Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།

Posted on 2012-07-16 By རེབ་གོང་བཀྲ་ཤིས། 10 Comments on ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།

ཉན་ཤུལ་མཁྱེན་རབ་འོད་གསལ།
འཛམ་གླིང་འགྱུར་བ་ནམ་མཁའི་གློག་ལྟར་མྱུར། །བོད་མིའི་བསམ་པ་རི་བོ་བཞིན་དུ་བརྟན། །འགྱུར་བའི་རང་བཞིན་བཟློག་མེད་ཆོས་ཉིད་དུ། །མ་རྟོགས་བོད་མིའི་གྱོང་རྒུད་བསམ་མི་ཁྱབ། །འཇིག་རྟེན་འགྱུར་བ་དུས་བཞིའི་འགྲོས་དང་མཚུངས། །དེ་ལ་ཡ་མཚན་སྐྱེ་བའི་གནས་མེད་ཀྱང་། །རང་ཡུལ་ཀུན་གྱི་རྗེས་སུ་ལུས་པ་དེ། །མ་རྟོགས་སྙིང་གི་ནད་ལ་སངས་དུས་མེད། །སྐྱེ་བོ་ཕལ་ཆེར་སྙན་ཚིག་གཏམ་ལ་དགའ། །བོད་མི་ཕལ་ཆེར་སྒྲོ་བཏགས་གཏམ་ལ་དགའ། །དཔྱོད་ལྡན་རྒན་པོ་དངོས་མའི་གཏམ་ལ་དགའ། །བྱིས་པ་ཆུང་སུ་སྒྲུང་གཏམ་ཉན་ལ་དགའ། །ཤ་མེད་རུས་གོང་དཀར་པོ་དེ། །ཐོབ་རེ་ཤོར་གྱིས་དོགས་པ་ཡིས། །ལོ་སྟོང་འདས་པའི་ཁྱི་འཛིང་དེས། །གཡོན་ཅན་སྙིང་ལ་དགའ་བ་སྟེར། །རེ་འགའ་འཛུམ་པའི་མདངས་སྟོན་ཞིང་། །རེ་འགའ་ཁྲོ་བའི་སྡང་མིག་ལྟ། །གཡོན་ཅན་གཅིག་ཏུ་མ་ངེས་པའི། །མིག་འཕྲུལ་རྙིང་བ་དུས་ལས་ཡོལ། །མཐོང་དང་ཐོས་པའི་རྒྱ་ཁྱོན་རང་ཡུལ་ཙམ། །ཕུགས་ཀྱི་བསམ་པ་ཧྲིལ་པོ་སྒེར་གྱི་དོན། །ཁ་ནས་བཤད་ཚད་སེམས་ཅན་ཀུན་གྱི་དོན། །འགྱུར་བ་ཐམས་ཅད་དུས་ངན་རྟགས་སུ་འདོད། །མི་གང་དགའ་བའི་དངོས་པོ་གང་ཡིན་པ། །དེ་ཡིས་དེ་ཉིད་དབང་དུ་མ་འདུས་མེད། །རེ་ཞིག་རང་འདོད་བཞིན་དུ་སྒྲུབ་པ་ཡི། །གཡོན་ཅན་ལས་ལ་མགོ་བོ་མ་འཁོར་ཞིག །བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་། །དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་མི་ཆོས་གཉིས། །མི་མཐུན་ཟུང་དུ་སྦྲེལ་བའི་བྱ་བ་དེ། །མེ་ཆུ་སྣོད་གཅིག་བཞག་དང་ཁྱད་ཅི་མཆིས། །སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང་། །ཕ་མས་བསླབས་པའི་རང་སྐད་དོར་བ་འདི། །མ་འོངས་རིགས་ཀྱི་སྲོག་རྩ་ཕྲ་མོ་དེ། །འཆད་པའི་སྔ་ལྟས་ཡིན་པ་ཤེས་པར་གྱིས། །བོད་མི་ཕལ་ཆེར་གཤིས་དྲང་དཔའ་ངར་ལྡན། །ཐོག་མར་གཤིབ་དཀའ་འདྲིས་ན་ཨ་གསར་ཆུང་། །ལས་འབྲས་བརྩི་ཞིང་དམན་ལ་སྙིང་རྗེ་ཆེ། །ལྷག་པར་ཆོས་ལ་སྙིང་ནས་དད་ཞེན་ཆེ། །རེ་བ་སྟོང་པས་རང་མགོ་བསྐོར་བ་དང་། །སྲིད་ཀྱི་རང་མདོག་ཆོས་ཀྱིས་ཁ་བསྒྱུར་ཏེ། །མགོ་བོ་བསྐོར་བ་གྲངས་ཀྱིས་ག་ལ་ཆོད། །དེས་ན་ལོ་སྟོང་རིང་གི་ཉམས་མྱོང་རྣམས། །ཁ་ཙམ་མིན་པར་སེམས་ལ་ལེགས་བཞག་སྟེ། །རུས་དཀར་བདུད་མོའི་སྤྲུལ་བསྒྱུར་ཟློས་གར་ལ། །ཐང་ཟན་བཞིན་དུ་མགོ་བོ་མ་འཁོར་ཅིག །སེམས་ཀྱི་འཆར་སྒོ་གཅིག་ཏུ་མི་མཐུན་ཀྱང་། །གཞན་གྱིས་བཤད་པར་མ་རེད་བརྗོད་པ་ལས། །གང་བཤད་རེད་ཅེས་བརྗོད་པ་ཤིན་ཏུ་སྙན། །རང་གི་འདོད་པ་རང་གི་སེམས་ལ་ཞོག །དམ་པའི་ཆོས་སྒོར་ཞུགས་པའི་ཉིང་དགོས་ནི། །རང་གཞན་ཐར་ལམ་འཚོལ་བ་ཁོ་ནའི་དོན། །ཆོས་བརྒྱད་དང་དུ་ལེན་པ་སྲིད་ཀྱི་ལུགས། །དམ་པའི་ཆོས་དང་ཟུང་དུ་ཇི་ལྟར་སྦྲེལ། །ཕ་ཡུལ་ཕ་སྐད་བརྗེད་པའི་གོམས་གཤིས་དང་། །ཕ་མ་བཙོག་པར་ལྟ་བའི་འདུ་ཤེས་དང་། །རང་རིགས་རྒྱབ་ཏུ་བསྐྱུར་བའི་བསམ་པ་སྟེ། །འདི་གསུམ་འཛོམས་པ་ཕྱུགས་ཀྱི་རང་གཟུགས་ཡིན། །འཇིག་རྟེན་གསར་བཏོད་བྱས་པའི་བྱས་རྗེས་དང་། །གོ་ལ་བཙོག་པར་བཟོས་པའི་ཉེས་པ་གཉིས། །གང་ལ་མེད་པའི་བོད་མི་ཉམ་ཆུང་དག །དབེན་པའི་གནས་སུ་གདོད་མའི་འཚོ་བར་རོལ། །མི་གྲངས་རྫོགས་མཐའ་མེད་པའི་གཟི་བརྗིད་དང་། །སྐྱེ་རྒྱུན་འགོག་ལ་བརྩོན་པའི་བྲེལ་ཟིང་གཉིས། །གང་ལ་མེད་པའི་བོད་མི་གླེན་པ་དག །རང་སྣང་སྐྱིད་པའི་གཏམ་ལ་རང་མགོ་འཁོར། །དཔལ་འབྱོར་ཡར་རྒྱས་ཕྱིན་པའི་སྤྲོ་ཉམས་དང་། །ཡར་རྒྱས་ཚད་ལས་བརྒལ་བའི་ཉེན་ཁ་གཉིས། །གང་ལ་མེད་པའི་བོད་མི་དབུལ་པོ་དག །རེ་བའི་ངང་ནས་རང་གི་མི་ཚེ་སྐྱེལ། །བཟའ་བཏུང་རྒྱ་མཚོར་བཤོ་བའི་ཡོད་ཉམས་དང་། །གཅེར་བུར་སྲང་ལམ་ཉལ་བའི་སྐྱོ་ཉམས་གཉིས། །གང་ལ་མི་ལྡན་བོད་མི་བསམ་མེད་ཚོས། །རང་གི་ཡུལ་དུ་རང་འཐབ་རང་གསོད་བྱེད། །ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ཏུ་ཡོད། །ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། །ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་། །ཟུང་དུ་སྦྲེལ་བས་གཉིས་ཀའི་ནུས་པ་ཤོར། །བླ་བྲང་རྒྱུ་ནོར་འཛོམས་པ་དང་། །བླ་སྤྲུལ་སྐུ་ཤ་རྒྱས་པ་དང་། །གསང་ཡུམ་དབང་ཆེན་རྒྱན་དང་ལྡན། །བསྟན་པ་རྒྱས་པའི་རྟགས་ཡིན་ནམ། །བླ་བྲང་བྲག་ཕུག་སྟོང་པ་དང་། །མི་ལ་སྐུ་ཤ་རིད་པ་དང་། །རྒྱུ་ནོར་ཁོག་མ་གཟར་བུ་བཅས། །བསྟན་པ་རྣམ་དག་རྒྱས་པའི་རྟགས། །འཁོར་བ་རྒྱབ་ཏུ་བསྐྱུར་བའི་ཆོས་བྱེད་དང་། །འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་ཆོས་པ་གཉིས། །ཕྱི་ཚུལ་ཆོས་ཀྱི་གཟུགས་བརྙན་འདྲ་ན་ཡང་། །དོན་ལ་སྨན་དང་དུག་གི་ཁྱད་པར་ཙམ། །ཚེ་གང་དབེན་པའི་རི་སུལ་འགྲིམ་པ་ཡི། །ཆོས་པ་རྣམ་དག་སྲིད་པའི་རྒྱན་རབ་ཡིན། །འདུ་འཛིའི་ཁྲོད་ན་ཚོང་པ་དང་འདྲ་བའི། །ཆོས་པའི་གཟུགས་བརྙན་འབུམ་གྱིས་དོ་ཟླ་མིན། །ཐབས་མཁས་སྤྱོད་པས་གཞན་དོན་སྒྲུབ་པའི་ཚེ། །ལྟར་སྣང་ཆོས་པའི་གཟུགས་དང་མི་མཐུན་ཡང་། །འགྲོ་མང་བདེ་ལ་འགོད་པའི་རྒྱུ་ཡིན་ན། །ཉེས་པ་མེད་པར་འགྲོ་བ་འདྲེན་པས་གསུངས། །དངོས་པོའི་འཚོ་བ་ཕྱི་ཡི་བདེ་སྐྱིད་ཙམ། །དོན་དམ་བདེ་བ་རང་སེམས་སྐྱིད་པ་ཡིན། །བདེ་སྐྱིད་སེམས་ཀྱི་རྩ་བ་རང་དབང་སྟེ། །དེས་ན་རང་དབང་རིན་ཐང་གཞལ་དུ་མེད། །སྔོན་བསྐྱོད་རྗེས་ལུས་མིང་གི་ཐ་སྙད་གཉིས། །ཕན་ཚུན་ལྟོས་གྲུབ་ཡིན་གྱི་བདེན་གྲུབ་མིན། །ཡེ་ནས་སྔོན་བསྐྱོད་ཡིན་པའི་སྤྱི་ཚོགས་དང་། །གཏན་དུ་རྗེས་ལུས་ཡིན་པའང་ག་ལ་ཡོད། །ལྷག་བསམ་དག་པས་ཡིན་ནམ་མིན་ཡང་རུང་། །སྔོན་ཐོན་མཁན་གྱིས་རང་ལ་གཤེ་བའི་ཚེ། །དེ་ལ་རྒྱུ་མཚན་ཡོད་མེད་མི་དཔྱོད་པར། །འཕྲལ་དུ་ཁྲོ་བ་བླུན་པོའི་རང་རྟགས་ཡིན། །གལ་ཏེ་གཞན་གྱིས་རང་ལ་གང་སྨྲས་པའི། །མི་སྙན་གཏམ་དེ་སྨ་འབེབ་ཡིན་ཡང་རུང་། །རེ་ཞིག་དེ་ལ་ཁྲོ་བ་སྤང་བྱས་ཏེ། །རང་ཉིད་ཡོན་ཏན་ལྡན་ལ་བརྩོན་པར་མཛོད། །དྲང་པོ་མེས་པོའི་ཚངས་ཐིག་ཅེས་པ་ཞིག །གལ་ཏེ་ག་ཤེད་ཡོད་ན་དེ་ཙམ་ལས། །དེ་མིན་ས་གཞི་ཧྲིལ་པོ་འདི་ཡི་སྟེང་། །ལྷད་མེད་དྲང་བདེན་ཡོད་མེད་དཔྱད་པའི་ཡུལ། །གནམ་འོག་དབང་དུ་བསྡུ་བའི་ཧམ་སེམས་དང་། །འཛམ་གླིང་ཞི་བདེར་འབོད་པའི་ཁ་ཕོ་གཉིས། །གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་ཡིན་པས། །སུ་ལ་ཡིད་ཆེས་གང་ལ་བདེན་པར་འཛིན། །སློང་མོའི་ཟས་ཀྱིས་འཚོ་བའི་རང་དབང་དང། །ཅི་དགར་ལོངས་སུ་སྤྱོད་པའི་གཞན་དབང་གཉིས། །བདེ་བ་དམ་པ་གང་གི་ཐོག་ཏུ་གནས། །དཔྱོད་ལྡན་རྣམས་ཀྱིས་དོན་འདི་འཚོལ་བར་རིགས། །སྣང་ཚུལ་སྒྱུ་མའི་སྤྲུལ་པ་སྣ་ཚོགས་ཀྱང་། །གནས་ཚུལ་རྟོགས་པས་མགོ་བོ་མི་འཁོར་ཞིང་། །རིགས་ཀྱི་བསམ་པ་རང་གི་སྲོག་ལྟར་གཅེས། །དེ་འདྲའི་བོད་གཞོན་བོད་ཡུལ་ཀུན་ཏུ་ཁྱབ། །འོན་ཀྱང་གསེར་གྱི་ནང་དུ་བྱེ་མ་ལྟར། །མདོ་མེད་མགོ་སྟོང་བོད་ཀྱི་གཞོན་ནུ་འགས། །ཉིན་མཚན་བར་མེད་མྱོས་བྱེད་ཆང་ལ་རོལ། །ཁ་ནས་སྟོང་པའི་གཏམ་གྱི་འུར་སྒྲ་སྒྲོག །ལག་གི་ཁུ་ཚུར་ཕྱི་ནང་ཀུན་ལ་ཕྱར། །མཚན་མོ་ཁྱི་རྒན་བཞིན་དུ་ཀུན་ཏུ་རྒྱུ། །དེ་འདྲའི་གཞོན་ནུ་བོད་ཀྱི་ཞབས་འདྲེན་ཡིན། །སྔོན་ཆད་རེ་ཞིག་བག་མེད་དབང་གྱུར་ཀྱང་། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་གང་། །ཟླ་བ་སྤྲིན་དང་བྲལ་བར་མཚུངས་སོ་ཞེས། །ཀླུ་ཡི་དབང་པོས་གསུངས་པ་ཐུགས་ལ་ཆོངས།

ཉན་ཤུལ་མཁྱེན་རབ་འོད་གསལ་ནི་མདོ་ཁམས་མི་ཉག་རབ་སྒང་གི་ས་ཡི་ཆར་ ༡༩༢༥ ལོར་འཁྲུངས། དགུང་ན་ཕྲ་སྐབས་ནས་རང་གི་ཡབ་དམ་པ་དང་། གཅེན་པོ་དཀོན་མཆོག་རྣམ་རྒྱལ་གཉིས་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་ གཉིས་ལ་བྱང་ཆུབ་པར་སྦྱངས་རྗེས་རྫོགས་ཆེན་བཤད་གྲྭ་རུ་གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེར་གནང་། ༡༩༤༦ ལོར་ལྷ་སར་ཕེབས་ཏེ་བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་དུ་ ༡༩༥༩ ལོ་བར་དུ་ཕྱག་ལས་གནང་བཞིན་བཞུགས། དུས་ཕྱིས་སུ་ཀྲུང་དབྱང་མི་རིགས་ སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ དར་མདོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཀྱིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་འཆད་་ཁྲིད་ཀྱི་ཕྱག་ལས་ཡུན་རིང་གནང་། དེ་དང་དུས་མཚུངས་སུ ༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽རྩོམ་སྒྲིག་གི་གཙོ་གྲས་སུ་བཞུགས་ཤིང་། ༼སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ༽དང་། ༼ རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ ༽ ༼ བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ༽ ༼མགར་བའི་རིགས་རྒྱུད་ལ་དཔྱད་པ༽ ༼གཞོན་ནུའི་སྲོག་སྐྱོབ་བདུད་རྩིའི་ཐིགས་པ༽ ༼གངས་ཅན་ཀུན་བཟོད་སྒེག་མོའི་བཞད་སྒྲ༽སོགས་གསུང་ རྩོམ་དུ་མ་བརྩམས་མཐར་ ༡༩༩༧ ལོར་སྐུ་ཞི་བར་གཤེགས་ཡོད། ཁོང་ནི་བོད་ཀྱི་བརྡ་སྤྲོད་རིག་པ་བ་དང་། བསམ་བློ་བ། ལོ་རྒྱུས་སྨྲ་བ་བོ། སློབ་གསོ་བ་བཅས་ཐད་ནས་མིག་དཔེར་འོས་པ་ཞིག་ཡིན་ཞིང་། ཁྱད་པར་དུ་བོད་ཀྱི་སྐད་ཡིག་དང་། སྤྱི་སྐད་ཐད་ལ་ཕྱག་ལས་ཤུགས་ཆེན་གནང་་མཁན་ཞིག་ཡིན།

སྣ་ཚོགས།

Post navigation

Previous Post: རང་བཙན་པ་འཇམ་ནོར་ལ་དཔའ་མཛངས་ཀྱི་ཆོ་ལོ་སྤྲོད།
Next Post: ང་དང་རྒན།

Comments (10) on “ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།”

  1. ནུབ་ཕྱོགས་གངས་ཕྲུག་ says:
    2012-07-16 at 1:41 pm

    ཤོ་ལོ་ཀ་དང་པོ་དེ་དངོས་གནས་བོད་རིགས་ཚོ་བསམ་བློ་ངེས་པར་དུ་བཏང་དགོས། འཛམ་གླིང་འགྱུར་འགྲོས་དང་བསྟུན་ནས་ཆབ་སྲིད། ཚོང་། ལས་ཀ་སོགས་བརྗེ་བོ་རྒྱབ་་དགོས་པའི་རིགས་ལག་ལེན་བསྟར་དགོས།

  2. མེ་ཏོག་དཀར་པོ། says:
    2012-07-16 at 1:49 pm

    །བླ་བྲང་རྒྱུ་ནོར་འཛོམས་པ་དང་། །
    བླ་སྤྲུལ་སྐུ་ཤ་རྒྱས་པ་དང་། །
    གསང་ཡུམ་དབང་ཆེན་རྒྱན་དང་ལྡན། །
    བསྟན་པ་རྒྱས་པའི་རྟགས་ཡིན་ནམ། ཐུགས་མད།

  3. མེ་ཏོག་དཀར་པོ། says:
    2012-07-16 at 1:49 pm

    བླ་བྲང་རྒྱུ་ནོར་འཛོམས་པ་དང་། །
    བླ་སྤྲུལ་སྐུ་ཤ་རྒྱས་པ་དང་། །
    གསང་ཡུམ་དབང་ཆེན་རྒྱན་དང་ལྡན། །
    བསྟན་པ་རྒྱས་པའི་རྟགས་ཡིན་ནམ། ། ཞེས་པ་ནི་ཐུགས་མད།

  4. སྣྲོན་ངག་ཁྲི། says:
    2012-07-16 at 3:43 pm

    ༡ཉན་ཐོས་སྡེ་གཉིས་ནས་བཟུང་ཐལ་རང་བརྒྱུད། །

    ༢ཤུལ་རིང་ཀྱག་ཀྱོག་ལམ་ཆེན་འགྲིམས་ནས་སླར། །

    ༣མཁྱེན་པའི་འོད་རྣོན་ཞིག་གིས་གངས་ཅན་པར། །

    ༤རབ་དང་ཕུལ་དུ་བྱུང་བའི་བློ་གྲོས་དཔལ། །

    ༥འོད་ཀྱི་དཀྱིལ་འཁོར་རྒྱས་པའི་དངོས་གྲུབ་ཟུང་། །

    ༦གསལ་ལེར་སྦྱིན་འདི་རང་རེའི་ལོངས་སྤྱོད་མཆོག །

  5. བྱ་གླག་རྒོད་པོ་ says:
    2012-07-16 at 10:17 pm

    ཆོས་ཀྱི་དམིགས་ཡུལ་མཐར་ཐུག་ནི། །རང་ཉིད་ཐར་པ་འཐོབ་རྒྱུ་ཙམ། །
    མ་ཡིན་སེམས་དོན་བདེ་དོན་ཏེ། །མི་ཡི་བདེ་བའང་དེ་རུ་ཚུད། །
    དེས་ན་ཆོས་ལུགས་གསུང་མཁན་དང་། །ཉན་མཁན་ཕལ་ཆེར་མི་ཡིན་པས། །
    མི་ཡི་བདེ་དོན་བསྒྲུབ་པའི་ཆེད། །ཆོས་ལུགས་མཐའ་དག་གསུངས་པ་ཡིན། །
    དེ་བས་ཆོས་དང་འཇིག་རྟེན་ནི། །གཞི་རྩའི་ཆ་ནས་ག་ལ་འགལ། །
    ཡ་རབས་དྲི་ཙམ་མི་བྲོ་བ། །ཆོས་དང་འཇིག་རྟེན་གཉིས་ཀས་སྨད། །

  6. ལུང་རྟོགས། says:
    2012-07-17 at 4:03 am

    །སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང་། །ཕ་མས་བསླབས་པའི་རང་སྐད་དོར་བ་འདི། །མ་འོངས་རིགས་ཀྱི་སྲོག་རྩ་ཕྲ་མོ་དེ། །འཆད་པའི་སྔ་ལྟས་ཡིན་པ་ཤེས་པར་གྱིས། ཤིན་ཏུ་བདེན།

  7. ལུང་རྟོགས། says:
    2012-07-17 at 4:07 am

    ཕ་ཡུལ་ཕ་སྐད་བརྗེད་པའི་གོམས་གཤིས་དང་། །ཕ་མ་བཙོག་པར་ལྟ་བའི་འདུ་ཤེས་དང་། །རང་རིགས་རྒྱབ་ཏུ་བསྐྱུར་བའི་བསམ་པ་སྟེ། །འདི་གསུམ་འཛོམས་པ་ཕྱུགས་ཀྱི་རང་གཟུགས་ཡིན། འདི་ཡང་ཤིན་ཏུ་ལེགས།

  8. ལྷ་སྲས་ཐ་ཆུང་། says:
    2012-07-17 at 1:48 pm

    སྐྱེ་བོ་ཕལ་ཆེར་འདོད་སྲེད་གཏམ་ལ་དགའ།།
    བོད་མི་ཕལ་ཆེར་ཨ་རིའི་དངུལ་ལ་དགའ།།
    དཔྱོད་ལྡན་ཕལ་ཆེར་བདེན་དོན་འཚོལ་བར་དགའ།།
    སློབ་མ་ཕལ་ཆེར་ཆང་དང་ཤོ་ལ་དགའ།།

  9. རྣ་བ་བརྒྱད་པ། says:
    2012-07-19 at 12:43 am

    ཡང་བའི་རྩ་ཐང་སྟེང་གི་ཕོ་རྒོད་འགའ། རང་ལུས་འདི་ཡང་ཕྱི་བདེའི་ཆེད་དུ་བཏང། འབའ་འབུ་ཉ་ཉོག་ཟ་བའི་གཞུང་ཞབས་འགའ། ཕྱི་བཏང་རང་དོན་ཚོལ་ཕྱིར་ཨ་རིར་བསྐྱོད། དགྲ་བོའི་ལྐོག་རྔན་ཟ་བའི་ནང་རལ་འགའ། ཧུ་ཡི་ལས་དོན་ཚོལ་ཕྱིར་འཇོན་འདོག་གི། མང་མང་ཕྱི་ཚོགས་ཁྲོད་ནས་སྔོན་དུ་རྒྱུགས།

  10. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-07-23 at 2:46 pm

    བོད་གངས་ཅན་པ་ལ་བཀའ་དྲིན་ཆེན་མོ་མཁྱེན་རབ་འོད་གསལ་ངའི་ནམ་ཡང་ཁྱེད་བརྗེད་མེད་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme