Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།

Posted on 2012-10-19 By ཁ་བརྡ་ 47 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།

ཨོ་རྒྱན་ཉི་མ།

ངས་ནམ་རྒྱུན་བོད་ཀྱི་ལས་དབང་ཆོས་ལ་འབྲེལ་བ་དང་། ཆོས་དང་། ཆོས་བརྒྱུད་གཙང་མ་གནས་ཐུབ་སོང་ན་བོད་དུས་ནམ་ཡང་འཇིག་རྟེན་འདི་ནས་ཡལ་མི་ཐུབ་པར་བཤད་བཞིན་ཡོད། ཡིན་ན་ཡང་མང་པོ་ཞིག་གིས་ཡུན་རིང་ཐོས་དྲགས་པས་རྣ་བ་ཚ་བའི་རྒྱུ་རུ་འཛིན་མཁན་དང་། ཡང་ཁ་ཅིག་གིས་དོན་ལ་བདེན་ཁ་སྦྱིན་ཡང་ཅི་མི་བསྙམ་པར་གནས་པ་ལས། འདི་ཡིན་འདི་མིན་གྱི་གཏམ་གང་ཡང་མེད་པར་བཏང་སྙོམས་སུ་གནས་མཁན་ཡང་མང་པོ་རེད། གང་ལྟར་ཡང་སྔོན་ནས་ད་བར་བོད་ཀྱི་དར་རྒུད་ཡོད་ཚད་ཁྲོད་ཆོས་བོན་གཉིས་དང་མ་འབྲེལ་བ་ཞིག་བཞག་ཁག་པོ་རེད། དེ་ཕྱིར་ངས་ཆོས་གལ་ཆེན་ཡིན་པར་བཤད་པ་ཡིན། ད་ཆོས་དང་འབྲེལ་ན་ཇི་ལྟར་བྱ་དགོས་སམ། སངས་རྒྱས་པའི་ཆོས་ལ་སྐྱོན་མེད་ཀྱང་། དེ་ཉིད་ཉམས་སུ་ལེན་པ་པོ་འཁེ་ཆེ་བའི་གང་ཟག་མང་པོ་ཞིག་གིས་སྔོན་ཡང་སྐྱོན་གང་ལ་གང་འཚམས་བྱས་ཡོད་པ་དང་། ད་ལྟ་ཡང་བྱེད་བཞིན་པ་དང་། མ་འོངས་པར་བྱ་བར་འགྱུར་ངེས་པས། གཙོ་བོ་ཆོས་དང་གང་ཟག་གཉིས་ལས་གང་ཟག་ལ་ཞིབ་འཇུག་བྱ་དགོས་པ་དེ་ཡང་གལ་ཆེན་པོ་རེད། ཡིན་ན་ཡང་བསམ་བློ་གཏོང་དགོས་ས་ཞིག་ལ་ནང་ཆོས་ལ་ཁ་གཡར་ཏེ། ཆོས་མ་ཤེས་བཞིན་ཆོས་པའི་མིང་ཁུར་ཏེ། ཆོས་ཀྱི་རིན་ཐང་གནོད་པའི་བྱ་བས་འཇིག་རྟེན་འདིར་བྲེལ་བའི་གང་ཟག་སྔར་ལས་མང་དུ་འགྲོ་བཞིན་པ་ལྟར། ཆོས་དང་ཆོས་མིན་གཉིས་དབྱེ་འབྱེད་དཀའ་བའི་བཤམ་ཡམ་སྣ་ཚོགས་ཤིག་གིས་ཁྱབ་བཞིན་པ་འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་བསླེབ་པར་མཐོང་། སྔོན་ནས་ད་བར་མི་ལོ་མང་པོར་བོད་ཀྱི་ཆོས་བརྒྱུད་ཕལ་མོ་ཆེ་སྤྲུལ་སྐུས་བཟུང་བ་རེད། ད་ལྟ་ཡང་སྔོན་བྱོན་དམ་པ་གོང་མ་ཚོའི་ཡང་སྲིད་ཡང་མང་པོ་ཞིག་ངོས་འཛིན་བྱེད་ཀྱིན་འདུག་སྟེ། ཡང་སྲིད་དག་གི་ནང་གི་བསམ་བློ། ཕྱིའི་སྤྱོད་པ། གསང་བ་ཉམས་ལེན་གསུམ་ལ་ཞིབ་དཔྱོད་ཅིག་བྱ་འོངས་དུས། ཕལ་ཆེར་གདུལ་བྱ་མ་རྫོགས་གོང་ནས་འདུལ་བྱེད་དབྱིངས་སུ་ནུབ་བསྡད་པ་འདྲ་བོ་ཞིག་ལས། གདུལ་བྱའི་བསོད་ནམས་ཀྱིས་དྲངས་པའི་གང་ཟག་ཁྱད་པར་འཕགས་པ་ནི་རེ་ཟུངས་ལས་མི་འདུག དེ་ཕྱིར་མ་འོངས་བོད་ཀྱི་ཆོས་བརྒྱུད་ཁག་དང་། བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཞིག་གང་ཟག་རང་ངོས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་འདྲ་བྱུང་ན་དམིགས་བསལ་རེད། དེ་མིན་ཁྲིམས་དང་། བསྒྲིགས་ཁྲིམས་ཤིག་ལ་གཞི་བཅོལ་ནས་བསྟན་པའི་དབུ་འཛིན་དུ་དབང་བསྐུར་བའམ། བསྐོས་དགོས་ན། ངེས་པར་དུ་ཚད་དང་མཚན་ཉིད། དགུང་ལོ་ཆེ་ཆུང་། མཁས་གྲུབ་བཟང་གསུམ། བཤད་སྒྲུབ་ལས་གསུམ། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཡོད་མེད་ལ་བརྟགས་དགོས་པ་དེ་ནི་ཁ་ཚ་དགོས་གཏུག་རེད། དེ་ལྟར་མ་བྱུང་ཕྱིན་དེང་སང་མི་རྒོད་འདི་ཚོ་ལ་ཤ་ཚ་དང་། སྙིང་རྗེ། ཁྲེལ་དང་ངོ་ཚ་ནི་མི་འདུག ངས་བྱེད་དང་། ངས་འཇོན་ཞེས་ཧམ་ཐོབ་རྒྱག་པ་ལས། རང་ལ་དབང་བ་དང་། རང་ཉིད་ལ་མཚན་ཉིད་ཚང་མི་ཚང་ལྟ་མཁན་ཁག་པོ་རེད།
གཞན་ཞིག་ནི་མ་འོངས་པར་བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་དེ་སུས་བྱ་ཐུབ་མིན་དེ་རེད། འདིའི་ཐད་ངས་སྔར་ཡང་འགའ་ཞིག་བྲིས་པ་ཡིན། གོང་ས་མཆོག་གིས་ཀྱང་ཏ་ལེ་བླ་མའི་གོ་ས་དེ་ཡེ་ཤུའི་བླ་ཆེན་ནམ། དགེ་ལྡན་ཁྲི་པ་ནང་བཞིན་བསླབ་པ་རྒན་གཞོན་གྱིས་འཛིན་ནུས་པ་ཞིག་འབྱུང་ན་བསྙམ་པ་ནི། ཐུགས་རེ་ཉག་གཅིག་ཡིན་པར་སེམས། དེ་ཕྱིར་ད་ལེ་བླ་མ་ཞེས་པའི་མཚན་ནི་རྒྱ་ནག་གོང་མའམ་སོག་པོའི་སྐད་བརྡ་ཞིག་ཡིན་པར་ཐོས། སྔོན་ནས་ད་བར་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་ལས། འགྲོ་དོན་ཆེ་ཤོས་དང་། མཚན་སྙན་གྲགས་ཆེ་ཤོས་སྐུ་ཕྲེང་བཅུ་པ་ཁོང་ཆགས་པ་རེད། དེ་ཕྱིར་མ་འོངས་པར་བོད་ཀྱི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཞིག་དབང་བསྐུར་ན། ཁོང་གི་མཚན་ཐོག་ནས་དབང་བསྐུར་ན་བསྟན་པ་རྒྱས་པ་དང་། གཞན་དོན་བྱ་བ་ལ་ཕན་ཐོགས་ཡོད་དམ་མེད། གལ་སྲིད་མེད་ན་བོད་རང་གི་བརྡ་དང་ཐ་སྙད་ལ་བརྟེན་པའི་རྒྱལ་བ་རིན་པོ་ཆེའམ། ཡང་ན་དེ་ལས་གཞན་ཞིག་གྲ་བསྒྲིག་དགོས་སམ་མི་དགོས། གལ་སྲིད་བསླབ་པའི་གོ་རིམ་བཞིན་རྒྱལ་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ཅིག་འདེམས་དགོས་པའི་དབང་དུ་བཏང་ན། ཆོས་བརྒྱུད་སོ་སོ་ནས་བསླབ་པ་རྒན་གཞོན། ཤེས་ཡོན་ཆེ་ཆུང་ལ་གཞིགས་ཏེ་ཕེབས་དགོས་དུས་རྩ་ནས། ད་ལྟ་ནས་ཆོས་བརྒྱུད་ཚང་མའི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་དགེ་འདུན་སྡེ་གང་རུང་དུ་ངེས་ཤིང་། སོ་ཐར་གྱི་སྡོམ་པ་གཙང་བ། བྱང་སེམས་ཀྱི་བསླབ་བྱ་གཙང་བ། གསང་སྔགས་ཀྱི་དམ་ཚིག་གཙང་བ་སྟེ། གཙང་བ་གསུམ་པོ་གང་རུང་ལྡན་པའི་སྟེང་ནས་ལུང་གི་ཆོས་ཀྱི་མགྲིན་པ་མཛེས་ཤིང་། རྟོགས་པའི་ཆོས་ཀྱིས་ཐུགས་རྒྱུད་ཕྱུག་པའི་བསྟན་པའི་དབུ་འཛིན་རེ་ཕེབས་སོང་ན། སྤྱིར་ནང་བསྟན་རྗེས་འཇུག་པ་ཡོངས་ཀྱི་བསོད་ནམས་དང་། དགོས་བོད་གངས་ཅན་པའི་ནང་པ་ཚོའི་ལས་དབང་། ཁྱད་པར་དུ་ཡང་ཆོས་བརྒྱུད་རང་རང་གི་ཁྱད་ཆོས་སུ་ངེས་པས་འབྱུང་འགྱུར་གྱི་བྱ་བའི་བརྒྱུད་རིམ་དག་ལ་ད་ལྟ་ནས་བསམ་བློ་གཏོང་དགོས་པ། དཔེར་ན་ངས་བཤད་བཞིན་ཕུང་གསུམ་པའི་སྐོར་ལྟ་བུ་རེད། ཕུང་གསུམ་ཆེ་ཆུང་བར་གསུམ་ལ་ཚོད་འཛིན་དང་། དག་ཐེར་ཞིག་མེད་རྒྱུ་ན་བསྟན་པའི་སྲོག་འཆོར་ངེས་རེད། དེའི་ནང་ནས་ཀྱང་ཆོས་བརྒྱུད་བྱེ་བྲག་འགའ་ཞིག་ལ་གོད་ཆག་བྱུང་སོང་ན། རིམ་གྱིས་བསྟན་པ་ཡོངས་ལ་གོད་ཆག་ཡོངས་ངེས་པས། ཆུ་མ་ཡོངས་གོང་རགས་དང་། རླུང་མ་ཡོང་གོང་ནས་ར་བ་བརྟན་པོ་བཟོ་དགོས་པ་བཞིན། ད་ལྟ་བསྲུང་རྒྱུ་ཞིག་དང་། ཡར་རྒྱས་གཏོང་རྒྱུ་ཞིག་ལྷག་ཡོད་དུས་འདིར་ཚང་མས་གཟབ་དགོས་པར་སེམས་སོ། །

སྣ་ཚོགས།

Post navigation

Previous Post: ཁ་ཁོག་གཉིས་ཀྱི་གཏུག་བཤེར།
Next Post: དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།

Comments (47) on “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།”

  1. ཨ་རིག་དགེ་མཐོང་གིས། says:
    2012-10-19 at 1:57 am

    སྤྲུལ་བའི་སྐུ་ལོ་ཁྱེད་ལ་ཁམས་འདྲི་ཞུ། བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་རེ་གནང་བ་དེས་ཀྱང་ཁ་བའི་བདེ་སྡུག་ཐུགས་ལ་བཅངས་པ་ཚོར་བས་དགའ་ཡོད།

  2. པདྨ says:
    2012-10-19 at 2:04 am

    ཨ་ཙི། ཨོ་དོམ། ད་ཡིན་ན་ད་ལེས་བླ་མའི་མཚན་བརྗེ་དགོས་བཤད་ཀི་ཡོད་དམ། ཡང་ན་ཕུང་གསུམ་རེད་བཤད་ཀི་ཡོད།

  3. མཁར་རྔ། says:
    2012-10-19 at 2:17 am

    ཆོས་མེད་ན་ཡག་ཤོས་རེད་བོད་མི་ཚང་མིའི་ཚན་རིག་དང་ཆབ་སྲིད་ལ་རིམ་བཞིན་ངང་གིས་དོན་སྣང་བྱེད་ཡོང་གིས་རེད། ད་བར་དུ་ཆོས་ཀྱི་བཀག་སྡོམ་བྱེས་ཡོད་པ་ལས་ཚན་རིག་དང་ཆབ་སྲིད་དངོས་ཡོད་གནས་ཚུལ་སོགས་ལ་སློབ་སྦྱོང་སྤྲོད་མྱོང་མེད། དེར་བརྟེན་ད་ལྟ་ང་ཚོ་བོད་པ་ཚང་འཛམ་གླིང་གིས་མིག་སྔར་རྗེས་ལུས་ཐེབ་ཡོད་པ་མིག་མཐོང་ལག་ཟིན་རེད། ཆོས་དང་བླ་མ་ཚོའི་བོད་པ་ཚང་ལ་སྤྲད་ཡོད་པའི་གྱོང་གུད། མི་རིགས་གྱོང་གུད། དཔལ་འབྱོར་གྱོང་གུད། རིག་གནས་གྱོང་གུད། ཚན་རིག་གྱོང་གུད། ལག་རྩལ་གྱོང་གུད། དམག་དོན་གྱོང་གུད། ཆབ་སྲིད་གྱོང་གུད། ལོ་རིམ་གྱོང་གུད། ཆུ་ཚོད་གྱོང་གུད། ལ་རྒྱའི་གྱོང་གུད། མཐུན་སྒྲིལ་གྱོང་གུད། རྗེས་ལུས་གྱོང་གུད། མདོར་ན་བོད་འབངས་རྣམས་ད་སྐབས་སྡུག་ལ་སྦྱོར་ཡོད་པ་སོགས་གྱོང་གུད་གྲངས་ལས་འདས། ད་དུང་བོད་མི་རིགས་འདི་ཤི་མ་གསོན་ཀྱི་མཚམས་སུ་སླེབས་ཡོད་ཀྱང་ཆོས་དང་བླ་མ་གཙོ་བོ་བཟུང་ལྡད་ན་ནོར་འཁྲུལ་ཞིག་རེད། ཕར་འཛམ་གླིང་ལ་ལྟོས་དང་ང་ཚོ་བོད་མིའི་བྱེད་སྟངས་རེད་ན་མ་རེད། རང་བཙན་ཅན་དང་སྔོན་ཐོན་རྒྱལ་ཁབ་དེ་ཚོའི་གང་འདྲ་བྱས་ནས་སྔོན་་དུ་ཐོན་པ་རེད། ནང་ལ་མ་ལྟ་ཕྱི་ལ་ལྟོས། ང་ཚོ་ད་དུང་རྗེས་ལུས་དང་བག་འཁུམས་དཀའ་སྡུག་གྲངས་མེད་གིས་འོག་ཏུ་གནས་འདོད་ཡོད་དམ། མི་ཆོས་བླ་མའི་རྫུན་ཀྱིས་གཞན་མགོ་སྐོར། ཤི་གསོན་ཐམས་ཅད་བསླུ་ནས་འཇིག་རྟེན་སྒྲུབ།

  4. མེ་ཏོག་དཀར་པོ། says:
    2012-10-19 at 2:45 am

    སྤྲང་པོའི་གཡང་འགུག་འདི་ལ་ཡིད་ཆེས་མེད་དོ།།

  5. གནམ says:
    2012-10-19 at 2:51 am

    སྤྲུལ་སྐུས་སྤྲུལ་སྐུའི་མཛད་པ་མ་འགྱན་ན།
    སྤྲུལ་སྐུ་གཞན་པ་སྤྲུལ་རྫུན་ཡིན་རབས་བཤད།
    ཚོང་བས་ཚོང་བ་གཞན་ལ་མ་འགྱན་ན།
    ཚོང་བ་དེ་རྣམས་ཁྲམ་པ་ཡིན་རབས་ལབ།།
    ཆོས་བས་ཆོས་བ་འགའ་ལ་མ་འགྱན་ན།
    ཆོས་བ་གཞན་རྣམས་ལྟ་ལོག་ཡིན་རབས་གསུངས།།
    ཕྲག་དོག་སྒྱུ་མ་འགྱན་པའི་འཇིགས་རྟེན་ན།
    ཁྲམ་ཤིང་དཀྲུག་ཤིང་འདི་ཚོ་སྲོག་ཤིང་མིན།

  6. དབང་རྡོར་ says:
    2012-10-19 at 2:55 am

    སྤྲུལ་ལོག་སྤྲུལ་སྐུའི་ཐོ་བ་རེད གྲྭ་ལོག་གྲྭ་བའི་ཐོ་བ་རེད་ ད་དངོས་གནས་འཁོར་བ་ལ་སྙིང་པོ་མེད་པ་དེ་ཨོ་ཉི་ནས་ཤེས་་པ་འདྲ་

  7. ཀརྡོ་གཉེར་ཕྱག་པ་ says:
    2012-10-19 at 3:03 am

    ་་་་་ བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཞིག་གང་ཟག་རང་ངོས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་འདྲ་བྱུང་ན་དམིགས་བསལ་རེད།
    དེ་མིན་ཁྲིམས་དང་། བསྒྲིགས་ཁྲིམས་ཤིག་ལ་གཞི་བཅོལ་ནས་བསྟན་པའི་དབུ་འཛིན་དུ་དབང་བསྐུར་བའམ། བསྐོས་དགོས་ན།
    ངེས་པར་དུ་ཚད་དང་མཚན་ཉིད། དགུང་ལོ་ཆེ་ཆུང་། མཁས་གྲུབ་བཟང་གསུམ། བཤད་སྒྲུབ་ལས་གསུམ། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཡོད་མེད་ལ་བརྟགས་དགོས་པ་དེ་ནི་ཁ་ཚ་དགོས་གཏུག་རེད། ་་་་་ཟེར།

  8. གནམ says:
    2012-10-19 at 3:08 am

    མཁར་རྔ་ཁྱོ་རང་ནོར་བ་རེད།
    འཛམ་གླིང་ཆོས་ལུགས་དག་གིས་བསྒྱུར་ནས་ཡོད།
    ཆོས་ལུགས་ཅི་ཙམ་དར་རྒྱ་ཆེ་ཙམ་གྱིས།།
    རྒྱལ་ཁབས་དེ་ཙམ་སྟོབས་ཤུགས་ལྡན་པ་ཡིན།
    མི་བདེན་བསམ་ན་གཡས་ལྟ་གཡོན་ལྟ་བྱོས།

    མ་རིག་མྱིག་རྡོག་བཙུམས་ནས་གང་དུ་བསྡད།
    མ་ཤེས་ཁ་ཕོ་འཐེན་པ་གང་ནས་སྤྱང་།
    མ་འཇོན་ངན་ཁ་རང་གིས་རང་ལ་ཐོབས།།
    མ་རེད་མ་ཟེར་ཁྱོ་ལ་བསླབ་བྱ་ཡིན།

  9. ལེགས་བཤད། says:
    2012-10-19 at 3:46 am

    བོད་ལ་ཚན་རིག་མ་དར་བས་གྱོང་གུན་རེག་པ་རེད། ཆོས་ལུགས་དར་བས་ཁེ་སང་རེག་པ་རེད། ད་དུང་ཆོས་ལུགས་ཀྱི་མིང་ཐོག་ནས་ཁེ་སང་རེག་ཟིན་པ་དང་རེག་བཞིན་པ་རེད། ཆོས་དང་སྐད་ཡིག་ལུགས་སྲོལ་འདིས།།བོད་པའི་ངོ་བོར་རང་སོར་གནས།།ཚན་རིག་ལག་རྩལ་མ་དགའ་ནས།།རང་ཉིད་ཕོངས་ལ་སྦྱར་བ་ཡིན།།ཆོས་ཚན་ཟུང་དུ་འབྲེལ་བ་ཡི།།རྣམ་དཔྱོད་ཡངས་པའི་ཐང་ཆེན་དུ།།བདེ་སྐྱིད་གཡང་གི་ར་བ་ལ།།རྫོགས་ལྡན་དཔྱིད་ཀྱི་དཔལ་མོ་འཆར།།དཔལ་འབྱོར་ཡོད་ཀྱང་ཆོས་མེད་ན།།མི་ཡི་སེམས་ལ་གདོན་ཞུགས་ནས།།བཙན་པོས་སྙོམ་ཆུང་ཟ་བ་དང་།།འཇིག་རྟེན་བདེ་བ་ནམ་ཡང་མེད།།ཆོས་ལུགས་ཡོད་ཀྱང་སྲིད་མེད་ན།།རྒྱ་མཚོ་བསྐམས་པའི་ཉ་ཇི་བཞིན།།བདག་ཉིད་གནས་པར་དཀའ་བས་ན།།ཆོས་དང་སྲིད་གཉིས་གལ་ཆེའོ།།ཞེས་གྲུབ་ཆེན་ཀུ་ཀུ་རཛའི་སྤུན་ཆུང་ནས་གུས་པས་ཕུལ།

  10. མེ་ཏོག་དཀར་པོ། says:
    2012-10-19 at 4:21 am

    མ་འོངས་པའི་བོད་ལ། སྨན་ཁང་། སློབ་གྲྭ། དམག་སྒར། སྐོར་སྲུང་ཁང་། ཚོང་ལས་ཁང་། ཞིབ་འཇུག་ཁང་སོགས་ཚད་ལྡན་དགོས་པ་ལས། མི་མངས་ཤ་ཁྲག་རུས་གསུམ་ཟ་འཐུང་མུར་གསུམ་བྱེད་མཁན་སྤྲུལ་སྐུར་གྲགས་པ་དང་དེ་དང་འབྲེལ་བའི་ཚོང་ཁང་ངམ་དགོན་པ། གྲྭ་པ་འམ་ཚོང་རྫས། ཚོང་པའམ་བླ་མ་འདི་འདྲ་གཏན་ནས་མི་དགོས།
    ད་ལྟ་ཨོ་ཉིའི་བཤད་པའི་སེམས་ཁྲལ་ནི་ཁོ་རང་ལྟོ་གོས་འགག་ཡོང་ངམ་དྲན་པའི་སེམས་སྡུག་ཙམ་རེད།

  11. ཨོ་རྒྱན་ཉི་མ། says:
    2012-10-19 at 4:26 am

    མེ་ཏོག་དཀར་པོ་འདྲ་བའི་ཕུང་གསུམ་པ་ཚོ་རྩ་མེད་དུ་བཏང་ཐུབ་སོང་ན། བོད་ཀྱི་གཟི་བརྗིད་ངོམ་ཆོག་པར་མ་ཟད། མི་སྐྱས་ཚོང་ལས་དཔལ་འབྱོར་དང་། ཆབ་སྲིད། ཚན་རིག་སོགས་ཡོ་ལང་ལ་ལོངས་སུ་སྤྱོད་ཆོག་པ་དང་། དགེ་འདུན་སྡེ་གཉིས་ཀྱིས་ཕྱིའི་ཡོ་སྤྱད་ཀྱིས་མ་འདང་བ་དང་། མ་བསླེབ་པ། ནུས་པའི་འདི་ཕྱིའི་སྡུག་བསྔལ་སེལ་བའི་ཐབས་ལམ་བསྐྲུན་ཐུབ་ན་བོད་ཀྱི་གཟི་བརྗིད་གོང་མཐོར་གཏོང་ངེས་པ་ནི། སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་ལ་གཞིགས་ཏེ། འབྱུང་འགྱུར་དཔོག་ཐུབ་པ་རེད།

  12. མེ་ཏོག་དཀར་པོ། says:
    2012-10-19 at 4:41 am

    ཨོ་རྒྱན་ཉི་མ་ཟེར་བའི་དཀོར་བགབ་སྤྲུལ་གོག་ཡོད་ཀྱི་རིང་། བོད་མང་གཙོ་དང་སྤྱི་ཚོགས་རིང་ལུགས་ཡོངས་ཐབས་གཏན་ནས་མེད། ཅིའི་ཕྱིར་ན་སྤྲུལ་གོག་ཟེར་བ་གཅིག་སྡུད་ལམ་ལུགས་ཀྱི་མཚན་གཞི་བླ་ན་མེད་པ་ཡིན་པའི་ཕྱིར་རོ།།

  13. མེ་ཏོག་དཀར་པོ། says:
    2012-10-19 at 4:47 am

    ང་ལ་ཕུང་གསུམ་པ་ཟེར་མ་ཟེར་ཁྱོད་ཀྱི་འདོད་པ་ཡིན། ཡིན་ཐག་གཅོག་སྤྲུལ་སྐུའི་ལམ་ལུགས་ལ་ཁ་ཞེ་གཉིས་མེད་ཀྱི་མི་དགའ་བ་དང་དགག་པ་རྒྱག་མཁན་ཞིག་ཡིན། དེ་ལ་མི་དགའ་ནས་མེ་དཀར་ཕུང་གསུམ་པ་ཟེར་བ་མིན་ནམ་སྙམ་མོ།།

  14. ཨོ་རྒྱན་ཉི་མ། says:
    2012-10-19 at 5:30 am

    མཁར་རྔ་དང་། གནམ་གཉིས་བསྒུགས་ཤིག སྐད་ཆ་གཞུག་ནས་ཡོད། དེ་གཉིས་དེ་འདྲའི་ལྐུགས་པ་ལ།

  15. མཁར་རྔ། says:
    2012-10-19 at 5:43 am

    སྤྱིར་ངའི་འདི་ལྟར་བཤད་དགོས་པ་དེ་ཡང་མི་ང་རང་གིས་སྒེར་དོན་ཞིག་གིས་ཆེད་རྩ་བ་ཉིད་ནས་མིན།
    ང་ཚོ་བོད་པ་ཚང་འདི་འདྲའི་ཉག་ཕྲ་བའི་དུས་ཞིག་ལ་སླེབས་ཚར་འདུག། ད་དུང་བསམ་བློ་ནང་ལ་ཆོས་དང་བླ་མ་མ་རྟགས་མི་དགོས་ན་མ་འོངས་པ་ན་བོད་ཞེས་པ་མིང་གི་ལྷག་མ་ཙམ་དུ་འགྱུར་ངེས།

    གནམ་ནས་ཟེར།
    འཛམ་གླིང་ཆོས་ལུགས་དག་གིས་བསྒྱུར་ནས་ཡོད།
    ཆོས་ལུགས་ཅི་ཙམ་དར་རྒྱ་ཆེ་ཙམ་གྱིས།།
    རྒྱལ་ཁབས་དེ་ཙམ་སྟོབས་ཤུགས་ལྡན་པ་ཡིན།
    མི་བདེན་བསམ་ན་གཡས་ལྟ་གཡོན་ལྟ་བྱོས།
    ཆོས་ཀྱིས་རྒྱལ་ཁབ་བོད་པའི་རང་བཙན་ཤོར།

    མཁར་རྔ་ནས
    མི་རིགས་དང་སྐད་ཡིག་དར་བ་དེ་ཙམ་གྱིས།
    རྒྱལ་ཁབ་དེ་ཙམ་གྱིས་སྟོབས་ཤུགས་ལྡན་པ་ཡིན།
    ཆོས་ལུགས་ཅི་ཙམ་དར་ན་རྒྱལ་ཁབ་དེ་ཙམ་རྗེས་སུ་ལུས།
    ཆོས་ཀྱིས་སྙིང་པོ་བདག་མེད་པ་སྲིད་ཀྱིས་སྙིང་པོ་བདག་འཛིན་པ།

    གནམ་ཁྱེད་ཀྱིས་ང་ལ་ནོར་འདུག་ཞེས་ཐག་བཅད་ཡོད་པ་དེ་དང།
    ང་ལ་ཆོས་ཀྱིས་བསླབ་བྱ་ཨུ་ཚུགས་བྱེད་པ་ལས་རང་ཉིད་གཉིད་ལས་ལོང།
    རྒྱལ་ཁབས་ཅེས་ཡིག་ནོར་ཡོད་པ་སོགས་ལ་བལྟས་ན་ད་ཧ་གོ་སོང།
    གནམ་ནས་བལྟས་ན་མཁར་རྔ་སྡུག་མཁར་རྔའི་བལྟས་ན་གནམ་སྡུག།

    གང་ཟག་གི་ཚོད་གང་ཟག་གིས་བཟུང་བ་མ་ཡིན་ནོ་ཞེས་པའི་གསུང་ལ་མངོན་པར་བསྟོད་དོ།

  16. མེ་ཏོག་དཀར་པོ། says:
    2012-10-19 at 6:43 am

    གོང་གི་མཆན་ ༡༡ པའི་ནོར་བཅོས།
    ཨོ་རྒྱན་ཉི་མ་འདྲ་བའི་དཀོར་བགམ་སྤྲུལ་གོག་ཡོད་ཀྱི་རིང་། བོད་མང་གཙོ་དང་སྤྱི་ཚོགས་རིང་ལུགས་ཡང་དག་པ་ཞིག་ཏུ་ཡོངས་ཐབས་གཏན་ནས་མེད། ཅིའི་ཕྱིར་ན་སྤྲུལ་གོག་ཟེར་བ་ནི་གཅིག་སྡུད་ལམ་ལུགས་ཀྱི་མཚན་གཞི་བླ་ན་མེད་པ་ཡིན་པའི་ཕྱིར་རོ།།

  17. མེ་ཏོག་དཀར་པོ། says:
    2012-10-19 at 6:56 am

    ཚེ་རབས་བཅུ་ལ་སྦྱངས་པ་ཡི། །
    ཀ་ཁ་བརྗེད་ལ་ཕྱག་འཚལ་ལོ། །
    ཕོར་གོག་ནག་བྲེད་མཐོང་མ་ཐག །
    དགྱེས་བཞིན་མཁྱེན་ལ་མཆོད་པ་འབུལ། །
    འབྲི་ཀློག་ཤེས་བྱ་སྦྱངས་པའི་སྐབས། །
    ཀུན་གྱིས་རྗེས་སུ་ལུས་ལ་བཤགས། །
    མཁས་པ་བརྒྱ་ཡི་གྲལ་གྱི་མགོར། །
    བག་ཚ་མེད་པར་བཞུགས་ཡི་རངས། །
    རང་ལྟོས་གྲྭ་བཙུན་ཉམ་ཆུང་རྣམས། །
    འདི་ཕྱི་གཉིས་ཕུང་བྱེད་པར་བསྐུལ། །
    རང་ལ་མི་དགོས་གཅིག་ཀྱང་མེད། །
    གཞན་ལ་ཆོག་ཤེས་གསུང་དུ་གསོལ། །
    དེ་ལྟར་ཟླ་མེད་རྣམ་དཀར་དེ། །
    ཁོ་རང་སྟེང་དུ་སྨིན་པར་བསྔོ། །

  18. གནམ says:
    2012-10-19 at 6:59 am

    ཡིག་ནོར་མེད་ནིའི་ཡིག་གེ་འབྲི་མ་ཤེས།
    ཀློག་དོན་གོ་བ་ཙམ་ཞིག་ཡོད་པ་ཡིན།
    དྲན་ཤེས་བརྟན་པོ་མེད་པས་ནོར་འཕྱུག་མང་།།
    སྤྱིར་ན་ཡོན་ཏན་མི་འཛོམས་རྣམ་དཔྱོད་མེད།

    ཕ་མེས་ཡང་མེས་གདོང་དམར་དཔའ་རྒོད་ཚོ།།
    ཁྱོད་དང་ང་འདྲས་འཕྱས་ན་མཛའ་ལེ་མེད།
    རྡོག་རྩ་སྡུད་མགོ་མེད་པར་ཤོར་བ་ལས།།
    སྡར་མ་ཆོས་ལ་ཕྱོགས་ནས་ཤོར་བ་མིན།

    དཔའ་བོ་འཆི་ཐུབ་སྒང་བ་བོད་ལ་ཡོད།
    སྐྱེ་ཆེན་དམ་པ་མདོ་དབུས་ཁམས་ན་ཡོད།
    ཀློག་ནི་མི་ཚར་བོད་དཔེ་རྩིག་རྒྱུ་ཡོད།
    སྔ་རབས་ལོ་རྒྱུས་གཞན་ལས་ལྷོག་པ་ཡོད།

    གཟའ་སྐར་ཉེར་བརྒྱད་འདོད་པའི་དཔྱོད་ལྡན་ཡོད།
    ནད་རིགས་བཞི་རྒྱ་རྩ་བཞིའི་ཕྱག་ལེན་ཡོད།
    འགྲོ་ལ་མ་གཅིག་བརྩེ་བའི་བྱང་སེམས་ཡོད།
    ཡིག་རིགས་སྐད་རིགས་རིག་པའི་གཏེར་མཛོད་ཡོད།

    ཡོད་ཡོད་གླེང་ན་གླེང་དུ་མི་ཚར་བས།།
    མཁར་རྔ་མེད་ཁ་མུག་གི་ཁ་ནང་ལ།།
    གཡག་ཤ་ཚོན་པོ་ཞིག་གིས་བཅད་ན་ནི།
    ཡིད་ཀྱིས་མ་ཎི་རེ་གཉིས་སྒྲང་རོགས་མཛོད།

  19. མཁར་རྔ། says:
    2012-10-19 at 7:01 am

    ཆོས་ཀྱིས་རང་བཙན་ཤོར་དུ་མ་བཅུག་ན་སྐད་དང་ཡི་གེ་རིག་གནས་མི་རིགས་གྱི་ངོ་བོ་སོགས་ད་ལྟ་བོད་ཁམས་ཡོང་སུ་ཁྱབ་ཡོད་པ་མ་ཟད་ཉེན་ཁའི་གནས་སུ་ག་ལ་ཡོད། བོད་ལ་ཆོས་མ་དར་ན་བོད་རང་བཙན་ཤོར་མེད་པ་ཕྱོགས་གང་ཐད་ནས་མཐོང་ཐུབ། ཆོས་མེད་པའི་མི་སུ་ཞིག་ལ་སེམས་སུ་གདོན་ཞུགས་འདུག། སུ་ཞིག་སྨྱོས་འདུག། ད་དུང་ཆོས་ལུགས་མེད་པའི་མི་རྣམས་ལ་ཤེས་ཡོན་ཅན་དང་དྲངས་བདེན་ཡོད་པ་སེམས་བཟང་རྒྱུད་འཇམ་སོགས་མང་པོ་མཐོང་བྱུང། ཆོས་ལུགས་པ་ཚོའི་ནང་ཁུལ་ལ་ཕྱོགས་རིས་ཐེན་ཁྱེར་ཕྲག་དོག་ཆགས་སྡང་བྱེད་པ་ཡོད་པ་ཤེས། ཆོས་ལུགས་པ་ཚོ་ཁེ་སང་རེག་པ་རེད་ཟེར་བ་དེས་ད་ལྟ་ང་ཚོ་སྐྱབས་བཅོལ་ལ་ཡོང་དགོས་པ་དེ་ཁེ་སང་རེད་ཟེར།
    ད་ངོ་མ་དཀའ་ཡོང་གི་འབྲི་འདོད་མེད་གི། རང་སེམས་སྐྱིད་པོ་བྱེད་གི་ཡིན། ད་རྨོངས་དད་པ་ཚོ་བཅོས་དཀའ་རྒྱུ་རེད་ཡ།

  20. མེ་ཏོག་དཀར་པོ། says:
    2012-10-19 at 7:32 am

    ༩༥༽ དོལ་སྨྱོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༢༣
    ཀ་ཁ་ག་ང་ངོ་མི་ཤེས།།
    བཀའ་འགྱུར་བསྟན་འགྱུར་ཤ་ར་ཤ་ར།།
    རྒྱུད་ལུང་མན་ངག་དོན་མ་རྟོགས།།
    བུམ་ཆུ་ཁྲུས་ཆུ་ན་ར་ར། །ཞེས་པའི་ཁ་སྐོང་དུ།
    གསོ་སྦྱོང་དབྱར་གནས་གོ་མ་མྱོང་། །
    ཆོས་གོས་སྣམ་སྦྱར་སེར་རི་རི། །
    རང་དོན་ཁོ་ན་ཁོག་ཏུ་བཅུག །
    སྲོལ་གཉིས་ཆོ་ག་ལྷང་སེ་ལྷང་། །
    བསྐྱེད་རིམ་རྫོགས་རིམ་ཁ་ཏོན་ཙམ། །
    མནན་སྲེག་འཕང་གསུམ་མེར་རེ་རེ། །
    ཁབ་སྐུད་ཡན་ཆད་བདག་ཏུ་འཛིན། །
    ཆོག་ཤེས་ཁ་ཤོམ་ཝང་སེ་སང་། །
    ཕུང་པོ་གསུམ་པའི་ཁོངས་གཏོགས་ཀྱང་། །
    ཕུང་གསུམ་རྒོལ་བ་ཏ་ར་ར། །

  21. མེ་ཏོག་དཀར་པོ། says:
    2012-10-19 at 1:27 pm

    ཧམ་པ་ཚ་བ་ལ་ལྟོས་དང་། “བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་དེ་སུས་བྱ་ཐུབ་མིན་དེ་རེད།” ཟེར། དེ་ནི། རང་མགོ་མ་ཐོན་རོ་མགོར་ཅ་ཅོ་སྒྲོགས། །ཞེས་པ་དང་ཅིས་མི་འདྲ།

  22. ཨོ་རྒྱན་ཉི་མ། says:
    2012-10-19 at 3:12 pm

    རང་མགོ་ཐོན་མི་ཐོན་ཟེར་དུས་ཚང་མ་ལ་ཁག་པོ་རེད། རང་གི་འགན་ཡིན་མིན་ལྟ་རྒྱུ་དེ་རེད

  23. ཨུ༌རྒྱན༌རིག༌འཛིན། says:
    2012-10-19 at 4:32 pm

    ད་ཁྱོད་འཁྲུལ་འགྲོ་ཡི་འདུག བླ་མའི་སྲིད་དབང་སྒེར་འཛིན་མཇུག་རྫོགས་ཚར་བ་རེད། ཤི་ཚར་ནས་ལོངས་ཡོང་ཡ་ཡོད་མ་རེད། གལ་སྲིད་ལོངས་ཡོང་ན་གདུང་འདྲེ་རེད། མི་མང་ནས་འོས་འདེམས་བྱས་པའི་ལྷག་ཙམ་གྱི་བོད་སྲིད་སྐྱོང་མཁན་ཞིག་ག་ན་ཡོད། ང་ཚོ་རང་བཙན་ཤོར་ཡ་གཙོ་བོ་བླ་མ་དེ་ཚོས་སྲིད་དབང་སྒེར་འཛིན་བྱས། དགོས་པའི་ཆབ་སྲིད་མ་སྐྱོང་མི་དགོས་པའི་ཆོས་ལུགས་འཐེན་འཁྱེར་དང་། ལོ་རྒྱུས་ལ་འཁྱོག་བཤད་། དེང་རབས་ཡར་ཐོན་ལ་བཀག་འགོག མི་དམངས་ལ་མགོ་སྐོར་ཁོ་ན་བྱས་བསྡད་ནས་རང་བཙན་ཤོར་བ་རེད། བྱ་ངན་ཁ་ཏའི་ཁ་ནས་སྐད་ངན་མ་གཏོགས་ཅི་ཡང་མི་འདུག་་ཧཧཧཧཧཧཧ

  24. ཨོ་རྒྱན་ཉི་མ། says:
    2012-10-19 at 4:55 pm

    སྐུ་ཕྲེང་བཅུ་བཞི་པ་་་་་་་་་་་་་་་་་་་་ཆད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཀླད་སྟོང་ཨུ་རྒྱན་རིག་འཛིན། སྙིང་མེད་མཁར་རྔའི་མིང་ཅན།

  25. ཨུ༌རྒྱན༌རིག༌འཛིན། says:
    2012-10-19 at 5:39 pm

    སྔོན་ལོ་རྒྱུས་ལ་ལྟོས་དང་རྒྱལ་དབང་་་༡༣་་པས་དེངས་རབ་རྗེས་དཔྱོད་ཀྱི་ཚ་རིགས་ནང་འདྲེན་དང། འཛམ་གླིང་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ། དེང་དུས་ཀྱི་སློབ་སྦྱོང། མང་གཙོའི་ལམ་ལུགས། དམག་དོན་རྒྱ་སྐྱེད་སོགས་མགོ་འཛུག་གནང་དུས། ཆོས་ལུགས་པ་དག་གི་སྒོང་ལུ་ནི་སངས་རྒྱས་ཀྱི་དབུ་ཡིན་པས་དེ་ལ་རྡོག་ཐོ་ཞུ་ནས་བརྩེ་མི་རུང་བ། ཕྱི་རྒྱལ་ལ་སློབ་གྲ་འགྲོ་མི་རུང་བ་ཁོ་ཚོ་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངས་མ་ཡིན་པ། དམག་དོན་རྒྱ་སྐྱེད་བཏང་ན་ཕྱིན་སུ་དགོན་སྡེ་ཁག་ལ་གནོད་པ་འབྱུང་ཡོང་ཚུལ་སོགས་བཤད་ནས་རྒྱལ་དབང་་་༡༣་པ་ལ་དུག་དྲངས་ནས་བསད། ཁོང་གི་ཕྱི་རྒྱལ་ཁག་ལ་སློབ་གྲ་གཏོང་བ་
    རྣམས་ལ་ལ་སྐེ་བཅད་། ལ་ལ་རྒྱང་འབུད་གཏོང། ཚེ་བརྟན་རྗོ་རྗེ་མིག་བྲུས་ནས་འདྲེ་བདུད་ཡིན་ཚུལ་བཤད། རྒྱང་འབུད་གཏོང་བའི་མི་དག་གི་རྒྱ་གར་ལ་བོད་རང་བཙན་གཙང་མ་ཡིན་པའི་ཁྱབ་སྒྲགས་ཀྱི་ཚོགས་པ་གསར་འཛུགས་བྱས་པ་དེ་ལ་ཨ་མདོ་དགེ་ཆོས་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཐོག་མར་བཙོན་འཇུག་བྱས། ཆོས་ལུགས་པ་དེ་ཚོས་བྱ་ངན་ལ་བཤད་ན་བཤད་ཚར་ཡ་མེད། ད་ཨོ་ཉི་ཁྱོད་ཀྱི་སེམས་ལ་འདྲེ་མ་ཞུགས།

  26. པདྨ་འཕྲིན་ལས་། says:
    2012-10-19 at 9:38 pm

    སྤྲུལ་སྐུ་ཚོའི་གཟབ་གཟབ་མ་བྱེད་ན་མ་འོངས་པ་ལ་མགོ་ན་མཁན་སྤྲུལ་སྐུ་དེ་ཚོ་རེད་མ་གཏོགས་མི་མང་མ་རེད། ཆོས་གསྲུང་སྐྱོབ་ཐུབ་ན་བོད་གནས་ཐུབ་མིན་དྲི་བ་རེད། དེ་སུ་ཅིག་གི་ལེན་རྒྱག་ཐུབ་གྱི་མ་རད། ཡིན་ནའང་བོད་གྱི་སྐད་ཡིག་གསྲུང་སྐྱོབ་ཐུབ་ན་མ་འོངས་པ་ལ་བོད་གནས་ཐུབ་གྱི་རེད།

  27. ཨུ༌རྒྱན༌རིག༌འཛིན། says:
    2012-10-19 at 10:09 pm

    སྔོན་གྲི་གུམ་བཙན་པོའི་དུས་སུ་བོན་སྣུབ་ན་ཡང་སྐད་ཡིག་སྣུབ་པའི་ལོ་རྒྱུས་མེད། ཨུ་དུམ་བཙན་པོས་ཆོས་སྣུབ་ན་ལས་སྐད་ཡིག་སྣུབ་མེད་། ཕྱིན་སུ་ མའོ་ཀྲུང་ཞིས་ཆོས་ལུགས་སྣུབ་ན་ཡང་སྐད་ཡིག་སྣུབ་
    མེད། བླ་སྤྲུལ་ཁ་ཤས་ཀྱི་ཆོས་ལུགས་མེད་ན་བོད་ཀྱི་སྐད་ཡིག་ཡང་མེད་པར་གྱུར་འགྲོ་བ་བཤད་ཀྱི་འདུག་། ཆོས་སྣུབ་ན་སྐད་ཡིག་སྣུབ་འགྲོ་བའི་ཆབ་པ་མེད། དེ་ནི་བླ་སྤྲུལ་མིང་འཛིན་པ་དག་གི་ལྟོ་གོས་བདེ་བླག་ཏུ་སྒྲུབ་པའི་ལམ་ཁ་ཡག་ཤོས་དེ་འགག་འགྲོ་བའི་སྡར་སྐད་ཞིག་ཡིན་གྱི་རེད།

  28. ཨུ༌རྒྱན༌རིག༌འཛིན། says:
    2012-10-19 at 10:27 pm

    སྤྲུལ་སྐུ་ཨོ་རྒྱན་མིང་ཅན་གྱི་ཁོས་གང་བཤད་པ་ཚང་མ་དོང་ལེན་དང་བདེན་པར་འཛིནདགོས་
    པ་བཤད་ཅིང། དེ་དོང་ལེན་མི་བྱེད་མཁན་ཀླད་སྟོང་དུ་འཛིན་མཁན་ལ་དཔྱད་ན་ཀླད་
    སྟོང་སུ་ཡིན་མིན་དེ་ནས་ལྟོགས་ཐུབ།

  29. མེ་ཏོག་དཀར་པོ། says:
    2012-10-19 at 10:29 pm

    རང་གིས་མ་འཇོན་པ་དེ་ཚང་མ་རྒྱས་འགེབ་ཏེ།
    “རང་མགོ་ཐོན་མི་ཐོན་ཟེར་དུས་ཚང་མ་ལ་ཁག་པོ་རེད།” ཟེར། རང་མགོ་མི་ཐོན་པ་དེ་སྤྲུལ་གོག་ཚོ་རེད། སྐྱག་པ་བཏང་དུས་རྐུབ་ཕྱིས་མཁན་ཞིག་ཀྱང་དགོས་ལ་ཁད་རེད། གཞན་ཚོ་དཔག་ཚོད་ཀྱིས་རང་མགོ་རང་ཐོན། རང་གིས་དཀའ་སྤྱད་ཀྱིས་སྒྲུབ་པའི་རྒྱུ་དངོས་ལ་ལོངས་སུ་སྤྱོད་སྡོད་ཡོད་རེད་པ། ཧ་ཧ་ཧ། དེ་ཡིན་དུས་ནམ་རྒྱུན་རང་ལྟོས་སློབ་མ་དད་ལྡན་འཁོས་ཆུང་དག་ལ་ཡས་རེད། མས་རེད། ཟེར་བ་ལྟ་བུ་སྣང་བ་དག་པའི་སྐད་ཆ་ཁ་བརྡའི་ནང་ཁས་ལེན་དཀའ་ཡོངས། དེས་ན་ཧ་ཅང་སྣང་བ་མཐོན་པོའི་སྐད་ཆ་མ གསུངས་ཨེ་གོ

  30. དོལ་སྨྱོན། says:
    2012-10-19 at 11:50 pm

    གྲོགས་མེ་དཀར་གྱིས་ཡན་ལག་བདུན་པ་མེ་འདྲ་བ་ཞིག་བྲིས་འདུག
    དེང་དུས་ཀྱིས་སྤྲུལ་སྐུ་ཚོས་ཉིན་ལན་གསུམ་དང་མཚན་ལན་གསུམ་ལ་ཁ་འདོན་བྱེད་དགོས་ངེས་རེད་ཤག

  31. ཀརྡོ་གཉེར་ཕྱག་པ་ says:
    2012-10-20 at 12:03 am

    རྒྱང་ལྟ།

    ལ་རྒྱས་བོད་ལ་རྒྱང་ལྟ་བྱས། །
    དམོད་པས་བོད་འགའ་སེམས་ཤུགས་ཆག །

    སྒྲོ་འདོགས་བསྐུར་འདེབས་མང་དྲགས་ན། །
    ཆོས་བརྒྱུད་ལྔ་དང་ཆོལ་གསུམ་འཁྲུགས། །

    ཁ་བརྡའི་རང་དབང་ཆེ་ན་ཡང་། །
    རང་དབང་འགའ་ཤས་བཙན་དབང་ཆགས། །

    ཤོད་རྒྱུ་མང་ན་ཕན་ལས་གནོད། །
    མ་བཤད་བསྡད་ནའང་དོན་མི་སྒྲུབ། །

    དེས་ན་རན་པོས་ཚིག་གིས་བསུས། །
    རིགས་ལམ་རྣོན་པོའི་མཚོན་ཆ་ཕྱོར། །

  32. ཀརྡོ་གཉེར་ཕྱག་པ་ says:
    2012-10-20 at 12:05 am

    རྒྱང་ལྟ་དགག་འདོད་བསམ་པ་མེད། །
    བྲིས་ཚད་ཁས་བླངས་བྱ་འདོད་མེད། །

  33. དོལ་སྨྱོན། says:
    2012-10-20 at 12:12 am

    སྔོན་གྱི་བླ་ཆེན་སྤྲུལ་ཆེན་དག་ལ་ནི་བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་མ་དེ་བཟང་ཡང་།
    དེང་གི་བླ་རྫུན་སྤྲུལ་རྫུན་དག་ལ་ནི་མེ་དཀར་གྱིས་བྲིས་པའི་ཡན་ལག་བདུན་མ་དེ་ཤིན་ཏུ་འཐད་དོ།།

  34. བློ་གྲགས། says:
    2012-10-20 at 12:44 am

    དོལ་སྨྱོན་ཟེར་བ་འདི་དོལ་རྒྱལ་ཚོགས་པའི་ཨ་ཕྲུག་རེད། ཁོ་ཁ་བརྡ་ནང་བཞན་ན་བོད་ལ་གནོད་པ་ལས་ཕན་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་སྲིད་དེ། དོལ་རྒྱལ་གྱི་ངོ་བོ་བྱ་བ་རྒྱུ་དང་བཅས་པ་ཡོངས་གྲགས་ཡིན་པས་སོ། །བ་མཇུག་དཀར་ལས་བེའུ་མཇུག་དཀར་ཡོང་བ་ཆོས་ཉིད་ཡིན། བོད་གངས་ཅན་ལྗོངས་ལ་དཀའ་ལས་ཆེ་ཤོས་འཕྲད་པའི་སྐབས་ལ་དོལ་རྒྱལ་དར་འདུག་པས་དེ་རང་ནས་བསམ་བློ་གཏོང་ནའང་ཡག་རྟགས་ག་ལ་ཡོད། གྲོགས་པོ་ཚོ་གཅིག་བཤད་དཱ། ཨ་རིར་ཡོད་པའི་དོལ་ཕྲུག་ལྐུགས་པ་འགས་རྒྱ་ནག་གི་རྒྱུག་ཁྱི་བྱེད་པ་གོ་སོང་ཡང་གསལ་པོ་མི་ཤེས་པས་དེའི་སྐོར་མཁྱེན་མཁན་ཡོད་ཚེ་གསུངས་རོགས།

  35. མེ་ཏོག་དཀར་པོ། says:
    2012-10-20 at 1:38 am

    བློ་གྲགས་ལགས། ང་ཡང་དོལ་རྒྱལ་ལ་དད་པ་ཡོད་མཁན་ཞིག་ཡིན།
    དགེ་ལྡན་བསྟན་ལ་བསྲེ་སླད་བྱེད་པ་ཡི། །
    བདག་ཉིད་ཆེ་དང་ཕལ་དང་དཔོན་ཆེན་སོགས། །
    ཐལ་བའི་རྡུལ་བཞིན་བརླག་པར་མཛད་པ་ཡི། །
    དགེ་ལྡན་བསྟན་པའི་དགྲ་ལྷ་ཁྱོད་ལ་བསྟོད། །ཅེས་ཉིན་རེར་ལན་མ་བརྒྱ་རེ་འདོན་གྱི་ཡོད།
    སུས་སུ་ལ་དད་དང་མ་དད་རང་དབང་རེད།
    ད་དུང་གོའུ་ཏམ་བུདྡྷ་དང་། god ཨ་ལ། སོགས་ལའང་དད་པ་ཧ་ཅང་གི་ཆེ།

  36. མེ་ཏོག་དཀར་པོ། says:
    2012-10-20 at 1:41 am

    རྒྱ་ནག་ལ་དགའ་བས་རྒྱ་ནག་གི་རྒྱུགས་ཁྱི་ཡིན་ན། བོད་ལ་དགའ་བས་བོད་ཀྱི་རྒྱུགས་ཁྱི་མིན་པའི་རྒྱུ་མཚན་ཡོད་དམ།
    གད་མོ་རྐུབ་ནས་ཤོར་བའི་སྐད་ཆ་ཤོད་སྟངས་ལ་ལྟོས་དང་།

  37. དོལ་སྨྱོན། says:
    2012-10-20 at 2:06 am

    ༣༤༽ བློ་གྲགས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ གི་ཆུ་ཚོད་ ༠ སྐར་མ་ ༤༤
    དོལ་སྨྱོན་ཟེར་བ་འདི་དོལ་རྒྱལ་ཚོགས་པའི་ཨ་ཕྲུག་རེད།
    ཁོ་ཁ་བརྡ་ནང་བཞན་ན་བོད་ལ་གནོད་པ་ལས་ཕན་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་སྲིད་དེ།
    དོལ་རྒྱལ་གྱི་ངོ་བོ་བྱ་བ་རྒྱུ་དང་བཅས་པ་ཡོངས་གྲགས་ཡིན་པས་སོ།་་་་་་ཟེར།

    ང་སུ་ཡིན་མིན་དང་ག་འདྲ་ཞིག་ཡིན་མིན་ངས་གསལ་པོ་ཤེས།
    ཁྱོད་ཀྱིས་ང་དོལ་རྒྱལ་ཚོགས་པའི་ཨམ་ཕྲུག་ཅིག་ཡིན་སྟངས་ཡིན་ལུགས་གསལ་པོར་ཤོད་དང་།
    དེ་ནས་ངས་བལྟས་ཆོག རྩེད་མོ་ཡིན་ན་དེར་ཟད་དེ་མིན་རྒྱུ་མཚན་དང་ཁུངས་ལུང་མེད་མེད་པའི་སྐད་རང་རེང།

  38. མེ་ཏོག་དཀར་པོ། says:
    2012-10-20 at 2:11 am

    དོལ་སྨྱོན་ལགས། ཁྱེད་དོལ་རྒྱལ་ཚོགས་པའི་ཨབ་ཕྲུག་མིན་པའི་དག་སྐྱེལ་གཏན་ནས་མི་དགོས། སྐྱག་ཕྲུག་ལང་ཤོར་འདི་ཚོའི་མདུན་ན་དོལ་རྒྱལ་པ་ཡིན་ཟེར་དགོས། དོལ་རྒྱལ་ལ་དད་ཟེར་དགོས། བྱེད་རྒྱུ་ཅི་འདུག་ལྟ་ཆོག་གི་རེད།

  39. ཨོ་རྒྱན་ཉི་མ། says:
    2012-10-20 at 2:30 am

    ང་ཚོས་ཆོས་པ་ཚོར་དཔལ་འབྱོར་ཆེན་པོ་མེད་ཀྱང་། འཚོ་བའི་ཆ་རྐྱེན་དམིགས་བསལ་ཞིག་མེད་རུང་། སེམས་ལ་ཡོད་པ་དེ་ཕན་སེམས་དང་། ལུས་ངག་གི་སྤྱོད་པ་དེ་ཕན་པའི་སྦྱོར་བ་སྟེ། སྣོད་བཅུད་སྲུང་བའི་འདུན་པ་དང་། བྱེད་ལས་དག་གིས་འཇིག་རྟེན་འདི་ཡུན་རིང་གནས་ཐུབ་པར་བྱེད་བཞིན་པ་རེད། ཚན་རིག་པ་ཚོས་ལྟར་སྣང་མཛེས་ཀྱང་མི་རིང་བར་སྣོད་དང་། བཅུད་ཀྱི་སེམས་ཅན་ཡོད་དོ་ཅོག་ལ་ཟས་གོས། གནས་མལ། འགྲིམས་འགྲུལ་བཟང་ཙམ་བསྐྲུན་བཞིན་པ་ལྟར་སྣང་ཡང་། དོན་ལ་ཡོད་ཚད་གས་ཆག་ཏུ་བཏང་ཟིན་པ་རེད།

  40. མེ་ཏོག་དཀར་པོ། says:
    2012-10-20 at 2:35 am

    ཧ་ཧ་ཧ་ཧ “སེམས་ལ་ཡོད་པ་དེ་ཕན་སེམས་དང་། ལུས་ངག་གི་སྤྱོད་པ་དེ་ཕན་པའི་སྦྱོར་བ་སྟེ” $ 5000 ཧཧཧཧ€}%*+¥£>~}{~>€£*#£’l

  41. མེ་ཏོག་དཀར་པོ། says:
    2012-10-20 at 4:06 am

    གོང་གི་ཚིགས་བཅད་དེ་བདག་ཉིད་ཆེན་པོ་ཕ་ཝང་ཁ་པའི་གསུང་བྱིན་ཅན་རེད། དེ་ལ་འགྲེལ་པ་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པ་དེབ་སེར་པོ་གསེར་འདྲ་བ་ཞིག་ཀྱང་ཡོད། དེ་རེ་རེ་ཀློག་ཡོང་དུས་སེམས་ལ་ངེས་འབྱུང་སྐྱོ་ཤས་ཝལ་ཝལ་སྐྱེ་འོང་བ་ཞིག་ཡོད།

  42. བློ་གྲགས། says:
    2012-10-20 at 5:19 am

    ལྟོས་དང་ངས་རེད་ཅེས་ལབ་མི་དགོས་པར་ཁོ་པ་ཚོས་རང་མདོག་སྟོན་སོང་ཨ། དོལ་འབྱུང་པོའི་ཚིག་ནག་དེ་ཚོའང་ཤར་ཤར་ངག་བསྐྱོར་བཏང་སོང་ང། ངས་དོལ་ཚོགས་ཀྱི་མི་རེད་ཅེས་ལབ་ཡིན་པ། ཏག་ཏག་རེད་འདུག་ཨ ། མེ་ཏོག་དཀར་པོ་ཅན་གྱི་རྒྱབ་ལྗོངས་ཀྱང་ང་ཚོས་ཤེས་སོང་། ངས་ང་ཚོ་ཟེར་བ་བོད་སྤྱི་ཤ་ཞེན་ཡོད་མཁན་ཚོར་ཟེར་གྱིན་ཡོད། དོལ་སྲི་འབྱུང་པོ་ནི་རྒྱ་འདྲེ་ཡིན་པ་༸གོང་ས་ཐམས་ཅད་མཁྱེན་པས་གསུངས་ཚར་བ་རེད། ༸གོང་ས་མཆོག་སྐྱབས་སུ་མཆི། ཁྱེད་མིན་ང་ཚོ་བོད་མི་མང་པོ་དོལ་དམ་སྲི་ཡིས་མགོ་བསྐོར་གཏོང་ངེས་རེད། ད་ནས་ང་ཚོས་ཚང་མ་ཤེས་པས་དམ་སྲི་ཁོ་ཡིས་མགོ་བསྐོར་མི་ཐུབ་བོ ། གོང་གི་མེ་དཀར་ཕ་བོང་ཁ་རྩ་ཆེ་མདོག་ལ། ཕ་བོང་ཁ་ནི་ཁ བཤད་དོན་ལ་མི་གནས་པའི་༸གོང་ས་བཅུ་གསུམ་པ་དབུ་བསྐོར་མཁན་རེད། ཁོ་པ་འབྲས་བུ་ག་རེ་སྨིན་སོང་། ཁོ་པའི་ཡང་སྲིད་དང་པོ་དགེ་བཤེས་གཏོང་ཁ་མའི་རྟགས་མཚན་ངན་པ་དང་བཅས་ཤི་བ་གདན་ས་གསུམ་ནས་ཤེས། དེའི་ཡང་སྲིད་དེ་སེ་ར་ལ་པག་ལ་རྐྱང་རྐྱང་འཁྲབ་ནས་དེང་སང་གོ་རྒྱུ་ཚོར་རྒྱུ་མེད། སྨྱོ་འཚུབ་འཚུབ་ཅིག་འདུག་ང་ཚོའ་རྟ་འགྲིན་ལྷ་ཁང་གི་བསྐང་གསོ་བ་རྙིང་པ་ཞིག་ནས་དངོས་སུ་འདྲིས་ནས་ཧ་གོ་རེད། ཁོ་པའི་བྱ་སྤྱོད་བཤད་དགོས་ན་ངོ་ཚ་ཡས་ཡོད་རེད། སེ་ར་ལ་བསྡད་དུས།

  43. མེ་ཏོག་དཀར་པོ། says:
    2012-10-20 at 5:26 am

    ཕ་བོང་ཁ་རྩ་མི་ཆེ་བའི་རྒྱུ་མཚན་གང་རེད། ཚང་མའི་ངོ་ལ་རྩ་ཆེ་བ་ནི་༧གོང་ས་མཆོག་ཀྱང་མིན་ལ། ཚང་མའི་ངོར་རྩ་མི་ཆེ་བ་ནི་མཛེ་སྨད་ཀྱང་མིན་པ་བློ་གྲགས་ཁྱོད་ཀྱིས་མི་ཤེས་སམ། རྒྱལ་ཆེན་མཁྱེན།

  44. མེ་ཏོག་དཀར་པོ། says:
    2012-10-20 at 5:33 am

    ལར་ནས་གོང་གི་ཚིག་དེ་དོལ་རྒྱལ་གྱི་འདོན་པ་ཡིན་པ་ཇི་ལྟར་ཤེས། ཧ་ཧ་ཧཧ་ཧ། མེ་ཕར་ལ་བུས། ཨ་ར་ཚུར་ལ་འཚིག ཧ་ཧཧ་

  45. ཨུ༌རྒྱན༌རིག༌འཛིན། says:
    2012-10-20 at 9:38 am

    བློ་གྲགས་ལགས་དེ་འདྲ་གསུང་ན་ཨེ་ཡོང། ཕ་བོང་ཁས་མཛད་པ་ཚང་མ་དོལ་རྒྱལ་དང་འབྲེལ་
    ཡོད་པ་ཤར་དག་ཡིན་ན། འཇིགས་བྱེད་དཔའ་གཅིག་ཕ་བོང་ཁ་པས་མཛད་པ་མ་རེད་བས་
    གོས་ས་མཆོག་གི་ཕལ་ཆེར་ལོ་རྟག་པར་དཔའ་གཅིག་གི་སྒྲུབ་པ་དང་དབང་གནང་བཞིན་འདུག་
    ཁྱོད་ཀྱི་དོལ་རྒྱལ་ཚོགས་པས་མི་སྣ་གཅིག་རེད་ལབ་ཀྱི་ཡིན་པས།

  46. ཆོས་འགྲུབ། says:
    2012-10-21 at 6:18 am

    དོལ་རྒྱལ་ལྷ་འདྲེ་སུ་ཡིན་མིན་དེ་གལ་ཆེན་པོ་གང་ཡང་མ་རེད། དེ་ལས་ཀྱང་བསྟེན་མི་བསྟེན་དེ་ཡང་གལ་ཆེན་པོ་མ་རེད། ད་ལྟའི་དུས་སུ་གལ་ཆེ་བ་དེ་ནང་ཁུལ་མཐུན་རྒྱུ་དེ་རེད། སྤྱིར་དོལ་རྒྱལ་སྐོར་གྱི་རྙོག་གྲ་དེ་དགེ་ལུགས་པའི་ནང་ཁུལ་རྙོག་གྲ་ཡིན་པ་ལས། བོད་སྤྱི་པའི་རྙོག་གྲ་ཞིག་གཏན་ནས་མ་རེད། དོལ་རྒྱལ་གྱིས་བོད་སྤྱི་ལ་ཕན་གནོད་གང་ཡང་ནུས་ཀྱི་མ་རེད་ལ། བོད་སྤྱི་པས་སྤང་དགོས་པ་དང་སྒྲུབ་དགོས་པ་གཉིས་ཀ་ཡང་མ་རེད། དེར་རྟེན་དོལ་རྒྱལ་དང་འབྲེལ་བའི་ལས་དོན་ཁག་ད་ནས་བོད་སྤྱི་དོན་ཡིན་མདོག་མདོག་མ་གནང་རོགས།

  47. མེ་ཏོག་དཀར་པོ། says:
    2012-10-21 at 7:00 am

    བོད་ནང་ཁུལ་མཐུན་རྒྱུ་ཡང་གལ་ཆེན་པོ་གང་ཡང་མ་རེད། འཛམ་གླིང་ཡོངས་རྫོངས་ནང་ཁུལ་མཐུན་པོ་དགོས་རེད། “”””ཡང་དེ་ལས་རྫིག་ཙམ་བཤད་ན། འཛམ་གླིང་གི་མིང་མང་ཡོངས་རྫོགས་མཐུན་རྒྱུ་གལ་ཆེན་པོ་གང་ཡང་མ་རེད། དེ་ལས་རིགས་དྲུག་གི་སེམས་ཅན་ཡོངས་རྫོགས་མཐུན་པོ་དང་། ཆིག་སྒྲིལ་དགོས་རེད། “”ཧ་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme