Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།

Posted on 2009-07-20 By དགེ་རབ་ 10 Comments on འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།

༼དུས་བབ་ཀྱི་དྲ་རྒྱ་ནས་བཤུས། གཤམ་གྱི་འབྲེལ་ཐག་འདི་ན་འདུག འབྲེལ་ཐག་ལ་བསྣུན་ན་པར་དང་བཅས་པ་མཐོང་ཐུབ།༽

http://tibettimes.tibethosting.com/news.php?showfooter=1&id=1389

རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་ལྷག་བསམ་དང་ལར་ཞེན། སྙིང་སྟོབས་བཅས་ལ་ཉམས་པ་མེད་པར་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་གླུ། ས་ཁྲ། དངུལ་སྒོར། ཕྱིར་སྐྱོད་ལག་ཁྱེར། རྒྱལ་ཁབ་བར་གྱི་ཆིངས་ཡིག རྒྱལ་ཁབ་ནང་ཁུལ་གྱི་སྒྲིག་འཛུགས་བཅས་ཕྱོགས་བདུན་གྱི་ཐད་ནས་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་འཚོལ་བསྡུ་བྱས་ཏེ། འཛམ་གླིང་མི་དམངས་ལ་དྲ་ཚིགས་དང་བརྙན་འཕྲིན་བརྒྱུད་དེ་ངོ་སྤྲོད་བྱ་མགོ་བརྩམས་ཡོད།

ཕྱི་ཚེས་ ༡༨ ཉིན་ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་སུམ་བརྒྱ་ཡས་མས་ཤིག་ལ། བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་༼རང་བཙན་དོན་དངོས་ཀྱི་ལོ་རྒྱུས་༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས། བོད་རང་བཙན་སྐོར་ཁུངས་སྐྱེལ་སྐོར་གྱི་རྒྱུ་ཆ་གལ་ཆེན་ཁག་ཅིག་བརྙན་འཕྲིན་བརྒྱུད་སྤྲོད་བཅས་གནང་སོང་ལ། ཁོང་མུ་མཐུད་དུ་བཙན་བྱོལ་བོད་མིའི་གཞིས་སྒར་གཞན་ཁག་ཅིག་ཏུའང་འགྲོ་རྒྱུ་ཡིན་སྐོར་ཡང་གསུངས་སོང་། ཁོང་གིས་ (www.rangzen.net) ཞེས་བའི་དབྱིན་ཡིག་གི་དྲ་ཚིགས་ཤིག་གསར་དུ་སྒོ་འབྱེད་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་སླར་ཡང་བོད་རང་བཙན་དག་སྐྱེལ་བྱེད་མགོ་བརྩམས་ཡོད་པ་མ་ཟད། དབྱིན་ཡིག་ཐོག་༼བོད་རང་བཙན་གྱི་བཅའ་ཁྲིམས་༽ཞུ་བ་ཞིག་གསར་རྩོམ་གནང་སྟེ། ད་ལྟ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་སྒྱུར་བྱེད་བཞིན་ཡོད་པ་དང་། མི་འགྱངས་པར་ཁྱབ་བསྒྲགས་བྱ་འཆར་ཡོད་འདུག

སྐབས་དེར་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་དོན། ང་རང་རྩོམ་པ་པོ་ཞིག་ཡིན་སྟབས་འདས་པའི་ལོ་མང་རིང་། བོད་རང་བཙན་དང་འབྲེལ་བའི་རྒྱུ་ཆ་མང་པོ་ཞིག་འཚོལ་བསྡུ་བྱས་ཡོད། སྤྱི་ལོ་ ༡༩༤༩ ལོར་རྒྱ་དམག་ཁམས་དང་ཨ་མདོར་སླེབས་པ་རེད། དུས་ཚོད་དེ་ཧ་ཅང་གནད་འགག་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཁེལ་ཡོད་སྟབས། ཨ་རི་དང་ཡུ་རོབ་སོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དབུལ་བོ་རེད། རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཀྱི་གནས་སྟངས་སྐྱོ་བོ་དང་རྙོག་འཛིང་ཆེན་པོ། ཐ་ན་མི་མང་པོ་ལྟོགས་ཤི་ཐེབས་ཀྱིན་ཡོད། སྐབས་དེར་བོད་ནི་རྒྱལ་ཁབ་ཅིག་གི་ངོ་བོར་བསྡད་ཡོད་པ་མ་ཟད། དྲ་རྒྱས་པོ་མེད་ཀྱང་ཟས་གོས་གཉིས་ཀར་དཀའ་ངལ་མེད། དམངས་གཙོ་སྤུས་དག་མེད་ཀྱང་ཁྲིམས་དང་འགྲོ་སྟངས་ཆ་ཚང་ཡོད། སྤྱི་ལོ་ ༡༩༡༢ ལོར་མན་ཇུ་བོད་ནས་ཕྱིར་ཕུད་བཏང་སྟེ། བོད་རང་བཙན་གསལ་བསྒྲགས་གནང་བ་མ་ཟད། བཙོན་པ་ཉེས་ཅན་ཡིན་རུང་སྲོག་ཁྲིམས་མེད་པ་གཏན་འབེབས་བྱས་ཡོད། དེ་འདྲའི་ཁྲིམས་བཟོ་མཁན་འཛམ་གླིང་ནང་བོད་པ་སྔ་གྲས་རེད། རྒྱལ་དབང་ལྔ་བའི་སྐབས་ནས་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ལ་བདག་གཅེས་ཀྱི་ཁྲིམས་བཟོས་ཡོད། དེ་ཡང་ཡིག་ཐོག་ནས་ཁྲིམས་གཏན་འབེབས་བྱེད་མཁན་བོད་པ་སྔ་གྲས་རེད། ཅེས་གསུངས་བྱུང་།

ཁོང་གིས་བོད་ཀྱི་རྒྱལ་དར་སྐོར་ནས་བོད་རང་བཙན་བསྒྲུབས་དོན། སྤྱི་ལོ་ ༡༩༡༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་རྒྱལ་དར་གཏན་འབེབས་བྱས་ཏེ་ལྷ་སའི་དམག་སྒར་དུ་བསྒྲེངས་འཛུགས་བྱས་འདུག སྐབས་དེར་རྒྱལ་དར་གྱི་མཐའི་མཚོན་མདོག་སེར་པོ་དེ་མེད་པ་འདྲ། རྗེས་སུ་ཆོས་མཚོན་བྱེད་དུ་ཁ་སྣོན་བྱས་ཚུལ་བཤད་སྲོལ་འདུག སྤྱི་ལོ་ ༡༩༣༦ ལོར་བོད་ཀྱི་རྒྱལ་དར་དེ་རྒྱལ་སྤྱིའི་སྟེང་སླེབས་པ་རེད། ལོ་དེར་ཨ་རིའི་གསར་དེབ་ཟེར་བ་ཞིག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་བཀོད་འདུག དེའི་ནང་བོད་པའི་རྒྱལ་དར་ཡང་ཚུད་འདུག སྤྱི་ལོ་ ༡༩༣༣ ལོར་འཇར་མན་གྱི་ཐ་མག་ཅིག་གི་རྒྱབ་ངོས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་བཀོད་པའི་ཁྲོད་བོད་པའི་རྒྱལ་དར་བཀོད་འདུག སྤྱི་ལོ་ ༡༩༤༧ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཚོགས་འདུ་ཞིག་འཚོགས་ཏེ། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གིས་གསུང་བཤད་གནང་འདུག སྐབས་དེར་བོད་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་གཉིས་ཚོགས་ཞུགས་གནང་འདུག་ལ། ཚོགས་ཁང་ཕྱི་རོལ་གྱི་རྒྱལ་ཁབ་ཁག་གི་རྒྱལ་དར་ཁྲོད་དུ་བོད་ཀྱི་རྒྱལ་དར་ཡང་བསྒྲེངས་འདུག

ཡང་འཇམ་ནོར་གྱིས་བོད་ཀྱི་རྒྱལ་གླུའི་ཐད་ནས་གསུངས་དོན། སྔོན་མ་འབྲས་སྤྱི་བློན་ཆེན་གྱིས་དེབ་ཅིག་བྲིས་པའི་ནང་། བོད་ལ་གངས་རི་ར་བ་ཟེར་བའི་རྒྱལ་གླུ་རྙིང་པ་ཞིག་ཡོད། ཞེས་བཀོད་འདུག སྤྱི་ལོ་ ༡༧༤༥ ཡས་མས་སུ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་ཀྱི་རྒྱལ་གླུ་ཐོག་མར་བརྩམས་འདུག ཁོང་བླ་མ་དང་གྲྭ་བ་དེ་འདྲ་མ་རེད། མི་སྐྱ་རེད། ཁོང་ལ་སྡེ་སྲིད་ཀྱི་གོ་གནས་ཡོད་པ་རེད། ད་ལྟའི་བཀའ་བློན་ཁྲི་པ་ལས་གོ་གནས་མཐོན་པོ་རེད། རྗེས་སུ་ང་ཚོ་སྐྱབས་བཅོལ་དུ་འབྱོར་སྐབས། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་མའེ་སོར་ནས་བོད་ཀྱི་རྒྱལ་གླུ་གསར་བ། ད་ལྟ་གྱེར་འདོན་བྱེད་བཞིན་པའི་སྲིད་ཞིའི་ཕན་བདེ་ཟེར་བ་འདི་ལྗགས་རྩོམ་གནང་བ་རེད། ཅེས་གསུངས་བྱུང་།

ཁོང་གིས་མུ་མཐུད་དུ་བོད་ཀྱི་ས་ཁྲའི་ཐད་ནས་བོད་རང་བཙན་དག་སྐྱེལ་བྱས་དོན། སྤྱི་ལོ་ ༡༦༨༠ ལོར་ཧྥ་རན་སིའི་ས་རྒྱུས་མཁས་པ་ཞིག་གིས་ས་ཁྲ་བྲིས་པའི་ནང་བོད་ཆེན་པོ་ Great Tibet ཞེས་ལོགས་སུ་བྲིས་འདུག དེའི་ནུབ་ཕྱོགས་སུ་ད་ལྟའི་ལ་དྭགས་ལ། བོད་ཆུང་བ། ཞེས་བྲིས་འདུག ཟུར་དུ་འབྲུག་ཡུལ་བྲིས་འདུག འབྲུག་ཡུལ་གྱི་མིང་ལ་རྒྱལ་སྤྱིའི་སྟེང་། བྷོད་ཊྲན་ Butan ཟེར་གྱིན་ཡོད། བྷོད་ཟེར་བ་བོད་ཀྱི་དོན་དང་། ཊྲན་ཟེར་བ་སམ་ཊི་ཏའི་སྐད་ནང་སྒོ་ཞེས་པའི་དོན་རེད། དེ་གཉིས་སྦྱར་བ་ཡིན་ན་བོད་ཀྱི་སྒོ་ཟེར་བ་རེད། སྤྱི་ལོ་ ༡༨༢༧ ལོར་ཨ་རི་ནས་ས་ཁྲ་ཞིག་བྲིས་པའི་ནང་དུའང་བོད་དེ་རྒྱ་ནག་ལས་ལོགས་སུ་བཏོན་ཡོད། དེ་བཞིན། མན་ཇུའི་སྔོན་ལ་རྒྱ་ནག་རང་གིས་བཏོན་པའི་ས་ཁྲ་དག་ཏུའང་བོད་དེ་རྒྱ་ནག་གི་ས་ཁོངས་སུ་བཀོད་མེད། མན་ཇུའི་གོང་མ་ཁཱང་ཤིས་ཡི་ཤུ་ཆོས་སྤེལ་མཁན་ཕྱི་གླིང་བ་གཉིས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁྲ་བཟོ་རུ་བཅུག་ཅིང་། བོད་ཡང་རྒྱ་ཁོངས་སུ་བསྡུ་དགོས་པའི་བཀའ་གནང་ཡོད་ཀྱང་། ཁོང་གཉིས་ཕྱི་རྒྱལ་བ་ཡིན་སྟབས་བོད་ནང་འགྲོ་མ་ཐུབ་པར་སོག་པོའི་གྲྭ་བ་གཉིས་གསང་སྟབས་ཀྱིས་བོད་ནང་བཏང་འདུག སྤྱི་ལོ་ ༡༤༩༢ ལོར་བཟོས་པའི་སའི་གོ་ལའི་དབྱིབས་གཟུགས་ཅན་གྱི་འཛམ་གླིང་གི་ས་ཁྲ་རྙང་ཤོས་དེ་འཇར་མན་གྱི་རྒྱལ་སར་ཡོད། དེའི་ནང་བོད་གསལ་བོར་བཀོད་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

འཇམ་ནོར་གྱིས་མུ་མཐུད་དུ་བོད་རང་བཙན་སྐབས་ཀྱི་དངུལ་སྒོར་ངོ་སྤྲོད་གནང་དོན། སྔོན་མ་བོད་ལ་ཊམ་ཀ་དང་ཟངས་ཀྱི་སྒོར་མོ་བཅས་གཉིས་ཡོད། སྐབས་དེར་ཊམ་ཀ་མང་ཆེ་བ་བལ་ཡུལ་ནས་བཟོ་བཞིན་ཡོད། མན་ཇུའི་བཙན་འཛུལ་སྐབས་བོད་དང་མན་ཇུའི་མཉམ་འབྲེལ་ཐོག་ཊམ་ཀ་ཞིག་བཟོས་མྱོང་། མན་ཇུའི་འོག་ནས་རང་བཙན་ཐོབ་མ་ཐག དགའ་ལྡན་ཕོ་བྲང་གི་དངུལ་སྒོར་གཏན་འབེབས་བྱས་པ་རེད། དངུལ་དེར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཨང་གྲངས་ལག་པས་བྲིས་པ་རེད། དེ་ནི་གཞན་གྱིས་རྫུན་མ་བཟོ་མི་ཐུབ་པའི་སྲིད་བྱུས་ཤིག་ཡིན་པ་འདྲ། སྤྱི་ལོ་ ༡༩༥༡ ལོར་རྒྱ་མི་ལྷ་སར་སླེབས་ཏེ་རྒྱ་སྒོར་བེད་སྤྱོད་གཏོང་རྒྱུར་བཙན་སྐུལ་བྱས་ཀྱང་། བོད་མི་ཚོས་རྩ་བ་ནས་རྒྱ་སྒོར་བེད་སྤྱོད་བཏང་མི་འདུག ཐ་ན་ང་དགུ་ལོར་སྐྱབས་བཅོལ་དུ་ཡོང་སྐབས་ཀྱང་། བོད་པའི་དངུལ་མང་པོ་ཉར་ཏེ་ཡོང་ཡོད་སྟབས། རྒྱ་གར་ནང་བེད་སྤྱོད་མེད་པར་གྱོང་རག་ཡོད་པའི་སྐད་ཆ་ཡོད།

ཡང་ཁོང་གིས་བོད་པའི་ཕྱིར་སྐྱོད་ལག་ཁྱེར་ཐད་ནས་གསུངས་སོན། སྤྱི་ལོ་ ༡༦༨༨ ལོར་བོད་གཞུང་གིས་ལྷ་ས་ནས་ཨར་མེ་ནའེ་ཡན་ཟེར་བའི་ཨུ་རུ་སུའི་ས་མཚམས་སུ་ཡོད་པའི་ཚོང་པ་སྐད་གྲགས་ཅན་ཞིག་ལ་ཐོངས་མཆན་སྤྲད་འདུག རྒྱ་གར་ལ་དབྱིན་ཇུ་ཐོག་མར་སླེབས་སྐབས། ཚོང་རྒྱག་མཁན་གྱི་སྐུ་ཚབ་རྒྱ་གར་བ་ཞིག་ལ། ལྷ་སར་ཡོང་ཆོག་པའི་ཐོངས་མཆན་སྤྲད་འདུག དེ་བཞིན། སྤྱི་ལོ་ ༡༩༢༡ ལོར་དབྱིན་ཇུ་བས་ཇོ་མོ་གླང་མའི་རྩེར་འཛེགས་རྒྱུ་བྱས་ཀྱང་བལ་ཡུལ་གྱིས་བཏང་མེད། དེའི་རྗེས་འབྲས་སྤྱི་བློན་ཆེན་ལྷ་སར་ཡོང་སྟེ། བོད་གཞུང་ལ་བཀའ་འཁྲོལ་ཞུས་ཏེ། བོད་གཞུང་གིས་ཐོངས་མཆན་སྤྲད་འདུག ཐོངས་མཆན་ཡི་གེ་དེ་ད་ལྟ་རྡོ་རྗེ་གླིང་གི་གངས་འཛེགས་ཚོགས་པའི་འགྲེམ་སྟོན་ཁང་དུ་ཡོད། ཇོ་མོ་གླང་མའི་རི་རྩེར་འཛེགས་མཁན་ཐེངས་ ༤ ཙམ་བྱུང་བ་དག་ལ་བོད་གཞུང་གི་ཐོངས་མཆན་སྤྲོད་ཀྱིན་ཡོད། དེ་མིན། བོད་ཡུལ་དུ་ཉམས་ཞིབ་བྱེད་མཁན་ཨི་ཊ་ལི་དང་འཇར་མན་པ་བཅས་ཡོང་སྐབས་བོད་གཞུང་གིས་ཐོངས་མཆན་སྤྲད་ཡོད། ཅེས་བསྟན་བྱུང་།

འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་དང་རྒྱལ་ཁབ་གཞན་ཁག་ཅིག་བར་གྱི་ཆིངས་ཡིག་སྐོར་གསུངས་དོན། སྤྱི་ལོ་ ༨༢༡ ལོར་བོད་རྒྱ་གཉིས་བར་དམག་འཁྲུག་ཆེན་པོ་བྱུང་སྟེ། ལྷ་སའི་ཇོ་ཁང་མདུན་དང་རྒྱ་ནག་གི་རྒྱལ་ས་ཁྲཱང་ཨན། བོད་རྒྱའི་ས་མཚམས་བཅས་སུ་རྡོ་རིང་བཞེངས་ཡོད། དེའི་ནང་། བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཅེས་གསལ་བོར་བཀོད་ཡོད། སྤྱི་ལོ་ ༡༩༠༤ ལོར་བོད་དང་དབྱིན་ཇུའི་བར་རྙོག་ཟིང་སྐབས། དབྱིན་གཞུང་དང་མཉམ་དུ་རྩེ་ཕོ་བྲང་ནས་ཆིངས་ཡིག་བཞག་ཡོད། སྤྱི་ལོ་ ༡༨༥༦ ལོར་བལ་ཡུལ་དང་ཆིངས་ཡིག་བཞག་ཡོད། ཡ་མཚན་པ་ཞིག་ལ། བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་སྐབས། བོད་དང་ཆིངས་ཡིག་བཞག་པ་དེ་བལ་ཡུལ་རང་བཙན་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་དུ་དྲངས་འདུག སྤྱི་ལོ་ ༡༩༡༣ ལོར་བོད་སོག་བར་ཆིངས་ཡིག་བཞག་པའི་ནང་། རང་རེ་བོད་སོག་གཉིས་མན་ཇུའི་རྒྱལ་ཁབ་ཀྱི་མངའ་འོག་ནས་ཐོན། རྒྱ་ནག་པོ་དང་བྲལ་ཏེ་བོད་སོག་སོ་སོར་རྒྱལ་ཁབ་རང་བཙན་དུ་གྱུར། ཞེས་བཀོད་ཡོད། ད་ལྟ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་ལ་གྲོས་མོལ་བྱེད་ཀྱིན་ཡོད་མོད། ཐག་གིས་གཅོད་ཐུབ་རྩ་བ་ནས་ཡོད་པ་མ་རེད། མེག་མོ་ཧན་ས་ཐིག་ཟེར་བའི་རྩོད་གཞི་དེར་སྔོན་མ་བོད་གཞུང་གི་སྐུ་ཚབ་དང་དབྱིན་གཞུང་གི་སྐུ་ཚབ་ཀྱིས་ཐམ་ག་བརྒྱབས་ཏེ་ས་རྟགས་སྐྱོན་ཡོད། ཅེས་གསུངས་བྱུང་།

མཇུག་མཐར་ཁོང་གིས་སྔར་གྱི་བོད་གཞུང་གི་སྒྲིག་འཛུགས་ཐད་ནས་བོད་རང་བཙན་ཁུངས་སྐྱེལ་བྱས་དོན། སྤྱི་ལོ་ ༡༩༤༡ ལོར་བོད་གཞུང་ཕྱི་སྲིད་ལས་ཁུངས་བཙུགས་ཡོད། རྒྱ་ནག་གོ་མིན་ཏང་གིས་སྤྱི་ལོ་ ༡༩༣༤ ལོར་བོད་དུ་གཞུང་ཚབ་བཙུགས་ཤིང་། དབྱིན་གཞུང་གིས་སྤྱི་ལོ་ ༡༩༣༦ ལོར་བོད་ནང་གཞུང་ཚབ་བཙུགས་འདུག རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་ལ་ཕྱག་འཕྲིན་ཞིག་བསྐུར་བའི་ནང་། ཁྱེད་ཀྱི་དམག་མི་དང་ལས་བྱེད་ཚོས་བོད་པའི་ས་མཚམས་སུ་གང་བྱུང་བྱེད་པ་དེ་རྩ་བ་ནས་འགྲིག་གིན་མེད། ཁྱེད་ཀྱིས་ཁོང་ཚོར་དེ་ལྟར་བྱ་མི་ཆོག་པའི་བཀའ་གསལ་བོ་གནང་དགོས། ཞེས་བཀོད་འདུག འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བོད་པས་བར་གནས་རྒྱལ་ཁབ་ཡིན། ཞེས་དམག་ནང་ཞུགས་མེད། སྤྱི་ལོ་ ༡༩༢༧ ལོར་ལྷ་སར་གློག་ཁང་བཙུགས་པ་མ་ཟད། སྦྲག་ཁང་ཡང་བཙུགས་ཏེ་སྦྲག་ཟམ་ཐོག་སྦྱར་བྱང་ཡང་བོད་རང་གིས་བཟོས་འདུག སྤྱི་ལོ་ ༡༩༢༣ ལོར་རྒྱལ་རྩེ་བར་དར་འཕྲིན་འཐེན་འདུག སྤྱི་ལོ་ ༡༩༤༨ ལོར་ལྷ་སའི་རླུང་འཕྲིན་ཟེར་བ་དེ་བཙུགས་པ་རེད། སྐབས་དེར་བོད་རྒྱ་དབྱིན་གསུམ་ནང་གསར་འགྱུར་རྒྱང་སྲིང་བྱེད་ཀྱིན་ཡོད་ལ། རྒྱ་ཡིག་ནང་གསར་འགྱུར་ཀློག་མཁན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རེད། ཅེས་གསུངས་བྱུང་།

གསར་འགྱུར།

Post navigation

Previous Post: རྩོམ་རིག་དཔྱད་བརྗོད་པ་ཞིག་གི་ལམ།
Next Post: རང་སྐྱོང་ཨེ། ཡང་བསྐྱར་བསམ་བློ་ཐོངས།

Comments (10) on “འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-20 at 5:43 pm

    ༧ པཎ་ཆེན་ཨེར་ཏི་ནི༧ཆོས་ཀྱི་རྒྱལ་མཚན།

    བོད་ལྗོངས་སློབ་གྲྭ་ཆེན་མོས་ད་ལོར་སློབ་གྲྭ་བ་བཅུག་སྐབས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་བྱུང་ཡོད་ཅེས་བཤད་ཚུལ་འདུག་པས་ང་ཚོས་དེ་དོན་རྩད་གཅོད་བྱེད་བཞིན་ཡོད། གལ་སྲིད་དོན་ངོས་རེད་འདུག་ན་ངེས་པར་དུ་དེར་ཐག་གཅོད་བྱ་རྒྱུ་ཡིན། ཨ་མེ་རི་ཀའི་སློབ་གྲྭ་མང་པོར་དེང་སྐབས་བོད་ཡིག་འཛིན་གྲྭ་བཙུགས་ནས་བོད་ཡིག་ལ་མཐོང་ཆེན་བྱེད་ཀྱི་འདུག ང་ཚོས་བོད་ཡིག་སློབ་མི་ཐུབ་པ་ཐབས་སྐྱོ་བོ་དེ་འདྲའི་མཚམས་ལ་སླེབས་ཡོད་པ་མ་རེད། ཕྱིན་ཆད་བོད་ལ་བོད་ཡིག་གཙོ་བོ་བྱེད་རྒྱུའི་ཐད་སྲིད་ཇུས་དང་ཐ་ན་ཁྲིམས་སྲོལ་འགའ་ཞིག་མ་བཙུགས་རང་འཛུགས་རེད། ཅེས་དང༌།

    ངའི་གོ་ཐོས་ལ་ནག་ཆུའི་འབྲོག་པའི་ཁྱིམ་དུད་གཅིག་གི་བུ་མོ་གཅིག་རྒྱ་ནག་སློབ་གྲྭར་བང་སྟེ། ལོ་ཁ་ཤས་སོང་རྗེས་བུ་མོ་དེ་ཡར་ཡོང་ནས་སྤགས་ཟ་ཡི་མེད་པ་དང༌། ཇ་འཐུང་གི་མེད་པས་ཨ་མ་དེ་འུ་ཐུག་ནས་ད་གུང་ཁྲན་ཏང་གིས་ངའི་བུ་མོ་དེ་སྐུ་དྲག་གི་བུ་མོ་ཞིག་གསོ་སྐྱོང་བྱས་འདུག་ཅེས་བརྗོད། སྐུ་དྲག་གིས་ཀྱང་སྤགས་ཟ་ཡི་རེད། དཔེར་ན་ང་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྐབས་བོད་ཀྱི་གཙོ་བོ་ཨང་གཉིས་པ་དེ་ཡིན་ཡང་ངས་སྤགས་ཟ་ཡི་ཡོད། ཇ་འཐུང་གི་ཡོད།

    ཡང་ལུང་བ་གཅིག་གི་བུ་མོ་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་ཕྱིན་ནས་ཡར་སླེབས་རྗེས། ཁོ་མོས་རྒྱ་སྐད་ལ་སྐད་ཕུན་སུམ་ཚོགས་པོ་ཡོད་པ་དང་བོད་སྐད་ལ་སྐད་འདང་གི་མི་འདུག་ཟེར་ཏེ་རང་གི་ཕ་མ་ལ་རྒྱ་སྐད་ལས་བོད་སྐད་རྒྱག་གི་མེད་པ་རེད། ཕ་མ་གཉིས་རྒྱ་སྐད་མི་ཤེས་པས་འུ་ཐུག་ནས་ཁོ་མོར་ཁོག་ཏིར་ལ་རྒྱ་སྐད་ག་རེ་ཟེར་འདྲི་བས་ཁོ་མོས་ཤོད་ཤེས་ཀྱི་མེད་པ་རེད། མི་དེ་ཚོའི་གནས་ཚུལ་གྱིས་གུང་ཁྲན་ཏང་གི་ངོ་གདོང་ལ་ནག་པོ་བསྐུས་པ་རེད་དམ་དམར་པོ་བསྐུས་པ་རེད། འཛམ་གླིང་ཐོག་གུང་ཁྲན་ཏང་གི་མཚན་སྙན་དེ་ཡར་བཀྱག་པ་རེད་དམ་མར་འཐེན་པ་རེད། ལ་ལ་ཕར་ཕྱོགས་སུ་བསྡད་མཁན་ཚོར་མེ་སྒྱོགས་ཀྱི་མདེའུ་སྤྲད་རོགས་བྱས་པ་རེད་མ་རེད། བྱ་བ་དེ་རྒྱལ་གཅེས་རེད་དམ་རྒྱལ་ཁབ་ལ་གནོད་པ་

    སྐྱེལ་བ་རེད། ཅེས་དང༌།ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་གཅིག་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱོང་དགོས་ཀྱི་རེད། བོད་རིགས་གཅིག་ཡིན་ཕྱིན་བོད་ཡིག་མ་ཤེས་ན་ངོ་ཚ་རེད། ངའི་དགོན་པ་བཀྲ་ཤིས་ལྷུན་པོར་བོད་ཡིག་སྦྱོང་བའི་རྨང་གཞིའི་ཐོག་རྒྱ་ཡིག་སྦྱོང་གི་ཡོད། སྐད་ཡིག་ནི་མི་རིགས་དབྱེ་བ་ཕྱེ་སའི་མཚན་རྟགས་གཙོ་བོ་ཞིག་ཡིན་པས་སི་ཏ་ལིང་གིས་གསུང་བའི་མི་རིགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ནང་སྐད་ཡིག་དེ་ཚུད་ཡོད་པ་རེད། ཅེས་དང༌། སློབ་གྲྭ་བའི་ད་ལྟའི་བསམ་བློ་དང༌། སྤྱོད་ཚུལ། ཀུན་སྤྱོད། བསམ་འདུན་ནི་བོད་ཀྱི་འབྱུང་འགྱུར་གྱི་ཚབ་ཡིན་པས་ད་ལྟ་ནས་བཟུང་ཁོ་ཚོར་གསོ་སྐྱོང་ཡག་པོ་བྱས་ན་མ་གཏོགས་བོད་ལ་རེ་བ་ཡོད་པ་མ་རེད། སློབ་གསོ་བས་མི་རིགས་ལ་འགན་ཁུར་བའི་སྙིང་སྟོབས་འཁྱེར་ནས་ལས་དོན་བྱས་ཏེ་མེས་རྒྱལ་ལ་འགན་ཁུར་དང༌། བོད་ལ་འགན་ཁུར་བྱེད་དགོས། ཞེས་དང༌།

    རྗེ་སྐུ་འབུམ་རྒྱ་རྒྱུད་ཀྱི་བོད་རིགས་ཀྱིས་བོད་སྐད་རྒྱབ་མི་ཤེས་པ་དང༌། རྒྱ་ཆས་གྱོན་གྱི་ཡོད། ཁོ་ཚོ་རང་ཉིད་ཀྱི་བསམ་པའི་ནང་རང་ཉིད་བོད་ཡིན་བསམ་པ་མ་གཏོགས་བོད་རིགས་ཀྱི་ཁྱད་ཆོས་རྩ་བ་ནས་ཡོད་པ་མ་རེད། དོན་དེ་ལོ་ལྔ་བཅུ་དྲུག་ཅུ་སྔོན་གོ་མིན་ཏང་གི་སྐབས་འགོ་ཚུགས་པ་དང༌། ཀྲུང་གོ་གསར་བའི་སྐབས་མཐིལ་ཕྱིན་པ་དོན་འཁྱོལ་བྱུང་བ་རེད། དར་རྩེ་མདོ་ཡང་རྗེ་སྐུ་འབུམ་རྒྱ་རྒྱུད་ཀྱི་བོད་རིགས་དང་ཁྱད་པར་ཞེ་དྲག་མི་འདུག་ལོ་ལྔ་བཅུ་དྲུག་ཅུ་རྗེས་བོད་ཀྱང་དེ་འདྲར་གྱུར་ན་བོད་རིགས་ཡར་རྒྱས་བྱུང་འདུག་ཅེས་ཤོད་ཐུབ་བམ། ཞེས་དང༌། དཔེར་ན་ཡུན་ནན་དུ་སོག་པོ་ཁག་གཅིག་གཏན་སྡོད་བྱས་ཡོད་པས་ཁོ་ཚོ་ཕལ་ཆེར་ལོ་མང་སོང་བའི་དབང་གིས་སོག་སྐད་ཐོར་ནས་ཁོ་ཚོའི་སྐད་ཀྱི་ནང་བརྒྱ་ཆ་ཉི་ཤུ་ཙམ་སོག་སྐད་ཡིན་པ་དང༌། བརྒྱ་ཆ་བརྒྱ་ཅུ་ཐམ་པ་རྒྱ་སྐད་དང་ཡུན་ནན་ཞིང་ཆེན་གྱི་དེ་མིན་མི་རིགས་ཀྱི་སྐད་རེད། ནང་སོག་གིས་ས་གནས་དེར་ཆེར་མངགས་མི་བཏང་ནས་སོག་སྐད་བསླབ་པ་དང༌། སློབ་གྲྭ་བའི་སློབ་དེབ་ཀྱང་ནང་སོག་ནས་ཡོན་མེད་སྤྲད་པ་མ་ཟད། དགེ་རྒན་གྱི་གླ་ཕོག་ཀྱང་ནང་སོག་ནས་རང་བསྐུར་བྱས་པ་རེད། དེ་གའི་སོག་པོར་རང་མི་རིགས་ཀྱི་སྐད་སྦྱོང་བར་རོགས་རམ་བྱེད་རྒྱུ་དེ་ནི་རང་ཉིད་ཀྱི་འོས་འགན་ཡིན་ཟེར་གྱི་ཡོད་པ་རེད། མི་རིགས་གཞན་དག་གིས་བྱེད་ཐུབ་པ་དེ་ང་ཚོས་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

  2. གཞིས་ལུས་བོད་པ། says:
    2009-07-20 at 11:15 pm

    སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཡག་པོ་བཤད་འདུག ཞིབ་འཇུག་ཟེར་བ་འདི་འདྲ་རེད། ཁོང་ལ་ཐུགས་རྗེ་ཆེ་ཞུ།

  3. བསྟན་པ་ཉི་མ says:
    2009-07-21 at 12:12 am

    སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ལ་ཐུགས་རྗེ་ཤིན་ཏུ་ནས་ཆེ་ཞུ་རྒྱུ་ཡིན་ལགས། ཁོང་དང་ཁོང་འདྲ་མང་ཙམ་ཡོང་བའི་རེ་བ་ཡོད།

  4. བསོད་ནམས་ཚེ་རིང༌། says:
    2009-07-21 at 12:52 am

    འཇམ་དབྱངས་ནོར་བུ་ནི་བོད་མི་རིགས་ཀྱི་སྤོབས་པ་རེད་ཅེས་བརྗོད་ཀྱང་ཆོག དངོས་གནས་བོད་རང་བཙན་གྱི་སྐོར་ལ་འབད་བརྩོན་བྱེད་མཁན་ལྷག་བསམ་རྣམ་དག་ཅིག་རེད་བསམ་གྱི་ཡོད། ཁོང་གིས་ཞིབ་འཇུག་གནང་བ་དེ་དག་ཀྱང་ཚད་ལྡན་ཁུངས་འཕེར་རྐྱང་རེད་འདུག་པས་བསྔགས་བརྗོད་ཞུ་རྒྱུ་ཡིན།

  5. གསར་བརྗེ་སྐྱབས། says:
    2009-07-21 at 5:11 am

    ཁོང་གིས་གསལ་འདོན་གནང་བའི་རང་བཙན་ཁྱབ་ཁོངས་ནང་དེ་སྔའི་བོད་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ལས་མདོ་ཁམས་ཀྱི་ཡུལ་ལུང་ཁག་ཅིག་ཚུད་མེད། བོད་དོན་ཉམས་ཞིབ་མང་པོས་བོད་ལ་ཆབ་སྲིད་ཀྱི་བོད་དང་རིག་གཞུང་གི་བོད་ཅེས་གཉིས་སུ་ཕྱེ་བཞིན་འདུག་ལ། ཆབ་སྲིད་ཀྱི་བོད་ནི་དེ་སྔའི་བོད་སྡེ་བ་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ཁག་དང་། རིག་གཞུང་གི་བོད་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ནང་མ་ཚུད་པའི་མདོ་ཁམས་ཀྱི་ཡུལ་ལུང་དག་ལ་གོ་དགོས་འདུག གནད་འདི་གཞིར་བཞག་ནས་བཤད་ན་བོད་རང་བཙན་སྒྲུབ་ཐུབ་ཀྱང་ང་ཚོའི་ངོས་ནས་རྩོད་ཐུབ་མིན་དང་ཐོབ་ཐུབ་མིན་ནི་ད་དུང་བཤད་དཀའ་བ་ཞིག་རེད་འདོད། མ་གཞི་ད་ལྟ་ང་ཚོས་རྩོད་བཞིན་པ་ནི་བོད་རིགས་ཡོངས་ལ་གཅིག་གྱུར་གྱི་ཚད་མཐོའི་རང་སྐྱོང་ཙམ་མ་ཡིན་ནམ།

  6. འཇའ་མཚོན་ཆུ་མིག says:
    2009-07-21 at 6:38 am

    མཁས་དབང་་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་མི་རབས་གསར་པ་ཚོར་རྒྱུས་སྤྲོད་གནང་ཞེས་འགོ་བརྗོད་དུ་བཅོས་དགོས་འདུག བོད་པ་ཞིག་ཡིན་ཕྱིན་ཚང་མས་རང་བཙན་ཡིན་ཤག་བྱ་གི་ཡོད་པ་ལས་བོད་མིས་བོད་མིའི་མདུན་དུ་རང་བཙན་ཁུངས་སྐྱེལ་བྱ་དགོས་དོན་མི་འདུག གཙོ་བོ་འཇམ་དབྱངས་ནོར་བུ་ལགས་ནས་ཕྱིའི་ཡུལ་གྲུ་ཁག་ཏུ་ཁུངས་སྐྱེལ་གྱི་ཡིག་ཆ་འགྲེམས་སྤེལ་བྱ་རྒྱུ་དང་། གནས་བབས་གསལ་བཤད་གཙོ་བོར་གནང་སྟེ་ཞོར་འཕྲོས་སུ་མི་རབས་གསར་པ་ཚོར་རྒྱུས་སྤྲོད་སློབ་སྟོན་མུ་མཐུད་གནང་ཚེ་དགེ་མཚན་ཆེན་པོ་འདུག ཁོང་གི་གནང་སྟངས་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ད་ལྟ་ཀླུ་སྨྱོན་ཁོ་ཡང་ཅི་བཤད་འདི་བཤད་མེད་པར་ཁུམས་ནས་བསྡད་ཡོད་ས་རེད། ཁོ་རེ་ཀླུ་སྨྱོན་ཁྱོད་ཀྱིས་བོད་རང་བཙན་མ་རེད་ཟེར་བ་སོགས་ཁུངས་མེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག་པས། འཇམ་དབྱངས་ནོར་བུ་ལྟ་བུའི་མཁས་དབང་དེ་ཚོར་ཁྱོད་ཀྱི་སྙོབས་ཐུབ་ཀྱི་མ་རེད་ཀྱང་ཚོགས་འདུ་དེ་འདྲར་ཐུག་ཚེ་ཁ་རྩོད་བྱེད་དང་ཁྱོད་ལ་བཤད་རྒྱུ་ཅི་ཡོད་ལྟས་ཆོག

  7. ཚེ་རིང་གི་བུ says:
    2009-07-21 at 3:17 pm

    སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་གཏམ་བཤད་འདིར་མཇལ་རྗེས། ངའི་སེམས་ལ་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་མཛད་པའི་༼༼བོད་ཀྱི་ལོ་རྒྱུས་༽༽(དེབ་མིང་མི་དྲན། ཤོག་ངོས་བརྒྱ་ལྷག་ཡོད་པ་ཞིག་ཡིན།)ཤིག་ཡོད་པ་དེ་དྲན། དེབ་དེའི་མཇུག་ཏུའང་བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་བོད་ཀྱི་རྒྱལ་གླུ་དང་། བོད་དམག ས་ཁྲ། བོད་ཀྱི་དངུལ་སྒོར་སོགས་ཀྱིས་ཁུངས་སྐྱེལ་མཛད་འདུག ལྷག་པར་དུ་ཁོང་གིས་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་དཔེ་མཛོད་ཁང་ཞིག་ནས་རྒྱ་མི་ཞིག་གིས་བྲིས་པའི་ས་ཁྲ་རྙིང་བ་ཞིག་ཕྱག་སོན་བྱུང་ཡོད་པ་དང་། ས་ཁྲའི་ཐོག་བོད་འདི་རྒྱ་ནག་དང་ལོགས་སུ་གསལ་པོར་བཀོད་ཡོད་སྟབས། མདོ་སྨད་པ་ཡོན་རྒྱམ་གྱིས་ས་ཁྲ་རྙིང་བ་དེ་གལ་ཆེན་པོར་གཟིགས་ཏེ་ཁོང་གི་ལོ་རྒྱུས་དེའི་ནང་བཅུག་འདུག

  8. བསོད་ནམས་ཚེ་རིང༌། says:
    2009-07-25 at 10:38 pm

    མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བྲིས་པའི་དེབ་དེའི་མིང་ལ། ཕལ་ཆེར་<>ཟེར་བ་ཡོད། དེབ་དེ་ངས་མ་བཀླགས་ནས་ལོ་ཁ་ཤས་འགོར་སོང༌། གང་ལྟར་འདས་པའི་ལོ་རྒྱུས་ཐོག་ནས་བཤད་ན། དེབ་ཆ་འདི་འབྲི་སྟངས་དང་གནས་ལུགས་རྒྱུ་མཚན་གསལ་ཤོས་ཀྱི་ཐོག་ནས་བོད་རང་བཙན་ཁུངས་སྐྱེལ་གནང་ཡོད་པ་རེད། དེའི་རྗེས་སུ་བོད་གཞུང་ནས་<>ཟེར་བ་འདི་ཡང་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་དེང་སྐབས་འཇམ་དབྱངས་ནོར་བུས་ཁུངས་སྐྱེལ་རྒྱུ་ཆ་འཚོལ་སྒྲུབ་དང༌། ལོ་རྒྱུས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ནི་གོང་གསལ་དེ་གཉིས་ལས་ཀྱང་ལྷག་པ་དང༌། རྭ་སྤྲོད་གསལ་ཤོས་ལྟ་བུ་ཆགས་འདུག གང་ལྟར་འཇམ་ནོར་ལ་བསྔགས་བརྗོད་ཞུ་བཞིན་ཡོད།

  9. བསོད་ནམས་ཚེ་རིང༌། says:
    2009-07-25 at 10:44 pm

    མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བྲིས་པའི་དེབ་དེའི་མིང་ལ། ཕལ་ཆེར་”བོད་རྒྱ་ནག་གི་ཆ་ཤས་གཏན་ནས་མིན་པའི་ཁུངས་སྐྱེལ་བདེན་པའི་ཉིང་ཁུ་”ཟེར་བ་ཡོད། དེབ་དེ་ངས་མ་བཀླགས་ནས་ལོ་ཁ་ཤས་འགོར་སོང༌། གང་ལྟར་འདས་པའི་ལོ་རྒྱུས་ཐོག་ནས་བཤད་ན། དེབ་ཆ་འདི་འབྲི་སྟངས་དང་གནས་ལུགས་རྒྱུ་མཚན་གསལ་ཤོས་ཀྱི་ཐོག་ནས་བོད་རང་བཙན་ཁུངས་སྐྱེལ་གནང་ཡོད་པ་རེད། དེའི་རྗེས་སུ་བོད་གཞུང་ནས”དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད”ཟེར་བ་འདི་ཡང་ཧ་ཅང་ཡག་པོ་ཡོད་པ་རེད། འོན་ཀྱང་དེང་སྐབས་འཇམ་དབྱངས་ནོར་བུས་ཁུངས་སྐྱེལ་རྒྱུ་ཆ་འཚོལ་སྒྲུབ་དང༌། ལོ་རྒྱུས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ནི་གོང་གསལ་དེ་གཉིས་ལས་ཀྱང་ལྷག་པ་དང༌། རྭ་སྤྲོད་གསལ་ཤོས་ལྟ་བུ་ཆགས་འདུག གང་ལྟར་འཇམ་ནོར་ལ་བསྔགས་བརྗོད་ཞུ་བཞིན་ཡོད།
    གསལ་བཤད། ཡིག་ཆའི་མིང་རྟགས་འདི་བྲིས་ནས་བཀོད་དུས་དེའི་བར་གྱི་ཡིག་ཆ་ཚང་མ་བརླག་འགྲོ་གི་འདུག གོང་གི་དེའི་ནང་དུ་དེབ་གཉིས་ཀྱི་མིང་བྲིས་པ་དེ་བརླག་འདུག་པས་བསྐྱར་དུ་འགོད་དགོས་བྱུང༌། ཁ་བརྡ་དྲ་རྒྱ་ལ་ནོར་སོང་ན་རྩོམ་སྒྲིག་གམ་བཅོས་སྒྲིག་བྱེད་ས་མི་འདུག་པས། ཅུང་དཀའ་ལས་འདུག རྗེས་མ་འབྲེལ་ཡོད་རྣམས་ཀྱིས་འདིའི་སྐོར་ལ་དགོངས་པ་བཞེས་དགོས་པར་སྣང༌། སྔོན་མའི་ལོ་རྒྱུས་རྣམས་སུ་གོང་དུ་ནག་རིལ་ཞིག་ཡོད་པ་དེ་ན་ཞིག་ཡིན་ཞེས། ཡི་གེའི་དཀྱུས་སུ་སྣག་ཚས་ན་བྲིས་པ་ནག་པོ་ཆགས་པའི་རྗེས་སུ་ན་གཞན་ཞིག་མཆན་དུ་བཀོད་ནས་གསལ་བཤད་བྱས་པ་ལྟ་བུ་ལས་མི་འདུག་པས། ནོར་བཅོས་བྱེད་ས་ཡོད་པ་ཞིག་བཟོས་ན་ཕན་ཐོགས་ཆེ་བར་སྣང༌།

  10. བསྟན་འཛིན་ ཟླ་གསལ་ says:
    2019-01-16 at 11:40 am

    རྒན་འཇམ་དབྱངས་ནོར་བུ་ལགས་ཀྱི་བོད་རང་བཙན་གཙང་མ་ཡིན་པའི་ཞིབ་འཇུག་ཡང་དག་དང་ཁུངས་སྐྱེལ་གསལ་པོ་རྣམས་ལ་རྗེས་སུ་ཡིད་རང་ཞུ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme