Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་འདི་ལྟར་བསམ།

Posted on 2012-08-14 By ཁ་བརྡ་ 1 Comment on ངས་འདི་ལྟར་བསམ།

གཅན་འོད་འབར།

ད་ལྟ་བོད་ཕྱི་ནང་གཉིས་ན་ཚ་ཚ་འུར་འུར་གྱིས་འབར་ཞིང་ཁྱབས་ཀྱིན་པ་ནི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རེད། རང་ལུས་མེར་བསྲེགས་ཀྱི་རྒྱལ་སྐྱོབ་ལས་འགུལ་འདི་གཅིག་མཇུག་གཉིས་མཐུད་དུ་བྱུང་ནས་ཁ་གྲངས་འདི་འདྲ་ཞིག་ལ་སླེབས་པར་བསམ་ན་སེམས་གཏིང་ནས་སྐྲག་སྣང་ཞིག་ངམ་ངམ་ཤིག་ཤིག་གིས་མི་སྐྱེ་པའི་བོད་མི་ཞིག་ཡོད་མི་ངེས་འདོད་ལ། ལས་འགུལ་འདིའི་རྒྱབ་ལྗོངས་དང་ཁྱབ་རྒྱ། རྒྱལ་གཅེས་པ་འདི་དག་གི་ཞལ་ཆེམས་དམ་བཅའ་དང་དགོས་དམིགས་རེ་འདུན་སོགས་ཤེས་ན་སྙིང་གསེབ་ནས་སྔར་མེད་ཀྱི་སེམས་ཤུགས་ཤིག་དྲག་ཏུ་ལངས་མི་སྲིད་པའི་བོད་མི་ཞིག་ཀྱང་ཕལ་ཆེར་མེད་མི་སྲིད་ཅེས་བརྗོད་ན་ཆོག་མོད། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་བཞིན་རང་དབང་དང་མི་རིགས་ཀྱི་རྩ་དོན་ཁོ་ནའི་ཕྱོགས་ནས་བལྟ་མཁན་ཞིག་ཡིན་ཚེ་ལས་འགུལ་འདིའི་ཕྱོགས་གཞན་དེ་མཐོང་གི་མེད་ཚོད་རེད། ལས་འགུལ་འདི་མི་རིགས་ཀྱི་རྩ་དོན་རྩོད་ཕྱོགས་ཁོ་ནའི་ཐད་ནས་བརྗོད་ན་འདི་ལ་གཞལ་དཀའ་བའི་རིན་ཐང་ཞིག་དང་གྲུབ་འབྲས་ཤིག་ལྡན་པ་དེ་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་ཚོར་ལྡན་གྱི་ཕུང་བོ་འདི་མེར་བསྲེགས་ཀྱིས་རང་དབང་རང་བཙན་ཆེད་བློས་གཏོང་ཕོད་པའི་རླབས་ཆེན་གྱི་ལྷག་བསམ་དང་གཟི་བརྗིད་ཀྱི་སེམས་ཤུགས་ཁོ་ནས་ཀྱང་མཚོན་ཐུབ་མོད། མི་སྒེར་པ་ཞིག་གི་མི་ཚེ་དང་ཁྱིམ་ཚང་ཞིག་གི་འཚོ་བ། ད་དུང་མི་རིགས་ཤིག་གི་འབྱུང་འགྱུར་གྱི་བདེ་སྡུག་གི་ངོས་ནས་བལྟས་ན་ཕམ་ཁ་ཞིག་དང་གྱོང་གུད་ཅིག་རེད་འདོད། རྒྱུ་མཚན་ནི་ཛ་ཇེ་དྲག་ཏུ་འགྱུར་བཞིན་པའི་གཞིས་ལུས་བོད་མིའི་གནས་སྟངས་དང་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་མེར་བསྲེགས་ལས་འགུལ་འདིའི་སྔ་རྗེས་ཀྱི་མཇུག་འབྲས་ལས་ཀྱང་རོབ་ཙམ་ཤེས་ཐུབ་སྙམ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྟངས་འདི་ནི་བོད་མི་ཚོའི་མཐར་ཐུག་གི་གདམ་ག་ཞིག་གམ་ཡང་ན་ཨ་ཟད་ཨུ་ཐུག་གི་བྱ་སྤྱོད་ཅིག་དང་ངོ་རྒོལ་བྱེད་སྟངས་ཤིག་རེད་མོད། འོན་ཀྱང་ད་བར་བོད་མི་ལྔ་བཅུ་ཙམ་ཞིག་གིས་རང་ལུས་མེར་བསྲེགས་བྱས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་ཕྱི་ནང་གི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཚོང་འབྲེལ་གྱི་ཤུགས་རྐྱེན་སོགས་ཀྱི་དབང་དུ་གྱུར་ནས་མཐོང་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་དང། ལབ་ཀྱང་ཕན་ནུས་ཅི་གང་མེད་པར་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གུ་ཡངས་ཀྱི་འགྱུར་བ་གང་ཡང་མེད་པའི་ངང་ཚུལ་འདི་ལ་གཞིགས་ན་གཞིས་བྱེས་བོད་མི་རྣམས་ཀྱིས་ཀྱང་རང་ལ་ཕན་ནུས་ལས་གྱོང་གུད་ཆེ་བའི་གནད་དོན་འདིའི་ཐད་ལ་བསམ་ཞིབ་དང་ཉམས་འཇོག་གིས་རང་ལུས་མེ་རུ་སྒྲོན་བཞིན་པའི་ཕུ་ནུ་མིང་སྲིང་ཚོར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གིས་སེམས་ཁོ ང་གི་ཚོར་བ་དངོས་མ་དེ་མ་གསང་མ་སྦས་པར་དོན་མཐུན་དྲང་བདེན་གྱི་སྐད་ཆ་ཞིག་བཤད་རན་ལ་བྱ་བ་ཞིག་ཀྱང་རྩོམས་དགོས་པའི་དུས་ལ་སླེབས་འདུག་སྙམ། རྒྱུ་མཚན་ནི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ལ་བཟུང་བའི་དྲག་ཤུགས་ཀྱི་སྲིད་བྱུས་ལ་གུ་ཡངས་ཀྱི་འགྱུར་ལྡོག་མེད་པ་དང་གཅིག བོད་ས་སྟོད་སྨད་བར་གསུམ་ན་བོད་མི་རྒན་དར་གཞོན་གསུམ་གྱི་འགྲོ་འདུག་སྤྱོད་གསུམ་སོགས་ལ་དམ་བསྒྲགས་བཀག་སྡོམ་བྱེད་ཀྱིན་པའི་ཡིད་སྐྱོའི་གནས་སྟངས་དང་གཉིས། ལས་འགུལ་སྤེལ་སའི་ས་གནས་ཁག་ཏུ་དྲག་ཆས་དམག་མི་མང་པོ་དབོར་འདྲེན་གྱིས་སེར་སྐྱ་མི་མང་གི་འཚོ་སྡོད་ལ་དྲག་གནོན་དང་ལྟ་རྟོགས་གྱིས་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་ཀྱིན་པའི་གཉན་འཕྲང་གི་དུས་ཚོད་དང་གསུམ། དེ་བཞིན་མི་རིགས་རང་གི་འབྱུང་འགྱུར་གྱི་བདེ་སྡུག་ཆེད་གསོན་པོར་གནས་དགོས་པའི་གལ་གནད་སོགས་ཤེས་པའི་ཐོག་ནས་བོད་མི་རིགས་ཀྱི་གཞུང་སྒེར་ཚོགས་པ་ཡིན་ནའང་འདྲ། བླ་ཆེན་མི་ཆེན་ཁག་ཡིན་ན་ཡང་འདྲ། གང་ལྟར་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་བཞིན་མཚམས་བཞག་ན་དགའ་བའི་ངེས་ཤེས་རྙེད་པའི་སྐད་ཆ་ཞིག་ཅི་ནས་ཀྱང་བཤད་དགོས་པའི་དུས་ལ་བབ་འདུག་སྙམ། གལ་ཏེ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་འདི་ལྟར་མུ་མཐུད་དུ་ཚབས་ཇེ་ཆེ་དང་ཁྱབས་ཇེ་རྒྱས་སུ་གྱུར་ན་གཞིས་ལུས་བོད་མི་རྣམས་ལ་རྒྱ་གཞུང་གིས་དམ་དྲག་ཇེ་ཆེ་དང་གནོོན་ཤུགས་ཇེ་དྲག་ཏུ་མི་གཏོང་བའི་ངེས་པ་མེད་ལ། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཞིག་འབྱུང་མི་སྲིད་པའི་ཁག་ཐེག་དེ་བས་ཀྱང་བྱེད་དཀའ་ན། དེ་དུས་གྱོང་གུད་དང་ཕམ་ཁ་རེག་སྲིད་པའི་མི་རིགས་ནི་ས་ཡ་འགའ་ལས་མེད་པའི་བོད་མི་ང་ཚོ་ཡིན་པ་སྨྲ་མི་དགོས་འདོད། དེར་བརྟེན་འབྱུང་འགྱུར་གྱི་ལོ་རྒྱུས་ཁྲོད་དུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ངན་པ་ཞིག་མི་འབྱུང་བའི་ལས་འགན་དེ་བོད་གཞུང་མང་གཉིས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འཁྲིད་ཡོད་དུས། གནད་དོན་འདིའི་ཐད་ལ་ང་ཚོས་བསམ་ཞིབ་ནན་ཏན་ཞིག་དང་བརྟག་དཔྱད་ཞིབ་མོ་ཞིག་བྱས་ནས་དུས་ལ་བབས་པའི་ཁ་ཅིག་གྲགས་དགོས་པའི་དུས་ཚོད་གལ་ཆེན་ཞིག་ལ་སླེབས་འདུག་སྙམ།
སྤྱིར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་སྨད་ནས་དབུས་ལ་མཆེད་ཅིང་། གཞིས་ནས་བྱེས་ལ་ཁྱབས་། དེ་ནས་ཡང་བསྐྱར་དབུས་ནས་སྨད་ལ་ཁྱབས་པའི་ཛ་དྲག་གི་གནས་ཚུལ་འདིའི་ཐད་ལ་གཞུང་དང་སྒེར། ཕྱི་དང་ནང་སོགས་ནས་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་ཞིག་གི་རྒྱབ་སྐྱོར་ལས་མེད་པར་ནུས་ཤུགས་གྲུབ་འབྲས་ཐོན་པའི་བསྒྲགས་གཏམ་ཞིག་དང་སྒེར་ཚུགས་ཅན་གྱི་ལངས་ཕྱོགས་ཤིག་འཛིན་མ་ཐུབ་པར་དབུ་མ་ནས་ཁུ་སིམ་མེར་འདུག་པ་འདི་ལ་གཅིག་བྱས་ན་ཆབ་སྲིད་ཀྱི་རྒྱབ་ལྗོངས་མཐུག་པོ་ཞིག་ཡོད་སྲིད་ལ། ཡང་གཅིག་བྱས་ན་འུ་ཅག་ལ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པའི་ནུས་པ་ལས་འཇོན་ཐང་གཞན་ཅི་ཡང་མེད་པ་ཡང་ཡིན་ངེས། གང་ལྟར་ང་ལ་མཚོན་ན་ད་བར་འགོ་མཇུག་བར་གསུམ་དང་ཕྱི་ནང་གསང་གསུམ་ཚང་མ་མེར་བསྲེགས་དོན་རྐྱེན་འདིའི་ཐད་ལ་ཁུ་སིམ་མེར་སྡོད་པ་འདི་ཡང་བསྐྱར་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བྱ་བར་ངང་སྒུག་བྱེད་པ་དང་འདྲ་ལ། འདི་ལྟར་རང་ལུས་མེར་བསྲེགས་གཏོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་སུ་ཡི་རངས་དང་བསྟོད་བསྔགས་ཁོ་ནས་དེ་དག་གི་འབྲེལ་མི་དང་སྡོད་གནས་སོགས་གང་སར་ཁྱབ་བསྒྲགས་བྱེད་ཚུལ་འདི་ཡང་བོད་མི་ཞིག་གིས་བསྐྱར་དུ་རང་ལུས་མེར་བསྲེགས་གཏོང་བར་སྐུལ་མ་བྱེད་པ་དང་ཡང་མཚུངས་ན། བོད་མི་བྱིངས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་མིའི་རྩ་དོན་དང་འབྲེལ་བའི་ལས་འགུལ་ཁག་ཁྱབ་བསྒྲགས་བྱེད་ཚུལ་དང་ལས་འགུལ་བའི་གནས་ཚུལ་སྤེལ་སྟངས་འདིའི་ཐད་ལ་ཅུང་ཙམ་གཟབ་དགོས་པ་ཡང་དོན་གྱི་གནད་ཅིག་ཏུ་འཁུམས་སོ།།
གང་ལྟར། འུ་ཅག་ཚང་མས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ལ་འདི་ལྟར་རྩ་དོན་གྱི་རིན་ཐང་ཁོ་ནའི་ངོས་ནས་མ་བལྟས་པར་བོད་མི་ས་ཡ་དྲུག་གི་འཚོ་བའི་བདེ་སྡུག་དང་ཤི་གསོན། མི་རིགས་ཀྱི་རྒྱལ་ཕམ་སོགས་ཀྱི་ཐད་ལ་ཡང་བསམ་གཞིགས་ཀྱིས་གནད་ལ་ཁེལ་ཞིང་ཕན་འབྲས་ལྡན་པའི་སྐད་ཆ་ཞིག་ལ་རྒྱའི་མེ་ལྕེ་གནམ་སར་མཆེབ་ཀྱིན་པའི་གཞིས་བཞུགས་བོད་མི་ཚོའི་རྣ་ལ་སྐུར་རན་བའི་དུས་ཅིག་ལས་ཁུ་སིམ་མེར་གཞུང་སྒེར་གང་རུང་གིས་ལས་དོན་ཞིག་ཨེ་བརྩམ་ལ་ལྟད་མོ་བལྟས་ནས་སྡོད་པའི་ཚོད་ཅིག་མ་རེད་འདོད། གཅིག་བྱས་ན་ང་ཚོ་གཞུང་སྒེར་གཉིས་ཀྱི་སྨྲ་འགུལ་བྲལ་བའི་བྱ་སྤྱོད་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་ངེས་ན་ཡང་ངས་ནི་དམིགས་སུ་བཀར་ནས་རྒྱུ་མཚན་རྣམ་དག་ཅིག་རྙེད་མ་སོང་ལ། བཤད་ཚོད་ཀྱང་དཀའ་སོང་ན། ད་ནི་གཞུང་སྒེར་གང་རུང་ནས་དུས་ལ་བབས་ཤིང་སྐབས་ལ་འཚམས་པའི་སེམས་ཀྱི་སྐད་ཆ་ཞིག་དང་དུས་ཐོག་དོན་སྨིན་གྱི་ལས་གཞི་ཞིག་ཏན་ཏན་རྩོམས་དགོས་པའི་དུས་ལ་སླེབས་འདུག་སྙམ་མོ།།
༢༠༡༢།༨།༡༣ཉིན།

སྣ་ཚོགས།

Post navigation

Previous Post: ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བ།
Next Post: རེབ་གོང་མཆོད་འབུལ་སྨོན་ལམ་གྱི་བྱུང་སོང་རྩིས་ཁྲ།

Comment (1) on “ངས་འདི་ལྟར་བསམ།”

  1. གནམ་གྱི་བུ། says:
    2012-08-14 at 11:37 am

    གཅན་འོད་འབར་ལགས་ཀྱིས་སྐད་ཆ་ཡག་པོ་དཔེ་གསུང་གི་འདུག
    སྤྱིར་ང་ཚོ་བོད་པ་ཚོ་ལ་བོད་རང་དབང་ཟེར་ནས་འདྲ་རང་བཙན་ཟེར་ནས་འང་འདྲ་། དེ་དགོས་མིན་ལ་བསམ་ཞིབ་ཅིག་བྱས་པ་ཡིན་ན་ལས་འགུལ་གང་ཞིག་ཡིན་ཡང་དེའི་དོན་ཡིན་པ་བརྗོད་དགོས་དོན་མི་འདུག
    དཔེར་ན་རྒྱ་གར་རང་བཙན་རྩོད་དུས་ཡང་་་་ཞི་བའི་ཐབས་གཅིག་པོ་བེད་སྤྱོད་བྱས་པ་ག་བ་ཡིན་མི་གྲངས་ག་ཚོད་ཅིག་གིས་རང་སྲོག་གིས་འཐབ་རྩོད་བྱས་ཡོད་པ་བཤད་མི་དགོས།
    ངས་བལྟས་ན་ང་དགུ་ལོ་ནས་ད་བར་དུ་ལས་འགུལ་གང་ཞིག་གིས་བོད་དོན་ཐོག་དོ་སྣང་དང་། བོད་དོན་དེ་སྔར་དང་མི་འདྲ་བའི་དྲག་འགུལ་བྱས་ཡོད་པ་གསལ་བོ་རེད། དེ་ལས་གཞན་ཐབས་ཤེས་ཅི་ཞིག་ཡོད། ལམ་སྟོན་ཅི་ཞིག་གནང་རྒྱུ་ཡོད་། བོད་རང་དབང་ངམ་རང་བཙན་མགྱོགས་པོ་ཐོབ་པར་ལམ་ཀ་ག་རེ་ཡོད་གདམ་ག་ག་རེ་ཡོད་གསུང་དང་། དེ་འདྲ་གང་གསུང་རྒྱུ་མེད་པར་གཞིས་བྱེས་བོད་མི་སུ་ཞིག་གིས་སེམས་ཤུགས་ཀྱིས་རྩམ་པའི་ལས་འགུལ་གང་ལ། འདི་མ་རེད་ དེ་མ་རེད་ལབ་བསྡད་པ་ཡིན་ན་དེ་ནི་བོད་དོན་ལ་ཕན་པའི་བྱ་བ་ཞིག་རེད་གནོད་པའི་བྱ་བ་ཞིག་རེད་རང་གིས་བསམ་བློ་ཐོངས། ངས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་སྲོག་ཕང་པོ་མ་མེད་རེད་ལབ་ཀི་མེད། ཁོང་ཚོས་དངོས་གནས་དྲངནས་བྱས་རྗེས་བཞག་པ་རེད་དངོས་གནས་དྲང་ནས་དཔའ་རྟགས་བཞག་པ་རེད་བསམ་གི་ ཁོང་ཚོས་རང་བསྲེགས་ཀྱི་ལས་འགུལ་འདི་ཡིས་བོད་མི་སུ་ཞིག་ཡིན་ཡང་སེམས་ཤུགས་སླེབས་ཡོད་ལ་བོད་མི་སུ་ཞིག་ཡིན་ཡང་བོད་དོན་འཐབ་རྩོད་ལ་སྔར་དང་མ་འདྲ་བའི་འགུལ་སྤྱོད་བྱེད་བཞིན་ཡོད་པ་ཤེས་དགོས། གལ་ཏེ་ལས་འགུལ་གང་ཡང་མ་བརྩམ་ནས་རེ་སྒུག་གཅིག་པོ་བྱས་བསྡད་པ་ཡིན་ན། དཀའ་ལས་མ་རྒྱབ་པའི་འབྲས་བུ་ཞིག་སྨིན་མི་སྲིད་པ་རེད་བསམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme