Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་གཟིགས་དགོས། །

Posted on 2012-08-162012-08-16 By ཁ་བརྡ་ 42 Comments on བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་གཟིགས་དགོས། །

སྤྲུལ་སྐུ་དབང་ཆེན།

རྒྱ་ནག་གི་དཔོན་ཟུར་ཀྲོའུ་རོན་ཅི་སྔོན་མ་སྲིད་འཛིན་གྱི་ལས་འགན་(༢༠༠༣-༢༠༠༧)འཁུར་བཞིན་པའི་སྐབས་ཚོགས་འདུ་ཞིག་ནང་གཏམ་བཤད་འདི་འདྲ་ཞིག་སྤེལ་སོང་། ང་ཚོ་ཀྲུང་གོའི་ནུབ་ཕྱོགས་ན་རྣམ་པ་མི་ཡིན་པ་ལ་བསམ་བློ་དུད་འགྲོ་དང་གཅིག་མཚུངས་ཀྱི་གྲངས་ཉུང་མི་རིགས་གླེན་པ་གནག་ཕྱུགས་དང་འདྲ་བོ་ཞིག་ཡོད་ཅེས་བཤད་པ་དང་མུ་མཐུད་མི་རིགས་དེའི་བསམ་བློ་དང་འཚོ་བ་བཅས་ཕྱོགས་གཉིས་ནས་ཡར་རྒྱས་གཏོང་དགོས་ཡོད་ཅེས་བཤད་སོང་། དེ་དུས་ང་རང་ཁོང་ཁྲོ་ལངས་པ་ཡིན་ལ་ཚད་ལས་བརྒལ་བའི་བརྙས་བཅོས་རེད་ཡང་བསམ་མྱང་། དངོས་སུ་ང་ཚོ་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་དང་བོད་མི་མང་ཕྱོགས་ཀྱིས་བསམ་ཚུལ་དང་བྱེད་སྟངས་ལ་ཉམས་ཞིབ་ཅིག་བྱས་ཡོང་དུས་རྒྱ་དམར་དཔོན་པོ་དེས་བཤད་པ་དེ་ནི་འཁྱོག་བཤད་དང་བརྙས་གཏམ་ཞིག་མ་ཡིན་པར་དྲང་བདེན་གྱིས་སྐད་ཆ་ཞིག་མིན་པས་ངེས་པ་མི་འདུག་ལ་དེ་བས་ཀྱང་དཔྱད་དགོས་པ་ཞིག་ནི་ཁོས་དམར་པོའི་ལྟ་བ་ལས་ལོག་པའི་སྐད་ཆ་ཞིག་ཏུ་ཡང་འཁུམ། རྒྱུ་མཚན་གང་ཡིན་མི་ཤེས་ཡང་དེ་ནས་མི་རིང་བར་ཀྲོའུ་རོན་ཅི་དཔོན་ས་ནས་ཕབ་པ་རེད་ལ་དེང་སང་ནང་བཞིན་ཕྱོགས་གཉིས་ཆགས་ནས་རྙོག་དྲ་ཡང་མི་མང་བ་ཞིག་སླེབས་པ་རེད། ད་ལོ་ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་སྤྱིའི་ཨོ་ལིམ་པེའུ་རྩེད་འགྲན་ཆེན་མོ་ཚ་ཚ་འུར་འུར་ངང་མགོ་བཙུགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་མཇུག་བསྐྱངས་པ་རེད། ཨ་རི་གཟེངས་རྟགས་མང་ཤོས་ཨང་དང་པོ་དང་རྒྱ་ནག་གཟེངས་རྟགས་མང་ཤོས་ཨང་གཉིས་པ་ཆགས་ནས་མི་རིགས་འདྲ་མིན་དང་ས་ཕྱོགས་འདྲ་མིན་གང་སར་མི་མང་པོ་ཞིག་ལ་ཆགས་སྡང་གིས་སེམས་ཚོར་དྲག་པོ་རེ་སྤྲད་སོང་ལ་མི་རིགས་མང་ཕྱོགས་ཀྱིས་རྒྱ་དམར་ཚང་ཤོར་ན་བསམ་མཁན་མང་ཚོད་རེད་ཅེས་མི་མང་པོས་བཤད་བཞིན་མཆིས། དེའི་ཁྲོད་དུ་ང་ཚོ་བོད་རིགས་ཕྱི་ཕྱོགས་ན་ཡོད་པ་སྐོར་ཞིག་ལའང་རྒྱབ་ལོག་ན་མ་གསོད་བཞིན་པ་ལ་མིག་མདུན་དུ་བུ་ཁྲི་སྟོན་བྱེད་བཞིན་པས་སེམས་ཚོར་བརྗོད་མི་ཤེས་པ་མངར་སྐྱུར་གྱིས་སེམས་ཚོར་མཚར་མོ་ཞིག་མྱོང་དུ་བཅུག་སོང་ཚོད། བོད་རིགས་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་པའི་ཁྲོད་དང་ཆབ་སྲིད་པའི་ཁྲོད་དེ་མིན་རིག་གནས་པའི་ཁྲོད་དང་སློབ་གྲྭ་བའི་ཁྲོད་སོགས་གནས་གང་དུ་ཡིན་ཡང་སྤྱི་ཚོགས་ནང་ལ་འབུར་དུ་ཐོན་ཡོང་མཁན་ཞིག་བྱུང་ན་དེ་ལ་དགའ་ཕྱོགས་དང་སྡང་ཕྱོགས་གཉིས་ཀ་ནས་གང་ཟག་དེ་ཚོའི་འདུན་ལམ་འགོག་བྱེད་ཅིག་དང་བྱ་བ་མཐར་མི་ཕྱིན་པའི་ལྡོག་ཕྱོགས་ཀྱིས་ལས་འགུལ་རེ་སྤེལ་བ་མ་གཏོགས། མི་རིགས་གཞན་དག་ཚོ་ནང་བཞིན་རྒྱབ་སྐྱོར་དགོས་ས་ལ་རྒྱབ་སྐྱོར་དང་རང་སྟོབས་ཀྱིས་བགྲོད་དགོས་ས་ལ་ཁ་མང་ལག་མང་གིས་འུར་ཟིང་མི་སློང་བར་རང་འགར་འཇོག་དགོས་པ་གང་ཞིག་གནད་འགག་ཆེན་པོར་བརྩིས་ནས་འཇོག་པ་ལས་ཁ་ཐོན་ས་ལ་ལག་དང་ལག་དགོས་ས་ལ་ཁ་མི་གཏོང་བར་བསམ་ཤེས་དང་རྒྱུན་ཤེས་ཀྱི་གོ་རིམ་ཁྲོད་མི་རིགས་ཤིག་མར་འགྱེལ་ས་ནས་ཡར་སློང་བ་ནི་མི་རིགས་ཧྲིལ་བོ་གཅིག་གི་ལས་འགན་དུ་སེམས་མཁན་ཆེས་དཀོན་པོ་ཡིན་པ་ག་རེས་མ་འགྲིག་པ་དང་ག་རེས་མ་འཇོན་པ་ཡིན་ནམ་བསམ་པས་བསམ་བློ་མང་པོ་ཞིག་འཁོར་ཡོང་གྱིན་འདུག །མི་རིགས་དང་ཆོས་ལུགས་ལ་ཤ་ཞེན་ཡོད་མཁན་གྱི་བླ་མ་རེ་ཟུང་གིས་ཕྱག་ལས་ཡག་པོ་རེ་གནང་ན་ནི་སྐྱོན་མ་མཐོང་ཡང་སྐྱོན་འཛུགས་དང་རྒྱུ་མཚན་མེད་ནའང་དཀྲོག་གཏམ་སྣ་ཚོགས་བཟོ་སྒྲིག་བྱས་ནས་བརྗོད་པ་དང་། མི་བུ་སྤྱི་ཚོགས་ལ་བསམ་དཀར་གྱིས་སེམས་ཁུར་དང་རིགས་ཞེན་ཡོད་མཁན་རེ་ཟུང་གིས་གླེན་པ་རྨོངས་གཉིད་ལས་བསླང་བས་འབོད་བསྐུལ་རེ་བསྒྲགས་ན་ནི་ཉེས་མེད་ལ་ཉེས་འཛུགས་དང་ནག་མེད་ལ་ནག་ཉེས་ཆེ་བས་བཤད་གཏམ་ལྕགས་སྒྲོགས་དམ་པོས་མགོ་བཅིངས་རྔ་བཅིངས་བྱས་དེ་ཤི་ལམ་ལ་རྫོང་ཐབས་བྱེད་པ་ལས་དོན་དངོས་དང་རྒྱུ་མཚན་སོགས་ལ་ཞིབ་ལྟ་བྱེད་མཁན་ཧ་ཅང་དཀོན། ད་དུང་བླ་མ་དང་མི་སྐྱ་གང་ཡིན་ཀྱང་བོད་མིའི་སྤྱི་ཚོགས་ལ་བསམ་བློ་འཁོར་མཁན་དང་སེམས་ཁུར་ཡོད་མཁན་ཚོ་ལ་ཚད་ལས་བརྒལ་བའི་དཀྲོག་གཏམ་དང་ཉེས་འཛུགས་རྒྱ་མིའི་སོ་བ་དང་ལྷ་འདྲེའི་རྒྱབ་ཐོན་པ་སོགས་འདྲེའི་དྲན་མ་མྱོང་བ་དེ་འདྲ་ནད་པ་རང་གིས་དྲན་ཡོང་བས་དཔེ་ལྟར་གཏམ་ངན་མཚོན་ཆས་འཁོར་ལོ་བསྐོར་བ་ལ་ཐེ་ཚོམ་དང་བག་ཚ་མི་འདུག །རྒྱ་ནག་གི་དཔོན་པོ་དེས་སྙིང་བརྩེ་བས་བོད་རིགས་ལ་སེམས་ཁུར་བྱས་པས་སྐད་ཆ་མིན་ནའང་ཆོག་ལ་ཁོས་མི་གྲངས་དུང་ཕྱུར་མང་པོའི་མདུན་དུ་ང་ཚོ་ལ་བརྙས་བཅོས་དང་མ་དགའ་བས་གཏམ་ཞིག་ཡིན་ཀྱང་ཆོག །དོན་དངོས་ལ་ང་ཚོ་སྟེ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་བོད་མིའི་བསམ་བློ་དེ་ནི་བྱིས་པ་ལོ་ན་མ་སྨིན་པ་ཞིག་གིས་ཕ་མའམ་མ་མ་གང་རུང་རེ་ལ་རེ་སྒུག་བྱེད་པ་དང་མཚུངས་པར་གཞན་ལ་ཡིད་སྨོན་དང་རེ་བ་རྐྱང་བྱེད་པ་ལས་རང་ཉིད་རང་གི་རྐང་ལག་བཞི་ལ་བརྟེན་མི་དགོས་པའི་ཀུན་སློང་ངན་པ་འདི་དང་བྲལ་ཐབས་རྩ་ནས་བྱེད་ཀྱི་མི་འདུག །ད་ལོ་རྒྱལ་སྤྱིའི་རྩེད་འགྲན་སྐབས་སུ་ཡང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་རྒྱ་ནག་རྩེད་འགྲན་པའི་ཁྲོད་དུ་ཞུགས་ཐུབ་པ་དེ་ནི་མོ་རང་གིས་ངལ་རྩོལ་དང་ཨ་ཞང་བཟང་པོས་བཀའ་དྲིན་ལས་བྱུང་བ་མ་གཏོགས་བོད་མི་ས་ཡ་དྲུག་སུ་གང་གིས་རོགས་སྐྱོར་དང་བསྐུལ་སློང་བྱས་ཡོད་པ་མ་རེད། བོད་མི་ཁ་ཤས་ཀྱིས་ཆོས་དབྱིངས་སྐྱིད་ཀྱིས་བོད་པ་ཐེངས་དང་པོར་རྒྱལ་སྤྱིའི་རྩེད་འགྲན་དུ་ཁྲིད་ཐུབ་པ་རེད་ཟེར། དེའི་རྗེས་སུ་ཁྱི་ཟུག་ཟུག་དང་སྤྱང་ཀི་ངུ་ངུ་བྱེད་མཁན་གྱི་ཀླད་སྟོང་མང་པོ་ཞིག་གིས་པར་རྫུན་མ་འདྲ་མིན་བཟོས་པ་དང་ཡི་གེ་ཀློག་ན་གོ་བ་ཕྱེད་ཙམ་ལོན་མིན་ཙམ་གྱིས་ཡིག་འབྲི་ཆེ་ཆུང་མང་པོ་བྲིས་པ་སོགས་མདོར་ན་བོད་པ་རྒྱ་འོག་ན་ལུས་ཡོད་པ་བརྗེད་སོང་བ་མིན་ནམ་བསམ་བསམ་དང་། རྒྱ་ནག་གི་རྩེད་འགྲན་ལ་རྒྱལ་ཁ་ཐོབ་པ་དེས་བོད་རང་བཙན་སྤྲད་ལབ་ཡོད་པ་ཨེ་ཡིན་ན་བསམ་བསམ་གྱིས་འུར་ཟིང་ལངས་པ་རེད། གལ་ཏེ་ང་ཚོ་ལ་བོད་རྒྱལ་ཁབ་ཅེས་རང་དབང་གི་ལུང་པ་ཞིག་ཡོད་ན་ང་ཚོ་བོད་མི་རྒྱལ་སྤྱིའི་རྩེད་འགྲན་ལ་འགྲོ་ཆོག་ལ་འགྲོ་ཡང་ཐུབ་ཀྱི་རེད། འགྲོ་ནས་ཐོབ་ནའང་བོད་ལ་རྒྱལ་ཁ་ཐོབ་པ་ཡིན། བུ་མོ་ཆོས་དབྱིངས་སྐྱིད་ལ་འདུན་ལམ་ཞིག་ཡོད་ལ་མོ་རང་དགའ་ཕྱོགས་ཀྱི་ལམ་ཁ་ནས་མོ་རང་གིས་དཀའ་ཚེགས་ཁྱད་བསད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་རང་ཡུལ་ལ་ལོག་འགྲོ་བཞིན་ཡོད། ཕ་ཡུལ་དུ་ཡོད་པའི་ཡུལ་མི་དང་གཉེན་ཉེ་ཐམས་ཅད་བྲེལ་ཟུང་འཚུབ་འཚུབ་བྱས་ནས་ཕེབས་བསུ་དང་སྣེ་ལེན་ལ་ཕྱོགས་བཞིན་ཡོད། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས། གཏམ་དཔེ་འདི་ཚང་མས་ཤེས་གསལ་རེད། བུ་མོ་ཆོས་དབྱིངས་རྒྱ་དམར་གྱི་མཚོན་ཆས་འོག་ཏུ་འཚོ་བ་རོལ་བཞིན་ཡོད་པ་མ་གཏོགས་ཡུལ་གྱར་བ་འཁྱམས་པོ་ང་ཚོ་དང་འདྲ་བར་སྨྲ་བརྗོད་རང་དབང་དང་བསམ་བློ་གུ་ཡངས་ངང་གང་འདོད་འདོད་དང་གང་དྲན་དྲན་བཤད་ཆོག་པ་དང་ལས་ཀ་ལས་ཆོག་པ་མེད་པ་དགོངས་དགོས་གལ་ཆེན་པོ་ཡིན། ངས་རེ་བ་གཅིག་ཡོད་པ་དེ་ནི་བོད་མི་ཕྱི་ཕྱོགས་ན་ཡོད་པའི་འཁྱམས་པོ་སྡོམ་པོ་རྣམས་ཀྱིས་སྤུན་སྲིང་ཕ་ཡུལ་ན་བཞུགས་པའི་བོད་རིགས་ཉམ་ཆུང་ཚོ་རྒྱ་མིའི་མཚོན་ཆས་འོག་ཏུ་འཚོ་བ་ངན་ངོན་རེ་ལ་རོལ་ནས་འཚོ་བ་ཚོའི་འདུན་ལམ་མི་འགོག་རྒྱུ་དང་ཁོ་ཚོ་ཆབ་སྲིད་ལ་འབྲེལ་བ་མེད་བཞིན་དུ་ཆབ་སྲིད་དང་འབྲེལ་བའི་སྐད་འབོད་དང་པར་ཡིག་རྫུན་བཟོ་མི་བྱེད་པར་བོད་མི་རེ་རེའི་འཇོན་ཐང་དང་གཟི་བརྗིད་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་ན་ང་ཚོའི་ཐུན་མོང་གི་རེ་བ་དང་འགན་ཁུར་དུ་བླངས་ནས་རྒྱབ་སྐྱོར་དང་དགའ་བསུས་ཞུ་བ་ལས། སེམས་པ་དགའ་ཡང་དགའ་བསུ་ཞུ་མི་ཤེས་པས་གནོད་སྐྱེལ་དང་རང་མར་འགྲོ་བ་མི་མཐོང་བར་གཞན་ཡར་འགྲོ་བ་ལ་ཕྲག་དོགས་ཀྱིས་སྤྲང་མིག་ཚ་ནས་རྣམ་པ་དགའ་བསུ་ཞུས་མདོག་ཡིན་ཡང་དོན་ལ་གཞན་གྱི་འདུན་ལམ་འགོག་པའི་ལས་ཀ་བྱ་བ་མི་སྤེལ་བར་ཞུ། པར་དང་བརྙན་འཕྲིན་རྫུན་མ་བཟོ་མི་དགོས་པར་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས་ཀུན་གྱི་གསར་ལམ་དང་ཚགས་ཤོག་ཡོངས་རྫོགས་ན་རྫུན་བཟོས་མ་ཡིན་པས་དོན་དངོས་པོས་གནས་ཚུལ་གསར་བསྒྲགས་བྱེད་བཞིན་མཆིས་ན། གལ་ཏེ་བོད་མི་རེ་རེའི་རྐང་པ་ནས་འཇུས་ནས་མར་འཐེན་འདོད་པ་མིན་ན་ཡིད་ཀྱིས་དགའ་བསུ་ཞུས་ནས་རང་རང་ས་ནས་ལག་པ་རྡོབས་དང་། བོད་མི་རེ་རེ་བཞིན་རང་རང་གི་རྐང་པ་ལ་བརྟེན་ཐུབ་པ་ཞིག་ཆགས་ཀྱིན་ཡོད་པས་དོན་མེད་འུར་ཟིང་ཞིག་གིས་ནག་ཚུབས་སེ་གཏོང་དགོས་དོན་མི་འདུག །ཐུགས་རྗེ་ཆེ་བསམ་བློ་ཡག་པོ་ཞིག་གཏོང་རོགས་ཞུ། །

སྣ་ཚོགས།

Post navigation

Previous Post: ཨོཾ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ་ཞེས་པའི་རྩོམ་ཡིག་ལས་འཕྲོས་པའི་གཏམ་གཉེན་དགའ་དགྲ་སྡུག
Next Post: ཚངས་པའི་སྲས་མོ།

Comments (42) on “བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་གཟིགས་དགོས། །”

  1. གཙང་རིགས། says:
    2012-08-16 at 10:02 pm

    བདེན་པ་རེད་ཐུགས་རྗེ་ཆེ།

  2. དཀར་མཚོ་སྐྱིད། says:
    2012-08-16 at 10:14 pm

    ཁོང་གིས་གསུངས་པའི་འོག་གི་སྐད་ཆ་འདི་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། ༼བོད་མི་ཁ་ཤས་ཀྱིས་ཆོས་དབྱིངས་སྐྱིད་ཀྱིས་བོད་པ་ཐེངས་དང་པོར་རྒྱལ་སྤྱིའི་རྩེད་འགྲན་དུ་ཁྲིད་ཐུབ་པ་རེད་ཟེར། དེའི་རྗེས་སུ་ཁྱི་ཟུག་ཟུག་དང་སྤྱང་ཀི་ངུ་ངུ་བྱེད་མཁན་གྱི་ཀླད་སྟོང་མང་པོ་ཞིག་གིས་པར་རྫུན་མ་འདྲ་མིན་བཟོས་པ་དང་ཡི་གེ་ཀློག་ན་གོ་བ་ཕྱེད་ཙམ་ལོན་མིན་ཙམ་གྱིས་ཡིག་འབྲི་ཆེ་ཆུང་མང་པོ་བྲིས་པ་སོགས་མདོར་ན་བོད་པ་རྒྱ་འོག་ན་ལུས་ཡོད་པ་བརྗེད་སོང་བ་མིན་ནམ་སྙམ་མོ།༽

  3. བདག says:
    2012-08-16 at 10:54 pm

    གང་ཉིད་ཀྱིས་བདེན་པར་གསུངས་བ་ལ་མངོན་པར་བསྟོད་དོ།།

  4. ཨ་འདོ་བ་ཞིག says:
    2012-08-16 at 11:35 pm

    འཐད་པ་ཡིན། ང་ཚོ་བོད་རིགས་བརྩེ་དུང་དང་ལ་རྒྱ་ཡོད། ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་སེམས་ན་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་མ་སྤེལ་ན་འགྲིག ཅིས་ཀྱང་སྤེལ་མཁན་ཡིན་ན་ངས་དེ་ལ་ཀླད་གཏོང་དུ་འབོད། ཡིན་ན་ཕྱི་རྒྱལ་ན་ཡོད་པའི་བོད་རིགས་རྣམས་ལ་དེ་ལས་ཀྱང་ལྷག་པའི་གོ་སྐབས་ཡོད་ཀྱང་གཅིག་གིས་ཀྱང་ད་བར་དུ་མ་ནུས་པ་ཡིན། ཆོས་དབྱིངས་སྐྱིད་ཀྱི་ཧུར་བརྩོན་དེ་ཆུད་ཟོས་སུ་མི་གཏོང་བར་མཁྱེན། ང་ཚོས་ཐེངས་རྗེས་མའི་ཨོ་རྩལ་འགྲན་ཐོག་ཏུ་ཡང་བསྐྱར་ཆོས་དབྱིངས་སྐྱིད་ལགས་མཐོང་ཐུབ་པར་སྨོན། ཁོ་མོའི་གྲུབ་འབྲས་སྔར་ལས་ལྷག་པ་ཞིག་ལེན་ཐུབ་པར་སྨོན།

  5. སྦྲ་དཔལ་ལྡན། says:
    2012-08-16 at 11:59 pm

    དངོས་གནས་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ཅིའི་མ་བདེན སྙན་པོ་མེད་མོད་བདེན་པ་རེད།

  6. གདོང་དམར་བ་ says:
    2012-08-17 at 1:02 am

    སྤྲུལ་སྐུ་ལགས་ཀྱི་ཀྲུ་རོན་ཅི་སྲིད་འཛིན་ཟེར་བ་ནི་སྲིད་བློན་དང་ནོར་བ་ཡིན་པས་དག་བཅོས་བྱོས།།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-17 at 1:55 am

    ལེགས་པར་བྲིས་ཡོད་པ་མངོན། རིང་དྲག་པས་ཡོངས་རྫོགས་ཀློག་པ་ལ་ལོང་མེད།
    བོད་རིགས་ཙམ་དུ་མ་ཟད་ཛམ་གླིང་བློ་ལྡན་ཚང་པར་ཕན་པའི་མང་ངག་བོད་ཀྱི་མེས་པོ། ཆོས་རྗེ་ས་པཎ་གྱིས།
    གལ་ཏེ་དགྲ་ལ་གནོད་འདོད་ན།
    རང་ཉིད་ཡོན་ཏན་ལྡན་པར་བྱ།
    དེ་ཡིས་དགྲ་ཡང་སེམས་སྲེག་ཅིང་།
    རང་ཡང་བསོད་ནམས་འཕེལ་བར་འགྱུར།། ལེགས་ ༨ ཚིགས་ ༣༣
    བསོད་ནམས་ལྡན་པས་བསམ་པ་ཐམས་ཅད་འགྲུབ། ཅེས་གསུངས་སོ།།

  8. གཅན་བཟོད་རྒྱམ། says:
    2012-08-17 at 2:31 am

    ཁ་བརྡ་རྩོམ་སྒྲིག་པ་ལགས།
    འདིར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྙན་ངག་དགོང་ཚོགས་སྐབས་སུ་སྙན་ངག་གྱེར་འདོན་དང་ཆོས་དབྱངས་སྐྱིད་གླེང་པའི་བགྲོ་གླེང་ཡག་པོ་གནང་འདུག་ན། དྲ་ངོས་སུ་ཅིས་ཀྱང་འཇོག་རོགས་ཞུ། ཐུགས་རྗེས་གཟིགས།

    http://www.youtube.com/watch?v=8w19k1olKfU&feature=youtu.be
    ཁ་བྱང་འདི་ན་ཡོད།

  9. ཨ་ནུ་ཐང་བསོད་ནམས says:
    2012-08-17 at 2:43 am

    ནང་དོན་ལ་ཐད་པ་ཡོད་པས་ངལ་བས་བྲིས་བ་ཐུགས་རྗེ་ཡོད། འོན་ཀྱང་མི་འཐད་པའི་གནད་དོན་ཁ་ཤས་འདི་ལྟར།
    ༡༽སྤྱི་ཚོགས་གང་ཞིག་ཡིན་ཡང་སྐྱོན་བརྗོད་ཡོད་པ་རྒྱུན་ལྡན་ཡིན་པ་མ་ཟད། མང་གཙོ་ཡི་རྒྱལ་ཁབ་ནང་དུ་དེ་བས་རྒྱུན་ལྡན་རེད། སྐྱོན་བརྗོད་བྱེད་པ་ནི་མང་གཙོ་དང་རང་དབང་གི་ཁྱད་ཆོས་ཡིན་པ་ལས་སྒེར་དོན་དུ་ཁྱེར་ནས་སེམས་ཁ་ན་མི་དགོས་ཏེ། སྐྱོན་བརྗོད་དང་བགྲོད་གླེང་ལས་རྣམ་མཁྱེན་རྙེད་པས་རེད། སྐྱོན་བརྗོད་བྱེད་མཁན་མེད་ན་དམར་ཕྱོགས་དང་གཅིག་བསྡུ་རིང་ལུགས་ཀྱི་མཚོན་རྟགས་རེད། ཁོང་ཚོས་སྐྱོན་བརྗོད་མེད་པའི་ལྷ་ཡུལ་ལྟ་བུ་བརྟན་ལྷིང་དང་བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་བསྐྲུན་འདོད་ནས་བར་ཆད་བྱེད་མཁན་བྱེད་མཁན་ཀུན་ལྔ་ལམ་དུ་བརྫངས་ཀྱང་། མང་གཙོའི་གྲོས་ཚོགས་ནང་དུ་ཕན་ཚུན་ལ་སྐྱོན་བརྗོད་བྱེད་མཁན་དང་ཐ་ན་འཛིང་རེས་བྱེད་མཁན་ཡང་ཡོད། འོན་ཀྱང་། རྒྱ་ནག་དང་བྱང་ཀོ་རི་ཡའི་གྲོས་ཚོགས་སུ་དེ་ལྟར་མཐོང་དུ་མེད་པས་དེས་གསལ་བཤད་བྱ་ཐུབ། མ་ཟད་ཤར་གླིང་པ་རྣམས་ནུབ་ཕྱོགས་མི་འདྲ་བ་བཟོད་སྒོམ་ཆེ་ཞིང་བླ་དཔོན་ལ་བཀུར་བ་དེ་བས་གོམས་གཤིས་ཡོད་པས་ནུབ་གླིང་ལྟར་ལས་སླ་པོ་སྐྱོན་བརྗོད་བྱེད་མཁན་དཀོན་པའི་སྟེང་། བཀའ་དྲིན་འཇལ་རྒྱུ་མོས་བས་བླ་དཔོན་རྣམས་སྐྱག་ལངས་བཏང་བ་ཉུང་ཉུང་མིན། འོན་ཀྱང་། ནུབ་མིས་སྒེར་གྱི་མངོན་འདོད་ལ་གུས་བཀུར་བྱེད་ཅིང་དོན་མེད་ཀྱི་ཐེ་གཏོགས་དེ་བས་བྱེད་མཁན་དཀོན་པ་མ་ཟད། དྲིན་འཇལ་གྱི་བསམ་བློ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། ཤར་གླིང་དང་དེ་བས་བོད་མི་ཚོས་དོན་མེད་ཀྱི་ཐེ་གཏོགས་བྱེད་རྒྱུ་མོས་བ་མ་ཟད། སྒེར་གྱི་རང་དབང་ལ་གུས་བཀུར་བྱེད་པའི་གོམས་སྲོལ་ཧ་ཅང་ཉུང་། ཡིན་ཏེ། འཇིག་རྟེན་འདི་ནི་འཐབ་རྩོད་ཀྱི་རང་བཞིན་ཡིན་པས་རྩོད་ཅིང་རིན་ཐང་ཡོད་པའི་བདེན་དཔང་མ་བྱེད་ན་རིན་ཐང་སྤྲད་མཁན་སུ་ཞིག་ཡོད། རྒྱུ་མཚན་ནི། གཞན་གྱིས་ཁྱེད་ཀྱི་རིན་ཐང་མི་ཤེས་བས་ཡིན། འོན་ཀྱང་བོད་ཀྱི་སྤྲུལ་སྐུ་རྣམས་ནི་དམིགས་བསལ་རེད། ཁོང་ཚོས་མི་སེར་དཀྱུས་མ་ལྟར་རྩོད་མི་དགོས་བ་ལུགས་སྲོལ་གྱིས་འདེམས་པས་རེད།
    ༢༽ བོད་རེ་བས་ཕུང་དང་རྒྱ་དོགས་པས་ཕུང་ཟེར་འདི་ལ་ཁས་ལེན་ནམ་ཡང་མེད། རྒྱུ་མཚན་ནི་རྒྱ་ལ་དོགས་པ་ཡོད་པ་མ་རེད། ཡོད་ཁུལ་བྱས་བ་རེད། དེ་ནི་ཆབ་སྲིད་ཀྱི་ཐབས་ལམ་རེད་ལ་ཐ་སྙད་རྩོག་པ་བེད་སྤྱོད་བཏང་ན་རྒྱའི་གཡོ་བྱུས་རེད། བོད་འདུལ་བའི་གཡོ་བྱུས་རེད། བོད་རེ་བ་ཕུང་བ་བདེན་པ་རེད། བོད་ལ་རེ་བ་སྤྲད་མཁན་རྒྱ་མི་ཡིན་ཞིང་རེ་བས་བོད་མི་རྣམས་ཁ་ཐོར་དུ་བཏང་ཏེ་གཅིག་མཐུན་གྱིས་རྒྱ་རྒོལ་བྱེད་པའི་ནུས་བ་བཟོས་ཏེ་འཆི་རུ་འཇུག་རྩིས་རེད། བོད་ལ་རེ་བ་སྤྲད་པའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་དབང་འཛིན་མི་སྣའི་ནང་དུ་བསམ་བློ་མི་མཐུན་པའི་འགལ་བ་བྱུང་ཞིང་སྔ་ནས་ད་བར་བློ་རྩེ་གཅིག་སྒྲིམ་གྱིས་བོད་དོན་འཐབ་རྩོད་བྱེད་ཐུབ་མེད་ཅིང་། ད་ལྟའང་རང་སྐྱོང་རྩོད་མཁན་དང་རང་བཙན་སྤྲོད་མཁན་བྱུང་བ་རེད། དེ་ནི་བློ་རྩེད་གཉིས་ཅན་གྱིས་དོན་མི་འགྲུབ་ཟེར་པའི་ངང་ཚུལ་ལས་མ་འདས།

  10. ཨ་ནུ་ཐང་བསོད་ནམས says:
    2012-08-17 at 2:59 am

    ནོར་བཅོས།

    ནང་དོན་ལ་ཐད་པ་ཡོད་པས་ངལ་བས་བྲིས་བ་ཐུགས་རྗེ་ཡོད། འོན་ཀྱང་མི་འཐད་པའི་གནད་དོན་ཁ་ཤས་འདི་ལྟར།
    ༡༽སྤྱི་ཚོགས་གང་ཞིག་ཡིན་ཡང་སྐྱོན་བརྗོད་ཡོད་པ་རྒྱུན་ལྡན་ཡིན་པ་མ་ཟད། མང་གཙོ་ཡི་རྒྱལ་ཁབ་ནང་དུ་དེ་བས་རྒྱུན་ལྡན་རེད། སྐྱོན་བརྗོད་བྱེད་པ་ནི་མང་གཙོ་དང་རང་དབང་གི་ཁྱད་ཆོས་ཡིན་པ་ལས་སྒེར་དོན་དུ་ཁྱེར་ནས་སེམས་ཁ་ན་མི་དགོས་ཏེ། སྐྱོན་བརྗོད་དང་བགྲོད་གླེང་ལས་རྣམ་མཁྱེན་རྙེད་པས་རེད། སྐྱོན་བརྗོད་བྱེད་མཁན་མེད་ན་དམར་ཕྱོགས་དང་གཅིག་བསྡུ་རིང་ལུགས་ཀྱི་མཚོན་རྟགས་རེད། ཁོང་ཚོས་སྐྱོན་བརྗོད་མེད་པའི་ལྷ་ཡུལ་ལྟ་བུ་བརྟན་ལྷིང་དང་བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་བསྐྲུན་འདོད་ནས་བར་ཆད་བྱེད་མཁན་བྱེད་མཁན་ཀུན་ལྔ་ལམ་དུ་བརྫངས་ཀྱང་། མང་གཙོའི་གྲོས་ཚོགས་ནང་དུ་ཕན་ཚུན་ལ་སྐྱོན་བརྗོད་བྱེད་མཁན་དང་ཐ་ན་འཛིང་རེས་བྱེད་མཁན་ཡང་ཡོད། འོན་ཀྱང་། རྒྱ་ནག་དང་བྱང་ཀོ་རི་ཡའི་གྲོས་ཚོགས་སུ་དེ་ལྟར་མཐོང་དུ་མེད་པས་དེས་གསལ་བཤད་བྱ་ཐུབ། མ་ཟད་ཤར་གླིང་པ་རྣམས་ནུབ་ཕྱོགས་མི་འདྲ་བ་བཟོད་སྒོམ་ཆེ་ཞིང་བླ་དཔོན་ལ་བཀུར་བ་དེ་བས་གོམས་གཤིས་ཡོད་པས་ནུབ་གླིང་ལྟར་ལས་སླ་པོ་སྐྱོན་བརྗོད་བྱེད་མཁན་དཀོན་པའི་སྟེང་། བཀའ་དྲིན་འཇལ་རྒྱུ་མོས་བས་བླ་དཔོན་རྣམས་སྐྱག་ལངས་བཏང་བ་ཉུང་ཉུང་མིན། འོན་ཀྱང་། ནུབ་མིས་སྒེར་གྱི་མངོན་འདོད་ལ་གུས་བཀུར་བྱེད་ཅིང་དོན་མེད་ཀྱི་ཐེ་གཏོགས་དེ་བས་བྱེད་མཁན་དཀོན་པ་མ་ཟད། དྲིན་འཇལ་གྱི་བསམ་བློ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། ཤར་གླིང་དང་དེ་བས་བོད་མི་ཚོས་དོན་མེད་ཀྱི་ཐེ་གཏོགས་བྱེད་རྒྱུ་མོས་བ་མ་ཟད། སྒེར་གྱི་རང་དབང་ལ་གུས་བཀུར་བྱེད་པའི་གོམས་སྲོལ་ཧ་ཅང་ཉུང་། ཡིན་ཏེ། འཇིག་རྟེན་འདི་ནི་འཐབ་རྩོད་ཀྱི་རང་བཞིན་ཡིན་པས་རྩོད་ཅིང་རིན་ཐང་ཡོད་པའི་བདེན་དཔང་མ་བྱེད་ན་རིན་ཐང་སྤྲད་མཁན་སུ་ཞིག་ཡོད། རྒྱུ་མཚན་ནི། གཞན་གྱིས་ཁྱེད་ཀྱི་རིན་ཐང་མི་ཤེས་བས་ཡིན། འོན་ཀྱང་བོད་ཀྱི་སྤྲུལ་སྐུ་རྣམས་ནི་དམིགས་བསལ་རེད། ཁོང་ཚོས་མི་སེར་དཀྱུས་མ་ལྟར་རྩོད་མི་དགོས་བ་ལུགས་སྲོལ་གྱིས་འདེམས་པས་རེད།
    ༢༽ བོད་རེ་བས་ཕོངས་དང་རྒྱ་དོགས་པས་ཕོངས་ཟེར་འདི་ལ་ཁས་ལེན་ནམ་ཡང་མེད། རྒྱུ་མཚན་ནི་རྒྱ་ལ་དོགས་པ་ཡོད་པ་མ་རེད། ཡོད་ཁུལ་བྱས་བ་རེད། དེ་ནི་ཆབ་སྲིད་ཀྱི་ཐབས་ལམ་རེད་ལ་ཐ་སྙད་རྩོག་པ་བེད་སྤྱོད་བཏང་ན་རྒྱའི་གཡོ་བྱུས་རེད། བོད་འདུལ་བའི་གཡོ་བྱུས་རེད། བོད་རེ་བས་ཕོངས་བ་ཟེར་བ་བདེན་པ་རེད། བོད་ལ་རེ་བ་སྤྲད་མཁན་རྒྱ་མི་ཡིན་ཞིང་རེ་བས་བོད་མི་རྣམས་ཁ་ཐོར་དུ་བཏང་ཏེ་གཅིག་མཐུན་གྱིས་རྒྱ་རྒོལ་བྱེད་པའི་ནུས་བ་མེད་པ་བཟོས་ཏེ་འཆི་རུ་འཇུག་རྩིས་རེད། བོད་ལ་རེ་བ་སྤྲད་པའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་དབང་འཛིན་མི་སྣའི་ནང་དུ་བསམ་བློ་མི་མཐུན་པའི་འགལ་བ་བྱུང་ཞིང་སྔ་ནས་ད་བར་བློ་རྩེ་གཅིག་སྒྲིམ་གྱིས་བོད་དོན་འཐབ་རྩོད་བྱེད་མ་ཐུབ་ཅིང་། ད་ལྟའང་རང་སྐྱོང་དང་རང་བཙན་སྤྲོད་མཁན་བྱུང་བ་རེད། དེ་ནི་བློ་རྩེད་གཉིས་ཅན་གྱིས་དོན་མི་འགྲུབ་ཟེར་པའི་ངང་ཚུལ་ལས་མ་འདས།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-17 at 3:32 am

    རྒྱབ་ལོག་ན། ཞེས་པ་དང་། རྒྱབ་ལོགས་ན། འདི་གཉིས་ལས་གང་དེ་དག་པ་ཡིན་ནམ། གང་ལ་རྒྱབ་ངོས་ན། ཞེས་པའི་དོན་ཡོད་དམ། གཞན་ཡང་། གཏོང་རོགས། ཞེས་ཁ་ནས་ཟེར་ཡང་། ཡི་གེ་འབྲི་སྐབས། ཨིན་ཡུལ་པ་རྣམས་ཀྱིས་ know ཞེས་པ་ལ་ no ཞེས་པ་ཙམ་མ་ཡིན་པར་ know ཞེས་ཡི་གེའི་དག་ཆ་ཡོངས་རྫོགས་འབྲི་བ་བཞིན་དུ། བོད་པས་ཀྱང་ཁ་སྐད་ལ་ཟུར་ཆག་པ་བཀོལ་ན་ཡང་། འབྲི་བ་ན་ཟུར་མ་ཆག་པ་འགྲོགས་ཞེས་འབྲི་བ་ལ་སྐྱོན་འདུམ་གམ། ཞེས་དྲི་བ་མཆིས་སོ།།

  12. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2012-08-17 at 4:15 am

    བོད་རིགས་ཀྱི་རྩེད་མོ་བ་མང་དག་གཅིག་འཛམ་གླིང་རིམ་པའི་རྩེད་འགྲན་ནང་འཛུལ་ཞུགས་བྱས་པ་དང་། རྒྱལ་ཁ་གཅིག་མཇུག་གཉིས་མཐུད་དུ་བླངས་རྗེས། དེ་དུས་ལྟ་རྒྱུ་རེད།

  13. ཆུ་བ་འཕྲིན་བཟང says:
    2012-08-17 at 4:17 am

    སྤྲུལ་སྐུ་དབང་ཆེན་དང་སྐར་མཚོ་སྐྱིད་གཉིས་ལ། ཁྱེད་གཉིས་ལ་སྡོམ་ཚིག་ཅིག་རྒྱབ་ན་་་་ཁྱེད་གཉིས་ནི་རིག་གསར་སྐབས་ཀྱི་སྔོན་ཐོན་པ་ཟེར་བའི་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རང་གི་བླ་མ་རྟ་བཞིན་དུ་ཞོན་པའི་གྲས་ཏེ་རེད།
    རྒྱུ་མཚན་ནི་ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལས་ཤེས་ཐུབ། ང་ཚོའི་བོད་པ་ལྟ་བུའི་བཙན་རྒྱལ་རང་ལུགས་པའི་འོག་དུ་སྡོད་མཁན་མང་པོ་ཡོད་རེད། ཁོང་ཚོའི་ནང་དུ་ཡང་རང་ཉིད་ལ་བཙན་འཛུལ་བྱེད་མཁན་གྱི་རྒྱབ་ཁབ་དེའི་ངོ་ཚབ་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་གོ་སྐབས་བྱུང་ཏེ་ལས་རྩལ་པའི་ངོས་ནས་སོང་མེད་པ་དེ་འདྲ་མང་པོ་བྱུང་ཡོད་པའི་ལོ་རྒྱུས་ལ་ལྟོས་དང། འོ་ན་ཁོང་ཚོ་ཅི་ཞིག་ལ་རང་ཉིད་བཙན་འཛུལ་བྱེད་མཁན་གྱི་རྒྱལ་ཁབ་དེའི་ངོ་ཚབ་བྱས་ཏེ་འགྲོ་འདོད་མ་ཡོད་པ་རེད། ཁོང་ཚོས་་བཤད་རྒྱུར་་ང་ཚོས་རང་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་ཐོབ་ཐང་ཆེད་རང་སྲོག་ཕུལ་པའི་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ལ་ཁྲེལ་མེད་བྱ་མི་ཐུབ་ཟེར་གྱི་ཡོད་པ་རེད། སོམ་དང་འདི་ལས་ཁྱོད་ཀྱི་ཅི་ཞིག་ཤེས་ཐུབ་་་་ཁྱོད་ཚོ་ལྟར་ན་རང་གི་རྒྱལ་དར་ཡང་བློའི་གཏོང་ཐུབ་པ་མ་ཟད་རྒྱལ་དར་ཕྱར་མཁན་དང་པར་རེས་བཟོ་མཁན་ཚོ་ཀླད་མེད་རེད་ཟེར་ནས་་་ཁ་ཉེས་གཏོང་བཞིན་ཡོད་རེད། ང་ལ་ཁོ་སུ་བོ་ཟེར་པའི་རང་བཙན་ཐོབ་ནས་ལོ་བཅུ་ལྷག་མིན་སོང་མེད་པའི་རྒྱལ་ཁབ་དེའི་ཡུལ་མི་གྲོགས་པོ་ཞིག་ཡོད། ངས་ཁོ་ལ་ཆོས་དབྱངས་སྐྱིད་ཀྱི་རྒྱུགས་འདུར་མགོ་མ་རྩམས་ནས་སྔར་ཉིན་གཟའ་པ་སངས་ཉིན་ང་ཚོ་རྒྱལ་དར་ཁྱེར་ཏེ་སང་ཉིན་མོ་ལ་རྒྱབ་སྐྱོར་བྱེད་དུ་འགྲོ་གི་ཡོད་ཚད་བཤད་དུས་་་་ཁོའི་མགོ་ཐད་ལ་གཡུག་བཞིན་་་ཁྱོད་ཚོའི་རྒྱལ་དར་ཁྱེར་ན་མ་ཁྱེར་ན་ཁྱོད་ཚོ་མོ་ལ་རྒྱབ་སྐྱོར་བྱེད་དུ་སོང་བ་ནོར་འཁྲུལ་ཚབ་ཆེན་རེད། ངོ་མ་བཤད་ན་ཁྱོད་ཚོའི་ཆབ་སྲིད་ཤེས་ཀྱི་མི་འདུག་ཟེར། གལ་སྲིད་ང་རྒྱལ་ཚོའི་ཁབ་ནང་དེ་འདྲ་བྱུང་ན་ཡིན་ན་ལས་རྩལ་ནང་ཞུགས་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ནག་ཉེས་ལས་ཐབས་ཡོད་པ་རེད་ཟེར། འདི་ལས་ཁྱོད་ཚོས་་་རང་ཉིད་སུ་ཡིན་པ་དང་་་ཆབ་སྲིད་ཟེར་པ་འདི་ག་འདྲ་ཞིག་ཡིན་མིན་ཤེས་་་་་་ཀླད་པ་ཅན་ཚོས་དཔྱད་རོགས་་་་

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-17 at 4:22 am

    འགྲོགས་ཞེས་པ་གྲོགས་ཞེས་བཅོས་སོ།

  15. ཆུ་བ་འཕྲིན་བཟང says:
    2012-08-17 at 5:32 am

    ནོར་བཅོས་་་་་་ནག་ཉེས་ལས་ཐར་ཐབས་ཡོད་པ་མ་རེད་་་་

  16. མིག་བརྒྱད་པ། says:
    2012-08-17 at 5:34 am

    སྤྲུལ་སྐུ་བདེན་པ་རེད། བུ་མོ་ཉམ་ཆུང་ཞིག་གིས་རྒྱལ་སྤྱིའི་རྩེད་འགྲན་ཁྲོད་ཟངས་ཀྱི་རྟགས་མ་བླངས་བར་དགའ་བསུ་ཞུ་འོས་པ་ལས་ཨོ་རྩལ་འགྲན་ཚོགས་སྟེང་ནས་བྱ་དགའ་བླངས་པ་ལ་དོན་མེད་ཀྱི་ལབ་གླེང་མང་པོ་བཟོས་པ་བོད་པའི་ཞབས་འདྲེན་རེད། རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་ལས་ངན་ཚབས་ཆེན་གསོག་གི་འདུག །རྣམ་འགྱུར་ཡ་མ་ཟུང་དེ་ཚོ་རྒྱལ་སྤྱིའི་སྒང་ལ་ངོ་ཚ་དགོས་པ་རེད་ད།

  17. ཀརྨ་སྐལ་བཟང says:
    2012-08-17 at 6:53 am

    སྤྲུ་སྐུ་དབང་ཆེན་ལགས་་ཁྱེད་ཀྱིས་གོང་དུ་བཀོད་པ་ཆོས་དབྱིངས་སྐྱིད་ཀྱིས་མདུན་ལམ་དེ་དངོས་གནས་བདེན་པ་འདུག་སྟེ་ངེ་གཉིས་གིས་སྙོག་དྲ་དེ་ད་ལྟར་ལྷག་ཡོད་པ་ཁྱེད་ཀྱིས་མཁྱེན་གསར་རེད་།

  18. ལུང་རྟོགས། says:
    2012-08-17 at 8:26 am

    དགག་བྱ་དང་དགོས་པ་གཙོ་གང་ཆེ་བལྟ་ཤེས་དགོས་པ་རེད། ད་ལྟའི་དུས་འདིར་བོད་དོན་འདི་རྒྱལ་སྤྱིའི་སྒང་ལ་ཁྱབས་བསྒྲག་རེ་འགྲོ་ཐུབ་དགོས་རྒྱུ་དེ་གལ་ཆེ་བ་ལས། ཆོས་དབྱིངས་སྐྱིད་ཡང་སྐྱར་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་རྒྱུ་དེ་གལ་མི་ཆེ། མི་རིགས་འདི་དང་འདིའི་རིག་གཞུང་རྣམས་ཤི་གསོན་གྱི་མཚམས་ལ་ཡོད་ཀྱང་ད་དུང་འདིའི་ཆེད་དུ་ལས་འགུལ་སྤེལ་རྒྱུ་ལས་ལུས་རྩལ་པ་ཞིག་ཡང་སྐྱར་ཞུགས་ཐུབ་མིན་དེ་གལ་ཆེ་བར་བརྩི་བ་ནི་ངོ་མ་ཁྱད་མཚར་རེད། ཨོ་རྩལ་རྩེད་འགྲན་འདིའི་སྐབས་སུ་འཛམ་གླིང་མི་མང་ས་ཡ་མང་པོའི་མིག་རྣ་དེ་ལ་ཕྱོགས་ཡོད་པས་ལས་འགུལ་སྤེལ་བའི་གོ་སྐབས་ཡག་ཤོས་ཤིག་རེད། དེས་ན་དབྱིན་འཇིར་གནས་སྡོད་བོད་མི་ཚོས་ཆོས་དབྱིངས་སྐྱིད་ལ་རྒྱབ་སྐྱོར་དང་། བོད་དོན་ལས་འགུལ་གོ་གཉིས་ཆོད་ཡག་པོ་ཞིག་གནང་སོང་བས་དགའ་བསུ་ཡོད། མོ་རང་གི་སྐད་ཆ་ལ་བལྟས་ན་བོད་མི་ཚོའི་རྒྱབ་སྐྱོར་གྱི་སྐད་འབོད་དེས་སྐུལ་མ་ཆེན་པོ་ཐེབ་ཡོད་པ་ཤེས་ཐུབ་པས། རྒྱལ་ཁ་འདིའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ལས་འགུལ་འདི་ལ་ཐུག་ཡོད་སྙམས།

  19. ཉི་མ་གཞོན་ནུ། says:
    2012-08-17 at 8:26 am

    བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་དངོས་གནས་བསམ་བློ་གཏོང་དགོས་པ་རེད། ཁྱེད་ཀྱིས་གསུངས་པ་བདེན་པ་རེད། ཐུགས་རྗེ་ཆེ།

  20. དགྲ་འདུལ། says:
    2012-08-17 at 8:32 am

    སྐུ་ཞབས་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཀྱིས་དྲི་བ་ག་རེ་གནང་གི་ཡོད་མེད་ཏག་ཏག་ཅིག་ཤེས་མ་སོང། སྐུ་ཉིད་ལ་ཁོམ་པ་ཡོད་ན་ཁ་གསལ་ཞིང་གོ་བདེ་བའི་ངང་གོང་གི་དྲི་བ་དེ་བསྐྱར་དུ་འགོད་པར་ཞུ།

  21. ཇ་མ་ says:
    2012-08-17 at 8:49 am

    བུ་མོ་ཆོས་དབྱངས་སྐྱིད་རྒྱལ་སྤྱིའི་སྟེགས་བུའི་སྟེང་སླེབས་ཐུབ་པ་ནི་རྒྱ་ནག་དྲིན་ཡིན་

  22. ལུང་རྟོགས། says:
    2012-08-17 at 9:00 am

    ཉེ་སྔོན་༧གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་སྐབས་ཁོང་གི་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གཙོ་སྐྱོང་པ་དབྱིན་ཇིའི་སྐད་གྲགས་ཆེ་བའི་གཏམ་རྗོད་པ་དང་གློག་བརྙན་འཁྲབ་སྟོན་པ། གཞེས་པ་རཱུ་སེལ་བྷི་རན་ཌི་(Russell Brand) ལ་བྷི་བྷི་སི་གསར་ཁང་གིས་དེང་སྐབས་ཁོང་གི་གློག་བརྙན་དང་གླུ་གཞས་དབྱིན་ཇི་དང་ཨ་རི་སོགས་སུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་ལྟར། རྒྱ་ནག་ནང་དར་ཁྱབ་འགྲོ་བར་ཐེངས་འདིར་༧གོང་ས་མཆོག་དང་འབྲེལ་བ་བྱུང་བ་དེས་དོ་ཕོག་འགྲོ་མིན་དྲིས་པར། ཁོང་གིས་ “ད་སྔ་བསམ་བློ་དེ་འདྲ་ཞིག་ཁྱེར་ཏེ་བསྡད་པ་རེད། དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་རང་དབང་དང་མི་སྒེར་གཅིག་གི་ལས་དོན་གཉིས་ཀྱི་གང་གལ་ཆེན་པོ་ཡིན་པར་བསམ་བློ་གཏོང་དགོས། ངས་ད་སྔ་འཁྲབ་སྟོན་བྱེད་ཡུལ་གློག་བརྙན་ཁང་དག་གི་མི་སྣ་ཚོ་ཡང་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་ཏན་ཏན་འཁོར་ངེས་རེད། གལ་སྲིད་མིའི་བསམ་བློའི་དཔལ་ཡོན་གྱིས་ཕོངས་པའི་སྤྱི་ཚོགས་ཞིག་གྲུབ་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་གང་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་” ཅེས་གསུང་འདུག འདི་ནི་རྣམ་དཔྱོད་ལྡན་པའི་སྐད་ཆ་བཤད་སྟངས་རེད། བོད་པ་ཚོས་ཁོང་གི་སྐད་ཆ་འདི་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག ད་བར་དུ་བོད་དོན་ལ་གྲུབ་འབྲ་ཆེན་པོ་ཞིག་ཐོན་མ་ཐུབ་པའི་རྒྱུ་གཙོ་བོ་ཞིག་ང་ཚོ་ལ་སྤྱི་དོན་ལས་སྒེར་དོན་གཙོ་བོ་འཛིན་པའི་ལྟ་ཚུལ་འདི་འདྲ་ཞིག་ཡོད་པའི་དབང་གིས་རེད།

  23. ཀརྨ་ཡེ་ཤེས says:
    2012-08-17 at 9:14 am

    སྤྲུལ་སྐུ་དབང་ཆེན་ཉི་མ་རིན་པོ་ཆེས་གསུངས་བ་བདེན་ཐུགས་ཤིན་ཏུ་རྨད། སྤྱི་སྒེར་སུ་ཡིན་ཡང་མ་འོངས་མདུན་ལམ་ནི་ཤིན་ཏུ་གལ་ཆེན་པོ་རེད། མདུན་ལམ་མེད་པའི་བཙན་བྱོལ་གཞུང་ལ་ཞེན་པ་ལོག་ཡོད། འོ་་་ད་ཡིན་ན་རྗེས་སུ་རྒྱ་ནག་དྲིན་ཆེན་སང་གིས་བོད་རིགས་གཅིག་ཀྱང་ལུས་རྩལ་འགྲན་དུ་མི་འཇོགས་པར་བཟོས་ཚར་འདུག གནོད་སྐྱེལ་མི་དེ་བཙལ་མི་དགོས། སྲན་མའི་རིལ་བུ་སྒྲིལ་མི་དགོས་ཟེར་བ་ཅི་མ་བདེན།

  24. མུན་འཇོམས། says:
    2012-08-17 at 9:15 am

    སྤྲུལ་སྐུ་ཁྱེད་ཀྱི་གསུངས་པར་རྒྱབ་སྐྱོར་ཡོད།
    བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ནས་བོད་མི་རེ་འགས་བོད་དུ་བཞུགས་མཁན་ཚོའི་མི་ཚེའི་བདེ་འཇགས་ལ་འགན་མ་འཁྱེར་བར་འདྲ་མིན་བཤད་ཀྱིན་བསྡད་ན་ཕུགས་སུ་གནོད་པའི་རྐྱེན་ལས་ཕན་ཐོགས་མེད། རྩེད་འགྲན་མ་ཁོང་ཙམ་མ་ཟད་བོད་བཞུགས་བོད་མི་རྣམས་འཚོ་བ་སྐྱེལ་དགོས་པར་མདའ་དཀྲོག་ཕུ་དཀྲོག་དང་། རི་བོང་བཅལ་འདྲོགས། ཁྱི་རྒྱ་ཆེན་ཟུག་སར་རྒྱ་ཆུང་ཟུག་པའི་ལད་མོའི་བཅོས་ཚུལ་དེ་དག་དོར་ཏེ་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཞིག་རེད་བསམ།

  25. དགེ་བསྙེན་རྡོ་རྗེ་ says:
    2012-08-17 at 9:33 am

    བུ་མོ་ཆོས་དབྱངས་སྐྱིད་རྒྱལ་སྤྱིའི་སྟེགས་བུའི་སྟེང་སླེབས་ཐུབ་པ་ནི་རྒྱ་ནག་དྲིན་ཡིན་ ཟེར།

  26. གཟའ་སྤེན་པ། says:
    2012-08-17 at 10:44 am

    རྒྱུན་དུ་བོད་མི་ཚོར་གཅིག་མཚུངས་གི་གཤིས་ཀ་ཞིག་ཡོད་པ་ནི། ཕ་མ་དང་དགེ་རྒན། སློབ་གསོ་བ་དང་རྒན་རབས་པ་དག་གིས་གསུང་ཡག་ལ། ཕྲུ་གུ་ཆུང་ཆུང་རྣམས་ལ་བསླབ་བྱ་རྒྱག་སྐབས་ཡ་རབས་བྱོས། མ་རབས་མ་བྱེད་སོགས་ཟེར་གི་རེད། ཡིན་ན་ཡང་ག་རེ་བྱས་ན་ཡ་རབས་དང་ག་རེ་བྱས་ན་མ་རབས་ཡིན་མིན་དག་དག་ཅིག་ཤོད་ཀི་མ་རེད། བྱིས་པ་ཚོས་ཀྱང་དོན་དེ་རེ་རེ་བཞིན་བཀའ་འདྲི་ཞུ་བར་གོམས་གཤིས་མེད་ལ། ཞུས་ཀྱང་གསལ་བཤད་ཡག་པོ་ཞིག་ཀྱང་རྒྱག་མཁན་ཡང་དཀོན་པོ་ཡིན། གོམས་གཤིས་དེ་སྔར་ནས་ད་ལྟའི་བར་དུ་བོད་མི་ཚོའི་སློབ་གསོ་རྒྱག་སྟངས་ཡོད་ན་མེད་ན་དེ་རེད་ཟེར་ན་ཆོག

    སློབ་གསོ་རྒྱག་སྟངས་དེས་སློབ་གསོ་རྒྱག་ཡུལ་གྱི་གཞོན་སྐྱེ་དང་ཕྲུ་གུ་རྣམས་མཚམས་མཚམས་ལ་མགོ་འཐོམ་པར་བཟོ་བ་མ་ཟད་ཅི་བྱ་འདི་བྱ་མེད་པར་གཏོང་གིན་ཡོད། ཕྱོགས་གཅིག་ནས་ཡ་རབས་བྱེད་དགོས་པ་དང་། ཕྱོགས་གཞན་ནས་འཇོན་ཐང་དགོས་པ་རེད། དེ་གཉིས་སྐབས་སྐབས་སུ་མཉམ་གཅིག་ཏུ་སྦྲེལ་བ་ལ་སྲོལ་རྒྱུན་གྱི་ཡ་རབས་དང་བསྟུན་དཀའ་བས་ན་བསླབ་བྱ་རྒྱག་མཁན་ནས་ཕྱོགས་གཉིས་དང་མ་འགལ་བའི་ཚད་རན་པོ་ཞིག་རྒྱག་ཐུབ་གི་མེད།

    གཤིས་ཀ་དེ་ཆབ་སྲིད་སོགས་དཔྱད་བརྗོད་གང་དང་གི་སྐབས་སུ་ཡང་རིགས་འདྲ་བར་ཁ་སངས་ནས་འདི་འདི་དང་དེ་དེ་རེད་ཅེས་དཀར་པོ་དང་ནག་པོ་སོ་སོར་དབྱེ་ནས་ར་སྤྲོད་ཡག་པོ་ཅིག་བྱེད་ཐུབ་གི་མེད་ཙང་མི་མང་མང་ཚོགས་རྣ མས་གཞུང་ལམ་གཅིག་གི་ཐོག་གཡས་གཡོན་ལ་མ་འཁྱོར་བར་ཤར་རྒྱུགས་བྱེད་ཐུབ་ཀི་མེད།

    ངས་བསམ་ཚུལ་བྱས་ན་བསླབ་བྱ་བརྒྱག་བསམ་མཁན་ཡོད་པའི་མི་རྣམས་ཀྱིས་དོན་གང་ཞིག་འགྲིག་གི་མེད་ན་འགྲིག་གི་མེད་པའི་གནད་འགག་གི་གཙོ་བོ་དང་རྩ་གནད་ཕྱིར་ཕུད་ནས་མི་རྣམས་ཀྱི་མིག་ལ་གསལ་བོ་བསྟན་ཐུབ་པ་བྱེད་དགོས་པ་རེད་བསམ་ཡོད། དེ་མ་བྱུང་ན་ཕན་གི་མ་རེད།

  27. ལུང་རྟོགས། says:
    2012-08-17 at 11:44 am

    བདེ་སྐྱིད་དགོས་ན་དེའི་ཆེད་དུ་སྡུག་བསྔལ་མྱོང་ཐུབ་དགོས་པ་རེད། སྡུག་བསྔལ་གཏན་ནས་མྱོང་མི་དགོས་པའི་བདེ་སྐྱིད་ཅིག་དགོས་ན་ཡོང་ཡ་མེད་མེད་པ་རེད། བོད་ནང་གི་བོད་མི་ལྔ་བཅུ་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེ་བོད་པའི་རྩ་དོན་གྱི་ཆེད་དུ་བཏང་བ་ལས་སྒེར་གྱི་འཚོ་བའི་ཆེད་དུ་བཏང་བ་མིན་པ་ཤེས་དགོས་ཀྱི་འདུག

  28. ཆུ་བ་འཕྲིན་བཟང says:
    2012-08-17 at 11:51 am

    དཀོན་མཆོག་གསུམ་་་བཙན་བྱོལ་ནང་ན་འདི་འདྲའི་མི་ཀློའུ་དག་དག་ཡོད་པ་ཁ་སང་དེ་རང་མིན་མ་ཤེས་་་་ངོ་མ་སེམས་སྐྱོ་ནི་ཞིག་རེད། ཡར་བཤད་མར་བརྒྱ་བཤད་སྟོང་བཤད་ན་་་་བོད་ཀྱི་རྒྱལ་དར་བཟུང་ཏེ་ཆོས་དབྱངས་སྐྱིད་ལ་རྒྱབ་སྐྱོར་བྱས་པ་འགྲིག་མེད་ཚུལ་དང་་་་མོའི་མདུན་ལམ་ལ་གནོད་བསྐྱེད་ཡོད་ཚད་ཀྱི་རྙོག་གཏམ་རྐྱང་རྐྱང་བཤད་ཀྱིན་འདུག་་་་་་་་་དོན་ངོ་མ་ཁྱོད་ཚོ་སུ་ཡིན་་ཅི་ཞིག་བཤད་རྩེས་ཡོད། རྒྱལ་དར་ཁུར་ཤོག་ཟེར་པའི་བརྡ་ཁྱབ་གཏོང་མཁན་ང་ཡིན་་་ངས་དེ་ལྟར་བརྡ་ཁྱབ་གཏོང་དགོས་པའི་རྒྱུ་མཚན་དང་དགོས་བ་་་་ངས་རང་ཉིད་སུ་ཡིན་པ་ངོ་ཤེས་་་ངའི་སེམས་ཁོངས་དང་རྩ་ལམ་ན་བོད་མི་རིགས་ཀྱི་རྩ་པའི་དམ་བཅའ་ཡོད་་་་་དེ་ངའི་ནམ་ཡང་བློའི་གཏོང་མི་སྲིད་་་་་་་་་་ཁྱོད་ཚོ་ལྟ་བུའི་ངོ་གཉིས་མ་འཁྲབ་མི་ཤེས་་་་་

  29. རང་དབང་ཨ་རྡུ་མན་ says:
    2012-08-17 at 12:15 pm

    ་ཆོས་དབྱིངས་སྐྱིད་ཀྱི་སྐོར་དེ་་་་་་མང་དྲག་སོང་་་་་་རྗེས་མ་ནས་མ་ཡོང་བར་ཤོག་་་་་བསྟོད་པ་བྱེད་དགོས་ས་བྱེད་ཡོད། ད་མཚམས་འཇོག་གནང་རོགས་གནང་་་་་དེ་ནི་ང་ཡི་རེ་བསྐུལ་ཡིན། བོད་ནང་དུ་ཛ་དྲག་གི་གནས་དོན་དེ་མྱུར་སྐྱོབ་བྱེད་ཡག་གི་ཐབས་ཤེས་འཚོལ་རན། རན་པ་ཙམ་མ་ཟད་ཕྱིས་དྲག་འདུག །བོད་ཀྱི་བླ་མ་དང་དགེ་བཤེས་ཚོ་་་་་་བསླབ་བྱ་ཡོད་ན་རྒྱབ་རན་་་་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་སྐོར་བཤད་རན། བླ་མ་སེམས་བཟང་ཞིག་ཡོད་ན་་་་་དོན་ཤོག་་་་་དེ་མིན་སྔོ་རྟེན་རྐྱང་ཟས་ནས་སྡོད་ན་་་་མཐའ་མ་རང་ཉིད་ཀྱང་འགྲོ་གར་འགྲོ་མི་ཤེས་ཆགས་ཡོང་།།

  30. བླ་སྨྱོན་ says:
    2012-08-17 at 1:27 pm

    གཏམ་དཔེ། བསྟོད་མ་མཁས་པས་བསྟོད་པ་ལས། སྨད་མཁས་པས་སྨད་ན་དགའ་ཞེས་པ་ལྟར་བོུ་ཆོས་དབྱིངས་སྐྱིད་ལ་བསྟོད་པའི་སྐད་ཆ་ཡིན་ཁུལ་གྱི་བོུ་ལ་གནོད་པའི་སྐད་ཆ་ད་ནས་ཉུང་ན་མཛེས་སོ། གུས་པའི་རེ་བ་ལ་དོལ་རྒྱལ་བསྟེན་མཁན་མ་གཏོགས་བོད་མི་སུ་འདྲ་ཞིག་ཡིན་རུང་ཕན་མ་ཐུབ་ན་གནོད་མ་བསྐྱལ་བའི་རེ་བ་ཡོད།།

  31. སྤྲུལ་སྐུ་དབང་ཆེན says:
    2012-08-17 at 9:15 pm

    བཀུར་འོས་དྲྭ་གྲོགས་ཡོངས་དང་རྒན་ལ་དྭགས་བློ་བཟང་ལགས་ལ་དག་བཅོས་དོགས་སློངས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། རྒྱབ་ལོགས་བྲིས་ན་འགལ་བ་མེད་སྙམ། དེ་མིན་བསམ་བློ་གཏོང་རོགས་ཞེས་པ་གཅིག་པོ་མ་ཡིན་པར་ཁ་སྐད་རང་སོར་བཞག་ནས་བྲིས་པ་མང་ཕྱོགས་ཡིན་ལ་ཡི་གེ་དེ་མགོ་ནས་རྔ་མ་བར་ཁ་སྐད་ལ་ཕྱོགས་ཅི་ཐུབ་བྱས་པ་མ་ཟད་ཞུ་དག་ཡང་བྱེད་ཁོམ་མ་བྱུང་བས་དག་བཅོས་གནང་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུ། གང་ཡིན་ཞེ་ན། བུ་མོ་ཆོས་དབྱིངས་སྐྱིད་ལ་ཁ་མང་གིས་སྐད་འཁྱར་གྱིས་འབོད་མཁན་དང་ལག་མང་གིས་ཡིག་འཁྱར་གང་མང་འབྲི་འདུག་མཁན་ཚོ་ཁ་སྐད་ཙམ་མ་གཏོགས་ཡིག་སྐད་ལ་དེ་ཙམ་བྱང་ཆ་མེད་པ་འདྲ་བོ་ཞིག་མཐོང་སོང་། 
    དེ་ལ་ཁ་ཤས་ཀྱིས་སྐྱོན་བརྗོད་བྱེད་དགོས་རེད་དམངས་གཙོའི་ལྟ་བ་རེད་ཅེས་དང་ཡང་ཁ་ཤས་ཀྱིས་ཁོ་མོ་རྩེད་འགྲན་ལ་ཞུགས་པ་དེ་ནོར་འཁྲུལ་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ནོར་འཁྲུལ་རེད་ཟེར་མཁན་དང་ཡང་ཁ་ཅིག་གིས་དབྱིན་ཇིའི་བཞད་གར་བ་རྭ་སོལ་བྷཱན་རྡེ་ཞེས་པ་དེས་རྒྱལ་ཁབ་ཅིག་དང་མི་སྒེར་གཉིས་ཀྱི་ཁྱད་པར་ཞིག་བཤད་འདུག་ཟེར། 
    དེ་ཚོ་ལ་མཐའ་སྡོམ་ཞིག་ལབ་ན་ངས་སྐྱོན་ཡོད་ན་སྐྱོན་བརྗོད་མ་བྱེད་ལབ་ཀྱི་མེད་ལ་སྐྱོན་ནི་ནམ་ཡང་སྦས་མི་རུང་ལ་ཐེར་འདོན་བྱེད་དགོས་ཡོད། སྐྱོན་ཡོད་ན་སྐྱོན་བརྗོད་བྱེད་ཆོག་པ་དང་ནག་ཉེས་ཡོད་ན་ཐེར་འདོན་བྱས་ནས་བཤད་ས་ཡོད་པ་དང་མང་ཚོགས་ཀྱི་རེ་འདུན་བསྒྲུབ་ནས་འདྲ་མཉམ་བྱེད་པ་དེ་དམངས་གཙོའི་ལམ་ཁ་རེད། སྐྱོན་བརྗོད་བྱེད་མི་ཆོག་པ་དང་བྱེད་མི་ཕོད་པས་གནས་སྟངས་དེ་རྒྱ་དམར་དང་སྒེར་གཅོད་རིང་ལུགས་པའི་ལམ་ཁ་རེད། ད་དུང་རྨོངས་དད་ལའང་དེ་ཡི་ཤུགས་རྐྱེན་ཞིག་ཡོད། སྐྱོན་མེད་ལ་སྒྲོ་བཏགས་ནས་སྐྱོན་འཛུགས་མ་བྱེད་ལབ་པ་ཡིན། ལྷག་བསམ་ཅན་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་རོགས་ལབ་པ་ཡིན། 
    རང་དབང་གི་ལུང་པ་ན་ཡོད་བཞིན་དུ་བོད་རང་བཙན་མི་དགོས་བོད་རྒྱ་མིའི་འོག་ཏུ་རང་སྐྱོང་ཞིག་སྤྲད་ནས་བཞག་ན་འགྲིག་གི་ཡོད། ང་ཚོའི་རང་བཙན་རྩོད་ཀྱི་མེད་རང་སྐྱོང་གཅིག་པོ་རྩོད་ཀྱི་ཡོད་རྒྱ་བོད་མཉམ་གནས་ཡིན་ཞེས་ཁ་མ་ན་བར་དང་སྐད་མ་འགགས་བར་དུ་བཤད་ན་ནོར་འཁྲུལ་མིན་ན་རྒྱ་ནག་དམར་པོའི་རྒྱལ་ཁབ་ན་ཡོད་པ་མ་ཟད་རྒྱ་ནག་གིས་ཁྲིམས་ཀྱི་སྒྲིག་ལམ་འོག་ན་འཚོ་བཞིན་པའི་མི་བུ་ཞིག་གིས་རྒྱ་ནག་མི་དམངས་དུང་ཕྱུར་དུ་མའི་ཐོབ་ཐང་ཞིག་རག་ན་ལེན་མི་ཆོག་པ་ཅི་ཡིན། ནོར་འཁྲུལ་གང་ནས་བྱུང་སོང་བོད་རང་བཙན་མིན་ལབ་མཁན་དེ་རྩེ་མོ་རྩེད་འགྲན་པ་མོ་མ་རེད་ལ། རང་དབང་ཡོད་པ་དང་གོ་བཞིན་ཤེས་བཞིན་དུ་ནོར་འཁྲུལ་བྱས་པ་དེ་རང་དབང་མེད་པའི་མི་བུ་ཉམ་ཆུང་ཞིག་གིས་འགོག་ག་ལ་ཐུབ། ངས་བུ་མོ་ཆོས་དབྱིངས་གི་གནས་སྟངས་དེས་བོད་རང་བཙན་ཐོབ་ཤོར་ལ་ཕན་གནོད་ཆེན་པོ་ཞིག་འདུག་གཏན་ནས་ལབ་ཀྱི་མེད། རང་བཙན་རྩོད་ལེན་བྱེད་མཁན་མེད་པའི་སྤྱི་ཚོགས་ཤི་བོ་ཞིག་ལ་མི་གཅིག་གཉིས་ཀྱི་གནས་སྟངས་ཙམ་གྱིས་འགྱུར་བ་ཅི་ཡང་འགྲོ་ཡ་ཡོད་མ་རེད། ངས་བཤད་བཞིན་པ་དེ་བུ་མོ་ཉམ་ཆུང་དེའི་འདུན་ལམ་འཚོལ་བ་ལ་འགལ་རྐྱེན་མ་བྱེད་ལབ་ཀྱི་ཡོད། 
    རྭ་སོལ་དེ་མི་རྣམ་དཔྱོད་དང་དཔའ་པོ་ཡིན་པ་ལ་ཧ་ལས་ཧང་སང་མདོག་བྱས་འདུག །དེ་ནི་སྔོན་མ་བོད་པ་ཞིག་ཨ་རི་ལ་སོང་ནས་འཕྲོད་རྟེན་བྱེད་དགོས་རེད་ལབ་ནས་ལས་ཀ་གང་ཡིན་ལ་མ་ལྟོས་པར་སྔོ་ཚལ་རིགས་གཅིག་པོ་བཟས་ནས་མཐར་ཚེ་དུས་བྱས་པ་ཞིག་དྲན་བཅུགས་སོང་། ལས་ཁུངས་ནང་དུ་རྐུབ་བཙུག་ནས་ལས་ཁུངས་ཀྱི་ལས་ཀ་བྱེད་མཁན་ཞིག་གིས་འཕྲོད་རྟེན་དང་ངལ་རྩོལ་ལ་བརྟེན་ནས་དཀའ་ལས་རྒྱབ་མཁན་གྱི་འཕྲོད་རྟེན་གྱི་ཟ་མ་ཟ་སྟངས་གཅིག་པ་མིན་པ་ཤེས་དགོས་གལ་ཆེན་པོ་རེད། ཀླད་ཤུགས་ངལ་རྩོལ་བ་ནི་ཟ་མ་ཞུ་མི་ཐུབ་པས་དཀའ་ངལ་ཡོད་པས་སྔོ་རིགས་དང་ཟ་མ་འཇམ་པོའི་རིགས་ལོངས་སུ་སྤྱོད་ཀྱིན་ཡོད། ལས་ཤུགས་ངལ་རྩོལ་བ་ལ་ནི་གཟུགས་པོའི་ནུས་པ་སླར་གསོ་དང་ནུས་སྟོབས་བསྐྱེད་པས་ཕྱིར་དུ་ཟས་བཅུད་དང་ལྡན་པའི་རིགས་དང་ཟ་མ་ནུས་པ་ཆེན་པོའི་རིགས་སོགས་བརྟེན་དགོས་ཡོད། གལ་ཏེ་དེ་གཉིས་གོང་འོག་ནོར་སོང་བ་ཡིན་ན་འཕྲོད་རྟེན་དུ་མི་འགྱུར་བར་མ་ཟད་ལས་པོའི་གཤེད་དུ་འབབ་ནས་ཚེ་སྲོག་འཕྲོག་བྱེད་ཅིག་ཏུ་འགྲོ་བའི་ཉེན་ཁ་ཡོད་རེད། དེ་བཞིན་དུ་སྔོན་མ་རྒྱ་གར་ནའང་དཔེ་ཞིག་ཡོད་རེད། བོད་པ་མཁྲིས་ནད་པ་ཞིག་རྒྱ་བོད་སྨན་པ་མ་འདྲ་བ་གཉིས་ལ་བསྟན་དུས་རྒྱ་སྨན་པས་སྣུམ་མང་ཞིག་ཟ་དགོས་ལབ་པ་དང་བོད་སྨན་པས་སྣུམ་གཏན་ནས་ཟ་མི་རུང་ཞེས་ལབ་པས་མི་དེ་དང་ཉེ་འཁོར་ཚང་མ་ཧ་ལས་པ་རེད་ཟེར། དེ་ནི་མི་དེའི་གཟུགས་པོ་ལ་རག་ལས་ཀྱི་ཡོད་པ་རེད་མ་གཏོགས་སྨན་པ་གཉིས་ཀ་བདེན་པ་རེད། ནམ་རྒྱུན་ཤ་མར་དང་སྣུམ་རིགས་ཟ་མང་པོ་ཟ་མཁན་ཞིག་ཡིན་ན་མཁྲིས་པ་ན་དུས་མཁྲིས་པ་རྒྱས་ཡོད་པ་མར་བཅག་ཐབས་བྱེད་དགོས་ཡོད་པའི་སྣུམ་རིགས་མཆོད་མི་རུང་བ་ཡིན། དེ་བཞིན་རྒྱུན་དུ་སྣུམ་རིགས་མཆོད་ཀྱི་མེད་ན་མཁྲིས་པ་ན་དུས་མཁྲིས་པ་ཡར་གསོ་དགོས་ཡོད་པས་སྣུམ་རིགས་མང་ཙམ་མཆོད་དགོས་པ་རེད། རྭ་སོལ་བྷཱན་རྡེ་ནི་དམངས་གཙོའི་ལུང་པ་ཞིག་ན་རང་དབང་ལ་ལོངས་སུ་སྤྱོད་ནས་ཡོད་པ་རེད་ལ་ཐ་ན་ཁོས་རྒྱུན་བཤད་གོམས་གཤིས་དེས་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་མཉམ་དུ་གཏམ་བཤད་སྐབས་ཡང་ཆགས་གཏམ་ཁ་ཤས་དབང་མེད་དུ་ཁ་ནས་ཤོར་ཡོང་བ་དེས་སྤྱི་ཚོགས་གུ་ཡངས་ཤིག་གི་རྣམ་པ་བསྟན་ཡོད་པ་རེད། དེ་མིན་ཁོས་ཐེངས་དེའི་༧གོང་ས་མཆོག་ལ་གུས་བཀུར་ཕེབས་བསུ་ཞུས་པ་དང་ཚོང་དོན་ཐད་ལ་སྐད་ཆ་དྲིས་སྐབས་ཡང་རྒྱལ་ཁབ་ཅིག་དང་མི་སྒེར་གཉིས་ཀྱི་ཐོབ་ཐང་དང་ཁེ་ཕན་བསྡུར་ནས་བཤད་པ་སོགས་ཀྱི་རྒྱབ་ལྗོངས་ན་ཅི་ཡོད་ཧ་མི་གོ་བར་སྐད་ཆ་སྙན་མོ་ཞིག་ལ་དབུ་འཁོར་བ་འདི་ཅི་འདྲའི་བསམ་བློ་མ་སྨིན་པའམ་མཐོང་རྒྱ་དང་ཤེས་རྒྱ་ཆུང་བས་སྐད་ཆ་ཞིག་མ་རེད་པས། རྭ་སོལ་གྱིས་གློག་བརྙན་དང་བཤད་གར་དང་གླུ་གཞས་སོགས་ནི་ཡུ་རོབ་དང་ལན་ཁྲོན་དེ་མིན་ཨ་རིའི་ལུང་པ་མ་གཏོགས་ཤར་ཕྱོགས་པས་དགའ་མོས་བྱེད་ས་ཞིག་གཏན་ནས་མ་རེད་ལ་དེ་བས་རྒྱ་ནག་མཉམ་དུ་ཚོང་འབྲེལ་ཡང་ཁོ་ལ་དེ་ཙམ་གལ་ཆེན་པོ་མ་རེད། ཁོ་ལ་གལ་ཆེ་ཤོས་ནི་དབྱིན་རིགས་རྣམས་དགའ་བསུ་ཐོབ་དགོས་པ་གཅིག་པོ་ཡིན་དུས་ཆབ་སྲིད་གཏིང་ཟབ་ཅིག་གི་རྒྱབ་རོལ་ནས་གར་ཆུང་ཞིག་འཁྲབ་པ་ལ་ཧ་ལས་ཧང་སང་དགོས་དོན་ཡོད་མ་རེད། སྔོན་མ་ཨ་རིའི་སྲིད་འཛིན་བྷོའུ་ཤིས་དམག་འཁྲུགས་བསླངས་ནས་ཨ་རི་བ་ཚོ་མ་དགའ་བས་རྣམ་འགྱུར་ཤུགས་ཆེ་བས་སྐབས་སུ་༧གོང་ས་མཆོག་ལ་གསེར་གྱི་རྟགས་མ་ཐོབ་ཡ་ལ་རྒྱབ་སྐྱོར་དང་ཐོབ་ནས་ཁོ་རང་གིས་བླ་མའི་ཕྱག་ཏུ་ཕུལ་བ་མ་ཟད་ད་དུང་བོད་དང་གོང་ས་མཆོག་ལ་ཤ་ཚ་བས་གཏམ་བཤད་གནང་བས་གྲུབ་འབྲས་དེས་མི་དམངས་མང་ཕྱོགས་ཡང་ཁོ་ལ་དགའ་བས་རྣམ་པ་བྱུང་བ་རེད། 
    དགག་བྱ་དང་དགོས་པ་གང་ཆེ་ལྟ་ཤེས་དགོས་རེད་ཟེར། དེ་ལ་དགོད་རྒྱུ་ཞིག་བྱུང་། མི་རིགས་དང་རིག་གཞུང་ཞིག་ཤི་གསོན་མཚམས་ལ་ཐུག་ཡོད་ན་མི་རིགས་དེའི་སྐད་དང་ཡི་གེ་གཉིས་ལ་རག་ལས་ཀྱི་རེད་མ་གཏོགས་ཨོ་རྩེད་སྐབས་ཁྱབ་བསྒྲགས་གཅིག་པོས་རིག་གཞུང་དེའི་སྲོག་སྐྱོབས་ཨེ་ཐུབ་ན། གལ་ཏེ་ཐུབ་ན་ནི་རྩེད་འགྲན་པ་གཅིག་གིས་བཀའ་དྲིན་ལ་བརྟེན་ནས་དེ་ཙམ་ཁྱབ་བསྒྲགས་ཡོང་བ་ཡིན་ན་དེ་སྲུང་སྐྱོབས་དང་གཞན་པ་མང་པོ་བསྐྱེད་བསྲིང་བྱས་ན་དགའ་བ་ལས་ད་ལོ་ཐེངས་དང་པོ་བོད་མི་གཅིག་རྩེད་འགྲན་ལ་སླེབས་ནས་ཁྱབ་བསྒྲགས་ཤིག་བྱས་ཏེ་རྗེས་མ་གཏན་མེད་དུ་བཏང་ན་དགོས་བྱ་གཙོ་བོ་དེ་མེད་པ་བཟོས་བཞག་མི་འདུག་གམ། གོ་སྐབས་ཡག་པོ་རེད་ཟེར་ན་ནི་ཉིས་སྟོང་བརྒྱད་ལོར་གོ་སྐབས་དེ་འདྲ་ཞིག་བྱུང་མ་མྱང་བ་རེད་ལབ་འགྲིག་པ་ཞིག་བྱུང་དུས་རྒྱ་བོད་གྲོས་གཏམ་བྱེད་ཀྱི་ཡོད་ཟེར་ནས་རང་གཞན་གཉིས་ཀ་མགོ་བསྐོར་འོག་བཅུག་པ་མ་གཏོགས་གོ་སྐབས་དམ་འཛིན་བྱས་པ་ཞིག་ག་དུས་ཡིན་ཡང་ཡོད་མེད་པར་སྙམ། བོད་མི་ཁ་ཤས་ཀྱིས་ཤུགས་རྒྱོབས་ཤིག་ཅེས་འབོད་བསྐུལ་བྱས་པ་དེས་མོ་ལ་སེམས་ཤུགས་འཕར་ཡོད་སྲིད་ཀྱང་དེ་ནི་དགོས་ངེས་ཤིག་རེད་ལ་མི་རིགས་སུ་ཡིན་ཀྱང་ཤུགས་རྒྱོབས་ཟེར་ནས་སྐད་འབོད་བྱེད་ཆོག་གི་རེད། ངས་མོ་ལ་སེམས་ཤུགས་མ་སྤར་ལབ་ཀྱི་མེད་བུ་མོ་དེ་དང་དེ་འདྲ་བའི་བོད་མི་དམར་པོའི་ལག་འོག་ན་ཡོད་པ་ཚོའི་འདུན་ལམ་འགོག་མི་ཉན་ཞེས་ཞུ་བཞིན་ཡོད། 
    མི་གཅིག་གིས་བོད་དར་འཕྱོར་ཟེར་མཁན་དང་བརྡ་ཁྱབ་བཏང་མཁན་ང་ཡིན་ང་རང་གིས་ང་རང་ངོ་ཤེས་ཀྱི་ཡོད་རྩ་ལམ་ན་རྩ་བའི་དམ་བཅའ་ཡོད་ཟེར། གལ་ཏེ་ཁྱེད་རང་གི་རྩ་ལམ་ན་རྩ་བའི་དམ་བཅའ་ཟེར་བ་ཞིག་ཡོད་སྲིད་ན་བོད་རང་བཙན་རྩ་ལག་ཕུད་ནས་འབོར་མི་བཅུག་པར་རྩ་ལམ་ལ་དྲངས་ནས་མི་བཞུགས་པར་བོད་མི་ཉམ་ཆུང་ཞིག་གིས་ངལ་རྩོལ་བརྒྱུད་རིམ་རིང་མོ་ཞིག་དེད་ནས་རང་གི་འདུན་ལམ་འཚོལ་བའི་བུ་མོ་ཉམ་ཆུང་དེའི་ཁྱེད་ཀྱི་རྩ་ལམ་གྱི་རྩ་ཁྲིམས་ག་རེ་ལ་འགལ་བ་རེད། ཁྱེད་ཀྱི་རྩ་ལམ་ཚང་མ་ན་རྩ་བའི་དམ་བཅའ་བརྟན་པོ་རེ་ཡོད་པ་དང་རང་སུ་ཡིན་ངོ་ཤེས་ན་བོད་རང་བཙན་ཤོར་ནས་མ་ཟད་རང་སྐྱོང་ཡང་མི་རག་པའི་དུས་ཚོད་ལ་དམ་བཅའ་དམ་ལ་བཏགས་པ་མིན་ན་དམ་པོར་བཟུང་ནས་རང་སྐེ་ལ་རང་ཐག་བསྡོམ་རན་འདུག །ངོ་གཉིས་ཡོད་པ་རང་ཡིན་པ་རེད་མ་གཏོགས་ཁ་ནས་ཆོས་བཤད་བྱེད་བཞིན་ལག་པས་མི་གསོད་ཀྱི་མ་རེད། 
    གང་ལྟར་ཁྱེད་རྣམས་པས་བསམ་འཆར་གནང་བ་ལ་བཀའ་དྲིན་ཆེ་ཞུ། བོད་མི་རིགས་ཡོངས་རྫོགས་གཉིད་ལས་སད་པ་ལ་ད་དུང་དུས་རབས་ཁ་ཤས་ཤིག་དགོས་ཚོད་གདའ།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-17 at 9:36 pm

    དགྲ་འདུལ་ལེགས་ཀྱི་བསྐུལ་མ་བཞིན་དུ། འོག་གི་རབ་བྱེད་(paragraph)དེ་ལ་སླར་ཡང་གསལ་བར་བྱ་སྟེ།
    རྒྱབ་ལོག་ན། ཞེས་པ་དང་། རྒྱབ་ལོགས་ན། འདི་གཉིས་ལས་གང་དེ་དག་པ་ཡིན་ནམ། གང་ལ་རྒྱབ་ངོས་ན། ཞེས་པའི་དོན་ཡོད་དམ། གཞན་ཡང་། གཏོང་རོགས། ཞེས་ཁ་ནས་ཟེར་ཡང་། ཡི་གེ་འབྲི་སྐབས། ཨིན་ཡུལ་པ་རྣམས་ཀྱིས་ know ཞེས་པ་ལ་ no ཞེས་པ་ཙམ་མ་ཡིན་པར་ know ཞེས་ཡི་གེའི་དག་ཆ་ཡོངས་རྫོགས་འབྲི་བ་བཞིན་དུ། བོད་པས་ཀྱང་ཁ་སྐད་ལ་ཟུར་ཆག་པ་བཀོལ་ན་ཡང་། འབྲི་བ་ན་ཟུར་མ་ཆག་པ་གྲོགས་ཞེས་འབྲི་བ་ལ་སྐྱོན་འདུམ་གམ། ཞེས་དྲི་བ་མཆིས་སོ།།
    མཆོག་སྤྲུལ་གྱིས་ལེགས་པར་བྲིས། བདག་གིས་དེ་འདྲ་དངོས་གནས་འབྲི་མི་ཐུབ། འོན་ཀྱང་བོད་ཀྱི་སྒྲ་རྣམས་དག་པོ་འབྱུང་ན་སྙམ་པའི་ཀུན་སློང་གིས་འབྲི་བ་མ་གཏོགས། ཕྲག་དོག་དང་ང་རྒྱལ་གྱིས་འབྲི་བ་མེད། བདག་རང་ནི་མ་རིག་པས་རྨོངས་པ་ཞིག་ཡིན། འོན་ཀྱང་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཀྱིས་བོད་ཀྱི་ཡི་གེ་དག་པ་དང་མ་དག་པ་ཆུང་དུས་ནས་སྦྱངས་ཏེ་མཐོང་མྱོང་བ་ཞིག་ཡིན། དེས་ན། སྤྲུལ་སྐུའི། རྒྱབ་ལོག་ན་མ་གསོད་བཞིན་པ་ལ་མིག་མདུན་དུ་བུ་ཁྲི་སྟོན་བྱེད་བཞིན་པས། ཞེས་པའི་རྒྱབ་ལོག་ན། ཞེས་པ་ལ་རྒྱབ་ལོགས་ན། ཞེས་ས་ཡིག་ཡང་འཇུག་ལ་དགོས། དེ་ཡང་ངོས་དང་། ཕྱོགས། ཞེས་པ་ལོགས་ཀྱི་རྣམ་གྲངས་སུ་མཐོང་།
    ལོག ཅེས་པ་ནི་ལྡོག་གི་ཟུར་ཆག་ཡིན། བྱ་ཚིག་གི་དབང་དུ་བྱ་ན། འཇུག་པ་དང་། དེ་ཡི་ལྡོག་ཕྱོགས་སུ། ལྡོག་པའམ་ལོག་པ་ཡིན་དགོས་པར་མཐོང་ངོ་། །
    ཕྲག་དོགས་ཀྱིས

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-17 at 10:07 pm

    ཕྲག་དོགས་ ཞེས་པར་ཡང་། བདག་གིས་གཞན་དུ་མཐོང་བ་ལྟར་ན། ཕྲག་དོག ཅེས་དགོས་སོ།།

  34. སྤྲུལ་སྐུ་དབང་ཆེན says:
    2012-08-17 at 10:32 pm

    མིག་སེར་རམ་ཕྲག་དོག་ལ་ས་མཐའ་མི་དགོས། ས་མཐའ་ཡོད་པས་དོགས་དེ་ནི་སེམས་ལ་དོགས་པ་སྐྱེ་བའམ་ཐེ་ཚོམ་ལ་གོ་དགོས་ཡོད།

  35. གངས་རིའི་ལྷ་སྲས། says:
    2012-08-17 at 10:43 pm

    གང་ལྟར་བུ་མོ་ཆོས་དབྱིངས་སྐྱིད་ལ་སྙིང་ཐག་པ་ནས་དགའ་བསུ་ཡོད་དེ་ནི་མོ་རང་བོད་རིགས་ཤིག་ཡིན་པས་དང་། མོ་རང་གི་རྒྱུག་བཞིན་པའི་སྐབས་ཀྱི་གནམ་འགྱུར་སོགས་ཀྱིས་ཡིན།

  36. མིག་བརྒྱད་པ། says:
    2012-08-17 at 11:01 pm

    རྒྱབ་ལོགས་དང་ཕྲག་དོག་ནི་དག་ཡིག་དང་མཐུན། སེམས་དོགས། ཕྲག་དོག ། ལོག་རྟོག །བཅོམ་ལྡན་འདས་ཀྱི་ལོགས་ཤིག་ཏུ་བསྡད་དོ། །ཕ་མའི་ལོགས་སུ་བུ་ཕྲུག་འདུག །གཡས་ལོགས། གཡོན་ལོགས། ལོགས་སུ་དགར། ལོགས་སུ་བཞག །ལོགས་སུ་སློབ་གསོ་བཏང་ལྟ་བུ། དག་ཡིག་དང་བསྟུན་པ་གལ་ཆེ།

  37. ཀརྨའི་སྐུ་སྲུང་བ། says:
    2012-08-17 at 11:03 pm

    སྤྲུལ་སྐུ་དབང་ཆེན་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།

  38. ལུང་རྟོགས། says:
    2012-08-18 at 1:30 am

    སྤྲུལ་སྐུ་དབང་ཆེན་ལགས། ངས་གཞས་པ་རུ་སེལ་བྷི་རན་ཌི་ལགས་ཀྱི་སྐད་ཆ་དེ་རྣམ་དཔྱོད་ལྡན་པའི་སྐད་ཆ་ཞིག་རེད་ཅེས་བཤད་པ་ལས། ཁོ་རང་གི་ཀུན་སློང་བཟང་ངན་གང་ཡང་བཤད་མེད། སྐད་ཆ་དེ་ནི་རྣམ་དཔྱོད་ལྡན་པའི་སྐད་ཆ་ཞིག་མིན་པ་བསམ་ཡོད་སུས་ཀྱང་བཤད་ཐུབ་ཀྱི་མ་རེད་ལ། དེའི་རྒྱབ་ཀྱི་ཀུན་སློང་བཟང་ངན་ནི་གཞན་སེམས་ཤེས་པའི་མངོན་ཤེས་འདྲ་ཡོད་ན་མ་བཏོགས་སུས་ཀྱང་ཐག་བཅད་ཐུབ་ཀྱི་མ་རེད། སྤྱིར་འཇིག་རྟེན་ཁམས་འདིས་སྐད་ཆ་ཚང་མ་ཆབ་སྲིད་ཀྱང་ཀྱང་ཡིན་པ་ལས་ཁ་ཁོག་མཚུངས་པའི་སྐད་ཆ་བཤད་མཁན་གཅིག་ཀྱང་ཡོད་མ་རེད་ཅེས་བཤད་ན་ནི་ཧ་ཅང་ཐལ་སོང་བ་རེད། བཙན་བྱོལ་བོད་མི་མང་པོ་ཞིག་གིས་མི་གཞན་གྱིས་བྱ་བ་བཟང་ངན་ཅི་ཞིག་སྒྲུབ་པ་དང་། སྐད་ཆ་བཟང་ངན་ཅི་ཞིག་བཤད་ཀྱང་ཚང་མ་ཆབ་སྲིད་རེད་ཅེས་བཤད་རྒྱུར་གོམ་འདུག་ལ། སྐད་ཆ་དེ་རང་ཉིད་སྤྱང་པོ་ཡིན་པའི་རྣམ་པ་བསྟོན་བྱེད་འདྲ་ཞིག་བྱེད་ཀྱི་འདུག་ཀྱང་། བསམ་བློ་འདི་འདྲ་དེའི་དབང་གིས་ཁོང་ཚོ་བོད་ཀྱི་དཔེ་ལ་ཡོད་པ་བཞིན་སངས་རྒྱས་ནམ་མཁའ་ལ་འཕུར་ཡང་དད་པ་མི་སྐྱེ་ཞིང་། སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་མི་སྐྱེ་བ་ཞིག་ཆགས་འདུག་པས། ངས་ནི་འདི་ཤེས་རབ་འཆལ་སོངས་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྲིད་འཛིན་བྷུ་ཤིའི་གནང་སྟངས་དེ་ཡང་མཐའ་གཅིག་ཏུ་ཆབ་སྲིད་ཡིན་མིན་བཤད་དཀའ་ཡང་། ཁོ་རང་ནི་ཆབ་སྲིད་པ་ཞིག་ཡིན་པས་ཆབ་སྲིད་ཡིན་དུ་ཆུག གཞས་པ་རུ་སེལ་ཁོང་ནི་གཞས་གཏོང་མཁན་དང་གློག་བརྙན་འཁྲབས་སྟོན་པ་ཞིག་ཡིན་པ་ལས་ཆབ་སྲིད་པ་ཞིག་མིན་པས་དེ་གཉིས་དཔེ་དོན་མི་མཚུངས། ད་དུང་གཞས་པ་རུ་སེལ་ཁོང་གཏམ་བརྗོད་རང་དབང་ལྡན་པའི་རང་དབང་ལུང་པ་ཞིག་གི་ནང་ལ་ཡོད་པས་སྐད་ཆ་དེ་འདྲ་བཤད་པ་ཧ་ལས་དགོས་པ་ཞིག་མིན་པ་ལྟ་བུ་གསུང་འདུག་ཀྱང་། ང་ཚོ་ཚངས་མ་རང་དབང་ལུང་པ་ནང་ཡོད་པ་མ་ཟད། རྒྱལ་ཁབ་ཤོར་བའི་རང་དབང་འཐབ་རྩོད་པའི་མིང་བྱང་ཞིག་ཁྱེར་ཡོད་ཀྱང་། སྤྱི་དོན་གྱི་ཆེད་དུ་སྒེར་དོན་བློས་བཏང་དགོས་པར་བཤད་མཁན་ནི་ཉིན་སྐར་ལྟ་བུ་རེད་འདུག་ན། ཁོང་རང་དབང་ཆ་ཚང་ལྡན་པའི་རྒྱལ་ཁབ་ཞིག་གི་མི་སེར། ཐོབ་དང་འབྱོར་པ་མཚན་དང་སྙན་གྲགས་སོགས་གང་གིས་ཀྱང་མ་ཕངས་པའི་མི་ཞིག་གིས་སྒེར་དོན་ལས་སྤྱི་དོན་གཙོ་བའི་སྐད་ཆ་འདི་འདྲ་བཤད་པ་ནི་སྤྱིར་བཏང་ཞིག་མ་རེད། མི་རིགས་ཤིག་ཤི་གསོན་མཚམས་ནས་སྐྱབ་རྒྱུ་དེ་མི་རིགས་དེའི་སྐད་ཡིག་ལ་ཐུག་ཡོད་པ་བདེན་དུ་ཆུག འོན་ཀྱང་སྐད་ཡིག་དེའི་འཆི་གསོན་ལ་བསམ་བློ་གཏོང་ཨེ་མྱོང་། བོད་ཀྱི་སྐད་ཡིག་འདིས་གནས་བབ་ཅི་འདྲ་ཞིག་ལ་སླེབས་འདུག སྐད་ཡིག་ཉམ་རྒུད་ཤུགས་ཆེར་འགྲོ་བཞིན་པ་འདིའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད། འདི་ལྟར་བསམ་བློ་བཏང་ན་མི་རིགས་འདིའི་འཆི་གསོན་ནི་རང་དབང་ལ་ཐུག་ཡོད་པ་ཤེས་ཐུབ། རང་དབང་ཐོབ་དགོས་ན་ལས་འགུལ་སྤེལ་དགོས་པ་ལས། འདིས་གཅིག་ལ་གནོད་ཀྱི་འདུག འདིས་གཉིས་ལ་གནོད་ཀྱི་འདུག་ཞེས་གོ་སྐབས་བཟང་པོ་དེ་དག་ཆུད་ཟོས་བཏང་ན་ག་ལ་འགྲིག མ་གཞི་ནས་ཕྱིར་སྡོད་བོད་མི་ཚོས་སྐབས་དང་བསྟུན་ནས་ལས་འགུལ་སྤེལ་ཡང་ཆོས་དབྱིངས་སྐྱིད་མོ་རང་ལ་ལན་པ་གང་ཡང་མེད་པས་རྒྱ་ནག་གཞུང་གིས་ཁ་དང་ཁ་སྤུ་དབྱེ་བ་ཕྱེ་ལོས་ཤེས། དེས་ན་ཁྱེད་ཀྱི་སྐད་ཆ་དེ་ཚོ་ནི་སེམས་ཁྲལ་མེད་པའི་སེམས་ཁྲལ་ཞེས་པ་དེ་ལས་ཅི་ཡང་མ་རེད། ད་དུང་༢༠༠༨ ལོར་གོ་སྐབས་དམ་འཛིན་མ་བྱས་པ་སོགས་གཏམ་རྙོག་མང་པོ་ཞིག་བཤད་འདུག་ཀྱང་། དེའི་དུས་སུ་བོད་རྒྱ་གཉིས་གྲོས་མོལ་བྱེད་བཞིན་པའི་སྐབས་ཡིན་པས་དེ་ལ་འབྲས་བུ་ཞིག་ཐོབ་རེས་གནས་སྐབས་ངོ་རྒོལ་བྱེད་རྒྱུ་མཚམས་འཇོག་བྱས་པ་ཡིན་ལ། ད་ལྟ་གྲོས་མོལ་ལ་འབྲས་བུ་མ་བྱུང་བ་གསལ་པོ་ཆགས་ཟིན་པས་རང་དབང་མ་དགོས་ན་མ་བཏོགས་ལས་འགུལ་སྤེལ་ལོས་དགོས། དེས་ན་སྐབས་དང་དུས་ལ་སྟུན་ནས་ལས་ཀ་བྱེད་དགོས་པ་ལས་རྟག་པར་ངོ་རྒོལ་བྱེད་པའམ་རྟག་པར་སྟུན་མཁས་བྱེད་པ་ལྟ་བུ་ཕྱོགས་གཅིག་ཁོ་ནས་མི་འགྲིག་པ་དཔྱོད་ལྡན་སུས་ཀྱང་ཤེས་ངེས་རེད།

  39. བོད་འཁྱར་ says:
    2012-08-18 at 4:28 am

    སྤྲུལ་སྐུ་དབང་ཆེན་གྱིས་གསུངས་པ་དེ་ལ་མངོན་པར་བསྟོད་དོ།། དེ་ངོ་མ་རེད་ ཚང་མས་བསམ་གློ་བཏང་དགོས་རེད་ཡ་

  40. དམག་ལོག་ says:
    2012-08-18 at 9:57 am

    དགེན་ལ་དྭགས་འཇམ་དཔལ་ལགས། དང་པོ་ཁྱེད་རང་གིས་ལ་དྭགས་ཡུལ་མི་ཚོའི་སྐུར་ཡིག་ནང་གཏེར་འཇོག་པའི་ལུགས་ལུགས་སྲོལ་དེ་གཙང་མ་བཟོས་རྗེས་གཞན་ལ་ཁ་རྩོད་རྒྱབ་ན་མི་ཡག་གི་རེ་པེ།

  41. ཇ་མ་ says:
    2012-08-18 at 10:34 am

    སྤྲུལ་སྐུ་དབང་ཆེན་ལགས། ཀྲོས་རུང་ཅི་ལ་ཁ་རྩོག་པ་ཞིག་ཡོད་ས་རེད། སེམས་པ་གང་འདྲ་ཡིན་མིན་མི་ཤེས། ཀྲོས་ཁོང་ན་ནིང་ཆིན་ཧྭ་སློབ་ཆེན་དུ་སོང་དུས་ཡང་རྒྱ་སྐད་ནང་འདི་འདྲ་ལབ་པ་རེད། 胡说些什吗?དེའི་གོ་བ་ནི་”ཧོ་ཅིན་ཐོས་ 胡锦涛 གང་ཟེར་གི་འདུག་”ཟེར་དང་། གོ་བ་གཞན་ཞིག་ནི་胡ཟེར་བ་ནི་རྫུན་ལ་གོ་དགོས། དེ་ལྟར་”རྫུན་གང་བཤད་ཀྱིན་འདུག་”ཅེས་གོ་བ་གཉིས་ཅན་གྱི་སྐད་ཞིག་བཤད་པ་རེད། སྐབས་དེར་རྒྱ་ནག་གིས་ཧོ་ཡིས་རྫུན་གང་བཤད་ཀྱི་འདུག་ཅེས་གོ་བ་རེད།

  42. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-24 at 3:29 am

    དམག་ལོག་ལེགས།
    སྐུར་ཡིག་ནང་གཏེར་འཇོག་པའི་། འདི་ལེགས་པར་མ་གོ གསལ་པོར་འབྲི་བར་མཛོད། ཞའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme