Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ྋགོང་ས་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པར་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བ་བདེན་སྟོབས་ཉི་ཟླའི་གཟི་བྱིན་ཞེས་བྱ་བ།

Posted on 2012-08-032012-08-03 By ཁ་བརྡ་ 24 Comments on ྋགོང་ས་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པར་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བ་བདེན་སྟོབས་ཉི་ཟླའི་གཟི་བྱིན་ཞེས་བྱ་བ།

རིན་ཆེན་སྒྲོལ་མ།

ཡར་ཀླུང་ཡར་ཚེས་ཟླ་བ་ལས།།
བཞུར་བའི་གཡུ་མདོག་གངྒཱ་མས།།
བཀྲུས་པའི་ནགས་ཀྱི་སྤྲེའུ་འགའ།།
བདག་གི་གཉེན་གྱི་ཐོག་མར་སོང༌།།
ལྔ་ཟུང་ཆ་རྫོགས་རི་བོང་འཛིན་པ་གང༌།།
མཛའ་བོར་བཞེས་པ་ཁ་བའི་ལྷ་སྲས་དག།
འཕྲིན་ལས་གསེར་གྱི་གླེགས་བམ་འབུམ་ཕྲག་གིས།།
ཞི་བསིལ་སྣང་བ་སྩོལ་འདི་བདག་གི་ཡབ།།
དེ་བས་སྔོན་བསགས་ཉི་ཟླའི་རྩེ་དགའ་རུ།།
ངག་རིག་པད་འདབ་གྲོལ་བའི་སྒྱུ་རྩལ་རོ།།
སྩོལ་མཛད་བློ་གྲོས་མིག་གི་རྒྱལ་མོ་འདི།།
ཐོབ་པས་སོར་འདབ་བསྐྱོད་ལ་ངལ་བས་བཏང༌།།
མཐའ་དག་དག་པའི་ཆོས་ཀློང་ཡངས་པའི་ཁམས།།
ཡོངས་རྫོགས་རྫོགས་པར་མངའ་བ་ལྷ་ཡི་ལྷ།།
སྐྱབས་གཅིག་པད་དཀར་གཞོན་ནུའི་ལང་ཚོ་ཅན།།
ཚེ་གཅིག་མི་ཕྱེད་སྙིམ་པའི་གདན་ལ་བཞུགས།།
མགོན་གང་གང་གིས་བསྒྲུན་པར་མི་ནུས་པའི།།
བྱམས་བརྩེ་ཆུ་གཏེར་གྲོལ་བའི་རླབས་མ་ལས།།
བྱུང་བའི་ཞི་བསིལ་ཕན་བདེའི་དབྱིག་གི་ནོར།།
མཐོང་བས་ཆེན་པོ་དག་ཀྱང་རལ་བ་སྙིལ།།
ཨེ་མ་ཕུན་ཚོགས་སྲིད་པའི་སྤྱན་གཅིག་གཅིག་པུ་ཉིད་དུ་གྲུབ་པ་གང༌།།
གང་ཞིག་ལུང་རྟོགས་ལྷོ་ཡི་རྐང་འཐུང་འཐུང་བའི་བློ་གྲོས་གཡོ་བྱེད་མས།།
མ་སྨད་ལེགས་བཤད་བདུད་རྩིའི་རོ་མཆོག་མཆོག་དམན་ཀུན་ཏུ་བཀྲམ་པའི་དཔལ།།
དཔལ་ལྡན་ལེགས་བྲིས་གཞོན་ནུའི་ཚོགས་ཀུན་ཀུན་ཏུ་མཐོང་བས་ཁེངས་པ་བོར།།
གཞན་ཡང་རིག་གྲོལ་ཡོན་ཏན་འབུམ།།
ཟོས་པའི་ཐུགས་སྟོབས་གློག་གི་གར།།
འཛིན་པའི་ཟབ་གསུང་སྒྲ་བརྒྱ་བས།།
སྟོང་གསུམ་རྣ་བ་དོན་ཡོད་བྱས།།
དཔལ་ལྡན་ཐུབ་བསྟན་དབྱིག་གི་ལང་ཚོ་མ།།
གཉེན་དུ་བསྡེབས་པ་བཤེས་གཉེན་ལྷུན་པོའི་ཕྲེང༌།།
མཐའ་དག་དད་གསུམ་ཁ་བ་རྩེན་པའི་གཟིས།།
བརྒྱ་བྱིན་ཁེངས་པའི་སེམས་ལ་གྲང་བ་བྱིན།།
སྟོབས་ལྡན་གྲགས་པ་འབར་བའི་ཆེན་པོ་དག།
མོས་གུས་བསིལ་གཡབ་ལྷབ་ལྷུབ་སྐྱོད་པའི་གཟུགས།།
མངོན་སུམ་མཐོང་བའི་ངོ་མཚར་ལྟད་མོའི་རོ།།
མྱངས་པས་གཤིན་རྗེའི་མཐུ་ཡང་དེ་མུར་བྲི།།
ལོག་ལྟའི་རྒྱུད་ལ་ངན་བྱུས་མཚོན་ཆ་ཅན།།
ཤར་ཕྱོགས་དམར་པོའི་སྟེགས་བུ་འཛིན་པ་ཚོར།།
བྱམས་བརྩེའི་འཛུམ་ཞལ་རྒྱས་པའི་དཀྱིལ་འཁོར་ལས།།
བདེན་དོན་གླེགས་བུ་བརྩེགས་པའི་ཚུལ་ལ་ལྟོས།།
དབྱིག་འཛིན་དབྱིག་གི་ལང་ཚོ་ལ།།
ཉེ་བར་ཕན་མཛད་བྱམས་པའི་སེམས།།
བསྟན་པས་མཐའ་དག་ཙི་ནའི་རིགས།།
སྤྲོ་བ་བརྟས་པའི་དཔལ་ཡོན་བྱུང༌།།
ཚིག་རྩུབ་མཚོན་གྱིས་དྲངས་པའི་ཉག་ཕྲན་མདའ།།
བདེན་སྟོབས་རླུང་བུས་ས་ལ་ཟེགས་པའི་དོན།།
གོ་བས་དམར་ནག་སྤྲུལ་གྱི་ཧམ་སེམས་སྟོང༌།།
མུན་པའི་ཟླ་བོར་འཇིག་རྟེན་སྐྱེ་བོས་བརྫངས།།
ཆོལ་གསུམ་བུས་པའི་ལང་ཚོ་ཡིད་འོང་མ།།
ཤར་ཕྱོགས་སྦྲུལ་ནག་ལྕེ་ལ་མ་ཚུད་པར།།
མངོན་པར་བརྟས་པའི་རྒྱུ་མཚན་མཐའ་དག་པ།།
མགོན་གང་མ་ཉམས་འཕྲིན་ལས་གཅིག་པུར་གྲུབ།།
ཞབས་སེན་གསར་གྱི་ཤལ་བ་རིང་མོ་སྣ་ཚོགས་འཇིག་རྟེན་ངོས་ཡངས་སུ།།
བཏགས་པའི་ཚུལ་ལས་ཉེ་བར་སྐྱེས་པའི་བདེན་སྟོབས་ཉི་ཟླའི་གཟི་བྱིན་ཅན།།
ཡོངས་སུ་སྤྲོས་པས་དམར་པོའི་ཚང་ནས་སྦྲུལ་བཞིན་འཁྱིལ་བའི་དམུས་ལོང་དག།
གཟར་བའི་བྲལ་ལ་རྐང་རྟེན་འཆའ་བའི་ཚུལ་ལུགས་དེ་ཀོ་ད་བཟོད་རྟོགས།།
སྤུར་རྒྱལ་གདུང་རབས་མུ་ཏིག་ཕྲེང་བ་ཕྱོགས་སུ་བགྲང་བའི་ལྟད་མོ་ལས།།
ངེས་དོན་བྱུང་རབས་ཀེ་ཏ་ཀ་ཡིས་ཡོན་པོར་འགྱུ་བའི་གཏམ་གྱི་གནད།།
ཅིག་ཅར་གྲོལ་བས་དྲི་ཟའི་རོལ་མོ་འབུམ་ཕྲག་ལྷན་གཅིག་འཁྲོལ་བ་བཞིན།།
ལྷོ་གླིང་སྒེག་མོའི་མཆུ་འདབ་བསྐྱོད་ལ་འགོག་པའི་མཐུ་ཆེན་ཡོད་རེ་སྐན།།
ངུར་སྨྲིག་མཚམས་སྤྲིན་བཞུ་བའི་མདངས་ལ་བྱམས་བརྩེ་རི་མོ་འཛུམ་པའི་གཟུགས།།
འཕོས་པའི་བསམ་གཏན་ཟས་ཀྱིས་འཚོ་བ་ཐུགས་སྟོབས་གངས་རྀའི་ལང་ཚོ་ཅན།།
གསུང་བཟང་ཁ་འབབ་རྣམ་བཞིའི་ཆུ་བོ་སྐྱེ་རྒུའི་ཡིད་གདུང་སེལ་བའི་སྨན།།
སྩོལ་མཛད་འཕྲིན་ལས་གདུགས་དཀར་གཡོ་བས་ལེགས་བྲིས་ཚོགས་ཀྱང་ཁེངས་པ་སྐྱོང༌།།
དེ་ཕྱིར་ཞབས་ཟུང་ཉི་མའི་དཀྱིལ་འཁོར་དྲེགས་ལྡན་གྲགས་པའི་རལ་བའི་རྩེར།།
འཕོས་པས་དོན་ལྡན་ཞི་བསིལ་སྣང་བས་འདབ་བརྒྱད་ཡིད་ཀྱི་ཞིང་ཁམས་ཀུན།།
ཁྱབ་པའི་སྤྲོ་བ་ཆུ་སྐྱེས་གཞོན་ནུ་འཛུམ་པའི་གེ་སར་དགོད་པའི་བརྙན།།
སྟོང་གསུམ་ཞིང་ལ་ཤོང་བར་དོགས་ཏེ་ཚངས་ཆེན་ལ་སོགས་བྲེལ་བས་ངལ།།
རྟེན་འབྱུང་སྒེག་མོའི་མཛེས་པ་རབ་འཕྲོ་འཇིག་རྟེན་གཤིས་ཀྱི་གནས་ལུགས་ཀུན།།
ཐབས་ཤེས་ཉི་ཟླའི་ཟེགས་མ་རེ་རེས་དངུལ་དཀར་ཕྱིས་པའི་མེ་ལོང་བཞིན།།
ས་གསུམ་མིག་ལ་ཅིག་བཅར་བཀྲམ་པས་མི་ཕྱེད་དད་གསུམ་བརྩེགས་པའི་དབྱངས།།
ཀུན་གསལ་སྒེག་མོའི་ངོས་ཀྱང་བརྒལ་བས་སྐབས་གསུམ་པ་དག་རྣ་བ་གཡོ།།
ལེགས་བཤད་དབྱངས་ཀྱི་འགྱུར་ཁུག་ལས་ནི་ཕུལ་བྱུང་བརྗོད་པ་སྟོང་གི་སྲོག།
འཕུར་བས་སྔོན་གཤེགས་རྒྱལ་བ་ལས་ཀྱང་རྒྱལ་བའི་ཁྲི་ལ་མངོན་བཞེངས་པས།།
མཐའ་དག་བསྔགས་པའི་སྐྱེས་ཀྱི་ཡོ་ལང་ས་ཆེན་ལྟོ་བར་མ་ཤོང་བར།།
གདེངས་ཀའི་མཛོད་ཀྱི་རིན་ཆེན་མང་པོ་མཚོ་མོའི་རླབས་སུ་བསྐུར་སོ་ལོ།།
དེ་ལྟར་ཚུར་མཐོང་འཛིན་མ་ལས།།
བརྒལ་བའི་གྲགས་པ་ཡིད་འོང་མར།།
ལྷ་རྣམས་ཡིད་ཀྱང་རབས་ཆགས་ཏེ།།
གནམ་མཐོངས་ཉི་ཟླའི་ལམ་དུ་གཤེགས།།
རིན་ཆེན་འཚོལ་ལ་མངོན་ཕྱོགས་པའི།།
དེད་དཔོན་བཞིན་དུ་ཕྱོགས་ཀྱི་མགྲོན།།
མགོན་གང་འཕྲིན་ལས་སྤྲིན་འབྱུང་མཚོར།།
འཇུག་པའི་དགའ་སྟོན་ལྷ་ཡིས་འཛིན།།
ཕྱི་ནང་རིག་པའི་དཔའ་བོ་དག།
སྙེ་མ་རླུང་གིས་སྐྱོད་པ་བཞིན།།
གང་ཞབས་གསེར་གྱི་འཁོར་ལོའི་རིས།།
རལ་བར་འཛིན་པའི་ཚུལ་འདི་རྨད།།
བསོད་ནམས་རིན་ཆེན་འབུམ་གྱི་བཅུད་ཕྱུང་ཞིང༌།།
ཐུབ་བསྟན་རྒྱལ་མཚན་འཛིན་ལ་ཟླ་བྲལ་བའི།།
གཏམ་བཟང་དྲི་ཟའི་རོལ་མོ་སྟོང་གི་སྲོག།
ལྷོ་གླིང་བུ་མོའི་རྣ་བར་འཕྱང་འཕྲུལ་ཉིད།།
མེས་པོའི་ལམ་སྲོལ་གསེར་གྱི་བུམ་བཟང་ལས་བྱུང་གཞན་ཕན་སྔར་མེད་བདུད་རྩི་མངར་མོའི་རོ།།
ཕངས་མེད་སྦྱིན་ལ་བསིལ་ལྡན་གྲོང་ཚོ་གཅིག་པུ་ལས་གཞན་མེད་པ་སྲིད་པའི་མེ་ལོང་དུ།།
བཀོད་པའི་བརྗིད་ཆགས་ཡིད་འོང་མཛད་རྗེས་ཉི་ཟླའི་ཟོལ་གྱིས་ལྷོ་གླིང་བུ་མོའི་འགྲམ་པ་ན།།
རྒྱུ་བའི་དགེ་ལེགས་བསོད་ནམས་ཕུང་པོ་སྐྱེ་རྒུའི་ཡིད་ཀྱི་ལྟོ་བར་བསྐྱིལ་བའི་དཔལ་ཡོན་འཛིན།།
ལུང་རྟོགས་ཐུབ་བསྟན་གདེངས་ཀའི་མཛོད་ཆེན་ཕྱོགས་སུ་ཕྱཻས་པའི་ཕུན་ཚོགས་གསེར་གྱི་རྔ་བོ་ཆེ།།
དལ་བུར་བརྡུང་བའི་སྙན་པའི་བ་དན་སྲིད་གསུམ་རྣ་བའི་འཕྱང་འཕྲུལ་ཉིད་དུ་འདོགས་བྱེད་པའི།།
དཔལ་ལྡན་འཕྲིན་ལས་འཛམ་བུའི་འཁྲི་ཤིང་རབ་རྒྱས་གདུལ་བྱའི་མེ་ཏོག་ལ་ནི་དཔང་མཐོ་བས།།
མཐོང་ངམ་ཐོས་སམ་དྲན་པ་ཙམ་གྱིས་གདོང་བཞི་གདོང་གི་བརྗིད་བག་དེ་ཡང་དེ་ཙམ་ཉིད།།
༢༠༡༢ ཟླ་ ༧ ཚེས་ ༦ ཉིན།

རྩོམ་རིག

Post navigation

Previous Post: སྐུ་ཚབ་རྣམ་གཉིས་དགོངས་ཞུའི་ཤུགས་རྐྱེན།
Next Post: སངས་རྒྱས་ཀྱི་སྐུ་བུད་མེད་ཀྱི་ལྷམ་སྟེང་ལ་དཔར་བ།

Comments (24) on “ྋགོང་ས་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པར་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བ་བདེན་སྟོབས་ཉི་ཟླའི་གཟི་བྱིན་ཞེས་བྱ་བ།”

  1. རྩམ་ཕྲུག says:
    2012-08-03 at 12:24 pm

    ངོ་མ་བུ་མོ་ཁྱོད་ཀྱིས་སྙན་རྩོམ་ལེགས་མོ་ཞིག་བྲིས་འདུག་པས་ལེགས་གསོལ་ཡོད་ལ་བསྔགས་བརྗོད་ཡི་རང་ཡང་གྲགས་མེད་ཡོད།

  2. རྩམ་ཕྲུག says:
    2012-08-03 at 12:32 pm

    ཁྱོད་ཀྱིས་ད་དུང་མུ་མཐུད་ནས་འདི་འདྲའི་སྙན་རྩོམ་གང་མང་འབྲི་ཐུབ་ན་ཁྱོད་ངེས་པར་མགྱོགས་མྱུར་གྲགས་ཅན་རྩོམ་པ་པོ་ཞིག་ཏུ་འགྱུར་ལོས་ངེས།

  3. མིག་བརྒྱད་པ། says:
    2012-08-03 at 12:58 pm

    ཨ་ནེ་རིན་ཆེན་སྒྲོལ་མས་གོང་ས་མཆོག་ལ་བསྟོད་ཚིག་གམ་སྙན་རྩོམ་ཡག་པོ་ཞིག་བྲིས་གནང་ཡོད་ས་རེད། ཡིན་ན་ཡང་བླུན་པོ་ངས་མཐོང་སྣང་ལ་ཚིག་གོང་འོག་གི་གོ་བ་ཡག་པོ་ཞིག་ལོན་ཐུབ་མ་སོང་། ཐུགས་རྗེ་ཆེ།

  4. བསེ་རུ། says:
    2012-08-03 at 3:56 pm

    རིགས་ཀྱི་བླ་སྲོག་གཅིག་པུ་ཡི།།
    ཡོན་ཏན་བྱེ་བའི་མཛོད་གཏམས་ཀྱང་།།
    བློ་མིག་རྒྱ་ཁབ་ཕྲ་མོ་ལས།།
    ཅུང་ཟད་གཟིགས་པའང་ཨེ་མ་ཧོ།།

    རིན་ཆེན་སྒྲོལ་མའི་མཚན་ཅན་ལ།།
    རྩོམ་རིག་ལྷ་མོས་ཞལ་གཟིགས་པས།།
    སྨྱུག་རྩེ་སྲོལ་རྒྱུན་དོ་ར་ནས།།
    གར་སྟབས་བསྒྱུར་འདི་ཨེ་མ་ཧོ།།

  5. བཀྲིས། says:
    2012-08-03 at 4:26 pm

    རིན་ཆེན་སྒྲོལ་མ། བསྟོད་པ་འབྲི་བའི་སྙན་ངག་འདི་ཡག་པོ་འདུག ཡིན་ནའང་། ད་དུང་སྙན་ངག་གི་ཞིབ་འཇུག་པ་རྒན་པད་མ་འབུམ་གྱིས། དུས་རབས་སྔོན་མའི་སྙན་ངག་གི་ནང་དོན་གཙོ་བོ་བླ་མ་དང་དཔོན་པོ་ལ་བསྟོད་པ་གཏོང་བའི་སྲོག་དང་དེའི་བྱེད་པོ་རྒྱ་གར་གི་སྙན་ངག་མེ་ལོང་མ་ཟེར་བའི་དེབ་འདིའི་ལད་མོ་བྱས་པ་འདི་རེད། སྤྱིར་སྙན་ངག་འདིའི་རྩོམ་རྩལ་དང་ནང་དོན་གང་གི་ཆ་ནས་རྗེས་ལུས་ཤིག་ཡིན། དེང་དུས་ཀྱི་སྙན་ངག་ནི་རང་གི་སེམས་ནང་གི་ཚོར་བ་དང་རྣམ་རྟོག་སྣ་ཚོགས་བརྗོད་བྱེད་ཚིག་དང་སྡེབ་སྦྱོར་ཡུལ་དུས་ཀྱི་རྣམ་པ་དང་ངག་གི་རྩལ་དང་བསྟུན་ནས་སྦྱོར་བ་དེ་ལ་གོ་བ་དང་། དེ་དག་རྩོམ་མཁན་ཡང་དཔེར་ན་དོན་གྲུབ་རྒྱལ་དང་། ལྟ་བུ་ཟེར་ནས། བསྟོད་པ་འབྲི་བའི་སྙན་ངག་གི་དུས་བབ་ཅུང་རྗེས་ལུས་ཡིན་པ་ལྟ་བུ་ཤོད་ཀྱི་འདུག

    ངས་བུ་མོ་ཁྱེད་ལ་ཤ་ཚའི་ཁ་ནས་གཏམ་ངན་ཟེར་བ་བཞིན། ཁ་ཐུག་བཤད་ནས། ཁྱེད་ཀྱིས་དུས་རབས་འདི་དང་མི་རབས་འདིའི་བོད་མིའི་བསམ་པ་དང་། ཚོར་བ། སྤྱོད་པ་བཅས་དང་འབྲེལ་བ་ཡོད་པའི་སྙན་ངག་འབྲི་བར་སྐུལ་ལོ།

  6. བཀྲིས། says:
    2012-08-03 at 4:27 pm

    ཨ་ཁུ་ཀླུ་སྨྱོན་གི་སྙན་ངག་འདི་དག་ཞིབ་པར་ཀློག་དང་ཕན་པ་ཆེན་པོ་འདུག། ང་རང་ཡང་སྙན་ངག་སྦྱོང་བཞིན་ཡོད། དེ་ལྟར་ཤ་ཚའི་གཏམ་ཡིན། བུ་མོ་ཐུགས་སེམས་མ་འཚལ་བ་ཞུ།

  7. ཤེས་དགའ་ says:
    2012-08-03 at 5:23 pm

    སྲོལ་རྒྱུན་རྩོམ་པ་པོ་ཞིག་གིས་དེང་རབས་ཀྱི་ཚོར་བ་ཅན་གྱི་རྩོམ་ལ་ཐུགས་སྣང་དགོས་པ་ནང་བཞིན་དེང་རབས་པ་ཚོས་ཀྱང་མེ་ལོང་མ་གཞིར་བཟུང་གི་སྲོལ་རྒྱུན་ལ་ཐུགས་སྣང་དགོས་པ་ལྟར་མཐོང་།།

    གང་ལྟར་མཐར་གནའ་དེང་གི་ལེགས་ཆ་གཉིས་ཀ་ཡོད་པའི་ཡོངས་ཁྱབ་ཀྱི་རྩོམ་སྲོལ་གསར་པ་ཞིག་གིས་འུ་ཅག་བོད་ཀྱི་རིག་གནས་ལ་དོ་ཁུར་ཡོད་པ་ཚོས་གཅིག་གིས་བཤད་པ་ཅིག་ཤོས་ཀྱིས་ཤེས་གོ་རྟོགས་ནས་མཐར་མྱོང་ཐུབ་པ་དགོས་།།

  8. ཤེས་དགའ་ says:
    2012-08-03 at 5:27 pm

    གང་ལྟར་རིན་སྒྲོལ་སྲོལ་རྒྱུ་རྩོམ་པ་པོ་སྙོན་མེད་ཅིག་རེད་འདུག་ ཐུགས་རྗེ་ཆེ་།།

  9. མིག་བརྒྱད་པ། says:
    2012-08-03 at 6:45 pm

    ང་རང་གི་སྙན་ངག་གི་དགའ་ཕྱོགས་ནི་སྲོལ་རྒྱུན་སྙན་ངག་ཡིན། དེའི་ནང་ནས་མངོན་བརྗོད་ཀྱིས་བཅིངས་བ་ཉུང་བའི་དགེ་ཆོས་ཀྱི་ཕུལ་དུ་བྱུང་བའི་སྙན་ངག་དང་བོད་རང་གི་མིང་བརྡའི་སྐད་དང་མཐུན་པའི་དགེ་བཤེས་ཤེར་རྒྱམ་གྱི་སྙན་ངག་ལྟ་བུ་རྣམས་ནི་ཚིག་འབྲུ་རེ་རེའི་སྟེང་ན་རང་བྱུང་སེམས་ཁམས་དང་འབྲེལ་བའི་གོ་རྒྱུ་ཟབ་པའི་དོན་བརྗོད་ཕྱུག་པ་རྣམས་ཡིན། དེང་རབས་སྙན་ངག་ལྟ་བུ་ནི་སྙན་ངག་གྱེར་འདོན་ལྟ་བུའི་སྐབས་ལ་མཁོ་བ་མ་གཏོགས་ཚིག་གི་ལོ་མས་བསྒྲིབས་ཤིང་དོན་གྱི་བཞིན་རས་མི་གསལ་བའི་སྙན་ངག་རྗེས་ལུས་ཤིག་ཏུ་བསམ་གི་ཡོད། ནུབ་ཕྱོགས་ནས་རྒྱ་ནག །རྒྱ་ནག་ནས་བོད་ལ་དར་བའི་སྙན་ངག་ཅིག་རེད།

  10. གནམ says:
    2012-08-03 at 9:47 pm

    གོ་བ་ཅི་ཡང་མི་སྟེར་གི། ཡ་མཚན་ཞིག་བྲིས་ཡོད་པར་ཤོག། ཨ་ནེ་འདི་ངར་བ་ཟིག་ཡིན་ས་རེད། རྗེས་མར་ཁ་གསལ་གོ་བདེ་འདྲ་འབྲི་འདོད་ཡོད་ན་ཀློག་འདོད་ཆེ། དེ་མིན་ཨ་ཁུ་དང་ཨ་ནེ་ཚོས་ཆོས་སྐད་འདྲ་བྲིས་ནས་བསྡད་ན་སྐྱ་བོ་ང་ཚོ་ལ་ཕན་པ་དེ་ཙམ་མེད་པར་སྣང་།

  11. རྡ་སའི་གླུ་བ། says:
    2012-08-04 at 12:39 am

    ཞབས་མཆན་པ་འགས་རང་ཉིད་ཀྱི་ལྟ་ཚུལ་གཙོ་འདོན་གྱིས་རིན་ཆེན་སྒྲོལ་མ་ལ། སྲོལ་རྒྱུན་ལས་དེང་རབས་དང་དམ་པོ་ནས་ལྷོད་པོ་དགོས་པའི་བསམ་ཚུལ་བཏོན་འདུག དེ་ཡང་བསམ་ཚུལ་ཞིག་རེད། ཡིན་ཡང་སྲོལ་རྒྱུན་སྙན་ངག་ལ་སྲོལ་རྒྱུན་སྙན་ངག་ཚད་ཐུབ་ཅིག་འབྲི་དགོས་པ་རེད། ད་དུས་རབས་ཉེར་གཅིག་པར་སླེབས་རེད། བསྟོད་རྩོམ་འབྲི་ཉན་གི་མ་རེད་ལབ་ན་རྒྱུ་མཚན་མ་མཐོང་། མོ་རང་གིས་༸གོང་ས་མཆོག་གི་གསང་གསུམ་གྱི་འཕྲིན་ལས་ལ་དད་སེམས་མོས་གུས་ཀྱིས་བསྟོད་རྩོམ་ཕུལ་བ་དེ་ཚོར་བ་མེད་ལབ་སྲོལ་ཞིག་གང་ནས་ཡོད། ཚིག་གི་སྦྱོར་ལུགས་འདི་ནི་དམིགས་བསལ་བ་ཞིག་ཡིན། སྙན་ངག་མེ་ལོང་སྦྱངས་མྱོང་བ་ཚང་མས་འདི་འདྲ་བ་ཞིག་ནམ་ཡང་འབྲི་མི་ཐུབ་ལ། སྦྱོར་ལུགས་འདི་སྒེའུ་སྟེང་བློ་བཟང་དཔལ་ལྡན་སོགས་ཀྱིས་རྩལ་འདོན་གནང་ཡོད་པ་ཞིག་ཡིན། དེ་རིང་ཁ་སང་གི་དུས་སྐབས་འདི་ལ་བོད་ཕྱི་ལོག་འདི་ནས་རྩོམ་ལུས་འདི་འདྲ་བ་སྦྱོར་བསྡེབས་ཐུབ་མཁན་ཉུང་ཉུང་ལས་ཆེས་ཉུང་ཞིག་ཡིན།

  12. འདྲེ་ནག་མགོ་དགུ་ says:
    2012-08-04 at 1:34 am

    གང་སྐུ་མཐོང་བས་ཡིད་ལ་སིམ་པ་སྟེར། །
    ཁྱོད་གསུང་ཐོས་པས་རེ་བའི་སྣང་བ་སྟེར། །
    ཁྱོད་ཐུགས་དྲན་པས་དད་པའི་བ་སྤུ་གཡོ། །
    ༧རྒྱལ་དབང་སངས་རྒྱས་གཉིས་པར་སུ་མི་གུས། །
    གསན་བསམ་སྒོམ་པ་ཕྱོགས་མེད་ཞིབ་ཏུ་སྦྱངས། །
    ནང་བསྟན་ཆོས་བརྒྱུད་དབྱེར་མེད་ཉམས་བཞེས་གནང། །
    ཕྱི་ནང་ཆོས་ཀུན་ལ་མཉེས་གཤིན་མཐུན་ལམ་ཟབ། །
    ཁྱོད་ཀྱི་མཛད་པར་གཟུར་གནས་མཁས་པས་བསྔགས། །
    རྟག་ཏུ་སྟོང་ཉིད་སྙིང་རྗེའི་ཉམས་བཞེས་ཀྱིས་། །
    གསང་བདེ་འཇིགས་གསུམ་དུས་འཁོར་དགྱེས་ཕུར་སོགས། །
    བསྐྱེད་རྫོགས་ཉམས་བཞེས་ཆུ་བོའི་རྒྱུན་བཞིན་དུ། །
    མཛད་པའི་ངོ་མཚར་རྣམ་ཐར་བློ་ལས་འགོངས། །

  13. རང་དབང་ཨ་རྡུ་མན་ says:
    2012-08-04 at 3:38 am

    རྩོམ་འདིའི་ནང་དོན་་་་མི་ཡིས་ཧ་གོ་ཡི་རེད་དྲན་བཅས་་་་མངོན་བརྗོད་དང་བརྡ་རྙིང་མང་དྲག་པའི་སྐྱོན་དུ་གྱུར།།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-04 at 7:56 am

    བོད་ཀྱི་ལྷོ་རླུང་དྲི་ལྡན་འདིར།
    འབིགས་བྱེད་རྐང་འཐུང་རྫི་བཞོན་ཀྱང་།
    ཆུ་ལྔ་ལྗོངས་ལ་མ་ཆགས་པར།
    གངས་ཅན་རྩེ་མོར་འཛེགས་ལ་རེམ།།

  15. རི་རྒྱལ་ཏི་སེ། says:
    2012-08-04 at 8:38 am

    གང་སྐུ་མཇལ་བའི་གཟི་བརྗིད་དེ་ཡིས་འགྲོ་བའི་མིག་དབང་རབ་ཏུ་འཕྲོག།
    གང་གསུང་ཆོས་ཀྱི་བླང་དོར་གཟེགས་མས་སྐྱེ་ཀུན་ཡིད་ཀྱི་ཀློང་དུ་སིམ།།
    གང་ཐུགས་བྱམས་བརྩེ་ཕྱོགས་མེད་སྦྱིན་པས་གླིང་འདིའི་ལྷ་མི་དབང་བསྒྱུར།།
    ཤཱཀྱའི་རྒྱལ་ཚབ་ཞི་བདེའི་དེད་དཔོན་འདྲེན་མཆོག་བསྟན་འཛིན་རྒྱ་མཚོར་འདུད།།

  16. རི་རྒྱལ་ཏི་སེ། says:
    2012-08-04 at 10:10 am

    གང་ཐུགས་བྱམས་བརྩེ་ཕྱོགས་མེད་སྦྱིན་པས་གླིང་འདིའི་ལྷ་མི་མངའ་དབང་བསྒྱུར།།

  17. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 10:53 am

    བདུན་པའི་དྲུག་ལ་འཁྲུངས་ནས། །
    བདུན་ཅུའི་བདུན་ལ་ཕེབས་དུས། །
    བྱང་ཆུབ་ཡན་ལག་བདུན་ལྡན། །
    ཡན་ལག་བདུན་གྱིས་མཆོད་དོ། །

  18. ལྷོ་མོན་འབྲུག་རིས་ says:
    2012-08-04 at 11:32 am

    འདི་འདྲ་དངོས་གནས་དྲ་ཐོག་ཏུ་མཐོང་རྒྱུ་དཀོན།

  19. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 5:17 pm

    རྟེན་འབྲེལ་བདེན་སྟོབས། རིན་ཆེན་ནི།

    དབྱུག་པ་ཅན་གྱི་བུ་མོའམ། །
    སྲོལ་རྒྱུན་སྙན་དངགས་འཛིན་ལ་འཁྲུངས། །

    བརྗོད་དོན་མགྲན་ཟླ་བྲལ་བའི་ཕྱིར། །
    རྟ་དབྱངས་དངོས་སློབ་ཉིད་དང་མཚུངས། །

    ཉི་ཟླའི་གཟི་བྱིན། སྒྲོལ་མས།

    སྣ་མང་དཔེ་ཡི་སྤྲིན་ཚོགས་འོག །
    དཔེ་ཅན་ཉི་མ་གསལ་བར་དཀའ། །

    དཔེ་ཅན་ཟླ་བ་ཚེས་ན་ཡང་། །
    དཔེ་མང་མངོན་བརྗོད་སྒྲ་གཅན་རྒྱུ། །

  20. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 6:00 pm

    དེང་དུས་ཀྱི་སྙན་དངགས་དཔེ་མཚོན་དུ་བྲིས་པ།

    སྟོང་ཉིད་དམར་རྗེན་ཟ་འདོད་དང་། །
    སྒྱུ་མའི་ཆང་ཞིག་འཐུང་འདོད་ཡོད། །
    དེ་འདྲ་སྩོལ་བའི་ཌ་ཀི་མའི། །
    ཁ་པར་ཨང་གྲངས་བདག་ལ་སྩོལ། །

  21. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 6:16 pm

    སྒྲ་མདོ།
    རྒྱ་གར་སྒྲ་ལ་སྦྱངས་ཆེའི་དུས་མང་བཏང་རྐྱེན་གྱིས། །
    བོད་ཀྱི་ལུང་སྟོན་སུམ་རྟགས་འཕེལ་ལ་གནོད་ཀྱང་སྲིད། །
    མངོན་བརྗོད།
    ཕྱི་རོལ་གཏམ་རྒྱུད་ནང་གསལ་མངོན་བརྗོད་དཔྱད་དྲགས་ནས། །
    བོད་སའི་རི་ཆུའི་མིང་དང་བྱེད་ལས་རྨོངས་སུ་བཅུགས། །

  22. འདྲེ་རྐང་ཐོ། says:
    2012-08-05 at 1:19 am

    བརྗོད་བྱ་བཟང་བོ་༧ཡིད་བཞིན་ནོར་བུ་རེད། །
    རྗོད་བྱེད་གོ་དཀའ་མངོན་བརྗོད་མང་དྲག་འདུག །
    སྙན་ངག་ལམ་དུ་ཐོག་མ་ཞུགས་པ་ཚོར། །
    ཕན་ལས་གནོད་ཚབ་ཆེ་བ་མིན་ནམ་དོགས། །

  23. བཀྲ་ཤིས་རྒྱལ says:
    2012-08-05 at 2:33 am

    ཆོག་མཆན་མེད་པར་མིའི་རྒྱལ་ཁབ་ནང་ལ་འཛུལ་ན་སུ་ཡིན་ཡང་ཤེས་ན་བཙོན་ཁང་ལ་འཇུག་གི་རེད། དེ་བོད་དོན་དག་དག་ཅིག་རེད་མི་བསམ།།

  24. བཀྲིས། says:
    2012-08-05 at 11:33 pm

    ཁྱེད་དང་བྲལ་བའི་ཉིན་མོར་གནམ་ལ་ཉི་མ་མེད་ལ། ས་ལ་རྩི་ཤིང་དང་མེ་ཏོག་ཀྱང་ཆད་སོང་།
    ཁྱེད་དང་བྲལ་བའི་ཉིན་མོ་ང་ལ་སྙིང་པོ་ཅི་ཡང་མ་བརྙེད་ལ། མཐའ་ན་ཁ་བརྡ་དྲ་རྒྱར་ཡོང་བའི་ནུས་ཤུགས་ཀྱང་མེད། ཁྱེད་འཇིག་རྟེན་འདི་ནས་ཕེབས་པའི་ཉིན་མོ་ང་ཚོ་ལ་ཅི་ཡང་མེད་ལ། མཐའ་ན་རེ་བ་ཡང་མེད། རིན་ཆེན་སྒྲོལ་མ། ངོ་མ་རྒྱལ་བ་རིན་པོ་ཆེ་ཕེབས་པའི་ཉིན་མོ་ངའི་བསམ་བློ་ནི་འདི་ལྟར་རེད།

    འདི་འདྲས་ཟེར་བྲིས་ན་ཇི་འདྲ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme