Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།

Posted on 2012-10-132012-10-13 By ཁ་བརྡ་ 18 Comments on ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།

འབའ་སྲས།

ཨ་ཕ་བོད་ཀྱི་སྐད་དང་ཡི་གེེར་དགའ།།
ཨ་མ་རྒྱ་གར་ཧིན་རྡིའི་སྐད་ལ་དགའ།།
བུ་ཕྲུག་ནུབ་ཕྱོགས་ཕྱི་རྒྱལ་སྐད་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་ཉོག་འཛིང་རེད།།

ཨ་ཕ་རོགས་འཐེན་ལ་གཞས་གླུ་ལ་དགའ།།
ཨ་མ་གེ་སར་རྒྱལ་བོའི་སྒྲུང་ལ་དགའ།།
བུ་ཕྲུག་དེང་རབས་གཞས་དང་ཞབས་བྲོར་དགའ།།
ཐ་དད་དགའ་ཕྱོགས་མང་ན་ཁོང་ཁྲོ་རེད།།

ཨ་ཕ་སྙན་ངག་འབྲི་དང་ཀློག་རྒྱུར་དགའ།།
ཨ་མ་རྒྱ་མིའི་གློག་བརྙན་ལྟ་རྒྱུར་དགའ།།
བུ་ཕྲུག་འགྲན་བསྡུར་རྐང་རྩེད་སྤོ་ལོར་དགའ།།
ཐ་དད་དགའ་ཕྱོགས་མང་ན་རྩོད་པ་རེད།།

ཨ་ཕ་ཕག་ཤ་འཐེན་ཐུག་ཉོག་ལ་དགའ།།
ཨ་མ་རྩམ་པ་ཆུར་བ་མར་ལ་དགའ།།
བུ་ཕྲུག་སྣུམ་མེད་སྐྱ་ཟས་རིགས་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་དཀའ་ངལ་རེད།།

ཨ་ཕ་ཁུག་སིམ་ཁྱིམ་དུ་འདུག་ལ་དགའ།།
ཨ་མ་ཕྱི་ལོག་འཁྱམ་འཁྱམ་འགྲོ་ལ་དགའ།།
བུ་ཕྲུག་གྲོགས་པོའི་ཁྱིམ་དུ་འདུག་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་བཟའ་འཁོན་རེད།།

ཨ་ཕ་རང་ཉིད་གཅིག་བུ་འདུག་ལ་དགའ།།
ཨ་མ་ནང་ལ་མགྲོན་པོ་མང་ན་དགའ།།
བུ་ཕྲུག་ཚོ་ཡང་རྩེད་རོགས་འབོད་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་འགྲོ་སོང་རེད།།

ཨ་ཕ་གྲོད་ཁོག་བརྒྱགས་ན་ཉལ་ལ་དགའ།།
ཨ་མ་མཚན་གང་གློག་བརྙན་ལྟ་ལ་དགའ།།
བུ་ཕྲུག་མི་ཉལ་ས་ལྡིང་གནམ་ལྡིང་དགའ།།
ཐ་དད་དགའ་ཕྱོགས་མང་ན་ཞེ་སྡང་རེད།།

ཁ་པར་དིར་སྒྲ་གྲགས་ན་བུ་ཕྲུག་དགའ།།
རྒྱ་སྒོའི་དྲིལ་སྒྲ་གྲགས་ན་ཨ་མ་དགའ།།
གྲགས་འགུལ་ཅི་ཡང་མེད་ན་ཨ་ཕ་དགའ།།
ཐ་ཐད་དགའ་ཕྱོགས་མང་ན་བར་ཆད་རེད།།

ཨ་ཕའི་ངོ་གདོང་ནམ་ཡང་གནག་ལ་དགའ།།
ཨ་མའི་ཁ་ངོ་དུས་རྟག་འཛུམ་ལ་དགའ།།
བུ་ཕྲུག་ཚོ་ནི་སྐད་ཅོར་རྒྱག་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་སུན་སྣང་རེད།།

ཨ་ཕ་བོད་ཀྱི་ཅ་དངོས་རྙིང་པར་དགའ།།
ཨ་མ་སྤུས་དག་ཅ་ལག་གོང་ཆེར་དགའ།།
བུ་ཕྲུག་དེང་རབས་འཕྲུལ་ཆོས་དག་ལ་དགའ།།
ཐ་དད་དགའ་ཕྱོགས་མང་ན་ཉོག་དྲ་རེད།།

མདོར་ན་ཆེ་བ་འཛམ་གླིང་སྤྱི་ཚོགས་དང་།།
ཆུང་བ་བཟའ་ཚང་ཕ་མ་བུ་ཕྲུག་དབར།།
དགའ་ཕྱོགས་འདོད་ལུགས་སོ་སོར་གྱེས་པ་ན།།
ཆེ་ཆུང་གཉིས་ཀའི་དཀའ་ངལ་བདག་གིས་གླེང་།།

སྙན་ངག

Post navigation

Previous Post: སྤྱི་འཐུས་ཚོགས་གཙོར་བཅར་འདྲི་ཞིག།
Next Post: ད་ལྟ་རང་བོད་ནས་འབྱོར་བའི་གནས་ཚུལ།

Comments (18) on “ནང་མི་རེ་ལ་དགའ་ཕྱོགས་ཐ་དད་རེ།”

  1. གནམ་བུ། says:
    2012-10-13 at 10:33 am

    སྙན་ངག་པ་འབའ་སྲས།

    ཨ་མདོ་ནས་ཨ་མའི་མངལ་དུ་སྦྲུམས།།
    ཁམས་ཕྱོགས་ལ་ཁམས་བསང་བྱས་ཏེ་འོང་།།
    དབུས་གཙང་གི་དབུས་ལ་མཇལ་ནས་ཐོན།།
    ཁྱོད་ཉིད་ཀྱིས་ཁྱོད་ལ་མཐོང་རྒྱ་བསྐྱེད།།

    འབའ་ཡུལ་ནས་འབའ་བའི་སྙན་ངག་པ།།
    ལྷ་ས་ནས་ལྷ་ཡི་བྱིན་རླབས་ཞུས།།
    བལ་ཡུལ་ནས་བལ་བོའི་མཐོང་ཐོས་རྙེད།།
    རྒྱ་གར་ནས་རྒྱ་ཆེན་ཕྱག་ལས་གནང་།།

    ཁ་་་་བ་ཡི་ཁ་དོག་སེམས་ལ་གནས།།
    སྒང་་་་་བ་བོད་སྒང་གཞུང་མེད་པར་བྱམས།།
    བསམ་་་་པ་ཡི་བསམ་དོན་རྒྱ་ཆེ་བ།།
    གཏན་་་་་ཏུ་ནས་གཏན་ཏུ་དོན་གྱིས་ཕྱུག།

    སྙན་ངག་གི་སྙན་ངག་འབྲི་ལ་མཁས།།
    རྩོམ་རིག་གི་རྩོམ་རྩལ་ཁྱད་དུ་འཕགས།།
    རིག་གནས་ལ་རིག་པའི་དབང་ཕྱུག་སྟེ།།
    འབའ་སྲས་ཀྱི་འབའ་སྒྲ་ཕྱོགས་སུ་གྲགས།།

    བྱམས་བརྩེ་ཡིས་ནང་མི་དགའ་ཞིང་སྐྱིད།།
    ཕྱི་ཐག་གིས་གྲོགས་ཀྱི་དུང་བ་བཟུང་།།
    བློ་གྲོས་ཀྱིས་ཤེས་བྱའི་གནད་འགག་ཕུག།
    ཁྱོད་ཉིད་ཀྱི་ཡོན་ཏན་བརྗོད་དཀའ་ཡང་།།

    དེ་རིང་ངས་ཁྱེད་ཀྱི་མཚན་ཐོག་ནས།།
    ཕུལ་བ་ཡི་སྙན་ངག་ཚིག་བཅད་དག།
    ཁྱེད་རང་གི་སྙན་ངག་ཀློག་པ་པོ།།
    གནམ་བུ་ཡི་སེམས་ཀྱི་དགའ་བ་ཡིན།།

  2. མེ་ཏོག་དཀར་པོ། says:
    2012-10-13 at 10:35 am

    འབའ་སྲས་ཀྱིས་ཡག་ཐག་ཆོད་བྲིས་འདུག དགའ་སོང་།

  3. སྤྲུལ་སྐུ་དབང་ཆེན། says:
    2012-10-13 at 11:17 am

    འགྲིག་འདུག

  4. པད་བཀྲ། says:
    2012-10-13 at 11:33 am

    གཞན་གྱི་དགའ་བ་རང་གིས་མ་བཟོད་ན།།
    རང་གི་དགའ་བ་གཞན་གྱིས་མ་བརྩི་ན།།
    འཚོ་བ་གོུ་དོག་ཁབ་མིག་འདྲ་འདྲ་དང་།།
    སྒེར་གཅོད་སྒེར་གཅོད་ཟེར་བ་དེ་ལས་ཅི།།

    ཁྱིམ་ཚང་སློབ་གསོ་སྒེར་གཅོད་ཡིན་དང་ན།།
    གཞུང་གི་ལམ་སྲོལ་མང་གཙོ་ཡིན་ཀྱང་རུང་།།
    དོན་གྱིས་རྒྱ་དམར་ཚང་དང་ཁྱད་པར་མེད།།
    ཞབས་འདྲེན་ད་དུང་ཞུ་ན་རང་གིས་ལྟོས།།

    མི་ཡི་དགའ་ཁ་བསད་བཏང་ན།།
    མི་ཡི་ནུས་པ་བསྡམས་པ་རེད།།
    མི་ལ་རང་དབང་དགོས་དོན་ཡང་།།
    མི་ཡི་དགའ་ཁ་སྐྱོང་གི་ཕྱིར།།

    མང་གཙོ་མང་གཙོ་ཟེར་བ་དེ།།
    ས་དང་རྡོ་ཞིག་གང་ནས་ཡིན།།
    རང་དབང་འདྲ་མཉམ་གུ་ཡངས་གསུམ།།
    མང་གཙོ་ཚང་གི་རྒྱན་ཆ་ཡིན།།

    ཁྱོད་ཀྱིས་གཅིག་གཞོག་གཉིས་གཞོག་མ་བྱེད་དང་།།
    གཞོགས་ནོ་མང་ནི་མེད་ན་ཉུང་ནི་མེད།།
    གཞོག་གི་གཞོག་གི་མཐའ་མ་ཚད་འདི་སྐྱེལ།།
    ད་དུང་ད་དུང་གཞོག་མིན་འདང་ཞིག་རྒྱོབ།།

    ཡར་ལ་ལྟོས་ནས་འདང་ཞིག་རྒྱོབ།།
    གསར་གཏོད་ཉི་ཟེར་མེད་པ་ཅི།།
    མར་ལ་ལྟོས་ནས་བློ་ཞིག་འགུལ།།
    རང་ཚུགས་ཅན་ནི་ག་ཚོད་ཡོད།།

    དགའ་ཁ་མེད་ན་རང་གཤིས་མེད།།
    རང་གཤིས་མེད་ན་རང་ཚུགས་མེད།།
    དགའ་ཁ་སྡང་བའི་གཏེ་བོ་རྣམས།།
    མང་གཙོ་གསོད་ཀྱི་སྟ་རེ་ཡིན།།

    ཚང་མ་འདྲ་འདྲ་ཆགས་དོན་དང་།།
    ལས་ཀ་མེད་པའི་འགག་རྩ་ཡང་།།
    མདོར་ན་དགའ་ཁ་མེད་པའི་རྒྱུ་མཚན་དང་།།
    དགའ་ཁ་བཅོམ་པའི་ནག་ཉེས་ཡིན།།

  5. བྱམས་པ་ལྷུན་གྲུབ། says:
    2012-10-13 at 11:43 am

    ངེས་གཏན་མེད་པའི་འཇིག་རྟེན་ཟླུམ་པོ་འདིར།།
    གྲངས་མེད་མི་བུ་སྣ་ཚོགས་ཀྱིས་གངས་བས།།
    མི་བུ་སོ་སོར་བསམ་ཚུལ་སྣ་ཚོགས་པས།།
    དགའ་མོས་ཡོད་མེད་ཐ་དད་ཡོད་མེད་ཀྱང་།།
    རང་རང་སོ་སོའི་དགའ་མོས་གང་ཡོད་ལ།།
    སྟངས་སྟབས་ལེགས་པོས་ལོངས་སུ་སྤྱོད་པ་དང་།།
    གཞན་གྱི་དགའ་མོས་རང་གི་དགའ་མོས་ལས།།
    གཞན་ཞིག་ཡིན་ཡང་དེ་ལ་བརྩི་མཐོང་གིས།།
    མངོན་པར་བསྟོད་ན་ད་གཟོད་སྡུག་ཆུང་ལ།།
    ཕན་ཚུན་དབར་ལ་རྙོག་གླེང་ཆེས་ཉུང་བས།།
    མི་རྣམས་རང་རང་དགའ་མོས་མི་འདྲ་ཡང་།།
    རང་རང་གང་དགའི་ལས་ལ་འཇུག་པ་ལ།།
    གཅིག་གིས་གཅིག་ལ་ཕྲག་མི་བྱེད་པར།།
    གུ་ཡངས་དང་ནི་བསམ་ཤེས་བྱས་ན་བདེ།།

  6. སྤྲུལ་སྐུ་དབང་ཆེན། says:
    2012-10-13 at 11:43 am

    ཁ་བརྡ་དྲྭ་བདག་ལགས། ངའི་ཨ་པེའུ་ནང་ནས་ཟིན་བྲིས་ཁ་ཐུག་འགྲོ་ཐུབ་ཀྱི་མི་འདུག་ག་རེ་ཡིན་ནམ།

  7. ཚུལ་ཁྲིམས་ཟླ་བ། says:
    2012-10-13 at 12:59 pm

    ཨ་ཕ་རྒྱ་ཡི་རྒྱུག་ཁྱི་བྱེད་ལ་དགའ། །
    ཨ་མ་བོད་པར་སྤྲུག་ཤིང་བཟོ་ལ་དགའ། །
    བུ་ཕྲུག་ཨ་རིར་གསང་སྤྱོད་འཁྲུ་བར་དགའ། །
    ཕ་མ་བུ་གསུམ་དགའ་ཕྱོགས་སོ་སོ་རེད། །

  8. ཚུལ་ཁྲིམས་ཟླ་བ། says:
    2012-10-13 at 1:02 pm

    ཨ་ཕ་ཤོ་སྦགས་རྒྱན་རྩེད་རྩེ་བར་དགའ། །
    ཨ་མ་འདྲ་མིན་བཤད་ཡམ་འཐེན་ལ་དགའ། །
    བུ་ཕྲུག་འཁྱམ་ཁྱི་བཞིན་དུ་རྒྱུག་ལ་དགའ། །
    ཕ་མ་བུ་གསུམ་དགའ་ཕྱོགས་སོ་སོ་རེད། །

  9. དགེ་བསམ says:
    2012-10-13 at 1:09 pm

    ཧ་ཧ་ཧ……..དེ་བས ཁ་དཔེར་
    མི་སུམ་ཅུ་བསམ་བློ་སུམ་ཅུ།།
    མཛོ་སུམ་ཅུ་རྭ་ཁ་སུམ་ཅུ།།
    ཟེར་བ་མ་ཡིན་ནམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-10-13 at 1:54 pm

    ངའི་ནང་མིའི་་་་
    ང་ནི་སྦི་ཨར་འཐུང་ལ་དགའ། །
    མོ་ནི་ཁོ་ཕི་འཐུང་ལ་དགའ། །
    བུ་མོ་ཐུགས་སྤྲོ་གཏོང་ལ་དགའ། །
    བུ་ནི་ཡོད་ཚད་འཐུང་ལ་དགའ། །

    ང་ཚོ་བཞི་ཡི་དགའ་ཕྱོགས་བཞི། །
    བཅོས་མའི་དགའ་ཕྱོགས་ཐ་དད་བཞི། །
    འབྲི་རྒྱུ་ཟད་ནས་བྲིས་པ་ཡིན། །
    ཀློག་རྒྱུ་ཟད་པས་ཀློག་པར་འཚལ། །

  11. འབའ་སྲས། says:
    2012-10-13 at 3:36 pm

    ཆུང་མ་ལ་མ་དགའ་གཏན་ནས་མིན།།
    བུ་ཕྲུག་ལ་བྱམས་སྐྱོང་མེད་པ་མིན།།
    ནང་མི་རེར་དགའ་ཕྱོགས་ཐ་དད་རེ།།
    སྙན་ངག་གིས་བཤད་ན་ཅི་ལ་སྐྱོན།།

  12. གནམ says:
    2012-10-13 at 6:34 pm

    འབའ་སྲས་ལགས། ཉི་མ་ལྷ་ས། ཡག་པོ་ཞེ་དྲག་བྲིས་འདུག། ངག་བདེ་བོ་ཞེ་དྲག་མེད་ཐལ། སྐད་མགོ་མཐོ་པོས་རྡུང་ལེན་གླུ་ངག་ལ་བཅངས་ནས་ཡག་པོ་ཞིག་འཐེན་ཐུབ་སོང་བསམ།
    འབའ་སྲས་ལག་གི་དག་ཆ།།
    འབའ་སྲས་ངག་གི་སྒྲིག་སྦྱོར།།
    འབའ་སྲས་ཡིད་གི་འཆར་སྣང་།།
    ང་རང་དགའ་སའི་གླུ་རེད།

  13. tama says:
    2012-10-13 at 10:07 pm

    འབའ་སྲས་དབུས་གཙང་མི་ལ་སྡང་པོ་རེད་ཟེར་བ་བདེན་པ་རེད་དམ།

  14. འདྲེ་རྐང་ཐོ། says:
    2012-10-13 at 10:30 pm

    རང་གི་ནང་མིའི་གནས་སྟངས་ཤིག།
    ལག་སོའི་རོལ་མོ་ལ་ཆགས་པས།།
    ཀློག་པ་བོ་ཡི་རྣ་བ་ཟུང་། །
    སྙན་པའི་གཏེར་ཏུ་བྱས་པར་མཚར། །

  15. མེ་ཏོག་དཀར་པོ། says:
    2012-10-13 at 11:54 pm

    Tama ཨ་མདོ་བ་ལ་ཕྲག་དོག་བྱེད་གི་རེད་ཟེར་བ་བདེན་ནམ།

  16. རེབ་ཐོག་མདའ says:
    2012-10-14 at 1:09 am

    ཨ་ཕ་ཕྱི་ནས་དགའ་རོགས་འཚོལ་ལ་དགའ།།
    ཨ་མ་ལྐོག་ནས་འཛེག་རེ་རྒྱག་ལ་མཁས།།
    བུ་ཆུང་ཚོ་ནི་ཁ་རྩོག་ཉན་ལ་དགའ།།
    ཐ་དད་དགའ་ཕྱོགས་མང་ན་རྙོག་དྲ་རེད།།

    ཨ་ཕ་མཛེས་མའི་གདོང་ལ་བལྟ་བར་དགའ།།
    ཨ་མ་དོན་མེད་ཕྲག་དོག་བྱེད་ལ་དགའ།།
    བུ་ཕྲུག་དེ་ཚོ་གསང་བཤད་ལ་དགའ།།
    ཐ་དད་དགའ་ཕྱོགས་མང་ན་ནང་འཁྲུག་རེད།།

  17. པད་བཀྲ། says:
    2012-10-14 at 2:11 am

    རེབ་ཐོག་མདའ་་་འབོད་པའི་སེམས་ཅན་ཁོ་་ཡང་གྲི་དང་སྟ་རེ་གཉའ་ལ་བཀྱགས་ནས་་ཟུར་གཞོག་མགོ་གཅོད་ཀྱི་གཏེ་བོ་ཞིག་ཡིན་པར་སྙམ།།

  18. འབའ་སྲས། says:
    2012-10-14 at 10:43 am

    གནམ་བུ་ཡིས་རྣམ་པར་བསྟོད་པ་དང་། །
    ཁ་ཅིག་གིས་ཁ་དམེ་བྱེད་པ་གཉིས།།
    དོན་དངོས་སུ་དོན་ལ་གནས་པ་གང་།།
    མ་འཚལ་ཡང་ཚང་མར་ལགས་སོ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme