Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གིས་ཡུལ་དངོས་པོར་དཔྱོད་སྟངས།

Posted on 2012-10-092012-10-09 By ཁ་བརྡ་ 22 Comments on ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གིས་ཡུལ་དངོས་པོར་དཔྱོད་སྟངས།

གོང་དཀར་ངག་རྣམ།

དེ་ཡང་ཚན་རིག་གི་ལྟ་གྲུབ་ནང་དངོས་པོ་བྱེ་བྲག་པའི་གནས་ལུགས་ཀྱི་གྲུབ་དོན་གཏན་ལ་འབེབས་པའི་ཚེ་དཔྱོད་པ་པོ་རང་ཉིད་ལ་རང་བྱུང་ཆོས་ཉིད་ལ་གཞི་བྱས་པའི་ཡང་དག་པའི་རྒྱུ་མཚན་གྱི་ཁྱད་ཆོས་དང་། གསར་རྙེད་ཀྱི་དངོས་པོ་དག་ལའང་ཡང་དག་པའི་བརྟག་དཔྱད་ཞིབ་འཇུག་བཅས་དགོས་པར་འདོད་ཅིང་། དེ་འདྲའི་ལྟ་ཚུལ་ཞིག་ལ་དངོས་ཡོད་རིང་ལུགས་ཀྱི་བརྡ་ཆད་བྱེད་ཀྱི་ཡོད། བརྟག་དཔྱད་མཁན་གཞན་དུ་མས་བདེན་དོན་གང་ཞིག་ལ་ཡང་དག་པའི་ལམ་ནས་ཁས་ལེན་མེད་པར་གང་ཟག་བྱེ་བྲག་པ་ལ་བདེན་དོན་དུ་གྱུར་པ་འདོད་པ་ནི་རིང་ལུགས་དེའི་དགག་བྱ་དངོས་དེ་ཡིན་པར་འདོད། ཚན་རིག་པ་བྱེ་བྲག་པ་གཅིག་གི་མཐོང་ཚུལ་ཙམ་ལ་ཆ་འཇོག་མི་བྱེད་པར་མཐའ་སྡོམ་དེར་ཚན་རིག་པ་གཞན་དུ་མའི་ངོས་ལེན་དགོས་པ་འདིས་འདས་པའི་དུས་རབས་ནང་ཚན་རིག་པའི་སྡིངས་ཆའི་ཁྲོད་ཆབ་སྲིད་དང་རྒྱལ་བློན་སོགས་རྐྱེན་གཞན་གྱི་ཤུགས་རྐྱེན་དང་དོ་ཕོག་ཕྱིན་མེད་པར་སྙམ། རང་རེ་བོད་དུའང་སྔ་དུས་ཚད་ལྡན་གྱི་ལོ་ཙཱ་བརྒྱ་ཕྲག་དུ་མ་བྱུང་བའི་དོན་དངོས་དེར་བལྟས་ན་འདི་ལྟར་འགྱུར་ཡིག་གི་མཐའ་མའི་ཐག་གཅོད་དེར་རྒྱལ་བློན་དང་། ལོ་ཙཱ་བ་གཞན་གྱི་ངོས་ལེན་རྒྱབ་སྐྱོར་དགོས་པའི་སྣང་ཚུལ་དེས་བརྟག་ཐུབ་འཕེར་བའི་བཀའ་བསྟན་གྱི་གཞུང་ལུགས་དག་བརྡ་འཕྲིན་གྱི་དུས་རབས་ཉེར་གཅིག་པའི་འདིའི་ནང་དུའང་། འཛམ་གླིང་གི་སྤྱི་ནོར་དང་བོད་གངས་ཅན་གྱི་ཁྱད་ནོར་དུ་གནས་ཐུབ་པ་འདི་བྱུང་བ་གསལ་པོ་རེད། གོང་དུ་བཤད་པ་ལྟར་དངོས་ཡོད་རིང་ལུགས་(Realism) ཞེས་པ་འདི་ནི་ཚན་རིག་པ་རྣམས་ཀྱིས་སྲོག་དབང་ལྟ་བུར་བརྩི་བ་དང་། སེམས་གཙོ་རིང་ལུགས་(Idealism) ནི་དེའི་འགལ་ཟླར་ལྟ་བཞིན་ཡོད། འོན་ཏེ། རིང་ལུགས་འདི་གཉིས་ཀྱི་གོ་དོན་འགྲེལ་སྟངས་སྣ་ཚོགས་པ་ཞིག་ཡོད་སྲིད་ཀྱང་། དེང་སྐབས་དངོས་གཙོ་དང་སེམས་གཙོའི་སྐོར་གྱི་གཏམ་བཤད་དང་དཔྱད་གཏམ་ལ་གཞིགས་ན། མང་པོ་ཞིག་གིས་དེང་རབས་ཚན་རིག་ལྟ་གྲུབ་ཀྱི་སྒྲོམ་གཞིའི་ནང་རིམ་བཞིན་དར་སྲོལ་བྱུང་བའི་ཐ་སྙད་འདི་གཉིས་བཤད་བྱའི་བརྗོད་བྱའི་དོན་ཀུན་ལ་རིགས་བསྒྲེས་ཏེ་ཤོད་སྲོལ་ཞིག་འདུག ལྷག་པར་ནང་པའི་ལྟ་གྲུབ་ཀྱི་སྐོར་ཤོད་པའི་ཚེ་ནའང་ཐ་སྙད་འདི་གཉིས་སྤྱད་དེ། དཔེར་ན། ནང་པའི་ལྟ་གྲུབ་སྨྲ་བ་བཞི་ཀ་སེམས་གཙོ་སྨྲ་བ་ཡིན་ཞེས་ཐ་སྙད་དེ་ཉིད་ཀྱི་གོ་དོན་གཞན་ཞིག་ཏུ་འགྲེལ་བཞིན་འདུག
ངས་བྱས་ན་དེས་སྤྱིར་བཏང་གི་མི་ཚོར་གོ་ནོར་ཐེབས་རྒྱུའི་ཉེན་ཁ་དེ་ཙམ་མེད་ཀྱང་། ལྟ་གྲུབ་ཆེན་མོ་གཉིས་ཀྱི་ཤུགས་རྐྱེན་ལྡན་པའི་ཁོར་ཡུག་ཁྲོད་དེ་གཉིས་དབར་གལ་གནད་གླེང་བའི་ཚེ་ཉེན་ཁ་ཞིག་ཡོད་པ་ནི། ནང་པའི་ལྟ་གྲུབ་འཁོར་འདས་ཀུན་གྱི་བྱེད་པོ་སེམས་ཡིན་པར་བཤད་པའི་རྒྱུ་མཚན་ནམ། སེམས་ཀྱི་དྲི་མ་ལེགས་པར་དག་མ་དག་གི་སྒོ་ནས་སངས་རྒྱས་དང་མི་རྒྱས་ཀྱི་རྣམ་གཞག་བྱེད་པའི་རྒྱུ་མཚན་གྱིས་ནང་པའི་ལྟ་གྲུབ་ནི་སེམས་གཙོ་སྨྲ་བར་འཇོག་རིགས་ཀྱང་། དེང་རབས་ཚན་རིག་ནང་གི་སེམས་གཙོའི་གོ་དོན་དེ་གང་ཟག་གང་ཞིག་གིས་བདེན་དོན་སྨྲ་བའི་ཚེ་གཞན་གྱི་རིགས་པའི་ཀླན་ཀ་འཇུག་མིན་ལ་མ་ལྟོས་པར་རང་ཉིད་ལ་བདེན་པའི་དོན་དུ་སོང་བའི་རྒྱུ་མཚན་གཙོ་བོར་བྱེད་པ་དེ་དང་། ཡང་ན་སྣོད་བཅུད་ཐམས་ཅད་འཇིག་རྟེན་བཀོད་པ་པོའི་སེམས་ཀྱིས་བྱས་པར་འདོད་པའི་ལྟ་ཚུལ་ཞིག་ལ་ཟེར་བར་སྣང་བས། དེར་བཤད་པའི་སེམས་གཙོ་ནི་ནང་པའི་གཞུང་ལུགས་ནང་གསུངས་པའི་རང་ལྟ་མཆོག་འཛིན་ཞེས་པའི་ལྟ་བའམ། བཀོད་པ་པོའམ་ལྷར་བཅས་སྨྲ་བ་ཞེས་པ་དེར་གོ་དགོས་སྙམ་ཞིང་། དེ་ནི་ཇི་ལྟར་འཐད།
དེང་སང་གི་དབྱིན་ཇིའི་ཚིག་མཛོད་གྲགས་ཅན་དེ་ཚོའི་ནང་ཡོད་པའི་སེམས་གཙོ་རིང་ལུགས་སམ་སེམས་གཙོ་སྨྲ་བའི་གོ་དོན་ནི་འདི་ལྟར་བརྗོད། (1) the belief that your ideals can be achieved, often when this does not seem likely to others:)
(2) the belief in philosophy that objects in the world are ideas which only exist in the mind of God or people who see them) ཡང་དེང་རབས་ཚན་རིག་དང་ལྟ་གྲུབ་ནང་བཤད་པའི་དངོས་གཙོ་ནི་འཆར་ཡན་ལས་འདས་པའི་དབང་པོའི་མངོན་སུམ་གྱི་ཡུལ་ཙམ་ལ་གོ་ནས་ནང་པའི་ལམ་དང་འབྲས་བུའི་རྣམ་གཞག་དག་ཀྱང་དངོས་ཡོད་གནས་ཚུལ་མིན་པར་ལྟ་ནའང་ག་ལ་འཐད།

ཚན་རིག་པ་གྲགས་ཅན་འགས་ནང་པའི་གཞུང་ལུགས་ལ་ལྟ་བ།
དངོས་ཁམས་ཚན་རིག་པ་སྐུ་ཞབས་ཨཡེནསེ་ཊན་ནི་(1879-1955)འཇར་མན་དུ་འཁྲུངས་ཤིང་། དུས་རབས་ཉི་ཤུ་པའི་དངོས་ཁམས་ཚན་རིག་པ་གྲགས་ཅན་ཞིག་ཡིན། དངོས་ཁམས་རིག་པའི་འཕེལ་རྒྱས་ཁྲོད་དུ་སྤྱིའི་ལྟོས་གྲུབ་ཅེས་པའི་རིག་པའི་གཞུང་ལུགས་གསར་རྩོམ་དང་། བེམ་རྫས་དང་ནུས་རྫས་ཆ་སྙོམས་ཀྱི་སྙན་གྲགས་ཅན་གྱི་མཚུངས་རྩིས་(e=mc2) གསར་གཏོད་སོགས་ཀྱི་བྱས་རྗེས་རླབས་ཆེན་བཞག དེ་ལ་བརྟེན་ནས་ཁོང་ནི་དེང་རབས་དངོས་ཁམས་རིག་པའི་ཡབ་ཏུ་ཆ་འཇོག་བྱེད་པ་དང་། ༡༩༢༡ ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ། “གལ་ཏེ་དེང་རབས་ཚན་རིག་པའི་དཀའ་ཚེགས་ལ་གདོང་ལེན་བྱེད་པའི་ཆོས་ལུགས་གང་ཡང་རུང་བ་ཞིག་ཡོད་ན། དེ་ནི་ནང་ཆོས་ཡིན། ”

ནེལསེ་བྷོར་དང་ཨཡེནསེ་ཊན་དང་མཉམ་དུ་ཁོན་ཊོན་རྣམ་གཞག་ཐོག་བགྲོ་གླེང་བྱེད་བཞིན་པ།
དངོས་ཁམས་ཚན་རིག་པ་སྐུ་ཞབས་ནེལསེ་བྷོར་Niels Bohor (1885-1962) ནི་ཌན་མག་ཏུ་འཁྲུངས། རྡུལ་ཕྲན་གྱི་བཟོ་བཀོད་དང་། ཚད་རྡུལ་ཤུགས་རིག་གི་གོ་རྟོགས་ཐད་ལེགས་སྐྱེས་ཕུལ་ཞིང་། ༡༩༢༢ ལོར་ནོ་སྦེལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ།
“རྡུལ་ཕྲན་གྱི་རྣམ་གཞག་ལ་དཔྱོད་དུས་ང་ཚོས་ངེས་པར་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་ Lao Tzu ལྟ་བུས་དེ་སྔོན་ནས་གསུངས་ཟིན་པའི་ཚད་མ་རིག་པའི་གནད་འགག་འདི་ཚོར་ལྟ་དགོས། ”

ལྟ་གྲུབ་སྨྲ་བ་སྐུ་ཞབས་Bestrand Russell(1872-1950) ནི་དབྱིན་ཇིར་འཁྲུངས། ནུབ་ཕྱོགས་པའི་ཚད་མ་རིག་པ་དང་། རྩིས་རིག ལྟ་གྲུབ་ཀྱི་ཚན་རིག ལྟ་གྲུབ་ཀྱི་བརྡ་སྤྲོད། མི་ཆོས་སོགས་ལ་ལེགས་པར་སྦྱངས་ཏེ། ༡༩༥༠ ལོར་ནོ་སྦེལ་རྩོམ་རིག་གི་བྱ་དགའ་ཐོབ། ”ནང་ཆོས་ནི་རྗེས་དཔག་གི་རིག་པ་དང་ཚན་རིག་གི་ལྟ་གྲུབ་གཉིས་ལས་གྲུབ་ཅིང་། དེས་ཚན་རིག་གི་ཐབས་ལམ་དང་འཚོལ་སྙེག་གི་ལམ་ནས་གཏན་ཚིགས་དང་མཐུན་པའི་མཇུག་སྡོམ་ཞེས་པར་རམ་འདེགས་བྱེད། ནང་པའི་གཞུང་ལུགས་ནང་ནས་སེམས་དང་བེམ་གཟུགས་ཞེས་པ་གང་ཡིན་ཞེས་པ་དང་། དེ་གཉིས་ལས་གང་ཞིག་གལ་ཆེ་བ། འཇིག་རྟེན་དང་མིའི་རང་བཞིན་བཅས་ཚན་རིག་གིས་མ་ཐུབ་པའི་གནད་དོན་འདི་དག་གི་ལན་རྙེད།”

དཔྱད་རྩོམ།

Post navigation

Previous Post: གངས་དཀར་ལྷུན་པོ།
Next Post: ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།

Comments (22) on “ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གིས་ཡུལ་དངོས་པོར་དཔྱོད་སྟངས།”

  1. ལེགས་བཤད། says:
    2012-10-09 at 4:51 pm

    གོང་ས་མཆོག་གིས། ནང་ཆོས་ཀྱི་ཚན་རིག །ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་ཞེས་དབྱེ་སྒོ་གསུམ་དུ་ཕྱེ་བ་གལ་གནད་ཆེན་པོ་ཡིན་པར་གསུངས་འདུག །རེད། དུས་རབས་བཅུ་དགུ་པའི་ནང་བྱུང་བའི་ཚན་རིག་པ་གྲགས་ཅན་(Einstien)་གྱིས་ནང་ཆོས་ལ་དོ་སྣང་བསླེབས་ཏེ་མ་འོངས་པར་ཚན་རིག་དང་ཆོས་མཉམ་དུ་འགྲོ་རྒྱུ་ཞིག་ཆགས་ཚེ། ནང་ཆོས་ཀྱིས་ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཀྱི་རེད། ཅེས་གཏམ་བཤད་སྤེལ་ཡོད། ཡིན་ཡང་ཚན་རིག་པས་ཆོས་ཕྱོགས་ནས་ཕར་ལེགས་ཆ་ལེན་རྒྱུའི་གོ་སྐབས་བྱུང་མེད། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཕྱི་དངོས་པོའི་གོ་རྟོགས་ཀྱི་ཐད་ནས་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་ཤེས་པའི་རྣམ་གཞག་དང་ཀུན་སྤྱོད་རིག་པའི་ཐད་ནས་ཚན་རིག་ལ་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་རེད།

  2. ཐུ་བ་རྒྱ་མཚོ། says:
    2012-10-09 at 5:58 pm

    མིག་མདུན་གྱི་བདེ་སྡུག་ཡོངས་དད་པ་ལ་རེ་བཅོལ་བྱེད་པ་ནི་ཆོས་ལུགས་པའི་ལྟ་བ་དང་།
    མིག་མདུན་གྱི་བདེ་སྡུག་རྣམས་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་པ་ནི་ཚན་རིག་པའི་ལྟ་གྲུབ་རེད།
    སྤྱིར་བཏང་ལྟ་སྤྱོད་དེ་གཉིས་འགལ་པར་སྣང་ན་ཡང་། ནང་ཆོས་ནི་དེ་ལྟར་མ་ལགས་སོ། ཞེས་ཚན་རིག་པ་ཨ་ཡང་སི་ཐན་གིས་ལུང་བསྟན་གནང་བ་ལ་གུས་ཕྱག་འཚལ།

  3. ཐུ་བ་རྒྱ་མཚོ། says:
    2012-10-09 at 6:10 pm

    ཤར་ཕྱོགས་ན་ཡོད་དུས་ཤ་ཕྱོགས་འཇམ།
    ནུབ་ཕྱོགས་ན་ཡོད་དུས་ནུབ་ཕྱོགས་འཇམ།
    ཁྲོན་པ་ན་ཡོད་དུས་ཁྲོན་པ་ཆེ།
    རྒྱ་མཚོ་ན་ཡོད་དུས་རྒྱ་མཚོ་ཆེ།

    ཚིག་འདི་ཉམས་མྱོང་ཡིན་པ་ལས་གཏམ་དཔེ་མིན།

  4. མགོན་པོ་ཕྱག་གཉིས་པ། says:
    2012-10-09 at 7:39 pm

    ནང་པའི་ཆོས་ནི་དངོས་ཡོད་དང་རྟོག་བཏགས། རིགས་པའི་རྗེས་འབྲང་དང་དད་པའི་རྗེས་འབྲང་། ཚན་རིག་དང་རྨོངས་དད་སོགས་གཉིས་གཉིས་རུ་འཛིངས་པའི་སྐུད་པ་དཀར་ནག་བསྒྲིལ་མ་ཞིག། རིག་པའི་དཔྱད་ཞིབ་ཡོད་ལ་ཆོས་ལུགས་ཀྱི་ཆོ་གའང་ཡོད་པའི་ཚན་རིག་རྐང་ཡས་མ་ཞིག ལྷ་འདྲེ་གདོན་བགེགས། ཆོ་ག་འདྲ་མིན། ཡིད་ཆེས་ཁྱད་མཚར། ཚན་རིག་གི་ལྟ་གྲུབ་ཀྱང་ཐ་ཐོར་འདྲེས་པའི་ཆོས་ལུགས་ཆ་ཤས་ཡོངས་སུ་རྫོགས་པ་ཞིག མདོར་དེད་ན། སེམས་ཙམ་སྐྱིད་ལ་བསྐུར་ཐབས་སམ་སྣང་བ་སྐྱིད་པོ་གཏོང་སྟངས་ཀྱི་ཆོས་ལུགས་ཤིག

  5. ལེགས་བཤད། says:
    2012-10-09 at 7:48 pm

    རེད། ནང་ཚན་གཉིས་ཀྱི་བར་ལ་མཐུན་ས་འཁྲུལ་མེད་ཅིག་ཡོད་པ་ནི་སྣང་ཚུལ་མི་མཐུན་ཟེར་བ་དེ་རེད།

  6. ལེགས་བཤད། says:
    2012-10-09 at 7:56 pm

    ཨ་ཡེན་སི་ཊན་གྱིས་འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་ཡིན་པ་ཤེས་འདོད་བྱུང་བ་དེ་ནི་ཁོང་གི་མི་ཚེའི་ནང་ལ་ཚན་རིག་སྦྱང་འདོད་ཀྱི་ཀུན་སློང་ཐོག་མ་དེ་རེད།

  7. ལེགས་བཤད། says:
    2012-10-09 at 8:21 pm

    དབུ་མ་འཇུག་པ་ལས། འདས་དང་མ་འོངས་ཡོད་མ་ཡིན།།གང་དུ་དེ་དག་མི་དམིགས་པ།།ཞེས་དང་། ཨ་ཡེན་སི་ཊན་གྱིས་དུས་དང་བར་སྣང་གི་ལྟོས་གྲུབ་བཤད་པ་ལས་འཇིག་རྟེན་ཐུན་མོང་གི་བློ་ངོར་་མ་གྲུབ་པ་ཞེས་པ་གཉིས་འདྲ་བོ་འདུག །ཚན་རིག་གིས་གང་བཤད་པ་ནི་ནང་བསྟན་ལས་བཤད་པའི་རྟེན་འབྱུང་གི་ཟུར་མཆན་ལྟ་བུ་ཞིག་གྱུར་བས། ཚན་རིག་གི་དམིགས་ཡུལ་ནི་ཕྱིའི་དངོས་པོར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུགས་སམ་རང་གི་བློ་ངོར་འདོར་མི་རུང་བའི་གཏན་ཚིགས་རིགས་པའི་ཤེས་ཡོན་ཞིག་རེད། དཔེར་ན་རྩིག་པ་ནི་ཚགས་དམ་པོར་སྣང་ཡང་ཚགས་དམ་པོར་མ་གྲུབ་པའི་དངོས་པོ་ཞིག་སྟེ། མིག་ཤེས་ལ་གང་སྣང་བདེན་པར་འཛིན་པ་ནི་ཚན་རིག་གི་ཡིད་ཆེས་མིན། ། དཔེར་ན་ང་ཚོའི་མིག་ཤེས་ཀྱིས་ཀུ་ཤུའི་སྟེང་གི་སྨུག་ཐིག་མཐོང་བ་ནི་དངོས་པོའི་སྣང་ཚུལ་ལ་བརྟེན་པ་ཙམ་དང་། དེའི་ནང་དུ་འབུ་ཡོད་པ་ཀུ་ཤུའི་སྟེང་གི་སྨུག་ཐིག་དང་ཀུ་ཤུ་དང་འབུའི་སྐོར་གྱི་སྤྱིར་བཏང་གི་ཤེས་ཡོན་ལས་རྗེས་དཔག་གིས་རྟོགས་དགོས་པ་བཞིན་ནོ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 8:32 pm

    ངས་བྱས་ན། ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གིས་ཡུལ་དངོས་པོར་དཔྱོད་སྟངས་དེ་གཅིག་པ་རེད་སྙམ་ཞིང་། དཔྱོད་བྱེད་ཆེ་ཤེལ་སོགས་ལ་བརྟེན་ནས་ཕྱི་ཡི་དངོས་པོ་རྡུལ་ཕྲན་སོགས་ལ་གཙོ་བོར་དཔྱད་པ་བཞུགས་པ་དང་། ནང་ཆོས་ཀྱིས་ནང་གི་དཔྱོད་བྱེད་གཏན་ཚིགས་ལ་བརྟེན་ནས་ནང་སེམས་ཀྱི་སྐྱོན་དང་ཡོན་ཏན་ལ་དཔྱད་པ་གཙོ་བོར་བྱས་པས། དེ་གཉིས་སོ་སོ་ལ་ཁྱད་པར་མི་འདྲ་བ་རེ་དང་། སོ་སོ་ལ་ཡོད་པའི་ཁྱད་ཆོས་མི་འདྲ་བའི་ཁྱད་ཆོས་སོ་སོར་ཡོད་པ་རེད་ཅེས་སྨྲ་འདོད་བྱུང་ངོ་། །

  9. ཐུ་བ་རྒྱ་མཚོ། says:
    2012-10-09 at 9:46 pm

    ཉེ་བའི་དུས་རབས་ཁ་ཤས་ནས་འཇིག་རྟེན་ཐོག་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་ཞེས་རང་ལུགས་མི་མཐུན་པའི་ཕྱོགས་ཁག་ཆེན་པོ་གཉིས་སུ་གྱེས་པ་ནི་མི་རྣམས་ཀྱིས་འཇིག་རྟེན་ལྟ་ཚུལ་ལ་ཁྱད་པར་བྱུང་ཙང་བྱས་པ་རེད།
    ཕྱོགས་གཉིས་ཀ་ནས་འདོད་ཚུལ་གཅིག་འདྲ་ཡིན་ན་ཡང་མཐོང་ཚུལ་མ་འདྲ་བའི་དབང་གིས་དཔེར་བཞག་ན། ས་ལེ་དབར་ཁྲི་ཕྲག་གི་ཕ་རོལ་ན་མུ་མཐའ་མེད་པའི་མེ་ཏོག་གི་ཞིང་ཁམས་ཡོད་པར་ཕྱོགས་གཉིས་ཀྱིས་ཡིད་ཆེས་བྱས་པ་འདྲ་ན་ཡང་། སེམས་གཙོ་སྨྲ་བས་འདྲ་སྐུའི་མདུན་དུ་དེ་འདྲ་བའི་ཡུལ་ལ་བསླེབས་པར་སྨོན་ལམ་རྒྱག་པ་གཙོ་བོ་བྱེད་པ་དང་། དངོས་གཙོ་སྨྲ་བས་ཐབས་བརྒྱ་ཇུས་སྟོང་དང་བརྟག་དཔྱད་ཞིབ་འཇུག་གི་ལམ་ནས་དེ་འདྲ་བའི་ཡུལ་ལ་རང་ཉིད་དངོས་སུ་བསླེབས་གང་ཐུབ་བྱེད་རྒྱུ་དེ་རེད། དངོས་གཙོ་དང་སེམས་གཙོ་གཉིས་གི་མི་འདྲ་སའི་ཁྱད་པར་གཙོ་ནི་དེ་རེད། ཡིན་ན་ཡང་མེ་ཏོག་གི་ཞིང་ཁམས་སུ་བསླེབས་པར་འདོད་པའི་རེ་བ་ནི་འདྲ་འདྲ་ཡིན།

  10. རྣ་བ་བརྒྱདཔ་ says:
    2012-10-10 at 12:15 am

    སེམས་གྱི་ཞི་བདེ་དཀྲུག་པའི་ཚན་རིག་འདི།
    རྫས་ངན་སྣ་ཚོགས་གོ་ལས་ལྗོང་སུ་བསྐྲུན།
    འགྲོ་བའི་ཚེ་སྲོག་འཇིག་པའི་གཡང་གཟར་འཕང།
    རྡུར་ཕྲན་མཚོན་ཆའི་གོ་ལ་བརླགས་གྲབ་འདུག།
    ཆོས་ལུགས་ཀུན་ལ་དངངས་སྐྲག་ཟུག་རྔུ་སྦྱིན།
    དེ་ཕྱིར་ནང་ཆོས་ཡུན་རིང་གནས་པའི་ཕྱིར།
    བྱམས་དང་སྙིང་རྗེ་གཞིར་བཟུང་ནང་ཆོས་དང།
    ཚན་རིག་ཤེས་ནས་གངས་ལྗོངས་ཆོས་གྱི་རྒྱུན།
    ཡུན་རིང་གནས་དགོས་༧གོང་ས་མཆོག་གི་བཀའ།

  11. གོང་དཀར་ངག་རྣམ། says:
    2012-10-10 at 1:48 am

    གནས་ལུགས་སྲོག་ཏུ་གཏད་པའི་རིང་ལུགས་ཆེ།།
    རྣམ་དཔྱོད་ཉི་གཞོན་འབར་བའི་གྲོགས་བསྟེན་ཏེ།།
    སྔོན་མེད་ཤུལ་ལམ་འགྲིམས་པའི་ལམ་ཟུར་ནས།།
    རིག་པའི་ཟས་ཀྱིས་མི་ཚེ་བུད་པར་ཤོག།

  12. ལེགས་བཤད། says:
    2012-10-10 at 3:34 am

    འཇིག་རྟེན་འཇིག་ཉིན་གྱི་གློག་བརྙན་དེ་ནི་ཚན་རིག་གི་སྔོན་བརྡ་ཞིག་དང་སའི་སྙིང་གི་ཚ་དྲོད་འཕར་ཏེ་སའི་གོ་ལ་ཇི་ལྟར་འཐོར་ཚུལ་བཟོས་འདུག །འབྱུང་བཞིའི་ཁམས་ཀྱི་དངོས་པོ་ཡོངས་རྫོགས་སླར་འབྱུང་བཞིའི་ངོ་བོར་ཐིམ་རྒྱུ་ཞིག་ཡོད་པར་མ་ཟད། མཐར་ཐུག་གི་རྡུལ་ཕྲ་མོའི་མགྱོགས་འགུལ་དེ་ལ་གཏུགས་ཡོད། ནང་བསྟན་གྱིས་བཤད་པའི་གཉུག་སེམས་དང་དེའི་བཞོན་པའི་རླུང་གཉིས་སྲོག་ལྡན་སེམས་ཡོད་ཀྱི་གནས་སྐབས་ན་ཡོད་པ་དེ་ནམ་ཡང་གཏན་མེད་དུ་མི་འགྲོ་བ་དང་། གཉུག་རླུང་དེ་གཡོས་བ་ལས་བྱུང་བའི་འཇིག་རྟེན་ཆགས་འཇིག་གི་རིམ་པ་དང་བེམ་པོའི་ཁམས་ཡོངས་སུ་ཟད་པའི་མཐར་ཐུག་གི་དུས་ན་རྐྱེན་གང་གིས་ཀྱང་མི་ཤིགས་པའི་ནམ་མཁའི་རྡུལ་ཞིག་འཇོག་པ་དེ་ལ་གཏུགས།

  13. ལོག་སྨྲ་ཚར་གཅོད། says:
    2012-10-10 at 4:04 am

    གོང་དཀར་ངག་རྣམ་དང་མཆན་བཏབ་པ་དེ་ཚོ་ཡོངས་ལ་བལྟས་པས་ཕྱོགས་ཙམ་མཐོང་བས་ཡོངས་སུ་འཁྲུལ་བའི་གནད་འབའ་ཞིག་སྟེ། ནང་པའི་ལྟ་གྲུབ་བཞི་པོ་སེམས་གཙོ་སྨྲ་བའི་ཁོངས་སུ་བསྡུས་པ་དང་། དུས་གསུམ་མི་དམིགས་པ་གསུངས་པ་དང་ཚན་རིག་པས་དུས་ནམ་མཁའ་ལ་ལྟོས་པའི་ལྟོས་གྲུབ་སྤྱི་དང་དམིགས་བསལ་ལྟོས་གྲུབ་རྣམས་གཅིག་ཏུ་འཁྲུལ་འདུག་པ་དང་། ནང་དོན་རིག་པའི་ཟབ་ཁྱད་བསྟན་འདོད་ནའང་གང་ནས་འདོན་དགོས་མིན་མ་ཤེས་པའི་ནོངས་པ་སྟེ། སེམས་གཙོ་དང་དངོས་གཙོ། རྒྱུད་གཉིས་ཏེ་ལྟ་གྲུབ་གསུམ་པོ་ནི་ནུབ་ཕྱོགས་ཡོ་རོབ་ཤར་མའི་གྷི་རིག་ནས་དར་རྒྱས་བྱུང་བའི་ལྟ་གྲུབ་སྙིང་པའི་གྲལ་ཡིན་པས་ནང་པའི་ལྟ་གྲུབ་བཞི་པོ་སེམས་གཙོ་སྨྲ་བའི་ཁོངས་སུ་བསྡུས་པ་བཤད་པ་ནི་རྟ་གང་ཡིན་པ་དེ་གླང་ཡིན། དེ་ལ་དབྱེ་ན་ར་དང་ལུག་གཉིས་ཡོད་རེད་ཟེར་བ་དང་ཅིའི་ཕྱིར་མི་མཚུངས་ཏེ་མཚུངས་སོ། དཀོན་མཆོག་གིས་སྣོད་བཅུང་ཀྱི་འཇིག་རྟེན་བཀོད་པའི་ལྷ་སྒྲུང་དང་འབྲེལ་ནས་ནང་གི་སེམས་ཀྱིས་རྐྱེན་ལས་ཕྱིས་སུ་ཕྱིའི་གཟུགས་རྡུལ་བྱུང་བ་འདོད་མཁན་དེ་ལ་སེམས་གཙོ་སྨྲ་བའི་རིང་ལུགས། གཟུགས་རྡུལ་གྱིས་ཕྱི་ཡི་འཇིག་རྟེན་སྔོན་དུ་གྲུབ་ནས་རྫས་རྡུལ་གྱི་ནུས་པ་དང་རྫས་སྦྱོར་འཕེལ་རིམ་གྱི་བར་ནས་སེམས་ཚོར་གྱི་རྒྱུ་བ་ཕྱིས་སུ་བྱུང་བ་འདོད་པ་རྣམས་ནི་དངོས་གཙོ་སྨྲ་བ་ཡིན་ལ། གཟུགས་སེམས་གཉིས་ནམ་ཡང་མཉམ་གྲུབ་དང་མཉམ་གནས་ཁ་བྲལ་ཐབས་མེད་པར་ལྟ་བ་ནི་རྒྱུད་གཉིས་སྨྲ་བའི་ལུགས་ཡིན་པ་མཁས་པ་ཀུན་གྱིས་འདོད་དགོས་ལ། ནང་པ་ནི་དེ་གསུམ་གང་དུ་ཡང་མི་གཏོགས་པ་ལས་འབྲས་སྨྲ་བའི་ལུགས་ཡིན་ལ་གཟུགས་སེམས་གཉིས་སམ་སྣོད་བཅུད་ཀྱི་འཇིག་རྟེན་འདི་གཉིས་གང་ཞིག་སྔོན་དུ་བྱུང་བརྗོད་དུ་མེད་པ་ཐོག་མ་མེད་པ་ཡིན་ལ་སྤྱིའི་ཆ་ནས་ཐ་མ་ཡང་དེ་བས་ཀྱང་མེད་པ་ཞིག་འདོད། ལུགས་སོ་སོར་དབྱེ་ཤེས་ན་མཁས་པ་དང་ཐམས་ཅད་གཅིག་ཏུ་འཁྲུལ་ན་གང་ཡང་མི་ཤེས་པའི་རང་རྟགས་ཡིན།
    དེང་རབས་ཀྱི་རིག་གསར་བ་ཚོ་ནི་དེ་དག་གང་གི་ཁོངས་སུ་མི་གཏོགས་ལ་ལྟ་གྲུབ་དང་ཚན་རིག་གཉིས་མི་འདྲ་བའི་ཁྱད་པ་ནི་ལྟ་གྲུབ་སྨྲ་བ་གཅིག་གིས་རྟགས་དང་རྒྱུ་མཚན་ཚད་ལྡན་གྱི་ལུང་སོགས་ལས་གྲུབ་པའི་གྲུབ་དོན་དེ་ལྟ་གྲུབ་སྨྲ་བ་གཞན་གྱིས་དེ་ལ་དགག་སྒྲུབ་ཀྱི་རྩོད་པའི་ལམ་ནས་སུན་འབྱིན་གང་ཐུབ་ཀྱིས་མི་འདྲ་བ་རེ་རེ་ཡོད་དགོས་པ་ལས་མཐུན་སྣང་དུ་གྲུབ་པའི་ལྟ་བ་ཞིག་ཡོང་མི་སྲིད་པ་རེད། རིག་གསར་བ་ཚོས་ཨང་རྩིས་དང་ཆེ་ཤེལ་འཕྲུལ་རིགས་སོགས་ལ་རྟེན་ནས་རང་གིས་གང་གསར་རྙེད་བྱུང་བ་དེ་དཔེ་སྒྲོམ་གྱི་ལམ་ནས་གཅིག་གིས་རག་པ་ཀུན་ལ་མཐོང་བའི་མཐུན་སྣང་བ་ཞིག་མ་བྱུང་ན་ཁས་ལེན་བྱེད་ཀྱི་མེད་པས་ཚང་མ་མཐུན་དགོས་པ་ཡིན་ནོ།

  14. tama says:
    2012-10-10 at 4:24 am

    བགྲོ་གླེང་ཡག་པོ་འདུག

  15. ཨ་ནུ་ཐང་བསོད་ནམས says:
    2012-10-10 at 4:28 am

    ཨན་ཡི་སི་ཐན་གྱི་སྐད་ཆ་འདི་རེད། “If there is any religion that could respond to the needs of modern science, it would be Buddhism.”
    དེ་ལ་རང་གི་ལྟ་གྲུབ་དང་མཐུན་པའི་ལོག་འགྲེལ་མ་གནང་རོགས།
    གལ་སྲིད་དེང་རབས་ཚན་རིག་གི་དགོས་མཁོ་ལ་ལན་འདེབས་གནང་མཁན་གྱི་ཆོས་ལུགས་ཤིག་ཡོད་ན་དེ་ནི་ནང་ཆོས་ཡིན་ཞེས་གསུངས་ཡོད། དེའི་ནང་དོན་ནི། གལ་སྲིད་དེང་རབས་ཚན་རིག་གིས་ལག་ཆ་ལེན་སའི་ཆོས་ལུགས་ཤིག་ཡོད་ན་དེ་ནི་ནང་ཆོས་ཡིན་ཞེས་བའི་དོན་རེད། དེ་བརྟེན་ཚན་རིག་པ་དང་ནུབ་མི་ཤེས་ཡོན་ཡོད་མཁན་དང་མེད་མཁན་མང་པའི་ཞིག་གིས་ནང་ཆོས་ལ་དོ་སྣང་བྱེད་དང་བྱེད་བཞིན་པ་འདི་མཐོང་ཆོས་རེད། འོན་ཀྱང་། ང་ཚོས་ཤེས་དགོས་བ་ཞིག་ལ་ཁོང་ཚོ་ཡོད་ཚད་ཀྱིས་དད་པ་སྐྱེས་ནས་མིན་པ་མང་ཤོས་ཀྱིས་ཤེས་ཡོན་ཞིག་ཏུ་འདོད་ནས་ཞིབ་འཇུག་བྱེད་མཁན་རེད། ཡིན་ཏེ། ཁོང་ཚོ་ལ་ཆོས་ལུགས་མེད་པས་ཆོས་ལུགས་གང་ཞིག་ལ་རང་འདོད་ལྟར་འཇུག་ཆོག་ཆོག་དང་ཞིབ་འཇུག་བྱེད་ཆོག་ཆོག་ཡིན་པས་རེད།

  16. ལེགས་བཤད། says:
    2012-10-10 at 8:37 am

    རྟེན་འབྱུང་གི་གཏན་ཚིགས་དང་འཇིག་རྟེན་ཁམས་ཀྱི་རྣམ་བཞག་དང་གཟུགས་ཅན་དང་རྡུལ་ཕྲན་གྱི་རྣམ་བཞག་སོགས་ནི་ནང་ཆོས་ཀྱི་ཚན་རིག་ཏུ་འདུ་བ་ཡིན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ནི་ནང་ཆོས་ཀྱི་ལྟ་གྲུབ་ཏུ་འདུ་བ་ཡིན། ས་བཅུ་ལམ་ལྔ་སོགས་ནི་ནང་ཆོས་ཀྱི་ཉམས་ལེན་དུ་འདུ། དེ་གསུམ་པོ་གཞི་ལམ་འབྲས་གསུམ་ལ་སྦྱར་ན་ཡང་ཆོག །དེས་ན་ཨན་ཡི་སི་ཐན་གྱིས་བཤད་པའི་( modern science)་དེ་ནི་ཕྱིའི་དངོས་པོར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུགས་སམ་དེ་དང་མཉམ་དུ་ཐུན་མོང་གི་གླེང་སྟེགས་ཤིག་ཡོད་པ་དེ་ནི་གཙོ་བོ་ནང་ཆོས་ཀྱི་ཚན་རིག་རེད། ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་དེ་ནི་ཀུན་སྤྱོད་རིག་པ་དང་ཤེས་པར་ཕྱོགས་པའི་ཚན་རིག་གི་ཁོངས་སུ་བསྡུ་ནའང་ཆོག །ཤེས་བའི་རྣམ་བཞག་གི་ཐད་ནས་དེང་དུས་ཚན་རིག་གིས་བཤད་པ་ལྟར་དོན་ལ་གནས་བ་ཡིན་ན་ནང་ཆོས་ཀྱིས་བཤད་པ་ལྟར་དོན་ལ་གནས་པས་མ་ཁྱབ། ནང་ཆོས་ཀྱིས་བཤད་པ་ལྟར་དོན་ལ་གནས་པ་ཡིན་ན་དེང་དུས་ཚན་རིག་གིས་བཤད་པ་ལྟར་དོན་ལ་གནས་བ་ཡིན་པས་ཀྱང་མ་ཁྱབ། དེ་ནི་གཙོ་བོར་ཐོག་མའི་དམིགས་ཡུལ་དང་ལྷག་བསམ་གྱིས་མཚོན་པའི་གྲུབ་དོན་མང་པོ་ཞིག་འཇོག་དགོས་ཐུག་པ་རེད། །དཔེར་ན། ལུས་ཀྱི་ཁྲག་སྦྱིན་པ་དང་མཁལ་མ་སྦྱིན་པ་སོགས་ནང་གི་ཀུན་སློང་ཁྱད་པར་བ་ཞིག་གིས་ཐོག་དྲངས་བའི་ཀུན་སྤྱོད་དང་འབྲེལ་བ་ལྟ་བུ་རེད།

  17. གོང་དཀར་ངག་རྣམ། says:
    2012-10-10 at 11:10 am

    མུ་མཐུད་དེ་གསུང་རོགས།

  18. མཁར་རྔ། says:
    2012-10-10 at 12:16 pm

    དཔལ་རྒྱལ་བ་ཇོ་ནང་བའི་རྐང་འཛིན་ས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་ལས།
    ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར།
    ནང་དུས་ཀྱི་འཁོར་ལོ་རྩ་རླུང་ཐིག་ལེ།
    གསང་བ་དུས་ཀྱི་འཁོར་ལོ་ཆོས་ཉིད་བདེ་གཤེགས་སྙིང་བོ།
    གསུང་བ་དེ་ནི་མཚན་རིགས་དང་མཐུན་པ་མ་ཟད་མཚན་རིགས་པ་རྣམས་ལ་ཡང་མ་རིག་པའི་སྒྲོན་མེ་ཞིག་དུ་འགྱུར་ངེས།

  19. གོང་དཀར་ངག་རྣམ། says:
    2012-10-10 at 12:47 pm

    ཁྱེད་ཀྱིས་བྱས་གཞུང་ལུགས་དེ་གཉིས་ཀྱིས་ཡུལ་དངོས་པོར་དཔྱོད་སྟངས་ཐོུང་བ་གང་རེད་འདུག་གམ།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-10-10 at 1:27 pm

    “If there is any religion that could respond to the needs of modern science, it would be Buddhism.”
    གལ་སྲིད་ཆོས་ལུགས་གང་རུང་ཤིག་གིས་དེང་རབས་ཚན་རིག་ལ་དགོས་མཁོ་ཁ་སྐོང་དགོས་ན། དེ་ནི་ནང་ཆོས་ལས་འགྲོ་ས་མེད།

  21. གོང་དཀར་ངག་རྣམ། says:
    2012-10-11 at 1:48 am

    འདི་དང་འདྲ་བའི་་རྩོམ་ཡིག་ཅིག་བང་ཆེན་དྲ་ཚིགས་སུ་བཀོད་ཡོད་པས་གཟིེགས་འཚལ།
    http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-59/9388-2012-10-11-04-07-18

  22. འབྲོག་ཕྲུག says:
    2012-10-13 at 12:27 pm

    འདི་ན་མཆན་བུ་བཏགས་མཁན་ལོག་སྨྲ་ཚར་གཅོད་ཟེར་བས་རྒྱུ་གཉིས་སྨྲ་བ་ལ་རྒྱུད་གཉིས་སྨྲ་བ་སོགས་ཐ་སྙད་ཚད་ལྡན་ཙམ་ཡང་བཀོལ་མ་ཐུབ་ཀྱང་། གྲུབ་མཐའ་གསར་རྙིང་ཆ་ཚང་ཤེས་མདོག་སྟོན་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme