན་གྱིས་ལྡོག་པ་ནུས་མིན་ལ་ལེགས་པར་བརྟག་ནས་དངོས་པོ་རྣམས་ཀྱི་དགག་སྒྲུབ་རྒྱུ་འབྲས་རང་བཞིན་གང་ཡིན་གཏན་ལ་ཕབ་པའི་ཆེད་དུ་འཇུག་པ་སྟེ། དེ་ཉིད་བོད་དུ་དར་བའི་སྲོལ་གང་ལ་བརྟེན་པ་སྡེ་བདུན་མདོ་དང་བཅས་པའི་དོན་དྲིལ་ནས།   ས་པཎ་གྱིས།
འདི་ནི་མ་གྲུབ་འགལ་མ་ངེས།།
གསུམ་ཡིན་མིན་ན་འདོད་པ་གྲུབ།།
དེ་དག་མིན་ན་ཡང་དག་གི།
ཐལ་འགྱུར་ཡིན་ཕྱིར་བཟློག་མི་ནུས།།
ཞེས་རྩོད་པའི་རིགས་ལམ་གཏན་ལ་ཕབ་པ་ནི། ཆོས་དང་མཐུན་པ་བསྟན་པ་འཕེལ་བའི་རྒྱུར་འགྱུར་བ། དམ་པ་རྣམས་ཀྱི་བསྔགས་པའི་ཡུལ་ཡིན་པས་མཁས་པའི་སྐྱེས་བོ་རྣམས་ཀྱིས་སྦྱར་བ་ཡིན་ནོ།།
གལ་ཏེ་རྩོད་པ་ལ་མཁས་ཀྱང་རྩོམ་པའི་ཚུལ་མི་ཤེས་ན་ཁ་བརྒྱ་ལྕེ་སྟོང་དུ་སྤྲུལ་ནས་འབད་པ་བརྒྱ་ཡིས་འཆད་དང་རྩོད་ནའང་འཆད་དང་རྩོད་པ་པོ་འཇིག་རྟེན་གཞན་དུ་ཕྱིན་པ་ནས་ཉི་མའི་དཀྱིལ་འཁོར་ནུབ་པ་དང་མཉམ་དུ་ཉི་འོད་ཀྱང་གཅིག་ཏུ་བསྡུས་ནས་ནུབ་པ་དང་ཁྱད་པར་གང་ཡང་མེད། གནད་འདི་ལ་དགོངས་ནས།  བསྟན་དར་ལྷ་རམས་པས།
རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན།།
ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན།། ཞེས་དང༌།
རྗེ་ཙོང་ཁ་པ་ཆེན་པོས།
རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།།
ཞེས་འབྱུང་བའི་དོན་བཞིན་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་གསུང་རབ་དགོངས་འགྲེལ་གྱི་དོན་བཤད་ཐབས་ལྔ་ཡིས་སྒོ་ནས་བཤད་བྱའི་གཞུང་དེའི་གབ་པ་རྗེན་གཅེར་དུ་བཏོན་པ་དང་འཁྲུགས་པ་སྡེབ་པ།   བྱིངས་ཀྱི་དོན་ལ་ལུང་གི་གོ་བ་ཟབ་པ། དཀའ་བའི་གནད་ལ་རིགས་པའི་འཕྲུལ་རྣོ་བ་བཅས་ནི་མཁས་པ་མགུ་བ་བསྐྱེད་པའི་ཡན་ལག་དང༌། བསྟན་པ་རིང་དུ་གནས་པའི་སྲོག་དབུགས་ཀྱང་ཡིན་ནོ།།
དེ་ལྟར་སྤྱིར་འཆད་རྩོད་རྩོམ་པའི་བྱ་བ་ལ་འཇུག་པའི་དོན་གང་ཞིག་ཡིན་པའི་ཚུལ་མདོར་ཙམ་བསྟན་ནས་འདིར་བདག་གི་ཆོས་ཀྱི་གྲོགས་པོ་ཉག་རེ་དགེ་བཤེས་ཐུབ་བསྟན་ཚུལ་ཁྲིམས་མཆོག་གི་གང་ཞིག་རྩོམ་པར་མཛད་པའི་དེབ་༼གསེར་ཤིང་རིན་ཆེན་སྡོང་པོ་༽མིག་ལམ་དུ་ཞིབ་པར་བསྟར་བའི་མྱོང་སྣང་མདོར་བསྡུས་སུ་འགོད་པར་འདོད་དེ། འདིའི་རྩོམ་པ་པོ་ནི་ལྟེ་ཁྲག་གངས་ཅན་བོད་དུ་ཕོས། ཞབས་རྗེས་གངས་ལའི་ངོས་སུ་བཞག མི་ཚེ་མི་ཡུལ་ལུང་པར་བསྐྱལ། སྐྱིད་སྡུག་གི་ལས་དབང་གདན་ས་བཅོལ། ལྟོ་གོས་གཏམ་གསུམ་ལ་གྱོང་བཏང༌། ཐོས་བསམ་སློབ་གཉེར་ལ་བློ་བསྟེན། ས་འཁྱགས་སྔས་སུ་བཅས། རྡོ་འཁྱག་སྟན་དམས་བྱས། གཞུང་ཆེན་པོད་ལྔར་ཐོས་པས་མཐའ་རྒྱ་གཅོད། བསམ་པས་གཏན་ལ་ཕབ། རང་དོན་མཁས་བཙུན་བཟང་པོའི་རྣམ་ཐར་བསྐྱངས། གཞན་དོན་འཆད་རྩོད་རྩོམ་པའི་འཕྲིན་ལས་སྤེལ་བཞིན་ད་ལྟར་ཡང་འཚོ་ཞིང་བཞུགས། ཁོང་གིས་རྩོམ་པའི་ལེགས་བཤད་ལས། ད་རེས་འདིར་གང་ཞིག་པར་དུ་བསྐྲུན་རྒྱུའི་དེབ་འདིའི་ནང་ཚན་པ་དང་པོ།    ༼ྋགོང་ས་མཆོག་ལ་བསྟོད་པ་ཞི་བདེ་དེད་དཔོན་དགྱེས་པའི་མཆོད་སྤྲིན་༽དང་གཉིས་པ༼ཟབ་ལམ་ཕུལ་བྱུང་གི་བསྔགས་པ།༽འདི་ཡང་བརྗོད་བྱའི་ཆ་ནས་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཀྱི་དགོངས་དོན་དང་སྦྱར་ནས་རྩོམ་པའི་དེང་སང་རྩྭ་ཤིང་རི་བྲག་ལ་སྙན་ངག་སྐམ་པོའི་ཚིག་སྦྱོར་གྱི་འདྲ་འབག་སྐོན་མཁན་ཚོ་དང་བསྡུར་ཐབས་ག་ལ་ཡོད། འཇམ་མགོན་ས་པཎ་གྱིས།
རྟག་ཏུ་སངས་རྒྱས་སངས་རྒྱས་སྲས།།
རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང༌།།
སྐྱེ་བོ་ཀུན་ཏུ་སངས་རྒྱས་ཀྱི།།
སྙན་ངག་མཁན་དུ་འགྱུར་བར་ཤོག།
ཞེས་པའི་ཐུགསས་སྨོན་མཛད་པ་ཡང་འདི་དང་འདི་འདྲ་བའི་སྙན་ངག་གི་རིགས་ལ་དགོངས་ནས་གསུངས་པ་ཡིན་ངེས་སྙམ།
ལེ་ཚན་གསུམ་པ་༼ཤེར་སྙིང་དོན་འགྲེལ་གསལ་བའི་མེ་ལོང༌།༽ཞེས་པ་འདི་ནི་ས་བཅད་ཀྱི་ཁོང་དང་རྒྱས་བཤད་ཀྱི་ལུས་འགྲེལ་ཆགས་པ། ཚིག་བསྡུས་ཤིང་དོན་འདུས་པ། བཤད་པ་ཁ་གསལ་ཞིང༌། གོ་དོན་གཏིང་རིང་བའི་ཁྱད་ཆོས་རང་བཞིན་གྱི་མངོན་འོང་བ་ནི། རྩོམ་པ་པོའི་ཕོ་ཚོད་དང་མུན་སྤྲུལ་མ་ཡིན་པར་མི་ལོ་ཉི་ཤུ་ལྷག་གདན་ས་ཆེན་པོར་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་རྟགས་སུ་གསལ་ལ། ཁོ་བ་གྲྭ་སར་བཞུགས་དུས་སྨུག་ཅིང་སྣུམ་པའི་ཞལ་ལ་ཨ་ར་ནག་སུག་སུག་ཅན་ཅིག་ཡོད་པར་འཛིན་གྲྭ་གཅིག་པ་ཚོད་ཉག་རེ་ཨ་ར་ཅན་ཞེས་འབོད། ཨ་ར་བཞར་ན་ཉག་རེ་ཨ་ནེ་ཞེས་རྩེད་མོའི་ཚུལ་དུ་འབོད་དེ། གང་ལྟར་ཁོང་གི་མཚན་ཟུར་དུ་འབྱར་བའི་ཨ་ཡིག་འདི་སུས་ཀྱང་བསུབ་མ་ནུས་པར་ལུས་པ་འདིའང་ཨ་དོན་སྐྱེ་མེད་ཀྱི་དགོངས་པ་གསལ་བར་འགྲེལ་བའི་རྟེན་འབྲེལ་གྱི་བརྡ་ཆད་ཅིག་ཀྱང་ཡིན་སྲིད་སྙམ།
ལེ་ཚན་བཞི་པ་དང་    ༼འཇམ་དཀར་སྒྲུབ་ཐབས་ཨ་དཀར་ང་རོའི་ཟིན་བྲིས་བཀའ་རྒྱ་མ།༽ དང༌། ལྔ་པ།    ༼འཇམ་དབྱངས་དཀར་པོའི་བསྟོད་པ་བསྡུས་དོན།༽། དྲུག་པ། ༼ཁྱིམ་པ་དང་རབ་བྱུང་ལ་བརྟག་ཏེ་སྐྱོ་སྣང་དོ་ཧ་མགུལ་རྒྱན༽རྣམས་ལ་ཞིབ་ཏུ་གཟིགས་ན་རྩོམ་པ་པོ་གདན་སའི་ཆོས་རྭ་ནང་ཁ་སྟོང་གི་ཐལ་སྐམ་དང༌། ལག་སྟོང་གི་ལྡིང་སྐམ་ཙམ་མིན་པར་ཐོས་དོན་རྒྱུན་ཆག་གི་ཉམས་ལེན་ལ་བཞེས་ནས་ལྷ་སྔགས་ཏིང་འཛིན་གྱི་རྣམ་འབྱོར་ལ་གོམས་པའི་རང་རྟགས་ཀྱང་རང་བཞིན་གྱིས་ལྷོང་ལ་འབུར་བ་མཐོང་ཞིང༌། དེང་སང་གདན་སར་བཤད་གྲྭ་བ་ཁ་ཅིག ཐལ་སྐམ་རིགས་པའི་འཁྲུལ་སྣང་ཁོ་ནས་ཐར་པ་མིག་འཕྲུལ་བཞིན་གཏན་ལ་དབབ་ཐུབ་སྣང་ཤར་མཁན། མཐའ་ན་སྒྲོལ་མ་ཉེར་གཅིག་གི་འདོན་པ་ཙམ་ཡང་ཐག་ཐག་འདོན་རྒྱུ་མེད་མཁན་དེའི་གྲས་ཀྱི་སེམས་ངོགས་སུ་ཚགས་སྒྲ་མི་མངོན་པའི་་འགྲམ་ལྕག་ཚ་བོ་ཞིག་ཀྱང་བཞུས་འདུག་སྙམ།
ལེ་ཚན་བདུན་པ། འགོག་བདེན་སྟོང་ཉིད་ཡིན་མིན་ལ་དཔྱོད་པའི་གཏམ༼ཟུར་ཟའི་སེམས་ཀྱི་རང་མདངས་འཇོམ་པའི་དགག་ལན་ཕ་ལམ་ཐོག་མདའ༽ཞེས་པ་འདིའི་ལུས་དངོས་གཞིར་གཞན་ལུགས་ཀྱི་འདོད་པ་ངོས་བཟུང་ནས་དེ་དག་སུན་ཕྱུང་པ། དམ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལུང་ངོས་བཟུང་ནས་མདོ་ཙམ་འགོད་པ། རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལུང་ངོས་བཟུང་ནས་མདོ་ཙམ་དགོད་པ་བཅས་གསུམ་དུ་བསྡུས་ནས་ཕྱོགས་སྔ་མའི་འདོད་པ་གསལ་བ་འགོད་པ་དང༌། དེའི་མི་མཐུན་ཕྱོགས་ཀྱི་རིགས་སྔོན་བྱོན་མཁས་པ་ཚོས་ཇི་ལྟར་གསུང་པ་བཞིན་སྤྲོས་ཏེ་སུན་དབྱུང་པ། སྔོན་དང་དེང་གི་མཁས་པ་གཞན་དང་གཞན་གྱིས་ཇི་ལྟར་གསུང་པའི་ལུགས་ཀྱང་གསལ་བར་བྱས་པའི་ཞོར་ལ་རང་ལུགས་དམ་པ་གང་ཞིག་རྗེས་སུ་འབྲངས་ནས་དམ་བཅའ་ཅི་ཞིག་ལ་སྒྲུབ་བྱེད་གང་ཞིག་གིས་གཏན་ལ་འབེབས་ཚུལ་བཅས་གསལ་བས། གལ་ཏེ་གདན་ས་ཆེན་པོ་ལ་ཐོས་པས་མཐའ་རྒྱ་གཅོད། བསམ་པས་གཏན་ལ་ཕབ་མྱོང་མཁན་ལུང་རིགས་གཉིས་ལྡན་གྱི་མཁས་པ་ཞིག་ཡིན་ན། འདིའི་ཕྱོགས་སྔ་ཕྱིའི་ལུང་རིགས་ཀྱི་གོ་རྒྱ་དང་རིགས་པའི་འཕུལ་མཚམས། ལྟ་བའི་བབ། སྤྱོད་པའི་འགྲོས། རྩོད་པའི་རླབས། རྩོམ་ཀྱི་ཉམས། གང་ས་ཅི་ཐད་ནས་མཁས་པ་མགུ་བ་བསྐྱེད་པའི་ཡན་ལག་དང༌། བླུན་པོ་མགོ་བོ་འཐམ་པའི་ཐོ་ཆེན་རང་དུ་ངེས་པར་རྙེད་ནུས་པ་སེམས་ཏེ། མིག་ཤེལ་གྱི་ཚོན་མདངས་ལས་ཡུལ་ལྗོངས་ཀྱི་བཀོད་པ་ཅི་རིགས་པའི་མདོག་ཏུ་མཐོང་བ་ལྟར། དེབ་འདི་གཟིགས་མཁན་ཚོས། བསམ་བློའི་རྣམ་དཔྱོད་དང༌། མཐོང་ཐོས་ཉམས་མྱོང་གི་གནས་བབ་དངའཚམ་པའི་མཐོང་ཚུལ་ཡང་རིགས་སྣ་ཚོགས་ཞིག་ཡོང་སྲིད་སྙམ་སྟེ།
གང་ལྟར་ཡང་གདན་སའི་རིགས་པ་སྨྲ་བ་ཚོ་རྩོད་སྐམ་གྱིས་མི་ཚེས་མི་བསྐྱེལ་བར། ཐོས་དོན་ཉམས་ལེན་དང་ཉམས་མྱོང་ཡིག་ཐོག་ཏུ་མངོན་བར་བྱས་ན། ད་བཟོད་མཁས་བཙུན་བཟང་པོའི་རྣམ་ཐར་གྱི་འཇུག་སྣེ་དེ་ཟིན་པ་ཡིན་པའི་དཔང་རྟགས་ཞེས་ཀྱང་འདིས་བྱས་འདུག་སྙམ།
མཐའ་དོན་རྩོམ་པ་པོ་ལ་བསྔགས་བརྗོད་དང༌། གདན་ས་ཆེན་པོའི་རིགས་པ་སྨྲ་པ་ཚོས་ཐོས་དོན་རླུང་ལ་མི་བསྐུར་བ་ཉམས་ལེན་གྱིས་སེམས་ལ་གཞོལ་བ་དང༌། ལག་བསྟར་གྱིས་ཡི་གེར་ཕབ་རྒྱུའི་སྐུལ་འདེད་དང༌། འཆད་རྩོད་རྩོམ་པའི་བསྟན་ནམ་ཡང་མི་ནུབ་པའི་སྨོན་འདུན་ཞུ།
ཚིག་གི་གནམ་རུ་དབང་པོའི་གཞུ་ལྟར་བཀྲ།
དོན་གྱི་བརྗོད་པ་སྲིད་སྒྲུབ་མདའ་བཞིན་རྣོ།།
དཔྱད་གསུམ་ལུང་རིགས་དཔའ་རྩལ་ཡོངས་རྫོགས་པའི།།
རྩོམ་རིག་མཁས་པས་འཇིག་རྟེན་མཛེས་གྱུར་ཅིག།
གུས་འདུད་བཅས་འཕགས་ཡུལ་གནས་མཆོག་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བའི་ནགས་འདབས་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་བསྟི་གནས་ནཻ་རུ་མགྲོན་ཁང་དུ་བེ་རི་འཇིག་མེད་དབང་རྒྱལ་གྱིས།
སྤྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༡༠ ལ་བྲིས།

དེབ་ཐེར།

Post navigation

Previous Post: བལ་ཡུལ་དུ་བོད་དོན་བགྲོ་གླེང་།
Next Post: བདེ་ལེགས་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་རགས་ལས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme