Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།

Posted on 2008-07-272008-07-27 By དགེ་རབ་ 12 Comments on དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།

འཇུ་བསྟན་སྐྱོང༌།
མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་གླེང་ན་བོད་རིགས་མཁས་བླུན་ཀུན་ལ་ཆེས་རྒྱུས་ཡོད་ཀྱི་མི་སྣ་ཞིག་ཡིན་ལ། ཁོང་གི་མཛད་རྣམ་རག་པ་ཡང་ཀུན་གྱི་ཁ་ཐོག་འཁོར་ལོ་ལྟ་བུ་ཞིག་ཏུ་གྱུར་ཡོད། འོན་ཀྱང༌། ཁོང་གི་རྐང་རྗེས་ཀྱི་ཟབ་ས་དང༌། རྣམ་དཔྱོད་ཀྱི་རྣོ་མྱུར། སྒྱུ་རྩལ་གྱི་མཛེས་དཔྱོད་བཅས་ནི་ད་དུང་ལྐོག་གྱུར་དང༌། རྩོད་གཞི་ཞིག་ཏུ་ཆགས་ཡོད་པ་སྨོས་མེད་རེད། ཡིན་ཡང༌། རེ་ཞིག་འདི་ནས་དེ་དག་མི་བཤད་བར་མཛད་རྣམ་ཁག་ཏུ་གསལ་བོར་མ་འཁོད་པའི་ལྷོ་འབྲུག་ལ་ཕེབས་སྐོར་དང༌། དེ་འབྲེལ་རྩོམ་ཡིག་འགའ་ཞིག་ངོ་སྤྲོད་ཞུ་རྒྱུ། དགེ་ཆོས་ལགས་རྒྱ་གར་དུ་སྔ་རྗེས་གཉིས་སུ་ཕེབས་པའི་ཕྱི་མ་རང་ཡུལ་ཁ་བ་ཅན་ལ་ཞལ་བསྒྱུར་སྐབས་ལྷོ་འབྲུག་བརྒྱུད་ཟེར་བ་དང༌། མོན་རྟ་དབང་བརྒྱུད་ནས་ཕེབས་ཚུལ་གཉིས་ཡོད་ལ། སྔ་མ་གྲགས་ཆུང་ཞིང་ཕྱི་མ་ཡོངས་གྲགས་ལྟ་བུ་ཡིན་ཡང༌། དོན་དངོས་འདི་དུས་མོན་འབྲུག་གཉིས་ཆར་ཕེབས་ཆོག་པ་ལྟ་བུ་སྣང་ལ། ཁྱད་པར་འབྲུག་ཡུལ་དུ་ཕེབས་པ་ཧ་ཅང་གསལ་ཐག་ཆོད་པ་ཤེས་རྟོགས་བྱུང༌།

འོན་ཀྱང་ད་སྔོན་རྣམ་ཐར་རྩོམ་མཁན་དག་གིས་ཐུགས་མཉམ་མ་བཞག་པ་དང༌། དགེ་ཆོས་མཆོག་གི་གསུང་འབུམ་ཁྲོད་ན་ཡང༌། འབྲུག་པ་ཐམས་ཅད་ཀྱང་སྐྲ་ཧྲིལ་བོ་བྲེགས་ཟེར་བ་དང༌། དབུ་ཅན་དབུ་མེད་དུ་འགྱུར་ཚུལ་ལས། འབྲུག་པའི་ཡི་གེ་བོད་ཀྱི་ལྷོ་ཡིག་ཏུ་འབོད་པ་ལ་བལྟས་ན་གསལ་ཞེས་པ་ཙམ་ལས་འབྲུག་ཏུ་ཕེབས་སྐོར་མི་གསལ་ཞིང༌། ད་ཆ་དུས་དབང་གིས་འབྲེལ་ཡོད་མང་པོ་འདས་གྲོངས་སུ་སོང་ཟིན་སྟབས་ཞིབ་ཕྲ་ཤེས་རེ་མེད་པ་འདྲ། ཡིན་ཡང༌། ཕྲན་གྱིས་དང་པོ་དྲག་ཤོས་བཀྲ་ཤིས་སྒང་པ་ལ་གནང་བའི་ཞལ་གདམས་ཚིགས་བཅད་མ་ཤོ་ལོ་ཀ་གཅིག་མ་ཚང་བ་ཞིག་ཆོས་གྲོགས་སྟང་རིན་པོ་ཆེའི་ཕྱག་ནས་མཇལ་བ་ཡིན། རྩོམ་ཡིག་དེ་བློན་པོ་འཇིགས་མེད་ལགས་ཀྱིས་སྟང་རིན་པོ་ཆེར་མནབྱལ་དུ་ཕུལ་བ་ཞིག་རེད། ཁྲིམས་སྤྱི་བློན་པོ་ལགས་ནས་དྲག་ཤོས་བཀྲ་ཤིས་སྒང་པའི་དྲུང་ཡིག་གཉེར་དམ་ཆོས་ཀྱི་ཕྱག་བརྒྱུད་ཐོབ་པ་ཞིག་ཡིན་འདུག སྤྱི་ལོ་༢༠༠༦ལོ་ཟླ་༤ཚེས་༢༥ལ་འབྲུག་ཕྱོགས་སུ་བསྐྱོད་སྐབས་དེ་འབྲེལ་གྱི་སྐད་ཆ་མང་པོ་གོ་ཐོས་བྱུང་མོད། ཡིད་ཚིམ་པ་ཞིག་མ་བྱུང༌། དེ་ནས་ཟླ་ཤས་རྗེས་སུ་ཡང་བསྐྱར་འབྲུག་ཏུ་བསྐྱོད་པ་ཡིན། འདི་ཟླ་༨ཚེས་༨ནས་ཟླ་༨ཚེས་༢༧བར།དུས་སྟང་རིན་པོ་ཆེས་གྲོགས་དན་ལ་བརྟེན་རྩོམ་ཡིག་འདིའི་སྐོར་འདྲི་བརྩད་མང་དུ་བགྱིས་མཐར་བདུད་འཇོམས་རིན་པོ་ཆེའི་དངོས་སློབ་བླ་མ་དཀར་པོའི་སྲས་ཤར་ཕྱོགས་ཡོན་ཕུ་ལ་དགོན་གྱི་བླ་མ་འཇིགས་མེད་ལགས་ཀྱི་ཕྱག་ནས་རྩོམ་ཡིག་ཆ་ཚང་རྙེད་ཐུབ་པར་མ་ཟད། དགོན་པ་དེའི་སྒོ་བྱང་དུ་སྙན་ཚིགས་ཤོ་ལོ་ཀ་གཅིག་སུམ་ཕབ་བྱས་ཡོད་པ་ཞིག་ཡང་རྙེད་ཐུབ་པའི་སྐལ་བ་བྱུང༌། དགོན་པ་འདི་གྲུབ་མཐའ་སྔ་འགྱུར་བདུད་འཛོམས་གཏེར་གསར་ཡིན་ལ། དྲག་ཤོས་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་ཀྱིས་སྦྱིན་བདག་བྱས་ཏེ་ཕྱི་ལོ་༡༩༤༤ལ་གསར་དུ་བཞེངས་པ་ཞིག་ཡིན་འདུག ༡༩༤༥ལོར་ཚོང་ཚོང་མའི་སློབ་དཔོན་གྱིས་ཞབས་ཕྱི་བཅས་དགོན་འདི་དང༌། གསེར་དམ་རྩེའི་དགོན་དུ་ཕེབས་ཤིང་དེ་ནས་བོད་དུ་བྱོན་པ་གསལ་རྟོགས་བྱུང༌། དོན་འདི་དངོས་སུ་མཐོང་མཁན་དྲག་ཤོས་བསྟན་འཛིན་རྡོ་རྗེ་ནས་གསུང་དོན། ཡོ་ཕུ་ལ་དགོན་དེར་ཡོད་པའི་པདྨ་བཀའ་ཐང་གི་ལྡེབས་རིས་ལ་ཞིབ་གཟིགས་གནང༌། ཚོང་ཚོང་མའི་སློབ་དཔོན་གྱི་དགོན་གསེར་དམ་རྩེ་ནས་ཞག་བཅུ་བཞི་ལ་བཞུགས་འདུག སྐབས་དེར་དགེ་ཆོས་ལགས་ནས་སྐུ་སྨད་དུ་གྲྭ་འཛིན་སྔགས་པའི་ཤམ་ཐབསདང༌། སྐུ་སྟོད་ལ་གཟན་སྨུག་པོ་ཞིག་བཞེས་པའི་སྐུ་ཤ་སྐམ་པོ་ཅན་ཞིག་རེད། དེ་ནས་བོད་ལ་ཕེབས་སྐབས་གསེར་དམ་རྩེའི་དགོན་ནས་ཆིབས་རྟ་སོགས་གོ་སྒྲིག་ཞུས་ཀྱང་རྟ་མ་བཅིབས་པར་ཞབས་ཐང་གིས་བོད་ལ་ཕེབས་པར་གསེར་དམ་རྩེའི་དགོན་གྱི་གྲྭ་བ་གསུམ་ནས་བོད་བར་ཞབས་ཕྱི་ཞུས། འདི་སྐབས་དམིགས་བསལ་སྐུ་འཁོར་གང་ཡང་མི་འདུག་ལ་དོན་འདི་ཁོང་གིས་དངོས་སུ་མཐོང་པ་ཡིན་འདུག ཚོང་ཚོང་མའི་སློབ་དཔོན་གྱིས་དགེ་ཆོས་ཀྱིས་ཐམས་ཅད་མཁྱེན་པའི་མདོ་ཞེས་པའི་གཞུང་ཞིག་བོད་བསྒྱུར་གནང་ཡོད་ལ། དེ་ནི་ངོ་མཚར་ཆེ་བ་ཞིག་ཡིན་ཞེས་གསུངས་པ་ཐོས་མྱོང་ཟེར། གོང་གསལ་ཚོང་ཚོང་མའི་སློབ་དཔོན་དེ་མོན་རྟ་དབང་གི་མི་ཡིན་ལ། སྨིན་གྲོལ་གླིང་ནས་སློབ་སྦྱོང་གནང་བའི་མཁས་པ་ཞིག་ཡིན། དགེ་ཆོས་དང་ཁོང་གཉིས་དང་པོ་བོད་ནས་ངོ་ཤེས་པ་ཞིག་ཡིན་ཟེར། དྲག་ཤོས་ཁོང་དང་སློབ་དཔོན་ཡོན་མཆོད་ཀྱི་འབྲེལ་བ་ཟབ་མོ་ཡོད་འདུག་ལ། སློབ་དཔོན་སྐུ་གཤེགས་ནས་ཡུན་རིང་པོ་སོང་མི་འདུག སློབ་དཔོན་གྱི་མཚན་དངོས་རིག་འཛིན་ཕྲིན་ལས་འགྱུར་མེད་བདེ་ཆེན་ཞུ། དྲག་ཤོས་ཀྱིས་བཤད་ན་དགེ་ཆོས་ལགས་ཕེབས་དོན་ཡོན་ཕུ་ལ་དགོན་པའི་བཀའ་ཐང་ལྡེབས་རིས་དེ་དག་བཅོས་ལ་བྱོན་པ་འདྲ། ལྡེབས་རིས་དེ་གོང་གསལ་སློབ་དཔོན་གྱིས་བྲིས་པ་ཡིན། དེ་མིན་གསལ་བོ་ཤེས་མི་འདུག དྲག་ཤོས་ཀྱིས་སྐབས་དེར་དགེ་ཆོས་ལགས་དགེ་ལུགས་པ་ཞིག་ཡིན་པར་གོ་ནས་ཆོས་འབྲེལ་སོགས་མ་ཞུས་གསུངས།
འབྲུག་དཔེ་མཛོད་འགན་གཙོ་བགྲེས་པ་བླ་མ་པདྨ་མཆོག་གི་གསུངས་པ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐབས་དེའི་འབྲུག་རྩ་ཁྲིམས་དང༌། རྒྱལ་སྤྱིའི་རྩ་ཁྲིམས་གཤིབ་བསྡུར་གནང་བའི་རྩོམ་ཡིག་ཅིག་བྲིས་ཡོད་པར་བཤད་ཀྱང༌། ད་ལྟ་རྩོམ་ཡིག་དེ་རྙེད་རྒྱུ་མི་འདུག་ལ། འབྲས་ལྗོངས་སུ་ཕལ་ཆེར་ཡོད་པ་འདྲ་ལ། བུམ་ཐང་ཕྱོགས་སུ་ཕེབས་ཡོད་ངེས་ཀྱང་ཕྲ་ཞིབ་མི་ཤེས་གསུངས།
གཉེར་བ་དམ་ཆོས་ཀྱིས་བཤད་པ།
དགེ་ཆོས་འབྲུག་ཏུ་ཕེབས་ལོ་༡༩༤༥ངེས་གཏན་ཡིན་ལ། སྐབས་དེར་བཀྲ་ཤིས་སྒང་བའི་ཕོ་བྲང་ནག་ཚང་དུ་བྱོན་པ་ལས་རྫོང་ལ་ཕེབས་པ་མ་ཤེས། སྐབས་དེར་ཁོང་རྫོང་གི་གྲྭ་བ་ཡིན་པས་མཇལ་མ་ཐུབ་ཟེར། དགེ་ཆོས་ལགས་གནས་གཟིགས་ལ་ཕེབས་པ་འདྲ། དེ་མིན་ཕེབས་དོན་གསལ་བོ་མ་ཤེས་ལ། བཀྲ་ཤིས་སྒང་པ་དང་དགེ་ཆོས་གཉིས་ག་དུས་ངོ་ཤེས་མིན་ཡང་མ་ཤེས། གང་ལྟར་ཕན་ཚུན་མཛའ་བོ་དང་གྲོགས་པོ་ཡིན་པ་གསལ་བོ་ཡིན་གསུངས། ༡༩༤༦ལོ་བཀྲ་ཤིས་སྒང་པ་བོད་དུ་ཕེབས་ནས་གདན་ས་གསུམ་ལ་མང་ཇ་དང་འགྱེད་ཆེན་པོ་ཞིག་བཏང་པ་རེད། སྐབས་དེར་དགེ་ཆོས་ལགས་བོད་ཀྱིས་བཙོན་ལ་བཟུང་འདུག་པས་དྲག་ཤོས་དང་མཇལ་མི་འདུག དགེ་ཆོས་ཀྱིས་བཙོན་ནས་བྲིས་པ་རེད་ཟེར་བའི་ཚིགས་བཅད་འགའ་ཞིག་སྐྱོར་རྒྱུ་ཡོད་པ་འདི་དག་ཡིན་ཟེར་ནས་རྩོམ་ཡིག་ཅིག་གནང་བ་བཅས་གཤམ་དུ་བཀོད་ཡོད། རྩོམ་ཡིག་གསུམ་པོ་ལ་མཚན་བྱང་མེད་པས་འདི་ནས་བརྗོད་དོན་ལ་ལྟོས་ཏེ་མིང་གསར་དུ་སྦྱར་བ་ཡིན།
རྩོམ་ཡིག་དང་པོ། བཀྲ་ཤིས་སྒང་བར་གནང་བའི་ཞལ་གདམས།
༑ཆོས་དང་འཇིག་རྟེན་གཉིས་མེད་སེངྒེའི་ལུས། །ཆོས་མིན་སྤྱོད་པའི་སྤྲང་པོ་ང་འདྲ་ལ། །
ཆོས་གཏམ་སྨྲ་བའི་འོས་བབ་མ་མཆིས་ཀྱང༌། །ཆོས་ལྡན་རྗེ་བོའི་བཀའ་བཞིན་ཚིག་འགའ་ཞུ། །
སངས་རྒྱས་འཕྲི༵ན་ལ༵ས་ཉི་མའི་འོད་ཟེར་དང༌། །སྔོན་སྨོན་བཟང་པོའི་ཆུ་ལུད་འཛོམས་པ་ལས། །
དགེ་བའི་ས་བོན་སྟོ༵བས་ཤུགས་སྨིན་པ་ཁྱོད། །མངའ་ཐང་རྒྱས༵་པའི་དཔོན་གྱི་རིགས་སུ་འཁྲུངས། །
དེས་ན་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀུན། །འབྱུང་བའི་སྒོ་མོ་སངས་རྒྱས་བསྟན་པ་ལ། །
སྒོ་གསུམ་འབད་པའི་སྲིད་ཞུ་སྒྲུབ་པ་འདི། །ལས་སུ་བྱ་བ་ཀུན་གྱི་ཐོག་མ་ལགས། །
གང་དུ་མཁས་དང་གྲུབ་པ་བཞུགས་གྱུར་བ། །དེ་ན་ལུང་དང་རྟོགས་པའི་བསྟན་པ་གནས། །
ཇི་སྲིད་བཤད་དང་སྒྲུབ་པའི་སྲོལ་གནས་པ། །དེ་སྲིད་བར་དུ་དམ་པའི་སྐྱེས་བུ་འབྱུང༌། །
དེས་ན་དྲི་མེད་བསྟན་པའི་པད་དཀར་ཚལ། །བདེ་སྐྱིད་དབྱར་གྱི་དཔལ་དུ་གནས་པ་ནི། །
བློ་གསལ་ངང་མོའི་ཁྱུ་ཡིས་རབ་བརྟེན་པའི། །འཆད་ཉན་འོ་མའི་ཆུ་མཚོ་ཉིད་ལ་རག །
སྡེ་སྣོད་འཆད་ཉན་བྱེད་པའི་མཁས་པ་དང༌། །དེ་དོན་ཉམས་སུ་ལེན་པའི་སྒོམ་ཆེན་གྱིས། །
བཀྲ་ཤིས་ལྷ་ཡི་སྒང་བརྒྱུད་ཀུན་ཁྱབ་པའི། །དགེ་འདུན་སྡེ་གཉིས་སྤེལ་བའི་མཛད་སྒོ་སྐྱོང༌། །
མངའ་རིས་འབངས་ཀྱི་རི་བོ་མཐོན་པོའི་རྩེར། །དཔལ་དང་འབྱོར་བའི་གངས་ཀྱི་ཅོད་པན་ལ། །
རྟག་ཏུ་གནས་པའི་མི་རྗེ་གདོང་ལྔ་པ། །ཡངས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པར་འཚལ། །
གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་བ་ཡི། །རིགས་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཡིས། །
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི། །སྐྲ་སེར་སྤྲེའུའི་རིགས་ལ་ཐུགས་ཟོན་འཚལ། །
ཐོས་བསམ་སྒོམ་པའི་ཞིང་ས་གཤིན་པོ་ལ། །རང་རིག་རྟོགས་པའི་སྙེ་མ་རབ་འཁྲུངས་པའི། །
དམ་པའི་སྐྱེས་བུ་གང་དུ་བཞུགས་ཀྱང་རུང༌། །ཟོལ་མེད་གཙུག་གི་རྒྱན་དུ་འཛིན་པར་འོས། །
སྐྱ་སེར་གང་ཡང་མིན་པའི་ཆ་ལུགས་ལ། །ཕྱི་ནང་གང་ཡང་མིན་པའི་ཆོས་ལུགས་ཅན། །
རྒྱ་བོད་བསྐོར་བའི་ཨ་མདོ་ང་འདྲའི་རིགས།།སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་བར་འཚལ།།
འདི་རྣམས་བཀྲ་ཤིས་ལྷ་རྫོང་མི་རྗེ་མཆོག་གི་བཀའ་བཞིན་དགེ་འདུན་ཆོས་འཕེལ་གྱིས་བྲིས། གོང་གསལ་རྩོམ་ཡིག་དང་འབྲེལ་བའི་གསལ་བཤད། ཞལ་གདམས་གནང་ཡུལ་དྲག་ཤོས་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་༡༨༩༡ ནས ༡༩༥༢ནི་སྐབས་དེའི་འབྲུག་ཡུལ་ཤར་ཕྱོགས་ཀྱི་མི་དཔོན་སྐད་གྲགས་ཆེ་ཤོས་ཤིག་ཡིན་པར་མ་ཟད། དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཧ་ཅང་ཟབ་པའི་མི་དྲག་ཅིག་ཡིན། ཁོང་དང་ཐོག་བོད་དུ་ཕེབས་སྐབས་ྋགོང་ས་བཅུ་གསུམ་པ་ཆེན་པོས་དམིགས་བསལ་སྣེ་ལེན་གནང་བ་དང༌། མཐོང་གཟིགས་རྒྱ་ཆེན་པོས་གླིང་གེ་སར་གྱི་སྤྲུལ་བ་ཡིན་པར་གསུང་གནང་པ་དང༌། གཟིམ་ཁང་དུ་ཡོད་པའི་གེ་སར་གྱི་ཞལ་ཐང་ཡང་བཀྲ་ཤིས་སྒང་པས་ཕུལ་བ་ཡིན་ལ། ཇོ་བོར་གསེར་མཆོད་དང་གདན་ས་གསུམ་ལ་འགྱེད་ཆེན་བཏང༌།དྲག་ཤོས་བཀྲིས་སྒང་བའི་ཚ་མོ་ཚེ་རིང་ཆོས་སྐྱིད་ཀྱིས་བཤདབ་དང༌། བཀའ་བློན་བོན་ཤོད་པ་ཚེ་བརྟན་རྡོ་རྗེ་དང་འབྲེལ་བ་ཟབ་ཅིང༌། བཞུགས་གཞིས་ཀྱང་གཟིམ་འགག་བོན་ཤོད་ཀྱི་ནང་གནང་གིན་ཡོད། དྲག་ཤོས་ཀྱི་སྲས་མོ་ཀརྨ་གཡང་འཛོམས་ཀྱིས་བཤདབོན་ཤོད་པ་དང་མཉམ་དུ་བསྒྲོན་པའི་སྐུ་པར་ཡང་འདུག སྟོད་ལུང་ཚུར་ཕུ་རུ་རྒྱལ་བ་ཀརྨ་པ་མཆོག་གི་མདུན་ནས་བཀའ་ཆོས་མང་དུ་གསན་པ་དང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གདན་དྲངས་ནས་ཕོ་བྲང་དུ་གཏེར་མཛོད་ཆེན་མོའི་དབང་ལུང་ཞུས་པ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མར་དད་ཅིང༌། སྟོབས་འབྱོར་དཔལ་གྱིས་ཕྱུག་པའི་མི་སྣ་ཞིག་ཡིན་པ་འབྲུག་ཡོངས་ལ་གྲགས། ཁོང་གིས་དགེ་ཆོས་ལགས་ཟླ་མེད་ཀྱི་མཁས་པ་ཞིག་ཡིན་པ་མཐོང་ནས་ཞལ་གདམས་དང༌། ཁོང་གི་དགོན་པར་སྒོ་བྱང་ཕྱག་བསྟར་མ་ཡང་ཞུས་འདུག་ལ། ཁོང་གཉིས་མཉམ་དུ་བསྒྲོན་པའི་སྐུ་པར་ཡང་དྲག་ཤོས་སྲས་མོའི་ཕྱག་ནས་རྙེད་སོན་བྱུང༌། ཞལ་གདམས་ལས། སྐྱ་སེར་གང་ཡང་མིན་པའི་ཆ་ལུགས་ལ།། ཕྱི་ནང་གང་ཡང་མིན་པའི་ཆོས་ལུགས་ཅན།། ཞེས་གསུང་པ་ཡང་དྲག་ཤོས་བསྟན་འཛིན་རྡོ་རྗེས་མཐོང་བའི་ཆས་གོས་དང་མཐུན་ཞིང༌། སྐབས་དེའི་བཀྲ་ཤིས་སྒང་བའི་མཛད་ཕྲིན་དང་སྤྱི་ཚོགས་ཀྱི་གནས་བབ་ཆབ་སྲིད་ཀྱི་དགོས་མཁོ་སོགས་དང་འབྲེལ་བ་རྩོམ་ཡིག་རང་ན་གསལ་བས་རྩོམ་ཡིག་འདི་འབྲུག་ལ་བྱོན་སྐབས་སུ་བྲིས་པ་འདྲ།

རྩོམ་ཡིག་གཉིས་པ། ཡོན་ཕུ་ལ་དགོན་གྱི་སྒོ་བྱང༌།
སྟོབས་བཅུའི་ལང་ཚོ་དར་བའི་མཛེས་སྡུག་གིས།།
བགྲང་ཡས་ཆོས་ཀུན་རི་དྭགས་མིག་ཅན་ཡིད།།
འགུགས་པར་བྱེད་པའི་རྣམ་འདྲེན་སྒྱུ་རྩལ་སྤྱོད།།
ཟས་གཙང་སྲས་ཀྱིས་ལེགས་པའི་དཔལ་ཀུན་སྩོལ།།
མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་རྟག་བརྟན་རིན་ཆེན་སྤུངས་ཀྱི་གྷནྡོ་ལ།
རྩོམ་ཡིག་གཉིས་པ། བཙོན་ནས་བྲིས་པའི་རྩོམ།
མི་ཡི་ཐ་ཤལ་དགེ་འདུན་ཆོས་འཕེལ་གྱིས། །མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས། །སྲོང་བཙན་སྒམ་པོ་ཚད་བཙུགས་དམ་བཅའ་ཡོད། །གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། །རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། །རྒྱལ་པོ་སྟག་ལུང་བྲག་གིས། །ཏག་ཏག་གསིགས་གསིགས་བཟོས་ཏེ། ། ཕུལ་སོང་ལག་ཏུ་ཕུལ་སོང༌། །རྩབ་ཧྲལ་ཕྱག་ཏུ་ཕུལ་སོང༌། ། གོང་གི་རྩོམ་ཡིག་འདི་གཉེར་བ་དམ་ཆོས་ཀྱི་ལག་ནས་གནང་བ་ཡིན་ལ། ཁོང་གིས་གསུངས་ན་རྩོམ་ཡིག་འདི་ཁ་བརྒྱུད་ལས་དགེ་ཆོས་དངོས་ཀྱི་ཕྱག་བྲིས་མཇལ་མ་མྱོང་ཟེར། ཤེས་གསལ་ལྟར་གོང་གི་རྩོམ་ཡིག་གི་ཚིགས་བཙད་ཕལ་ཆེར་དགེ་ཆོས་གསུང་རྩོམ་དུ་འཁོད་ཟིན་ཀྱང་ཅུང་མི་འདྲ་བ་རེ་ཡོད་པ་དང༌། ལྷག་པར་ཚིག་བཅད་ཕྱི་མ་འདི་གསར་བ་ཞིག་ཏུ་སྣང༌། འདི་དག་དགེ་ཆོས་ལགས་ཀྱི་རྣམ་ཐར་གྱི་ཁ་སྐོང་གལ་ཆེན་ཞིག་ཏུ་མཐོང་ནས་འཇུ་བསྟན་སྐྱོང་གིས་འཚོལ་སྡུད་བྱས།

རྩོམ་རིག

Post navigation

Previous Post: གསེར་གྱི་ཉི་མ།
Next Post: དགེ་བསྐོས་བཙན་པོ།

Comments (12) on “དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-07-27 at 7:57 pm

    ཁྱེད་རང་གི་རྩོམ་ཐུང་འདི་མཇལ་བར་གློ་བ་དགའ།
    སྔོན་དུས་དགེ་ཆོས་སྨྱོན་པ་མྱོས་པའི་གཏམ།། ད་ལྟ་མ་མྱོས་པ་རྣམས་འཚོལ་ཅིང་རྒྱུག།
    ཁྱེད་ཀྱང་ངལ་བ་ཅུང་ཟད་བསྐྱེད་པ་ཡིས།། རྣམ་ཐར་ཁ་གསབ་འོས་པའི་ཚིག་འགའ་རྙེད།།
    འོན་ཏེ་མཇུག་རྩོམ་ལས། ་་མི་ཡི་ཐ་ཤལ་དགེ་འདུན་ཆོས་འཕེལ་གྱིས། །མི་འཐུང་མི་འཐུང་ཨ་རག་མི་འཐུང་ཞེས། །སྲོང་བཙན་སྒམ་པོ་ཚད་བཙུགས་དམ་བཅའ་ཡོད། །་་ ཅེས་རྐང་པ་གཅིག་ཆད་ཡོད་པ་འདི་དང་། ཡང་། ་་གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། །རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ།་་ ཞེས་པའི་ཚིགས་བཅད་འདི་དགེ་བཤེས་ཆོས་གྲགས་ཀྱི་མཇུག་རྩོམ་ནང་ཡོད་པ་དང་། ཡང་ ་་རྒྱལ་པོ་སྟག་ལུང་བྲག་གིས། །ཏག་ཏག་གསིགས་གསིགས་བཟོས་ཏེ། ། ཕུལ་སོང་ལག་ཏུ་ཕུལ་སོང༌། །རྩབ་ཧྲལ་ཕྱག་ཏུ་ཕུལ་སོང༌། །་་ ཞེས་པའི་ལྷ་སའི་དམངས་གཞས་ལྟ་བུ་འདི་འདྲ་དགེ་ཆོས་ཀྱི་རྩོམ་ཡིག་བྱིངས་ཀྱི་ནང་མེད་པ་བཅས་ལ་བལྟས་ན། འདི་དག་ཕལ་ཆེར་ཆེད་ལ་ཕུལ་མཁན་གྱི་གཉེར་བ་དམ་ཆོས་ལགས་ཀྱིས་ ་་རྩོམ་ཡིག་འདི་ཁ་བརྒྱུད་ལས་དགེ་ཆོས་དངོས་ཀྱི་ཕྱག་བྲིས་མཇལ་མ་མྱོང་་ གསུངས་པ་ལྟར། བོད་དུ་བྲིས་པའི་དོན་རྩོམ་ངོ་མ་ལ། །ཁ་ནས་ཁ་བརྒྱུད་མི་ནས་མི་བརྒྱུད་དེ། །ལྷོ་འབྲུག་ཡུལ་དུ་ཆད་ལྷག་ཤོར་བ་ལས། །འདི་དག་རྩོམ་གསར་མ་ཡིན་རྩོམ་རྙིང་ཡིན། །

  2. Rabjor says:
    2008-07-27 at 11:37 pm

    འཇུ་བསྟན་སྐྱོང་ལགས།

    དགེ་འདུན་ཆོས་འཕེལ་གྱིས་འབྲུག་ཡུལ་བརྒྱུད་ནས་བོད་དུ་ལོག་ཚུལ་ཙམ་ཞིག་ཐོས་མྱོང་ན་ཡང་། གནས་ཚུལ་ཞིབ་ཆ་ཅི་ཡང་ཐོས་མ་མྱོང་། ཁྱེད་ནས་གནས་ཚུལ་ཞིབ་འགའ་རེ་བཀོད་པར་ཐུགས་རྗེ། དྲི་བ་ཞིག་ཡོད་པ་འདི་ལྟར། སྐུ་ཉིད་ནས་དགེ་འདུན་ཆོས་འཕེལ་རྒྱ་གར་ལ་སྔ་ཕྱི་ལན་གཉིས་ཕེབས་ཚུལ་ཞིག་གསུངས་་ཡོད་པ་ནི། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་བོད་ལ་ཐེངས་གཅིག་་ལོག་་ནས་ཡང་སྐྱྲྲྲར་རྒྱ་གར་ལ་ཕེབས་པ་ལྟ་བུ་ཞིག་ལ་གོ་དགོས་སམ།

  3. སྤོབས་པ། says:
    2008-07-28 at 5:31 am

    འཇུ་བསྟན་སྐྱོང་ལགས། ཉིད་ཀྱིས་དེའི་སྐོར་གྱི་གནས་ཚུལ་རྙེད་སོན་བྱུང་བ་ཧ་ཅང་རྩ་ཆེན་རེད། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་ཐེངས་དང་པོ་བོད་དུ་ཕྱིར་ཕེབས་སྐབས་ཁམས་བྲག་གཡབ་ཏུ་ཐེངས་གཅིག་ཕེབས་པར་ཤོད་མཁན་འདུག དེ་ལ་བདེན་དཔང་འདྲ་ཡོད་མེད་ཤེས་རྟོགས་བྱུང་སོང་ངམ།

  4. སྟག་སྨྱོན། says:
    2008-07-28 at 6:39 am

    གསོན་དུས་རྒྱལ་རྐུན་ཟེར་ནས་བཙོན་དུ་བཏགས།།
    འཇམ་པོའི་ལུས་ལ་ལྕགས་ཀྱིས་རྨ་ཁ་བཏབ།།
    ཤི་རྗེས་མིང་གིས་བཟུང་ནས་ཡང་ཡང་འབོད།།
    རྣམ་ཤེས་མདུན་དུ་འགྲོ་བའི་བར་ཆད་བྱས།།

    གསོན་དུས་རྒྱོ་སའི་སྟུ་ཡང་མ་རྙེད་པར།།
    འགྱིག་གི་བུ་མོའི་མཚན་མར་འདོད་པ་སྤྱད།།
    ཤི་བའི་མི་རོ་སྐམ་པོ་ཡ་མཚན་འདིས།།
    ས་ཡ་དྲུག་གི་སེམས་པ་ཡོངས་སུ་གུག།

    བསྟད་ཀྱང་སྨྱོན་པ་ཁོང་ནི་བཙོན་དུ་ཤི།
    སྨད་ཀྱང་མཁས་པའི་དབང་པོའི་མཚན་སྙན་བཞག།
    ཆགས་སྡང་སེམས་འདི་མི་བརྟན་མཇེ་རྒོད་འདྲ།།
    ཞག་རེ་ལ་ཡང་ཤི་གསོན་མང་དུ་འབྱུང་།།

    ཁོ་བོ་སྔར་ནས་བོད་ལ་རེ་ཆད་དེ།།
    ཐག་རིང་ས་མཐའ་ཞིག་ཏུ་ཡུབ་ན་ཡང་།།
    གློག་གི་དྲ་བའི་ཕོ་ཉ་མྱུར་པོ་འདིས།།
    དགའ་སྐྱོ་སློང་བའི་གཏམ་རིགས་མང་པོ་བྱིན།།

  5. ཤེས་རབ། says:
    2008-07-28 at 12:06 pm

    དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་རྩད་ཅོད་འདི་འདྲ་བྱེད་པ་ཡག་པོ་འདུག བློ་ཟུར་བོར་གནས་ནས་དཔྱོད་ན་ཁོང་གི་གསུངས་ལ་ཡང་དྭོགས་གཞི་སླེབས་དགོས་པ་འགའ་འདུག

    དཔེར་ན་ཆོས་ཀྱི་ཚིགས་སུ་བཅད་པའི་མདོ་འདི་སྔོན་མ་བོད་ཡིག་ལ་བསྒྱུར་རྒྱུར་ལུས་པའི་མདོ་ཞིག་ལ་དགེ་ཆོས་ཁོང་གིས་ངོས་འཛིན་གནང་འདུག

    ཡིན་ནའི་དོན་དངོས་ལ་མདོ་དེ་བོད་ཡིག་ལ་བསྒྱུར་ཟིན་པ་དང་དེ་དག་བཀའ་གདམས་མེས་པོ་རྣམས་ཀྱིས་ཉིན་ལྟར་དུ་ཉམས་ལེན་གནང་བའི་བསྟོན་པའི་བཀའ་ཞིག་ཡིན་པར་སྣང། དེ་དག་ལ་ཆེད་དུ་བརྗོད་པའི་ཚོམས་ཞུ་བཞིན། བཀའ་གདམས་གཞུང་དྲུག་ནང་གི་ཡ་གྱལ་གཞུང་ཞིག་རེད།

    ད་དུང་རྒྱ་གར་སམ་ཊི་ཏའི་སྐད་ཡིག་ལ་བྱང་ཆུབ་པ་རྣམས་ཀྱིས་དགེ་ཆོས་ཀྱི་སྒྱུར་བའི་རྒྱ་གར་གི་ཡིག་ཆ་འགའ་ཤས་སྔོན་མ་བོད་ཀྱི་ལོ་ཙ་བ་རྣམས་ཀྱི་སྒྱུར་ལས་ཞན་པ་འདུག་ཅེས་གསུངས་བཞིན་འདུག དཔེར་ན་སྔོན་མ་བོད་ཀྱི་ལོ་ཙ་བ་རྣམས་ཀྱིས་བསྒྱུར་བའི་གླེགས་འབམ་རྣམས་རྗེས་སུ་ཕར་རྒྱ་གར་གྱི་སྐད་ལ་བསྒྱུར་སྐབས་དཀའ་ངལ་མེད་པར་ཐད་ཀར་སྔོན་གྱི་དོན་དེ་དག་སླེབས་ཐུབ་པ་ཞིག་འདུག དཔེར་ན་ཝ་ར་ན་སི་མཐོ་སློབ་ནས་རྒྱ་གཞུང་མང་པོ་ཞིག་བོད་ཡིག་ནས་ལེགས་སྦྱར་སྐད་ལ་སྒྱུར་བཞིན་ཡོད་མོད། འོན་ཏང་། དགེ་ཆོས་ཀྱིས་བསྒྱུར་བའི་རྒྱ་གཞུང་གི་དཔེ་ཆ་རྣམས་ཕར་ཡང་སྐྱར་རྒྱ་གར་སྐད་ལ་སྒྱུར་སྐབས་སྔོན་གྱི་རྒྱ་གར་གྱི་གོ་བ་དེ་ལྟ་བུ་ཡོང་གི་མིན་འདུག་ཟེར་བ་ཞིག་ལེགས་སྦྱར་སྐད་ལ་མཁས་པའི་རྒྱ་གར་བ་ཞིག་གིས་གསུངས་པ་གོ་བྱུང་།

    དེར་བརྟེན་དགེ་ཆོས་ནི་ལེགས་སྦྱར་སྐད་ལ་བྱང་ཆུབ་པ་ཞིག་རེད་ཟེར་བའི་ཤོད་རྒྱུན་དེར་ཡང་དཔྱད་དགོས་འདུག 

    གཉིས་ནས་དགེ་ཆོས་ཁོང་འབྲས་སྤུངས་ལ་ཞུགས་སྐབས་ངོ་ཤེས་མཁན་གྱི་དགེ་བཤེས་ཤིག་གིས་གསུངས་བར་གཞིགས་ན་དགེ་ཆོས་ཁོང་ཡུལ་སྡེའི་ཞེན་ཁོགས་ཀྱིས་བཅིངས་པའི་གྲྭ་བ་མགོ་མཁྲེགས་པོ་ཞིག་རེད་གསུངས་མྱོང་། རྒྱུ་མཚན་ནི་ཁོང་རེབ་གོང་ཕྱོགས་ནས་ཡིན་པ་དང། འབྲས་སྤུངས་ལ་འཇམ་ཡངས་བཞད་པའི་ཡིག་ཆ་ལྟ་དགོས་སྟབས། དེར་དགེ་ཆོས་མི་དགྱེས་པ་ཆེན་པོ་ཡོད། རྒྱུ་མཚན་གཅིག་ཁོ་ན་སྟེ་ཁོང་ཉིད་བླ་བྲང་ཕྱོགས་གཏོགས་ལ་མི་དགའ་ཡོད་པ་དེ་རེད། རྗེས་སུ་ཏྲེ་ཧོར་སྐྱོར་དཔོན་སོགས་ནས་ཁོང་དང་ཆོས་བརྩོད་བགྱིས་ནས་དགེ་ཆོས་ཕམ་པར་བྱས་ནས་སློབ་གསོ་བཏང་སྐབས་དགེ་ཆོས་ནས་ཁོང་ཆོས་ལ་ལོག་བལྟ་མིན། བླ་བྲང་གི་བླ་མ་དེ་ཚོར་དྭོགས་པ་ཡོད་ཅེས་ཏྲེ་ཧོར་སྐྱོར་དཔོན་ལ་གསུངས་པའི་བཤད་སྲོལ་ཞིག་འདུག་གོ། དེ་བདེན་པ་ཡིན་ན། གནས་ཚུལ་འདིས་ཀྱང་དགེ་ཆོས་ནི་ང་ཚོ་དང་འདྲ་བའི་མི་ཞིག་ལས། ཁོང་བོད་ཆེན་པོ་དང་བོད་ཀྱི་མི་རིགས་སྐོར་བསམ་བློ་རྒྱ་ཆེན་པོ་ཡོད་མཁན་གྱི་མི་ཞིག་རེད་ཟེར་བ་འདིར་དྭོགས་པ་སྐྱེས་དགོས་པ་འདུག

  6. སྟག་སྨྱོན། says:
    2008-07-28 at 2:35 pm

    ཞེད་སྣང་མེད་ཀྱང་ཚེར་སྣང་དགོས་ཟེར་བ་ལྟར། དགེ་ཆོས་ནི་ཁྱེད་རང་འདྲ་བའི་མི་ཞིག་རེད་པའི་བསམ་བློ་ཇི་ལྟར་འཁོར་སོང་ངམ། ཁྱེད་དགེ་ཆོས་གསོད་མཁན་ལག་དམར་གྱི་སྤུན་ཉེ་ལྐུག་པ་ཞིག་ཡིད་སྲིད། ཁོང་བཙོན་དུ་འདོགས་མཁན་སྐུ་དྲག་ཚོས་ཀྱང་ཉེས་པ་དེ་ལྟར་གཡོག་པ་རེད།

  7. ཤེས་རབ། says:
    2008-07-28 at 4:17 pm

    སྐུ་ཞབས་སྟག་སྨྱོན་ལགས།

    ང་དགེ་ཆོས་བསོད་མཁན་གྱི་ལག་དམར་བའི་སྤུན་ཉེ་མིན། ང་རང་བདེན་པར་བརྡར་ཤ་སྤྱོད་རྒྱུར་དགའ་བའི་བློ་གསར་བ་ཞིག་ཡིན། ངའི་དྭོགས་གཞི་གཉིས་ཀྱིས་མཁས་དབང་ཁྱེད་ཧོན་ཐོར་ནས། ང་ལ་ལག་དམར་བ་དང་འབྲེལ་བ་ཡོད་པའི་སྐྱོན་བཙུགས་བྱེད་དགོས་པ་འདིས་མཁས་དབང་ཁྱེད་ཀྱི་དགོངས་པ་དང་མཁྱེན་ཡོན་གྱི་ཆུ་ཚད་གསལ་པོར་མཐོང་ཐུབ་ཀྱི་འདུག ངོ་མ་ཁྱེད་ཀྱི་མིང་དང་ཤིན་དུ་མཚུངས་པའི་སྟག་སྨྱོན་མ་རྗེན་པ་ཞིག་རེད་ཨང་།

    ངས་བལྟས་ན་ཁྱེད་རང་མི་བསད་རྗེས་ལ་འགྱོད་གཞི་རྩད་གཅོད་གཏོང་མཁན་གྱི་སྟག་སྨྱོན་ངོ་མ་ཞིག་རེད་འདུག བོད་ཀྱི་མི་དམངས་རྣམས་ད་ལྟའི་ཐབས་སྡུག་གི་གནས་ཚུལ་འདི་འདྲར་ལྷུང་བ་དེ་རྒྱུ་མཚན་འགྲོ་ས་མེད་སྟབས་བྱུང་བ་རེད་བཤད་ན་ཧམ་པ་ཆེན་པོ་མིན།
     
    རྒྱུ་མཚན་བཤད་ན་རང་སྲོག་ཤོར་གྱི་ཡོད། ཁྱེད་རྒྱུ་མཚན་ཤོད་མཁན་དེ་མིན་པར་གཞན་རྒྱུ་མཚན་ཤོད་མཁན་གྱི་སྲོག་འཕྲོག་མཁན་དེ་ཡིན་པ་ཏོག་ཙམ་ཧ་གོ་སོང་། ཐུགས་རྗེ་ཆེ། ང་རང་གི་ཕ་ཡུལ་གཉིས་པ་འདིས་བདེན་པར་རྩི་མཐོང་བྱེད་ཀྱི་ཡོད་ཙང་ཕ་ཡུལ་འདིར་ཤིན་དུ་དགའ་པོ་ཡོད། བདེན་པའི་ཆེད་དུ་དྭོགས་གཞི་འགའ་སྟོན་ཡོད་པ་འདི་ཁྱེད་ཀྱི་བློ་ལ་མ་འགྲོ་ན་འདིར་མ་ཕེབས་ན་ལེགས། ཁ་བརྡའི་དྲ་རྒྱར་འདིར་སྡིག་མོ་དང་འཇིགས་སྐུལ་འགྲོ་ས་མེད། བདེན་པ་ཁོ་ན་་་་་ལས།

  8. སྟག་སྨྱོན། says:
    2008-07-28 at 5:18 pm

    དགེ་ཆོས་བཞག་པའི་བསྟན་བཅོས་དེ་ཙམ་ཡོད་བཞིན་དུ་ཁོང་ཅི་ཡང་མི་ཤེས་མཁན་ཁྱེད་རང་འདྲ་བོ་ཞིག་ཡིན་པར་དོགས་འདྲི་བྱེད་ཁུལ་བྱེད་པ་ནི་ཀློག་སྤྱད་ཀྱི་མིག་མེད་པ་མིན་འགྲོ། དགེ་ཆོས་མ་མཇལ་བ་ང་གཉིས་འདྲ་འདྲ་ཡིན་སྲིད། འོན་ཀྱང་གསུངས་རྩོམ་ལ་ལྟོས་དང་། མ་གཞི་རྒྱ་བོད་འབྲུག་གསུམ་གྱི་མི་ཆེན་དང་དཔོན་ཆེན་ཚོས་ཐ་ན་དགེ་ཆོས་ཀྱི་རྩོམ་ཡིག་ཤོ་ལོ་གཅིག་ཡིན་ཡང་བོར་བརླག་དུ་མ་བཏང་བར་ད་དུང་ཉར་ཚགས་བྱས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོང་གི་གསུངས་ཚིག་ཉར་མཁན་འདི་ཚོ་མི་དྲག་སྐུ་དྲག་མི་དཀྱུས་མ་ཞིག་ལ་ཁ་ཙམ་ཡང་གྲགས་མི་སྲིད་པའི་ཁྲེངས་ཅན། མིའི་སྒལ་བར་སྤོས་ནས་རྟ་ཞོན་མཁན་ཤ་སྟག་ཡིན་ཡང། ཁོང་ཚོས་སྤྲང་མདོག་ཅན་དགེ་ཆོས་རྟ་ཞོན་སྤྱད་ཀྱི་སྟེགས་བུ་མ་བྱས་པར། ཁོང་དང་མཇལ་ནས་དགའ་དགའ་དུང་དུང་བྱེད་དོན་ཅི་ཡིན་ནམ། དེ་ལྟར་བསམ་ཚེ་ཁྱེད་ནི་བྱིས་པ་བསམ་མེད་ཅིག་གམ་ཡང་དགེ་ཆོས་ཀྱི་སྐུ་སྲོག་འཕྲོག་མཁན་གྱི་ཁྲག་རྒྱུད་ཐ་མ་ཞིག་ཡིན་སྲིད་བསམ་སོང་། སྐུ་སྲོག་འཕྲོག་གསུང་རྩོ་བརྐུས་པའི་མ་ཚད། ད་དུང་རྣམ་ཤེས་ལའང་བརྙས་བཅོས་བྱེད་ཀྱི་འདུག་བསམ་ནས་ཆེད་དུ་བྲིས་པ་ཡིན། དགེ་ཆོས་ལ་སྨད་པས་ང་ལ་ཅི་གནོད། འོན་ཀྱང་གླེན་རྟགས་གམ་མིག་མཐོང་ལག་ཟིན་གྱི་དོན་དངོས་ལ་ཚད་ལས་བརྒལ་བའི་རྒྱབ་འགལ་བཤད་ན། སླར་ཡང་རྒྱུ་མཚན་བཤད་ནས་གོ་བརྡ་འཕྲོད་རྒྱུ་རེ་བ་སྐྱེ་སྲིད་དམ། གཅིག་བྱས་ན་ཁྱེད་ཤེས་རིག་གོམ་ཁ་དང་པ་སྤོ་བཞིན་པའི་བྱིས་པ་ཞིག་ཡིན་སྲིད་པས་སྤྲོ་མ་ལངས་རོགས།

  9. གངས་ཕྲུག says:
    2008-07-30 at 3:55 pm

    སྟག་ཕྲུག

    ཁྱོད་ཀྱི་དགེ་ཆོས་ལ་རྨོངས་དད་ཀྱི་ཐོག་ནས་སྲུང་སྐྱོབ་བྱས་པ་འདི་དགེ་ཆོས་ཀྱི་ཞབས་འདྲེན་དུ་འགྲོ་བཞིན་འདུག་པས་ཁོ་པས་ཁྱོད་ཀྱི་གླེན་པའི་ལྐུགས་རྟགས་འདིར་འགྲམ་ལྕག་གཅིག་ཞུས་ནས་ཐོམ་སང་ཐུབ་པའི་རེ་བ་བྱས་པ་ཡིན། ད་ངས་ཁྱོད་ལ་འགྲམ་ལྕག་གཉིས་པ་ཞིག་ཞུ་དགོས་ཐུག་སོང་།

    གསུངས་རྩོམ་མང་པོ་ཡོད་པས་ཅི་བྱེད། ཁྱོད་གྲངས་ལ་དགའ་གི་འདུག་ན། གླེན་པ་ཁྱེད། དཔེར་ན་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུངས་རྩོམ་དགེ་ཆོས་ལས་མང་བ་རེད། བྱས་ན་ཁྱོད་གྲངས་ལ་དགའ་མཁན་གྱི་མི་ཡིན་སྟབས་དགེ་ཆོས་སྐྷྱུར་ནས་བོ་དོང་གི་རྐུབ་ལ་རྒྱུག་ན་མི་ལེགས་སམ།

    དགེ་ཆོས་ལ་སྐུ་དྲག་ཁ་ཤས་ཀྱིས་དད་པ་བྱས་པར་ཁྱོད་ཧ་ལས་ན་ཁྱེད་ཁྲོན་པའི་ནང་གི་སྦལ་པ་ལས་མ་འདས། དཔེར་ན་སྐུ་དྲག་ཚོས་དེ་སྔོན་དོལ་རྒྱལ་ལྷ་ལ་བསྟེན་གྱི་ཡོད། ད་བྱས་ན་དོལ་རྒྱལ་འདི་ཕྱག་འབུལ་ཡུལ་རེད་དམ། 

    མ་གཞི་ནས་དགེ་ཆོས་ཀྱིས་ཆོས་དང་རྒྱ་གར་སྤྱི་ཚོགས་སྐོར་ལ་དེབ་རེ་གཉིས་ཞིག་འབྲིས་པར་ཁྱོད་ཧ་ལས་ནས་བསྡྡད་དགོས་ཀྱི་ཡོད་ན་ཁྱོད་མཁས་པ་ངོ་མ་ཞིག་ད་ལྟ་ཐུག་མེད་པའི་རྟགས་རེད། ཁྱོད་ནག་ཁུང་གི་ཁྲོན་པ་དེ་ནས་འདོན་ནས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིར་ཡག་པོ་བྱས་ལྟོས་དང་། ད་ཟོད་ཁྱོད་ངས་གང་བཤད་ཀྱི་ཡོད་པ་དེ་རྟོགས་ཐུབ། དགེ་ཆོས་ཀྱི་ལྟ་བ་དང་འདུ་ཤེས་མང་པོ་ཞིག་རྒྱ་གར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྗེས་བྲངས་པ་ར་ཧུལ་དང་། ཨུ་རུ་སུའི་གསར་རྗེའི་མྱུལ་མ་ཇོར་ཇེ་ཟེར་བ་དེའི་ཚོའི་ལད་མོ་རེད། ཁྱོད་ཡིད་མ་ཆེས་ན་ཁོང་ཚོའི་དཔེ་ཆ་ལྟོས་དང་གཞི་ནས་ངས་གང་བཤད་ཀྱི་ཡོད་པ་དེ་ཤེས་ཐུབ།

  10. མགོན་པོ་ཕྱག་གཉིས་པ། says:
    2008-07-30 at 4:27 pm

    དགེ་འདུན་ཆོས་འཕེལ་སུའི་རྗེས་འབྲང་པ་ཡིན་མིན་དེ་གལ་ཆེན་པོ་མ་རེད། གལ་ཆེ་ཤོས་དེ་ད་བར་ཁོང་ནས་བྲིས་བཞག་པ་དེ་ཚོ་ལས་གང་ཞིག་བདེན་པ་ཡིན་པ་དང་གང་ཞིག་བདེན་པ་མིན་པ། གང་ཞིག་ང་ཚོས་ལེན་འོས་པ་དང་གང་ཞིག་ལེན་མི་འོས་པ་དེ་རེད།

  11. Rabjor says:
    2008-07-30 at 11:50 pm

    ཆེད་དུ་བརྗོད་པའི་ཚོམས་ཟེར་བ་དེ་སངས་རྒྱས་ཀྱི་གསུང་ཐོར་བུ་རྣམས་དགྲ་བཅོམ་པ་ཆོས་སྐྱོབ་ཟེར་བ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིགས་ལ་ཟེར་གྱི་ཡོད་པ་རེད། གོང་དུ་ཤེས་རབ་ལགས་ཀྱིས་དགེ་འདུན་ཆོས་་འཕེལ་གྱིས་བསྒྱུར་བའི་ཆོས་ཀྱི་ཚིགས་སུ་བཅད་པ་དེ་ཆེད་དུ་བརྗོད་པའི་ཚོམས་ཡིན་ཚུལ་གསུངས་ཡོད་པ་དེ་ཆེད་དུ་བརྗོད་པའི་ཚོམས་ཡོངས་རྫོགས་རེད་དམ་ཡང་ན་དེའི་ཆ་ཤས་འགའ་རེ་ཡིན་གྱི་ཡོད་པ་རེད། ཤེས་རབ་ལགས་ནས་དེ་་གཉིས་གཅིག་ཡིན་པའི་ར་སྤྲོད་ཀྱི་དོན་དངོས་རེ་ཟུང་རེ་བགྲང་རོགས། ངས་ཆེད་དུ་བརྗོད་པའི་ཚོམས་ཟེར་བ་གོ་མྱོང་། ཀློག་མ་མྱོང་།

    དེང་སང་ལེགས་སྦྱར་སྐད་མཁྱེན་པའི་མཁས་དབང་ཁ་ཤས་ཀྱིས། སྔོན་མ་ལེགས་སྦྱར་སྐད་ནས་བོད་སྐད་ལ་བསྒྱུར་བ་རྣམས་ཀྱི་འགྱུར་སྤུས་དག་ཡིན་སྟབས་ཀྱིས། བོད་སྐད་ནས་སླར་ལེགས་སྦྱར་སྐད་ལ་བསྒྱུར་ན་སྒྲ་ཟུར་ཙམ་ཡང་མ་ཉམས་པར་ལེགས་སྦྱར་གྱི་མ་རྩོམ་སླར་གསོ་བྱེད་ཐུབ་ཅེས་བཤད་མཁན་གྱིས་རློམ་སེམས་ཀྱིས་བཤད་ཅིང་། ཉན་མཁན་རྣམས་ཀྱིས་དད་པས་ཉན་བཞིན་ཡོད། འདི་ལ་ར་སྤྲོད་ཇི་ལྟར་བྱས་ཡོད་ཚུལ་སུ་ལ་གསུང་རྒྱུ་ཡོད་དམ།
    ལེགས་སྦྱར་ནས་བོད་སྐད་ལ་བསྒྱུར་་བའི་གསུང་རབ་ཅིག་སླར་ལེགསསྦྱར་སྐད་ལ་སླར་གསོ་བྱས་རྗེས་སྔོན་མའི་ལེགས་སྦྱར་སྐད་ཀྱི་མ་རྩོམ་རྙེད་ཅིང་། དེ་གཉིས་གཤིབ་བསྡུར་བྱས་ནས་སྡོམ་ཚིག་དེ་ཐོན་པ་ཡིན་ནམ། ཡང་ན་དེང་སང་འཚོ་བའི་རྒྱ་གར་རང་གི་མི་ལེགས་སྦྱར་ལ་མཁས་པ་ཞིག་་གིས་སྡོམ་ཚིག་དེ་བཞག་པ་རེད། ཐབས་ལམ་སྔ་མ་ནི་ར་སྤྲོད་རྣལ་མ་དེ་ཡིན། ཕྱི་མ་ནི་དེ་འདྲའི་རྣལ་མ་ཞིག་ཡིན་པའི་ངེས་པ་མེད། རྒྱ་གར་མཁས་པ་དེས་་བོད་པའི་རློམ་སེམས་ལ་མི་གནོད་ཆེད་དུ་ཡང་དེ་ལྟར་བཤད་སྲིད་་པ་ཞིག་རེད།

    དགེ་འདུན་ཆོས་འཕེལ་གྱིས་ཆོས་ཀྱི་ཚིགས་སུ་བཅད་པ་ནི་པ་ལི་ཡི་སྐད་ནས་སམ་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བ་རེད། ངའི་དྲན་སྣང་ཞིག་ལ་པ་ལིའི་སྐད་ནས་བསྒྱུར་བ་འདྲ་ཞིག་འདུག ཝ་ར་ན་སི་ཡི་སློབ་གྲྭས་པ་ལིའི་སྐད་འགྱུར་བའི་ཆོས་ཀྱི་ཚིགས་སུ་བཅད་པ་དེ་་སླར་ལེགས་སྦྱར་སྐད་དུ་བསྒྱུར་ན་ཅུང་ཙམ་མ་འདྲ་བ་ཞིག་ཡོང་གི་ཡོད་ཀྱི་རེད། མ་གཞི་ཝར་ཎས་ཆོས་ཀྱི་ཚིགས་སུ་བཅད་པ་དེ་ལེགས་སྦྱར་སྐད་དུ་བསྒྱུར་ཡོད་དམ།

  12. Dorji tashi says:
    2021-07-01 at 3:46 pm

    འབྲུག་གི་ས་གནས་ཟུར་ཞིག་ཏུ་ སློབ་དཔོན་ཚོང་ཚོང་མ་ཞེས་པའི་གདན་ས་སྙིང་པ་ སེར་དམ་རྩེའི་དགོན་པ་ཞེས་པ་ཞིག་འདུག འོན་ཀྱང་སློབ་དཔོན་ཁོང་གི་སྐོར་ཤེས་མཁན་མི་འདུག་པས་ གང་ཉིད་ནས་དེའི་སྐོར་མཁྱེན་གསལ་ཆེ་བར་འདྲ། བརྩེ་བས་གཟིགས་ཐུབ་པར་ཞུ། མིན་ཀྱང་འབྲེལ་བ་བྱས་ས་འདྲ་ཡོད་ནའང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme