Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་པ་འཇམ་ནོར་ལ་དཔའ་མཛངས་ཀྱི་ཆོ་ལོ་སྤྲོད།

Posted on 2012-07-16 By ཁ་བརྡ་ 38 Comments on རང་བཙན་པ་འཇམ་ནོར་ལ་དཔའ་མཛངས་ཀྱི་ཆོ་ལོ་སྤྲོད།

ནག་ཐར་སྐྱིད།

_དཔའ་མཛངས་ཅན་བདག་གིས་མཐོང་སོང་།

དང་པོ།

༼ང་ཚོས་གྲོས་མོལ་གྱི་སྒོ་ནས་བོད་ནང་འགྱུར་བ་བཟང་བོ་ཞིག་ཡོང་བར་འབད་བརྩོན་བྱས་བ་ཡིན། དེ་རིང་ངོས་ནས་བློ་ཕམ་ངང་བརྗོད་རྒྱུ་ཞིག་ལ་རང་རེའི་ཕ་ཡུལ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་ཁར། བོད་ཡུལ་འདི་མི་སེར་སྤེལ་ཡུལ་གྱི་གནས་སྟངས་འོག་ལྷུང་ཡོད།༽ཞེས་༧གོང་ས་མཆོག་གིས་པེ་ཅིན་གཞུང་ལ་དྲན་སྐུལ་ཡང་ཡང་བྱས་མྱོང་ནའང་རེ་འབྲས་གང་ཡང་བྱུང་མེད་པ་ལྟར། ཕྲན་གྱི་བསམ་བློའི་ཕུགས་ཞིག་ན་བོད་རྒྱ་མཉམ་གནས་སྒོས་རང་རང་སོ་སོའི་ཁྱད་ཆོས་བདག་གཅེས་བྱེད་རྒྱུར་དོགས་པ་ཇེ་ཆེ་དང་། ཚུལ་ཅི་ལྟར་དབུ་མའི་ལམ་གྱི་དགོངས་དོན་བཞིན་མི་རིགས་འདི་གཉིས་ཕྱོགས་སུ་མ་ལྷུང་བའི་ཞི་འཇགས་ཀྱི་འཚོ་བ་དེ་རོལ་རྒྱུར་རེ་བ་ཇེ་ཆུང་རེད།

མཉམ་འབྲེལ། མཉམ་ཕན། མཉམ་འཚོ་ཡི་ཆེད་དུ་མཐའ་གཉིས་སུ་མེད་པའི་དབུ་མའི་ལམ་གཞི་རྩར་བཞག ལན་བརྒྱ་ཆད་མཐུད་ཀྱིས་བོད་རྒྱ་ཞི་འགྲིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་རུང་། ལོ་རྒྱུས་ཁྲོད་ཀྱི་བཙན་དབང་ལམ་ལུགས་རྨང་གཞིར་བཏང་བའི་སྲིད་དབང་གཅིག་བསྒྱུར་ཚོགས་ཁག་ལྟར་ན། ཐོབ་གོ་ས་དང་རྒྱུ་འབྱོར་བ། མཚན་སྙན་གྲགས་སོགས་ཀྱི་སླད་དུ། རྒྱལ་ཁབ་ནས་མི་རིགས་མི་སྒེར་བར་བསམ་ཤེས་བྱེད་པ་འམ། གདུང་སེམས་མཉམ་བསྐྱེད་ཀྱི་སེམས་ཕྱོགས་འདི་རིགས། ལོ་རྒྱུས་ཀྱིས་དྲན་སྐུལ་འོག་བླངས་དོར་བྱེད་རྒྱུ་ལས་བྱམས་དང་གཞན་དོན་གཙོར་བཟུང་གིས་གཉིས་ཕན་གྱི་ལམ་ལུགས་ཤིག་གདམས་ཀ་ཆགས་མི་སྲིད།

རྒྱ་བོད་གཉིས་ཀྱི་འདས་ཟིན་པའི་གནས་བབ་ལ་ལའི་ཁྲོད་རང་རང་སོ་སོའི་སྲིད་དབང་སྲ་བརྟན་གཏོང་ཐབས་སུ། གཅིག་གྲོགས་གཅིག་བརྟེན་གྱིས་ཆོས་སྲིད་མཉམ་འབྲེལ་སྒོས་རང་ས་རང་བདག་དང་། གོ་ཐོབ་འདྲ་མཉམ་ཀྱི་ལམ་ལུགས་འགའ་རེ་མིག་དཔེར་བལྟ་འོས་བའི་སྐབས་ཀྱང་མཆིས་སྟེ། ཡིད་སྐྱོ་བ་ཞིག་ལ་སྲིད་དབང་གཅིག་བསྡུད་མི་རིགས་ཆེན་པའི་བསམ་ཕྱོགས་ཁྲོད། དབོན་ཞང་མཛའ་འབྲེལ་དང་ཆོས་སྲིད་མཉམ་སྦྲེལ་ལྟ་བུའི་ལམ་ལུགས་ཀྱི་རྒྱུན་སྲིང་དཀའ་བ་དང་ཕུགས་བརྟན་པོ་མེད་ཚུལ་གསལ་བོ་ཆགས་ཚར་བ་རེད། འཇིག་རྟེན་སྲིད་པའི་བདེ་སྡུག་འདི་འཛམ་གླིང་སྲིད་དོན་པའི་ཁྲོད་ལ་ཐུམ་འགྲོ་བ་འདི་ལྟར། གདོད་མ་ཉིད་ནས་འཇགས་པའི་རྒྱ་རིགས་ཆེན་པོའི་སེམས་རྒྱུད་ན་མང་བོའི་གྲལ་ནས་རང་ཉིད་འབུར་གཟུགས་སུ་ཐོན་ཐབས་མ་བྱུང་ཚེ། རང་ཉིད་ལས་གཞན་སུ་ཡིན་རུང་སེམས་གཏད་དེ་འདྲ་མཉམ་ཀྱི་སྐད་ཆ་བཤད་རྒྱུའི་ཡི་ག་མེད་ལ། རང་ཉིད་ཀྱི་ཁེ་དབང་ལ་གཞན་གྱིས་ཅི་ལྟར་ཐེ་གཏོགས་བྱས་ན་དེ་ལྟར་ལོ་རྒྱུས་ཁྲོད་བསྐྱར་ལོག་བརྒྱབ་ནས་ཐམས་ཅད་ལ་ཐེ་ཚོམ་ཟ་བ་ཡིན། ངས་འདི་ལྟར་བསམ་གཞིགས་ཀྱི་ཁྲོད་ནས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་གྱི་གཡོས་གཡོན་ལ་ཕྱིར་མིག་བལྟས་རྗེས། འཕྲུལ་ཆས་ཅན་གྱི་དམག་སྟོབས་འདིས་བོད་འབངས་ལ་འཇིགས་སྐུལ་ནས་གྲགས་མེད་འགུལ་མེད་དུ་བཟོ་ཐབས་མ་བྱུང་ན། གྱོང་གུད་དུ་བསམ་པའི་པེ་ཅིན་མཁར་གྱི་འབོད་སྒྲ་དེ་དྲན་སོས་བས་ཚོད་ཚོད་ལ་དངངས་འདར་བརྒྱབ་སོང་། པེ་ཅིན་མཁར་གྱི་གཞུང་འབངས་གཉིས་གླེང་སྟེགས་གཅིག་གི་སྒང་ལ་བུད་དེ་སྡངས་སེམས་གཅིག་མཚུངས་བསྟན་སོང་བར་བརྟེན། འདི་འདྲིའི་གཞུང་འབངས་ཞིག་ལ་འཐམ་འཁྱུད་ཀྱི་མཇུག་འབྲས་ཅི་ཞིག་འབྱུང་རྒྱུ་ཡིན་ནམ།

གཉིས་བ།

མི་ལོ་དུ་མའི་ལོ་རྒྱུས་གྱི་ཁུངས་བསྐྱེད་ཐུབ་པའི་རང་བཙན་རྒྱལ་ཁབ་ཞིག་ལ་ཆ་མཚོན་ན། ཉམས་རྒུད་ཀྱི་དུས་ནི་གདོང་གཏད་ནས་ཤི་འཐམས་རོ་འཐམས་རྒྱུའི་བྱ་བ་ཞིག་ཡིན་པ་ལས་ཨམ་ཚུགས་ཀློད་པས་ཐག་གཅོད་དཀའ་བ་ཞིག་རེད་དེ། ང་ཚོས་རང་མི་རིགས་ཀྱི་རིག་གཞུང་དང་འཁོར་ཡུག་ཉམས་རྒུད་ཀྱི་བློ་འཚབ་འོག་པེ་ཅིན་གཞུང་གི་དགོངས་བར་སྟབས་བསྟུན་དང་། མིའི་ལུང་བ་ནས་གནས་ཚང་འཁྱོལ་དཀའ་བའི་བསམ་གཞིགས་ཁྲོད་ལུང་བསྟུན་བྱེད་དགོས་བའི་གནས་བབ་འདི། ཛ་དྲགས་ནང་ལྟར་མྱུར་སྐྱོབས་བྱེད་ཐབས་ཤིག་ཡིན་པས་བསམ་ཤེས་བྱེད་མི་ཐུབ་པ་གང་ཡང་མེད།

འོན་ཀྱང་ཉེ་སྔོན་འདི་ནས་རྩོམ་པ་པོ་འཇམ་ནོར་ལགས་རང་བཙན་ཐད་བྲེལ་ཟིང་སྔོན་ལས་ཆེ་རུ་ཕྱིན། བོད་མི་རིགས་འདིའི་དབུགས་རྟ་རྔ་ཙམ་པོ་འདི་མུ་མཐུད་དུ་འཛམ་གླིང་ཟླུམ་པོ་འདི་སྒང་ནས་རྒྱུན་བསྲིངས་བར་རང་བཙན་སླར་གསོ་བྱེད་རྒྱུ་ཁོ་ན་མ་གཏོགས། ཐབས་ཟད་པའི་དགོངས་ཚུལ་འདོན་ཀྱིན་པ་འདི་ལྟར། འདས་བའི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་བའི་ཆགས་སྒོའི་ཐད་དོགས་པའི་བློ་བསྐྱེད་དེ་རྒྱ་བོད་མཉམ་གནས་ལ་དགག་སྒྲུབ་བྱེད་ལུགས་འདིས། ཁོ་བོའི་ལུས་སེམས་གཉིས་ཀྱི་ལྷུ་ལག་གཏོར་སོང་།

གཞེས་ལུས་ཡུལ་མི་དག་གིས་ཕ་མེས་བརྒྱུད་པའི་རིག་གཞུང་དང་ཀུན་སྤྱོད། འཁོར་ཡུག་འདོར་དཀའ་བའི་བསམ་གཞིགས་ཁྲོད། བཙན་དབང་དང་གདུག་རྩུབ་གྱི་གནས་སྟངས་འོག་འཚོ་ཞིང་། ཅི་ལྟར་རང་ཡུལ་རང་བདག་གི་འདུ་ཤེས་མཁྲེགས་ན་དེ་ལྟར་གྱིས་ཐོ་བས་འཇོམས་དགོས་བའི་བཀའ་རྒྱ་འོག་མནན་ནས་ཡོད། དུས་ད་ལྟ་འང་པེ་ཅིན་མཁར་ནས་ཐོན་པའི་ཇུས་འགོད་དག་ནི་མན་ཇུའི་རྒྱལ་ཁང་ནང་གི་བཀའ་ཡིག་བཞིན། ཧ་ཅང་གི་དབང་བཙན་ཞིང་རང་ཤེས་ཚ་བོ་ལྟར་བརྩི་སྲུང་བྱེད་རྒྱུ་ལས་འདྲ་མཉམ་གྱི་ཐོབ་ཐང་རྩོད་པ་ནི། གོང་མ་དང་རྒྱལ་བོའི་བཀའ་བཟློག་པའི་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཁ་བྲལ་པའི་ཉེས་ཁྲིམས་ཕོགས་འགྲོ་བ་འདི་བཞིན། པེ་ཅིན་གཞུང་གི་དབང་འཛིན་པ་ཚོ་མཚོན་ན་ལམ་ལུགས་འདི་རིགས་རྒྱལ་ཁབ་གྱི་བརྟན་སྲུང་དང་འབྲེལ་ཞིང་། ཅིས་ཀྱང་ལག་བསྟར་བྱེད་དགོས་བ་ལོ་རྒྱུས་ཁྲོད་ནས་ཐོབ་པའི་བསླབ་བྱ་ཞིག་ཡིན། དེར་བརྟེན་རང་བཙན་འཐབ་རྩོད་པ་འཇམ་ནོར་ལགས་བྲེད་ཤ་ལངས་ནས་སྙིང་རླུང་སྟོད་ལ་འཚངས། བོད་རྒྱ་མཉམ་གནས་ཡི་རྗེས་འབྲས་བོད་མི་རིགས་འདི་གྲོག་ཚང་ནང་གི་འབུ་སྲིན་བཞིན། ག་ལེར་འཛམ་གླིང་ཟླུམ་པོ་འདིའི་མིག་ལམ་ནས་མི་སྣང་བར་གྱུར་འགྲོ་བ་འདོད་པ་མིན་ནམ། རྒྱུ་རྐྱེན་འདི་རིགས་ཀྱི་དབང་གིས་རང་བཙན་པ་འཇམ་ནོར་ལགས་ཀྱི་གདོང་ནས་དཔའ་མཛངས་ཀྱི་ཉམས་ཤིག་བདག་གིས་མཐོང་སོང་།

རང་བཙན་པ་འཇམ་ནོར་ལགས་ཀྱིས་མི་རིགས་དབྱེ་འབྱེད་ཀྱི་བསམ་ཕྱོགས་མིན་ཚུལ་ཁ་གསལ་ཏེ། རྒྱ་ནག་གི་ལོ་རྒྱུས་གཞིར་བཟུང་གིས་དགོངས་བ་བཞེས་སྟངས་ཤིག་ལ། གཅིག་གིས་གཅིག་གི་གཉའ་མནན་ནས་ཐོབ་གོ་ས་རྩོད་ལེན་གྱི་ཁེ་གྲགས་དབང་ཐང་འདི་རྒྱ་ནག་སྤྱི་དང་ལོགས་སུ་དགར་རྒྱུ་མེད་པར་འདོད་ཐོག མན་ཇུའི་སྲིད་དབང་མཐའ་འཁྱོལ་དཀའ་བའི་རྒྱུ་རྐྱེན་བཙལ་ནས་ཕུང་དཀྲུགས་ཀྱི་ལས་བྱས་བ་གྲུབ་འབྲས་སྨིན་ཚུལ་བསྔོགས་འདོན་བྱེད་ཐུབ་ཡོད་པར་བརྟེན། སྲིད་དབང་ཞིག་མགོ་རྟིང་སློག་རྒྱུར་ཁྲེལ་གཞུང་བསམ་པའི་བློ་མིག་ཅི་ཡང་མིན་པར་ཧ་ལས་དགོས་དོན་གང་ཡང་ཡོད་པ་མ་རེད་ཟེར་བ་ལྟར། པེ་ཅིན་མཁར་གྱི་དབང་འཛིན་པ་ཚོ་མཚོན་ན་ཡང་བསམ་ཚུལ་འདི་རིགས་གཟབ་ནན་བྱེད་ས་དེ་ཡིན།

ད་དུང་རང་བཙན་པ་ཁོང་གིས་འུ་ཅག་གི་དམ་བཅའ་མ་ཤོར་བའི་ཡར་སྔོན་ལ། ཞི་འགྲིག་བྱེད་པར་གང་ཐུབ་ཀྱིས་པེ་ཅིན་གཞུང་སུན་པོ་བཟོ་ཐུབ་ཚོད་ཅིག་ཐབས་ཤེས་བྱེད་དགོས་བའི་དགོངས་པ་གཏིང་ཟབ་མོ་འདི། ལམ་སྟོན་དང་ཐབས་ཤེས་ཞིག་ཅི་ལ་མིན་ནམ། ཞོར་དུ་ཁོང་གིས་རང་གཞུང་ལ་ཆ་རྐྱེན་ཡོད་མེད་དང་འབྲེལ་ནས་བོད་ཀྱི་མ་དངུལ་དེ་ཞེ་དྲགས་ཕན་ཆེན་པོ་རེད་ཟེར།

བདག་གི་བསམ་སྣང་ལ་རྒྱལ་ཁབ་གང་ཞིག་ཡིན་རུང་།རང་ས་རང་ཡུལ་གྱི་བདག་དབང་དང་གོད་ཆགས་བསམ་པའི་དཔའ་མཛངས་ཅན་གྱི་སྐྱེས་བུ་དག་ནི། རང་བཙན་པ་ཁོང་བཞིན་ཅི་ལ་ཡང་མི་འཇིགས་ཞིང་གང་ལ་ཡང་གདོང་གཏད་ཐུབ་པའི་བློ་ལྡན་ཞིག་ཡིན་སྙམ།

གསུམ་པ།

བསམ་ཚུལ་འདི་ཙམ་གྱི་རང་བཙན་པ་ཁོང་གི་དཔའ་མཛངས་ཀྱི་རྣམ་པ་མཚོན་ཐབས་བྱས་བ་གཞན་གྱི་བློ་ཡིད་ཚིམས་དཀའ་བ་དང་།དཔའ་མཛངས་ཀྱི་ཆོ་ལོ་འདི་རང་བཙན་པ་ཡོངས་ཀྱིས་འདོད་ན་དེ་ཡང་རིན་མེད་དུ་སྤྲོད་འདོད་མེད་སྟབས། རིམ་གྱིས་ནུས་ཚོད་ཀྱིས་ཆོ་ལོ་འདིའི་རིན་འབབ་འཇམ་ནོར་གྱིས་རང་བཙན་སེམས་པའི་རུས་རྐང་ཁྲོད་ནས་བསྔོགས་ན་འགྲིག།

ནག་ཐར་སྐྱིད་ནས།

སྣ་ཚོགས།

Post navigation

Previous Post: དཔེ་དེབ་ངོ་སྤྲོད།
Next Post: ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།

Comments (38) on “རང་བཙན་པ་འཇམ་ནོར་ལ་དཔའ་མཛངས་ཀྱི་ཆོ་ལོ་སྤྲོད།”

  1. སྣྲོན་ངག་ཁྲི། says:
    2012-07-16 at 3:04 pm

    ༡འཇམ་དཔལ་༥ནག་པོའི་མཐུ་སྟོབས་ནུས་པའི་དཔུང་། །

    ༢དབྱངས་ཅན་མགྲིན་པར་རོལ་བའི་རྣམ་པར་༦ཐར། །

    ༣ནོར་གྱི་བློ་གྲོས་ངོས་སུ་ངོམས་པའི་དཔྱིད། །

    ༤བུ་རབས་ཚ་རྒྱུད་རྣམས་ཀྱི་ཡིད་དེ་༧སྐྱིད། །

    ཞེས་མཚན་ཟུང་ལྷན་དུ་སྦྲེལ་བའི་སྙན་ཚིག་དཔྱིད་གྱི་ཕོ་ཉའི་འགྱུར་འཁུག་གིས་མདུན་བསུས་ཏེ། ཁྱེད་ཀྱིས་བསྔགས་འོས་བསྔགས་པའི་བསྟོད་པ་ལ་རྗེས་སུ་ཡི་རངས་དང་བཅས་མུ་མཐུད་དེ་དགོངས་འཆར་ལྷུག་སྩོལ་ཡོང་པའི་སྨོན་འདུན་གྲངས་མེད་ཞུ། ཞུ།

  2. ཁ་བ་དཀར་པོ་ཕོ་གསར། says:
    2012-07-16 at 11:26 pm

    དེང་སང་དངོས་ཡོད་ཚུལ་མཁྱེམ་རྟོག་མེད་པའི་མི་འགའ་ཞིག་གི་འཇམ་དབྱངས་ནོར་བུ་ལགས་ལ་བོད་རང་བཙན་འཐབ་རྩོད་པ་ཟེར་ནས་མིང་རྫིག་པོ་གཅིག་བཏག་འདུག ངས་ཁོང་ལ་འཐབ་རྩོད་པ་ལ་ངོས་འཛིན་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་ཞུ་ན། རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཚར་དུས། དེ་འཐབ་རྩོད་པ་མ་རེད། བོད་དོན་རྒྱབ་སྐྱོར་བ་རང་རེད། རྒྱུ་མཚན་དང་པོ་དེ་ཡིན། གཅིག་ནས་ཁོ་རང་གི་ཨ་རིའི་ལ་སར་ཁང་རྒྱ་ཆེར་ཉོས་པ་གོ་ཐོས་འདུག ས་ཁང་ཉོས་བྱེད་ཀྱི་དངུལ་དེ་ཡོང་ཁོངས་ག་ནས་ཡིན་མིན་ཤེས་ཀྱི་ཡོད་དང་མེད། རྗེས་སུ་གསལ་པོ་ཆགས་ཀྱི་རེད། རྒྱུ་མཚན་གཉིས་པ་དེ་ཡིན།

  3. ཨ་རོགས་ཉི་མ། says:
    2012-07-17 at 12:31 am

    ཁ་བ་དཀར་པོ་ལགས། ས་ཁང་ཉོ་བྱེད་དངུལ་དེ་གང་ནས་ཡོང་གསལ་བཤད་གནང་རོགས། གལ་ཏེ་བཤད་ཡ་མེད་ན་དེ་འདྲ་མ་གསུངས་ན་ལེགས།

  4. ནག་ཐར་སྐྱིད། says:
    2012-07-17 at 12:31 am

    ཁ་བ་དཀར་བོ་ཕོ་གསར་ལགས།
    ༡ མ་གཞི་ནས་འདིར་འཇམ་ནོར་ལགས་ཀྱི་ཆ་རྐྱེན་གཙོར་བཟུང་ནས་འུར་བསྟོད་བྱས་བ་མིན། དེར་བརྟེན་འཇམ་ནོར་གྱིས་སར་ཁང་ཉོས་ཡོད་མེད་དེ་བདག་གིས་མཆུ་ཏོ་བྱེད་དགོས་རྒྱུ་མ་རེད། དེ་བཞིན་བོད་མི་མང་གི་྄ཤ་ཁྲག་འཇིབ་པའི་རྒྱུ་མཚན་འདྲེན་རྒྱུ་མེད་ན་ཕུང་དཀྲུགས་མ་རྒྱབ་ན་ཡག་གི་རེད།
    ༢འཇམ་ནོར་ཁོང་ལ་ཨ་རིའི་མི་སེར་གྱི་ཆ་རྐྱེན་ཚང་བར་བརྟེན། ཁོང་གི་དཀའ་ལས་གང་བརྒྱབ་པར་ནག་བསུབ་མ་གཏོང་། སེམས་གཏམ་ཡིན།

  5. ལོག་སྨྲ་ཚར་གཅོད། says:
    2012-07-17 at 12:55 am

    འཇམ་ནོར་ནི་རང་བཙན་འཐབ་རྩོད་པ་ཚད་ལྡན་ཅིག་རེད། ཁ་བ་དཀར་པོ་ཕོ་གསར་ཟེར་བ་འདིས་བཀོད་པའི་རྒྱུ་མཚན་གཉིས་ལ་ཁྱབ་པ་རྩ་ནས་མི་འདུག མི་རླབས་ཆེན་དེ་ཚོར་རྒྱུ་དངོས་དང་ལས་འགུལ་ཤུགས་ཆེན་གནང་སྐབས་སྟབས་བདེའི་ཆེད་གནས་སྐབས་ལག་ཁྱེར་འདྲ་མིན་བཟོས་པ་དེས་རང་གི་ཕུགས་བསམ་ངོ་མ་དེ་མཚོན་མི་ཐུབ། སྤྱིའི་ཆ་ནས་མི་རིགས་སྤྱིའི་བྱ་བཞག་དང་ཁྱིམ་ཚང་སྒེར་གྱི་ཚོར་བའི་གནས་བབས་གཉིས་གཅིག་ཏུ་སྤུངས་ན་མི་འགྲིག

  6. ཁ་བ་དཀར་པོ་ཕོ་གསར། says:
    2012-07-17 at 1:43 am

    ལོག་སྨྲ་ཚར་གཅོད་ལགས་ཁྱེད་རང་གི་དྲང་བདེན་ལ་ཁ་ཕྱོགས་ནས་ཞིབ་འཇུག་གཅིག་གནང་ན་དངོས་ཡོད་གནས་ཚུལ་ཧ་གོ་ཡི་རེད་མ་གཏོགས་ཕྱོགས་ལྷུང་དང་ཁྱོ་བཤད་བྱས་ན་བློན་པོ་ཆུ་སྣ་ག་འཁྲིད་རང་རེད།

  7. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-17 at 3:47 am

    ངས་ནི་སྐུ་ཞབས་འཇམ་དབྱངས་ནོར་བུ་ལ་རྒྱབ་སྐྱོར་གཙང་མ་ཡོད། །

  8. གནམ says:
    2012-07-17 at 4:16 am

    ཨ་ཅེ་ནག་ཐར་སྐྱིད། གཤམ་གྱི་གུག་རྟགས་ནང་གི་ཚིག་འདི་ཚོས་གོ་བ་ཞིག་སྟེར་མི་ཐུབ་པས། ས་ཆ་གང་ཞིག་གི་སྐད་ཡིག་འབྲི་ཁུལ་བྱེད་བཞིན་ཡོད་དམ། གསལ་བཤད་ཞིག་གནོང་དང་།

    མི་ལོ་དུ་མའི་ལོ་རྒྱུས་གྱི་(ཁུངས་བསྐྱེད)་ཐུབ་པའི་རང་བཙན་རྒྱལ་ཁབ་ཞིག་ལ་ཆ་མཚོན་ན། ཉམས་རྒུད་ཀྱི་དུས་ནི་གདོང་གཏད་ནས་(ཤི་འཐམས་རོ་འཐམས་རྒྱུའི)་བྱ་བ་ཞིག་ཡིན་པ་ལས་ཨམ་ཚུགས་ཀློད་པས་ཐག་གཅོད་དཀའ་བ་ཞིག་རེད་དེ།

  9. ཁ་བ་དཀར་པོ་ཕོ་གསར། says:
    2012-07-17 at 4:18 am

    རིག་པའི་རྡོ་རྗེ་ལགས་ཁྱེད་རང་གི་འཇམ་དབྱངས་ནོར་བུ་ལགས་ལ་རྒྱབ་སྐྱོར་གཙང་མ་ཡོད་ཟེར་བ་དེ་གང་གི་ཆེད་དུ་ཡིན་མེད་ལན་འདེབས་གསལ་པོ་གཅིག་གནང་རོག་ཞུ།

  10. གནམ says:
    2012-07-17 at 4:32 am

    དྲ་གྲོགས་ཚོ།
    སྲིད་འཛིན་བློ་བཟང་སེང་གེ་ཁོང་གི་གསུངས་ལྟར་ན་ང་ཚོས་རང་ཁ་རང་གསོ་སྲ་བརྟན་ཞིག་བཟོ་ཐུབ་ན་ཉིད་ཀྱི་དགོངས་པ་དང་བོད་མི་རིགས་ལ་ཕན་རབས་ཞིག་གི་བཀའ་སློབ་ཞིག་གནང་སོང་བས། རྒན་འཇམ་དབྱངས་ནོར་བུས་འཚོ་བ་ཡག་པོ་ཞིག་ལ་འབད་པ་བྱེད་བཞིན་ཡོད་ན་དེ་སྲིད་འཛིན་བློ་བཟང་སེང་གེ་མཆོག་གི་གསུངས་རྩིས་བ་མ་རེད་དམ། སུ་ཡིན་ན་ཡང་སྒོར་མོ་ཆ་རེ་ཡོད་ན་བཟང་ཡ།

  11. བཀྲིས་རྒྱམ says:
    2012-07-17 at 6:16 am

    ཁ་བ་དཀར་པོ་ལགས།
    ཁྱོད་ཀྱིས་བཤད་ས་དེ་ནོར་མསོང་བ་འདྲ། ཁང་པ་ཅན་དང་རྒྱུ་ནོར་མཛད་མཐའ་མེད་མཁན་དེ་རང་བཙན་བཤད་མཁན་གྱི་འཇམ་ནོར་མ་རེད། ལམ་དབུ་མར་འགྲོ་མཁན་གྱི་རྒྱ་རི་སོགས་རེད།

  12. ལྷ་སྲས་ཐ་ཆུང་། says:
    2012-07-17 at 7:16 am

    བོད་མི་རིགས་ཀྱི་བར་ལ་ཕུང་དཀྲུགས་བྱེད་གཏེ་བཀྲིས་རྒྱམ་གྱིས་བསམ་བློ་ཞིབ་ཏུ་གཏོང་རོགས་གནོང་། དབུ་མའི་ལམ་ལ་བསྐྱོད་མཁན་ཚོ་ཇི་ལྟར་རྒྱ་རིགས་ཡིན་ནམ། རྒྱ་རིགས་ཡིན་ཚད་བོད་ལ་སྡང་བ་ཡིན་ནམ། བོད་མི་རིིགས་ཀྱི་ལག་དམར་གཙོ་བོ་རྒྱ་དམར་གུང་ཁྲན་ཡིན་པ་ལས་རྒྱ་རིགས་མང་ཚོགས་ག་ལ་ཡིན།

  13. ཇོ་ཇོ། says:
    2012-07-17 at 7:22 am

    ཁ་བ་དཀར་པོའི་ཕོ་གསར། བློ་གཟུ་བོར་གནས་པའི་སྐད་ཆ་ཤོད། འཇམ་དབྱངས་ནོར་བུས་གསུངས་པའི་སྐད་ཆ་ཚང་མ་དང་བྱས་པའི་ལས་ཀ་ཚང་མར་ངས་རྒྱབ་སྐྱོར་ཞུ་གི་མེད་ཀྱང་། མི་རིགས་འདི་དང་རང་གི་ལུང་པའི་ཆེད་དཀའ་ལས་བརྒྱབ་དང་རྒྱག་བཞིན་པ་ང་ཚོས་དངོས་སུ་མཐོང་གི་འདུག་པས། གུས་བཀུར་དང་བརྩི་འཇོག་ཚད་མཐོ་ཞུ་གི་ཡོད། བློ་སེང་ལ་བཀའ་ཁྲི་ཐོབ་ཆེད་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་གྱིས་དགྲ་ཁ་གཏད་དུ་བརྩིས་ན། བཙན་བྱོལ་འདིའི་ནང་ཁྱོད་ལ་དགྲ་ཁྲི་ཕྲག་ཡོད། ཁྱོད་ཀྱིས་གདོང་ལེན་དཀའ་ཙམ་བྱས་མི་ཡོང་ངམ།

  14. ཇོ་ཇོ། says:
    2012-07-17 at 7:25 am

    ལྷ་སྲས་ཐ་ཆུང་། སྐུ་མཁྱེན། གསུང་མཁྱེན། ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་མ་ནོར་བ་དང་། རྒྱ་རི་དང་རྒྱ་རིགས་མ་ནོར་བ་གནང་རོགས།

  15. བློ་གྲོས་རྒྱ་མཚོ says:
    2012-07-17 at 7:25 am

    ༈་།འཇམ་ནོར་ལགས་ཀྱི་གནས་སྟངས་དང་རྒྱབ་ལྗོངས་ག་འདྲ་ཡིན་ངས་མི་ཤིས། འོན་ཀྱང་། ངེད་གཉིས་བསམ་རྒུ་གཅིག་སོང་།། །།

  16. ནག་ཐར་སྐྱིད། says:
    2012-07-17 at 7:48 am

    ཁ་བ་དཀར་བོ་ཕོ་གསར་ལགས། སྐུ་ཉིད་ཀྱི་དགོངས་བ་བཞེས་ཕྱོགས་ཐད་ལ་བསམ་ཚུལ་མང་ཙམ་ཐོན་འདུག་སྟེ། ཁ་གསལ་གྱི་ཨ་ལན་ཞིག་འདེབས་ཐབས་བྱུང་མི་འདུག་སྟབས་གཉིད་སྐྱིད་པོ་ཁུག་ན་ཡག་གི་རེད།
    ༡༽ མ་གཞི་ནས་ཕྲན་གྱིས་འཇམ་ནོར་སྒེར་གྱི་རྒྱུ་དངོས་བསམ་ནས་འུར་བསྟོད་བྱས་བ་ཞིག་མིན། བོད་མི་མང་གི་ཤ་ཁྲག་འཇིབ་པའི་རྒྱུ་མཚན་འདྲེན་རྒྱུ་མེད་ན་ཕུང་དཀྲུགས་མ་བྱེད། སློབ་གསོ་ཡིན།
    ༢༽རང་བཙན་པ་འཇམ་ནོར་ཁོང་ལ་ཨ་རིའི་མི་སེར་གྱི་ལག་ཁྱེར་ཐོབ་པའི་ཐད་སྙིང་ན་དགོས་དོན་ཞིག་འདུག་གམ། རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་དང་བསྟུན་ནས་གཞན་གྱི་ལྷག་བསམ་ལ་ནག་རྩི་མ་ཞུགས། སེམས་གཏམ་ཡིན།
    ༣༽སྐུ་ཉིད་ཀྱི་བསམ་ཕྱོགས་ལྟར་བཙན་བྱོལ་བོད་གཞུང་ན་ཉིན་ལྟར་མདའ་མདུང་ཁྱེར་ནས་འཐབ་རྩོད་པ་ཅི་ཙམ་ཡོད་བ་རེད། ད་ལྟའི་ཆ་ལ་འཐབ་རྩོད་ལ་སྒུག་བྱེད་མཁན་དག་སུ་རེད། རྒྱུ་མཚན་ཅིའི་ཕྱིར་དུ་རང་བཙན་ཆེད་དུ་འཐབ་རྩོད་བྱེད་པར་ངང་སྒུག་བྱས་ཡོད་ཅེས་བའི་སྐད་ཆ་འདི་ཐོན་པ་རེད།། དྲན་སྐུལ་ཡིན།

  17. བློ་གྲོས་རྒྱ་མཚོ says:
    2012-07-17 at 7:53 am

    ༈་།འཇམ་ནོར་ལགས་ཀྱི་གནས་སྟངས་དང་རྒྱབ་ལྗོངས་ག་འདྲ་ཡིན་མིན་ངས་མི་ཤེས། འོན་ཀྱང་། རང་བཙན་ཐད་ངེད་གཉིས་བསམ་རྒུ་གཅིག་སོང་།། །།

  18. ནག་ཐར་སྐྱིད། says:
    2012-07-17 at 7:54 am

    དྲ་གྲོགས་གནམ་ལགས། སྐུ་ཉིད་ཀྱི་གོ་བ་མ་ལོན་ན་ཁག་མི་འདུག ང་ནོར་ཡོད་རྒྱུ་རེད། གོ་དོན་ཡོད་པའི་དག་བཅོས་བྱས་ན་འགྲིག

  19. བཙན་པོའི་བུ། says:
    2012-07-17 at 10:37 am

    ནག་ཐར་སྐྱིད་ལགས། འཇམ་ནོར་ལགས་ཀྱིས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཚད་ལྡན་བསྡུ་རོབ་བྱས་ནས་བོད་དེ་རང་བཙན་གཙང་མའི་བདེན་དོན་དེ་བརྙེད་ཡོད། འོན་ཀྱང་བོད་རིགས་ཡོངས་ཀྱིས་བོད་དེ་དེ་སྔོན་རང་བཙན་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ད་ལྟའི་ཆར་རང་རེའི་སྤྱི་ཚོགས་ནང་དཀའ་ངལ་གཅིག་ལྷགས་པ་ནི་ལྟ་གྲུབ་བརྩོད་ནས་ཉི་མ་འཁྱོལ་ཐབས་བྱེད་པ་ལས་རང་ཉིད་ཀྱི་ལྟ་གྲུབ་ལག་ལེན་ཐོག་འཁྱོལ་ཐབས་བྱེད་མཁན་དེ་ཙམ་མང་པོ་མེད་པ་དེ་རེད། དེ་གཅིག་ཡིན། གཉིས་ནས་ང་ཚོས་རང་བཙན་བརྩོད་དགོས་ཞེས་བརྗོད་པ་ཙམ་མིན་པར་ཇི་ལྟར་བརྩོད་དགོས་མིན་བསྟན་དགོས་དེ་གཙོ་བོ་རེད། ཐབས་བྱུས་མེད་ན་རང་བཙན་བརྩོད་དགོས་ཞེས་བརྗོད་པ་ཙམ་གྱི་འགྲིག་ཐབས་མེད་ལ་རང་བཙན་དེ་བས་རག་ཐབས་མེད། ད་བར་ངས་རང་བཙན་པ་རྣམས་ཀྱིས་འཐབ་བརྩོད་བྱེད་ཕྱོགས་ཀྱི་ཐབས་བྱུས་གསལ་པོ་ཞིག་བསྟན་པ་མཐོང་མ་སོང་། ཁྱེད་རང་གིས་རང་བཙན་པ་རྣམས་ཀྱིས་གསུངས་པའི་རང་བཙན་ལེན་ཐབས་ཀྱི་ཐབས་བྱུས་བསྟན་པ་གཟིགས་བྱུང་ན་འདིར་གསུངས་དང་ང་ཚོས་རིམ་པས་བགྲོ་གླེང་ཞུས་ཆོག

  20. སྤྱང་ཤོག says:
    2012-07-17 at 10:41 am

    འཇམ་ནོར་ལགས་ལ་བོད་སྤྱི་ཚོགས་ཁྲོད་དུ་སྐད་གྲགས་ཆེ་པོ་འདུག ཁོང་གིས་བོད་ཀྱི་བདེན་པའི་འཐབ་བརྩོད་བློས་མ་བཏང་དེས་མིན་འགྲོ།

  21. བཙན་ནག་པ་ says:
    2012-07-17 at 11:29 am

    འཇམ་ནོར་ལགས་ལོ་མང་པོའི་རིང་བོད་པའི་སྤྱི་ཚོགས་དང་ཁ་བྲལ་ཏེ་བཞུགས་ཀྱང་བོད་སྐད་ཡག་པོ་བཞེད་དྲགས་སྐྱོན་བཏང་ལ་བལྟས་ན། བོད་མི་རིགས་དང་རིག་གཞུང་ལ་དྭངས་ཞེན་ཡོད་པ་ཞིག་འཚོར་གྱིས་འདུག

  22. གྲགས་པ་གནམ་ཐོས། says:
    2012-07-17 at 11:49 am

    ང་ཚོས་སྐབས་རྗེས་མའི་བཀའ་ཁྲི་འཇན་ནོར་ལགས་འོས་འདེམས་བྱས་ན་གང་འདྲ་འདུག ད་ལྟ་ནས་བསམ་བློའི་གྲ་སྒྲིག་ཞིག་ངེས་པར་དགོས།

  23. གླིང་གེ་སར་ says:
    2012-07-17 at 12:43 pm

    འཇམ་ནོར་འདི་ཡག་པོ་འདུག་བརྟན་པོ་འདུག་།གཞན་ཚང་མ་ནང་སྟག་ཕྱིར་ལུག་རེད་།

  24. ནག་ཐར་སྐྱིད། says:
    2012-07-17 at 1:12 pm

    བཙན་པོའི་བུ་ལགས། འདིར་བྱོན་པར་དགའ་ནས་ཡོད།
    ༡༽ བོད་མི་མང་གིས་རང་བཙན་ཡིན་པ་ཤེས་བཞིན་དུ། པེ་ཅིན་གཞུང་གི་དགོངས་བ་སྟབས་བསྟུན་གྱིས་རང་བཙན་བློས་བཏང་བའི་དགེ་དམིགས་དུས་ནམ་ཞིག་ལ་འགྲུབ་རྒྱུ་རེད། ད་ལྟའི་གནས་བབ་ལ་གཞིགས་ན་ལམ་དབུ་མའི་དགོངས་དོན་དང་འབྲེལ་བའི་བོད་རྒྱ་ཞི་མོལ་གྱི་སྐད་ཆ་འདི། རེ་བཞག་ས་ནས་ལུང་རྡུབས་པའི་གོ་དོན་དང་འདྲ་སེ་འདུག ད་ནི་སྤྱི་དོན་ལ་ཕན་པའི་ལས་གང་ཞིག་བྱས་ན་ཡག་ས་རེད། མུ་མཐུད་ནས་མི་ལོ་དུ་མུར་བོད་རྒྱ་྄ཞི་མོལ་ཐད་ངང་སྒུག་བྱེད་རྒྱུ་ཡིན་ནམ། ལམ་དབུ་མས་རེ་ཞིག་ངལ་གསོས་ན་ཡག་གམ། གདམས་ཀ་འདི་ཁྱོད་དང་འུ་གཉིས་ཐེ་བའི་བོད་མི་མང་གི་སྤྱི་མོས་ལྟར་ཐོག་མར་ཐོག་གཅོད་བྱེད་དགོས་བ་ཞིག་ཡིན་སྙམ།
    ༢༽ཁ་སང་དེ་རིང་གི་འཇམ་ནོར་ལགས་ཀྱི་དགོངས་བ་ལྟར་ན། བོད་འདི་ལོ་རྒྱུས་སྟེང་རང་བཙན་ཡིན་སྟབས་ཕ་མེས་བརྒྱུད་པའི་བདག་དབང་འདི་ཁོང་གི་དགའ་ཕྱོགས་དང་ལྟ་ཕྱོགས་ཐད་ནས་བློས་གཏོང་བྱེད་མི་ཐུབ་པའི་དོན་མ་རེད། རང་བཙན་པ་ཁོང་ལ་དངངས་འཚུབ་འདི་ཡོང་དོན། བོད་རྒྱ་མཉམ་གནས་ཀྱི་རྗེས་འབྲས་ནི་བོད་མི་རིགས་རྒྱ་ནག་མི་མང་གི་ཁྲོད་ནས་བརླག་འགྲོ་བར་དོགས་པ་ཞིག་རེད། དེར་བརྟེན་ཐོག་མར་ང་ཚོས་ལམ་ཁ་གང་ཞིག་འདེམས་རྒྱུ་ཡིན།
    ༣༽རང་བཙན་ཆེད་དུ་འཐབ་རྩོད་བྱེད་པར་སེམས་ཤུགས་རི་རབ་འདྲ་བ་ཡོད་མཁན་དག་གིས་ངང་སྒུག་བྱས་ཡོད་ཚུལ།རང་གཞུང་གི་ཡིག་ཚགས་བསྔོགས་ན་བོར་འགྲོ་ས་ཡོད་བ་མ་རེད། འབེན་མེད་ན་མདའ་འཐེན་པས་རྒྱུ་མཚན་འདྲེན་རྒྱུ་སྔ་སོང་བ་རེད། འདིར་ནན་བརྗོད་བྱེད་རྒྱུ་ཞིག་ལ། ཐོག་མར་གདམས་ཀ་བྱེད། ཐུགས་རྗེ་ཆེ།

  25. མགར་སྟོང་བཙན། says:
    2012-07-17 at 1:26 pm

    རྡོ་རྗེ་རིན་ཆེན་གྱིས་གནད་འགག་ཅན་གྱི་སྐད་ཆ་ཞིག་བཤད་འདུག དངོས་གནས་ང་ཚོ་བཙན་བྱོལ་ཏུ་འབྱོར་ནས་མང་གཙོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡང། མང་གཙོའི་སྤྱི་ཚོགས་ནང་རང་གི་ལྟ་གྲུབ་དང་མི་མཐུན་པའི་ལྟ་གྲུབ་གཞན་ལ་བརྩི་བཀུར་མི་བྱེད་པ་དང། བསམ་སྤྱོད་གཉིས་ནས་ལྟ་གྲུབ་གཞན་ལ་ཆེད་དུ་བར་ཆད་དང་གེགས་རྐྱེན་བཟོ་པ་འདི་དངོས་གནས་ཐབས་སྐྱོ་བོ་རེད། ཆེས་ཐབས་ཆག་གི་བསམ་སྤྱོད་འདིའི་མཇུག་འབྲས་གོང་དུ་བཤད་པ་བཞིན་༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་ཡོད་པ་ལྟ་བུར་གོ་ནོར་ཐེབས་པ་དེ་རེད། བོད་རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་འཇམ་ནོར་མགོ་བཟུང་ནས་རྩིས་ན། མཚམས་རེར་དངོས་གནས་མི་གཤིས་ཁྱོན་ནས་མེད་པའི་སྐད་ཆ་དེ་རྫུན་མ་རྫུན་རྐྱང་དེ་འདྲ་བཤད་ཀྱི་ཡོད་པ་རེད། འཇམ་ནོར་གྱིས་ཨ་རི་ནས་རྒྱ་མི་ཤེས་ཡོན་ཅན་ཞིག་ལ་བོད་མི་བརྒྱ་ཆ་༩༠ རང་བཙན་ལ་རྒྱབ་སྐྱོར་ཡོད་པ་རེད། ཡིན་ནའང། རྨོངས་དད་ཆེ་བས་༧ཏཱ་ལའི་བླ་མའི་གང་གསུངས་ལ་ཉན་གྱི་འདུག ཆབ་སྲིད་ཀྱི་འཐབ་རྩོད་ཁྱོན་ནས་བྱེད་ཤེས་ཀྱི་མི་འདུག་ཅེས་བཤད་པ། ཕྱིས་སུ་རྒྱ་མི་དེ་རྡ་ས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས། དེ་བཞིན་སྒེར་པ་ཤེས་ཡོན་ཅན་མི་སྤུས་ཡོད་མཁན་དེ་འདྲ་ཞིབ་འཇུག་གིས་ཐུག་སྟེ་སྐད་ཆ་འདྲི་སྐབས་གཞི་ནས་རྫུན་རྐུབ་རྡོལ་འདུག དེ་འདྲའི་དབང་གིས། ད་བར་ང་ཚོའི་རྩ་དོན་ལ་ནུས་པ་མ་ཐོན་པ་དང། བོད་རྒྱ་འབྲེལ་མོལ་ལ་ནུས་པ་མ་ཐོན་པ། རྒྱ་ནག་གཞུང་ལའང་དོགས་པ་བྱུང་བ་བཅས་བྱུང་འདུག་པ་ནི་ཚང་མས་ཤེས་གསལ་ཡིན་སྟབས། ད་ནས་བཟུང།

    ༡ བོད་མི་ཚོས་རང་བཙན་ཡིན་ཟེར་མཁན་རང་དོན་སྒྲུབ་མཁན་དེ་ཚོར་འབྲེལ་བ་བྱས་ན་རྩ་དོན་བརླག་ཉན་འདུག

    ༢ རང་བཙན་འདོད་ཀྱང་༡ འཐབ་རྩོད་ཀྱི་དགོས་དམིགས། ༢ རྩོད་མཁན་གྱི་སྒྲིག་འཛུགས། ༣ རྩོད་པའི་ཐབས་ལམ་མེད་མཁན་ཞིག་ཡིན་ན་བོད་མི་ཚོ་རྩ་བ་ནས་མགོ་འཁོར་ཉན་གྱི་མི་འདུག

    ༣ ༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་འདུག་ཅེས་པ་དེའི་ཡོང་རྐྱེན་གཅིག་བཙན་བྱོལ་ནང་གི་རང་བཙན་པ་འཇམ་ནོར་དང་ལྷ་བཟང་སོགས། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ། དེ་བཞིན་བོད་ཀྱི་རིག་གནས་དང་བཅས་པར་མི་གཤིས་དང་དམ་ཚིག་གང་ཐད་ནས་ཅི་ཡང་མེད་མཁན་ཚོའི་བྱས་འབྲས་ཡིན་པས། དེ་དག་སྐྱག་ལངས་ལ་བཏང་རིན་ཁྱོན་མིན་པ་ཤེས་དགོས་པ་རེད།

    ༤ འཇམ་ནོར་དང་ལྷ་བཟང་ཟེར་བ་འདི་དག་གིས་ད་བར་ལོ་ལྔ་བཅུའི་ནང་བོད་གཞུང་དང་༧གོང་ས་མཆོག་ལ་གནས་དུས་ཚོད་རྩིས་རྐྱང་རྐྱང་བྱས་འདུག་པ་ཧ་ཅང་གསལ་བོ་རེད་འདུག་པས། མི་རབས་གསར་པས་མི་འདི་དག་གི་ངོ་བོ་དང་དགོས་དམིགས་ཅི་ཡིན་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་དགོས་ཚོད་གདའ།

    ༥ རང་བཙན་ནི་ཚོར་བ་ཙམ་དང། ཐོབ་ཐང་ཙམ་རེད་ཅེས་རྩད་བསྡད་ན། དངོས་གནས་ངོ་ཚ་བོ་དང་ཐབས་སྐྱོ་བོ་ཞེ་དྲག་རེད། དངོས་གནས་ང་ཚོ་དྲག་པོའི་ལམ་དུ་སོང་རང་བཙན་བཤད་ཁུལ་བྱས་ན། མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་ཞིག་བྱས་རྗེས་ཅི་གང་མེད་པའི་མཇུག་འབྲས་ཤིག་ཐོབ་པ་གསལ་བོ་རེད། སྡུག་ས་ནས་བཤད་ན། རྒྱ་གར་ཕར་བཞག་ཞོག ཕྱི་རྒྱལ་ཁག་གི་མི་སེར་ཆགས་ཟིན་པའི་བོད་མི་ཚོའང་འདུག་ས་མེད་པ་ཞིག་བཟོ་བ་གསལ་བོ་རེད།

    ༦ ཕྱོགས་གང་ནས་བལྟས་ཀྱང་ང་ཚོར་རང་བཙན་ཐོབ་ཀྱི་མ་རེད་མོད། ཆབ་སྲིད་ཀྱི་ཚོང་དང་དམག་ཅིག་རྒྱུད་ན་རེ་བ་འདྲ་ཞིག་ཡོད་ན། འཚེ་བ་ཅན་གྱི་ལས་བྱེད་མཁན་དེ་འདྲ་ཡོང་སྲིད་པ་རེད་མོད། ད་ལྟ་ང་ཚོ་བོད་ལ་ལྟ་ས་ཅི་ཞིག་ཡོད་དམ། གང་ཡང་མེད་པ་གསལ་བོ་རེད། མེད་པ་འདི་འདི་ནས་ལོ ༡༠ དང་༡༥ བར་བསམ་བློ་བཏང་ན་ཡར་རྒྱས་སུ་འགྲོ་ཡི་རེད་དམ། གཏན་ནས་འགྲོ་ཡི་མ་རེད། ངས་བལྟས་ན་བོད་མི་བཙན་བྱོལ་བ་ཚོའི་དུས་ཚོད་ཡག་ཤོས་རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་དུས་ཡིན་པ་རེད། དེས་ན་ཚོད་དཔག་ཅིག་གནང་རོགས། ལོ་ག་ཚོད་འགོར་ས་རེད། རང་བཙན་གང་ནས་ཡོང་གི་རེད།

    ༧ ང་ཚོ་བོད་མི་ཚོར་སྐྱོན་གཉིས་ཡོད་པ་ནི། རང་སྐྱོན་ཁས་མི་ལེན་པ་དང་རང་ལ་མེད་ནའང་ཅིག་ཡོད་མདོག་མདོག་བྱེད་པ་འདི་གཤིས་ཀ་རང་ལ་འཐིམས་བསྡད་ཡོད་པ་རེད། དེར་འགྱུར་བ་གཏོང་དགོས་ཀྱི་འདུག ང་ཚོ་བོད་ལ་ལྗིད་ཁོག་ག་ཚོད་འདུག་ལྟ་དགོས་ཀྱི་འདུག བཙན་བྱོལ་ནང་གི་གཞིས་ཆགས་ཚོར་ལྟོས་དང། བོད་ནང་གི་གྲོང་པ་དེ་ཚོ་བསྡུར་ས་འགྲོ་ཡི་མ་རེད། བོད་ནང་འཚོ་བའི་ཕྱོགས་རང་འགོ་རང་ཐཽན་རེད། དེ་ནས་སྐད་ཡིག་རིག་གནས་རྒྱུད་འཛིན་ཐད་གཟིགས་དང། བཙན་བྱོལ་ནང་ངོ་ཚ་བོ་ཞེ་དྲག་རེད། གནས་བབ་འདིའི་འོག་དངོས་གནས་བྱས་ན། ང་ཚོར་བོད་ནང་གི་གནས་ཚུལ་ཤེས་རྒྱུའི་ཆ་རྐྱེན་མེད་པ་དེའང་གསལ་བོ་རེད། དེས་ན་ཁོང་ཚོའི་དོན་དག་ཅིག་བཤད་རྒྱུའི་གནས་ཚད་ག་འདྲ་ཞིག་ཡོང་གི་རེད་དམ།

    ༨ བོད་ནང་དུ་བསམ་བློ་གཏོང་ཤེས་མཁན་དང་ཡང་ན་གནས་སྟངས་མཁྱེན་མཁན་ཞིག་ཡིན་ན། རང་བཙན་ཟེར་གྱི་མ་རེད། རང་སྲེག་གཏོང་མཁན་བརྒྱ་ཆ་ ༩༩ རང་བཙན་ཁྱོན་ནས་གསུང་གི་ཡོད་པ་མ་རེད། པཎ་ཆེན་རིན་པོ་བཙོན་གྲོལ་ཐོབ་རྗེས་དང། བོད་རྒྱ་ཞི་མོལ་དང་པོ་མགོ་ཚུགས་རྗེས་ནས་བོད་རང་བཙན་ཟེར་བ་དེ་བོད་ནང་ནས་ཡལ་ཚར་བ་རེད། དེ་རྒྱུ་མཚན་ཞིག་གི་ཐོག་ནས་ཡལ་བ་རེད། དེས་རྐྱེན། ང་ཚོས་ཁོང་རྣམས་པའི་འདོད་དོན་ལ་བརྩི་བཀུར་བྱ་ན་མགྲིན་ཚབ་བྱ་ན་འདི་ནས་འདྲ་མི་འདྲ་ལབ། རང་བཙན་ལབ་བསྡད་ན་ག་བ་ཡོང་གི་རེད།

    ༩ མདོ་ཁམས་སྨད་ཕྱོགས་ལ་མཚོན་༧རྒྱལ་བ་པཎ་ཆེན་གྱི་གཟི་དཔལ་མཛད་འཕྲིན་ལ་བརྟེན་ནས་སྡེ་པ་གཞུང་དང་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། འདི་ནས་རང་བཙན་པ་ཚོས་༧རྒྱལ་བ་རིན་པོ་ཆེར་ཁ་བཏང་སྐུར་འདེབས་བྱས་ན། ཁོང་ཚོས་ག་རེ་དགོངས་ཀྱི་རེད་དམ། ཁོང་རྣམ་པ་ཚོས་ག་རེ་བྱས་ནས་བོད་དོན་ལ་ད་བར་ཤུགས་རྒྱབ་པ་རེད་དམ།

    ༡༠ ད་དུང་བཙན་བྱོལ་ནང་རང་བཙན་ཟེར་མཁན། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་ཆབ་སྲིད་ཕྱོགས་ཁག་ཁག་གི་གཡོ་འོག་ཏུ་ཚུལ་སྡོད་མཁན་ཞེ་དྲག་མང་པོ་ཡོད་ས་རེད། དེ་རྣམས་ཀྱིས་དངོས་གནས་བོད་དོན་ལ་འགན་འཁུར། བོད་མི་མང་ལ་མཐོང་ཆུང་མ་བཏང་ན་ཞེ་དྲག་ཡག་གི་རེད། དེ་མིན་ས་འོག་དར་ཐག་ལྟ་བུའི་ལས་ཀ་ཐབས་ཆག་བྱས་བསྡད་ན་ཁུངས་འཁྱོལ་གྱི་མ་རེད། ལས་རྒྱུ་འབྲས་འགྲོ་གི་མ་རེད། དེ་རྣམས་ཀྱིས་གཟབ་པར་འཚལ་ལོ།།།།།

  26. བཙན་པོའི་བུ། says:
    2012-07-17 at 1:45 pm

    ནག་ཐར་སྐྱིད་ལགས། ༡. རང་བཙན་ཡིན་པ་ཤེས་བཞིན་དུ་པེ་ཅིན་གཞུང་གིས་དགོངས་པ་སྟབས་བསྟུན་ཟེར་བ་ནི་ཅུང་ཐལ་དྲག་པ་རེད་འདོད། གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་དེ་པེ་ཅིན་གཞུང་གི་དགོངས་པ་སྟབས་བསྟུན་ཡིན་ན་པེ་ཅིན་གཞུང་གིས་གཞུང་གིས་ད་བར་ག་རེ་བྱས་ནས་ཁོ་ཚོའི་དགོས་པ་དང་མཐུན་པའི་སྲིད་བྱུས་དེར་དང་ལེན་མ་བྱས་པ་རེད་དམ། ༢་མུ་མཐུད་ནས་མི་ལོ་དུ་མུར་བོད་རྒྱ་྄ཞི་མོལ་ཐད་ངང་སྒུག་བྱེད་རྒྱུ་ཡིན་ནམ། རང་བཙན་བརྩོད་ཀྱང་རུང་དབུ་མ་བརྩོད་ཀྱང་རུང་བོད་རྒྱ་ཞི་མོལ་གྱི་ལམ་ལས་ཐབས་ལམ་གསར་པ་གང་ཡོད། ཁྱེད་རང་གིས་གཅིག་གསུངས་དང་། རང་བཙན་བརྩོད་མཁན་ཚོས་ཞི་མོལ་ལས་འགལ་བའི་དྲག་ཐབས་སྤྱད་ནས་རང་བཙན་བརྩད་རྒྱུ་རེད་དམ། ནག་མཐར་སྐྱིད་ལགས། དབུ་མ་དང་རང་བཙན་ག་རེ་བརྩོད་ཀྱང་ཐབས་ལམ་ཡག་ཤོས་དེ་ཞི་མོལ་ལས་མེད་པ་རེད། ཞི་མོལ་ཟེར་དུས་དབུ་མའི་དོན་མ་རེད། ཞི་མོལ་ཐོག་ནས་རང་བཙན་ལེན་ཆོག་ལ་ཞི་མོལ་ཐོག་ནས་དབུ་མའང་བརྩོད་ཆོག་པ་རེད། ་་༣་ཁ་སང་དེ་རིང་གི་འཇམ་ནོར་ལགས་ཀྱི་དགོངས་བ་ལྟར་ན། བོད་འདི་ལོ་རྒྱུས་སྟེང་རང་བཙན་ཡིན་སྟབས་ཕ་མེས་བརྒྱུད་པའི་བདག་དབང་འདི་ཁོང་གི་དགའ་ཕྱོགས་དང་ལྟ་ཕྱོགས་ཐད་ནས་བློས་གཏོང་བྱེད་མི་ཐུབ་པའི་དོན་མ་རེད། ད་ག་རེད། གལ་ཏེ་དེ་ལྟར་ཡིན་ཟ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁོ་ནར་རང་བཙན་སྤྲད་ན་འཇམ་ནོར་ལགས་ཀྱིས་ཁས་ལེན་བྱེད་ངེས་རེད་དམ། རེད། རང་བཙན་བརྩོད་པར་མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་ཁུངས་གཏུགས་དགོས་པའི་ངེས་པ་མེད། དེ་སྔོན་འཇར་མན་རྒྱལ་ཁབ་གཉིས་རེད། འོན་ཀྱང་ད་ལྟ་གཅིག དེ་བཞིན་དུ་ཀོ་རི་ཡ་དང་། བེ་ནམ་སོགས་མང་པོ་ཡོད་པ་རེད། དེ་དག་གི་ནང་ནས་དཔེ་མཚོན་གསལ་ཤོས་དེ་Sudan རེད། རྒྱ་དམར་གྱིས་ད་ལྟ་བོད་རང་སྐྱོང་ལྗོངས་གཅིག་པོར་བོད་ཞེས་འབོད་ཀྱི་ཡོད་པ་རེད། དེར་བརྟེན་འཇམ་ནོར་ལགས་ལ་རང་སྐྱོང་ལྗོངས་གཅིག་པོ་ཕུལ་ན་དང་ལེན་བྱེད་ངེས་རེད་དམ། ་༤ བོད་རྒྱ་མཉམ་གནས་ཀྱི་རྗེས་འབྲས་ནི་བོད་མི་རིགས་རྒྱ་ནག་མི་མང་གི་ཁྲོད་ནས་བརླག་འགྲོ་བར་དོགས་པ་ཞིག་རེད། ངས་དེ་ཡང་ཁས་ལེན་བྱེད་ཐུབ་ཀྱི་མེད། བོད་མི་རིགས་བརླག་མ་བརླག་གི་གནད་འགག་དེ་ཁོར་ཡུག་རེད། ངོ་བོ་བསྲུང་བར་མཐའ་གཅིག་ཏུ་རང་བཙན་དགོས་པའི་ངེས་པ་མེད། གཙོ་བོ་དེ་ཁོར་ཡུག་རེད། རྒྱ་བོད་མཉམ་གནས་ཀྱི་ཁོར་ཁུག་ཁྲོད་དུ་བོད་མིར་དགོས་པའི་སྐད་ཡིག་རང་དབང་ལ་སོགས་པའི་ཆབ་སྲིད་ཀྱི་དབང་ཚད་ཡོད་ན་བོད་རིགས་བརླགས་པའི་ངེས་པ་མེད་པ་རེད། དཔེ་མཚོན་ཞིག་བཤད་ན་བཙན་བྱོལ་ནང་གི་བོད་རིགས་ཚོར་རང་དབང་ཡོད་པ་རེད། འོན་ཀྱང་རང་ཉིད་ཀྱི་སྐད་ཡིག་སྤྱོད་པའི་ཁོར་ཡུག་དེ་ཙམ་མེད་ཙང་བོད་ཡིག་གི་གནས་ཚད་གང་འདྲ་འདུག་ བོད་སྐད་ཀྱི་གནས་ཚད་གང་འདྲ་འདུག་གམ། དེ་ཚོ་ཚང་མ་ཁོར་ཡུག་ལ་རག་ལས་པ་རེད་མ་གཏོགས་རང་བཙན་ཁོ་ན་དང་འབྲེལ་བ་ཨ་ཡོད། དེ་བཞིན་དུ་ཁྱེད་རང་གིས་ཁེ་ན་ཏའི་ཁེའུ་བྷིག་རང་སྐྱོང་ལའང་གཅིག་ལྟོས་དང་། ད་དུང་དཔེ་མཚོན་དགོས་ན་འབྲས་ལྗོངས་ལ་གཅིག་ལྟ་བར་རྒྱུགས་དང་ཁོ་ཚོར་དམིགས་བསལ་གྱི་ཐོབ་ཐང་ག་རེ་འདུག་གཞི་ནས་མཁྱེན་ངེས་ཡིན།

  27. སྣྲོན་ངག་ཁྲི། says:
    2012-07-17 at 2:49 pm

    རང་གཞུང་གི་སྲིད་ཇུས་དབུ་མའི་ལམ་དུ་ཁ་ལོ་བསྒྱུར་ནས་ད་བར་མི་ལོ་མང་ཤམ་ཕྱིན་ཡོད་ཀྱང་ད་དུང་ཁ་གཏད་སའི་རྒྱ་གཞུང་དང་མི་མང་གཉིས་ལ་ལམ་དེ་གསླ་བཤད་མཐིལ་ཕྱིན་པ་ཞིག་བྱུང་མེད་པས། ད་དུང་ལོ་ཇི་ཙམ་འབྲེལ་བཤད་རྒྱབ་ནས་དུས་འདའ་རྒྱུ་ཡིན་ནམ། རང་བཙན་གྱི་ལྟ་གྲུབ་ནི་རྒྱ་ནག་གཞུང་དང་མི་དམངས་གིས་ད་ཆ་བོད་ཕྱི་ནང་གི་ང་ཚོའི་འཐབ་རྩོད་ལ་ངོས་འཛིན་བྱེད་བཞིན་པ་འདི་རང་ཡིན་པས། ཐོག་མར་འབྲེལ་བཤད་ལྷག་པོ་ཞིག་རྒྱག་དགོས་དོན་མེད་པས། འཐབ་རྩོད་གྱི་ཐབས་ལམ་ཡང་ད་ཆའི་ཚེ་མེད་ཞི་བ་རྩ་བར་བཟུང་བའི་ཟས་བཅད་ངོ་རྒོལ་སོགས་ནུས་ལྡན་གྱི་ལས་འགུལ་མཐའ་དག་དེའི་ཐབས་ལམ་གྱི་ཁོངས་སུ་གཏོགས་པ་ཡིན།

    ད་ཆའི་ལས་འགུལ་གྱི་རྣམ་གྲངས་འདི་རྣམས་དབུ་མའི་ལམ་པ་བས་གསར་གཏོད་མཛད་པ་ཞིག་མིན་ལ།

    ལས་འགུལ་རྙིང་རུལ་ནུས་པ་ཉམས་པ་ཞིག་ནི་དེ་བས་ཀྱང་མིན།

    གལ་སྲིད་བོད་རྒྱ་ཞི་མོལ་དང་། རྒྱ་ལ་འཇར་བའི་ལས་འགུལ་དེ་དག་ལ་གྲུབ་འབྲས་ཤིག་ཐོན་སྲིད་ང་ཚོས་རང་བཙན་གྱི་ལྟ་གྲུབ་བློས་བཏང་ཆོག་ཀྱང་དེ་ནི་སྔར་བས་ཇེ་ཞན་དང་ཇེ་སྡུག་ཡིན་སྟབས། ང་ཚོས་རིགས་པ་མ་བསྒྲིམས་ཀ་མེད་ཡིན་པས། དེ་ལ་ཡ་མཚན་སྐྱེ་དགོས་དོན་དང་། སྡང་ཟུག་བྱེད་དགོས་དོན་གང་ཡང་མེད་དེ།
    ང་ཚོ་ཚང་མའི་ཐོབ་ཐང་ཡིན་པ་གང་ཞིག ལས་འགན་ཡང་ཡིན་པའི་ཕྱིར་རོ། །

    ཐོག་མར་རང་བཙན་བརྩད་ནས་ཉི་ཤུ་འདས། །
    བར་དུ་བདེ་སྐྱིད་གླེང་ནས་བཅུ་ཕྲག་འདས། །
    དེ་རྗེས་དབུ་མར་བབ་ནས་ཉི་ཤུ་འདས། །
    ད་ཆ་རང་སྐྱོང་རྩོད་བཞིན་དུས་བཟང་འདའ། །
    བོད་དོན་བརླག་ལ་ཉེ་བའི་སྔ་བརྟས་ཡིན། །

  28. ནག་ཐར་སྐྱིད། says:
    2012-07-17 at 2:51 pm

    མཁར་སྟོང་བཙན་ལགས། དཀའ་ལས་མང་ཙམ་རྒྱན་འདུག་ན་྄ཐུགས་རྗེ་ཆེ་ཞུ།
    སྐུ་ཉིད་ཀྱི་སེམས་ཕྱོགས་སྤྱི ་བསྡོམས་བྱེད་རྒྱུར་ཟླ་ནས་ལོ་འགོར་རྒྱུ་ཡིན་པ་འདྲ།དེར་བརྟེན་བརྒྱ་ཚབ་གཅིག་གིས་ཆོད་ཐབས་བྱེད་རྒྱུ་ཐབས་ཅི།
    སྐུ་ཉིད་ཀྱི་འདོད་པ་ལྟར་ན་རང་བཙན་ཡིན་ཟེར་མཁན་ཚོ་དང་རྒྱུས་འབྲེལ་བྱས་ན་རྩ་དོན་བརླག་འགྲོ་བར་དོགས་པ་འདི། རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས། རྒྱལ་ཁབ་ཆེན་པོ་འདོད་པའི་ཕྱོགས་ལྷུང་ཁྲོད་དམངས་གཙོ་བློས་བཏང་ནས་གུང་ཁྲན་དང་ལ་སླར་་ཡང་སྐྱབས་འཇུག་བྱེད་པ་དང་འདྲ་སེ་འདུག མ་རེད་དམ།

  29. སྣྲོན་ངག་ཁྲི། says:
    2012-07-17 at 3:08 pm

    ནོར་བཅོས།

    མང་ཙམ་ཕྱིན་ཡོད་ཀྱང་ཞེས་དང་། གསལ་བཤད་ཅེས་སོགས་སུ་བཅོ་གནང་རོགས་ཞུ་རྒྱུ་དང་། དེམིན་གྱི་དག་ཆ་དང་ཡིག་ནོར་རིགས་ཡོད་ཚེ་དེ་དེ་བཞིན་ལེགས་བཅོས་གནང་ན་ཕན་ཚུན་གཉིས་ཀར་ཕན་ངེས་ལགས་ན་དེ་དོན་དགོངས་དབྱིངས་སུ་བཅངས་བར་འཚལ།

    དབུ་མས་རང་བཙན་སྨོད་ན་སྙིང་པོ་མེད། །

    རང་བཙན་པས་ཀྱང་དབུ་མར་སྡང་དོན་དབེན། །

    དེ་ཕྱིར་གཅིག་ཕན་གཅིག་གྲོགས་མཉམ་གཤིབ་ངང་། །

    ཞི་ལུས་བོད་མིའི་མངོན་འདོད་བདག་དབང་རྩོད། །

  30. ནག་ཐར་སྐྱིད། says:
    2012-07-17 at 4:46 pm

    བཙན་པོའི་བུ་ལགས། སླར་ཡང་ཕེབས་ནས་དགོངས་ཚུལ་བཏོན་པ་ཐུགས་རྗེ་ཆེ། ཡིན་ནའང་ཡིག་ཚོགས་བསྔོགས་ནས་རེ་རེ་བཞིན་འགྲེལ་རྒྱག་རྒྱུ། ཧ་ཅང་གི་སུན་སྣང་སྐྱེས་བའི་ལས་དོན་ཞིག་རེད། དེར་བརྟེན་གནས་ལུགས་འདྲ་བའི་དོགས་གནས་རེ་ལ་ཨ་ལན་མ་ཕྱིན་ན་བགྲོ་གླེང་ལ་འཇུག་ཐབས་མེད་ཙང་། དྲང་གཏམ་བཤད།
    ༡༽ སྔོན་མ་ནས་རང་བཙན་པ་ཚོས་མཐའ་གཅིག་ཏུ་དྲགས་རྩོད་བྱེད་དགོས་བ་རེད་ལབ་མཁན་གཅིག་ཀྱང་བྱུང་མྱོང་ཡོད་བ་མ་རེད།དམིགས་ཡུལ་ལ་རང་བཙན་དང་འཐབ་རྩོད་ཞི་དྲགས་གཉིས་ལྡན་དགོས་ཚུལ་འདོད་མཁན་མང་ཆེ་བ་རེད།
    བོད་ཀྱི་དཀའ་ངལ་འདི་ཞི་མོལ་ཁོ་ནས་སེལ་དགོས་བར་འདོད་པ་འདི། ད་ལྟའི་རྒྱ་བོད་གཉིས་ཀྱི་གནས་བབ་ལ་བལྟས་ན་སྣང་ཚུལ་ཙམ་ཞིག་རེད། མི་ལོ ་དུ་མའི་རིང་ཞི་མོལ་རིམ་པ་གང་མང་སོང་དང་འགྲོ་བཞིན་པ་རེད། ང་ཚོར་ཐོབ་པ་ནི་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ལོད་སྤྱོད་པའི་ཉེས་མིང་ཁོ་ན་རེད། མཚམས་རེ་ལ་བསམ་བློ་གཏང་ན་ང་ཚོས་བཟོད་སྒོམ་དང་སྡར་མ་གཉིས་ལ་ས་
    ཚམས་ཞིག་འཇོག་དགོས་བར་འདོད་ཀྱིན་ཡོད།
    ༢༽ རྒྱལ་ཁབ་གཞན་གྱི་རང་སྐྱོངས་ལ་མིག་དཔེ་བལྟས་ནས་རེ་སྟོང་ཞིག་བཅངས་ན་འགྲིག་གི་རེད། དོན་དངོས་ཐོག་གནས་སྟངས་འདི་འདྲ་ཞིག་ཆགས་རྒྱུ་རེད་དམ། བཙན་བྱོལ་གཞུང་འབངས་འདིའི་བོད་ཀྱི་རིག་གཞུང་དང་འཁོར་ཡུག་མྱུར་སྐྱོབས་ཀྱི་ཆེད་དུ། རང་བཙན་བློས་བཏང་ནས་གཉིས་ཕན་གྱི་ལམ་ཕྱོགས་འདི་གདམས་ཀ་བྱས་བ་ཡིན་ལབ་ཀྱིན་པ་རེད། མི་ལོ་འདི་དག་གི་རིང་ལ་བོད་མིའི་ཆོས་དང་གོམས་སྲོལ། སྐད་ཡིག་རྒྱུན་འཛིན་གྱི་གནས་བབ་གང་ལ་ལྷུང་ཡོད་བ་རེད། ཉེ་སྔོན་འདིར་རྒྱ་ནག་གིས་ཁ་གསལ་བོ་བྱས་ནས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་བདག་གཅེས་བྱེད་པའི་ལམ་སྲོལ་འདི་རྨང་ནས་གཏོར་དགོས་བར་གྲོས་འགོ་བཙུགས་ཚར་བ་རེད།
    ཕྱོགས་གཅིག་ནས་རྒྱ་ནག་མི་རིགས་འདིས་བོད་ཡིག་བསླབ། བོད་སྐད་བཤད་བོད་ཟས་ལ་རོལ་ནས་མཉམ་འབྲེལ་བྱེད་མཁན་དེ་འདྲིའི་ཡ་རབས་ཞིག་མ་རེད། གལ་སྲིད་སྐུ་ཉིད་བོད་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ན་རྒྱུས་མངའ་ཅུང་ཙམ་ཡོད་ཐག་ཆོད་ཡོད། སྐབས་སུ་འདི་ཙམ་གྱིས།

  31. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-17 at 5:31 pm

    འཇམ་དབྱངས་ནོར་བུས་ཁང་བ་ཉོས་པ་ལ་ང་ཚོས་ཞིབ་འཇུག་བྱེད་དགོས་རྒྱུ་མ་རེད། གང་ཡིན་ཞེས་ན་རང་བཙན་གཙང་མ་རྩོད་མཁན་ཞིག་ལ་རྒྱ་མིས་རོགས་རམ་མེད་པ་ཐག་གིས་ཆོད། ཁང་བ་ཉོས་པ་དང་ཨ་རིའི་ལག་འཁྱེར་ཐོབ་པ་སོགས་ནི་ཁོང་གིས་འཇོན་ཐང་ཡིན་པ་ལས་གཞན་ཅི་ཡིན། དེ་ལ་ཕྲག་དོག་བྱེད་ན་ཨ་ཙ་མ།།

  32. བཙན་པོའི་བུ། says:
    2012-07-17 at 6:00 pm

    ནག་ཐར་སྐྱིད་ལགས། ངས་ཁྱེད་ཀྱིས་གོང་དུ་གསུངས་པའི་སྐད་ཆའི་དོན་སྙིང་རྣམས་རེ་རེ་བཞིན་བསྒྲུགས་ཏེ་ལན་འདེབས་ཞུ་ཁུལ་ཡིན་ལ་དེ་དང་ཕྱོགས་མཚུངས་དྲི་བ་ཞིག་ཀྱང་བཏང་ཡོད་དྲན། འོན་ཀྱང་སྐུ་ཉིད་ཀྱིས་ངའི་དྲི་བར་ལན་འདེབས་མེད་ཁར་ཚོར་བའི་དབང་དུ་ཕྱིན་པའི་བཀའ་མོལ་འགའ་གསུངས་པ་ལས་གནས་ལུགས་ཅན་ཞིག་གསུངས་པ་མཐོང་མ་སོང་། དེ་ནི་ང་རང་གི་མཐོང་ཚུལ་ཡིན། ད་ངས་སླར་ཡང་བསམ་ཚུལ་མདོ་ཙམ་ཞུ་གི་ཡིན།

    ༡ ཁྱེད་རང་གིས་སྔོན་མ་ནས་རང་བཙན་པ་ཚོས་མཐའ་གཅིག་ཏུ་དྲགས་རྩོད་བྱེད་དགོས་བ་རེད་ལབ་མཁན་གཅིག་ཀྱང་བྱུང་མྱོང་ཡོད་བ་མ་རེད།བཅས་པ་ནི་ངོ་མ་མངོན་གསུམ་ལ་སྙོན་གདེང་བ་རང་རེད། སྔོན་མ་རང་བཙན་པ་ཚོས་བོད་རྒྱལ་ཁབ་སླར་གསོ་ཆེད་དྲག་ཐབས་སྐོར་བརྗོད་པ་མ་ཟད་དྲག་ཐབས་ནང་ཞུགས་ཏེ་གློ་དམག་སྒར་བཙུགས་པ་རེད། ཁྱེད་རང་གིས་བསྟོད་དབྱངས་ཕུལ་ཡུལ་འཇམ་ནོར་ལགས་ཀྱང་དྲག་ཐབས་དེའི་ནང་ཞུགས་ཡོད། དེའི་མཇུག་འབྲས་ག་རེ་བྱུང་པ་རེད་དམ། དྲག་ཐབས་ལ་བརྟེན་ནས་འཐབ་འཛིང་དེའི་འོག་ང་ཚོའི་དཔའ་བོ་མི་ཉུང་བ་ཞིག་གིས་སྲོག་ཤོར་བ་རེད། འོན་ཀྱང་ཁྲག་དྲོན་བཏང་བའི་འབྲས་བུ་མ་བྱུང་བ་རེད། དེ་གཅིག་ཡིན། གཉིས་ནས་ད་ཆ་ཞི་དྲག་གཉིས་ལ་བརྟེན་ཚེ་དྲག་ཐབས་ཇི་ལྟར་བྱེད་ངེས་ཡིན། ༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་སྐབས་རྒྱ་གར་གཞུང་གིས་༧གོང་ས་མཆོག་གིས་རྒྱ་གར་ས་ཐོག་ཏུ་ཆབ་སྲིད་ལས་འགུལ་སྤེལ་ཏུ་འཇུག་རྒྱུ་མིན་ལུགས་བཤད་ཡོད་པ་རེད། འོན་ཀྱང་ད་བར་ཁོང་གི་མཛད་འཔྲིན་ལ་འགོག་རྐྱེན་འཕྲད་མེད། དེའི་རྒྱ་རྐྱེན་གཙོ་བོ་དེ་བོད་པའི་འཐབ་བརྩོད་དེ་འཚེ་མེད་ཞི་བ་ཡིན་པའི་བཀའ་དྲིན་གྱིས་རེད། དེ་མིན་ང་ཚོས་རྒྱ་གར་ས་ཐོག་ནས་དྲག་ཐབས་སྤེལ་ཚེ་རང་བཙན་ཕར་ཟད་ད་ཡོད་བཙན་བྱོལ་གཞུང་དེ་ཡང་སྒོ་མོ་རྒྱག་རྒྱུ་ལས་གཞན་ཅི་ཡོད། ད་ལྟའི་ཆར་རྒྱ་མའི་གནས་བབ་མཁྱེན་རྒྱུ་དེ་གལ་ཆེན་པོ་རེད། འཐབ་བརྩོད་ཀྱི་འགག་གནད་དེ་ཐབས་བྱུས་རེད་མ་གཏོགས་འཐབ་བྱུས་མེད་པའི་བློ་ཁོག་དེ་མ་རེད། ༢ དྲག་འཐབ་ལ་བརྟེན་ཚེ་བོད་པར་གོ་མཚོན་སུ་ཡིས་སྤྲོད་སྲིད་དམ། ད་བར་རེ་བ་ཆེ་ཤོས་རྒྱག་ས་དེ་ཨ་རི་རེད། འོན་ཀྱང་ཨ་རིས་དེ་སྔོན་བོད་པར་བརྩེད་མོ་གཅིག་བརྩས་ཚར་བ་རེད། ཁྱེད་རང་གི་གློ་དམག་སྒར་ལ་ཨ་རིས་སྤྲད་པའི་རོགས་སྐྱོར་དང་སྲིད་འཛིན་ནིག་སན་གྱིས་རྒྱ་དམར་ལ་འབྲེལ་ལམ་བཙུགས་པའི་ཐད་ཀའི་འབྲེལ་བ་དེ་ཡང་རྟོགས་ཡོད་ཤས་ཆེ། ༣ འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེས་ན་ང་ཚོས་རྒྱལ་སྤྱིའི་ལྡིང་ཆའི་སྟེང་རང་བཙན་ལབ་ཆེ་རྒྱབ་སྐྱོར་བྱེད་མཁན་རང་བཞིན་གྱིས་ཉུང་དུ་འགྲོ་ངེས་རེད། དེ་བས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་ལུགས་དང་འཁོར་ཡུག་བསྲུང་སྐྱོབས་སོགས་ཕྱོགས་མང་པོ་ཞིག་གིས་ཐོག་སྐད་བརྒྱབ་པ་དེས་བོད་ནང་ཤུགས་རྐྱེན་ངེས་ཅན་འཐེབས་བཞིན་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེས་ན་ཁྱེད་རང་གིས་གོང་དུ་གསུངས་པ་རྣམས་དོན་དངོས་དང་ཅུང་མཐུན་འདུག་གམ།

  33. ནག་ཐར་སྐྱིད། says:
    2012-07-17 at 7:29 pm

    བཙན་པོའི་བུ་ལགས། ཕྲན་ལ་མཚོན་ན་ཚོར་ཤུགས་འོག་ལྷུང་ནས་སྐད་ཆ་བཤད་དགོས་བའི་དུས་ཤིག་ཡོད་དབང་དུ་བཏང་ན། དེ་ནི་ཏག་ཏག་རང་ཉིད་ཀྱི་རྩ་བའི་བླ་མའི་ཕྱོགས་ན་འགྱིང་ངེར་ལངས་ནས་བསྡད་ཡོད་ཁོ་ཐག་ཡིན། དེར་བརྟེན་ཕྱོགས་སུ་ལྷུང་བར་འདོད་པའི་སེམས་ངལ་དེ་མི་དགོས།
    ༡༽ སྒྲོ་བཏགས་པའི་སྐད་ཆ་མེད་ན་ཡག་གི་རེད། སྔོན་ཆད་མཐའ་གཅིག་ཏུ་ཞེས་བའི་དོན་འདི་ལ་གོ་བ་གཏིང་ཟབ་ཅིག་ལོན་ཡོད་ན་ཚིག་སྣེ་དོགས་ནས་གླེན་ག་འཚོལ་བའི་སྐད་ཆ་འདི་ཐོན་མེད་ཀྱང་སྲིད། འདི་ཞོར་དུ་དྲན་སྐུལ་ཙམ་ཡིན།
    གཙོ་དོན་བོད་ཀྱི་དམག་དཔུང་དེས་ཤ་ཁྲག་གི་འགྲོ་གྲོན་བཏང་བ་གང་ཞིག་ལ། འབྲས་བུ་སྨིན་རེག་བར་དུ་དགག་བར་ཆད་སླེབས་ནས་ངར་ངར་རྫིག་རྫིག་ལ་ཡོད་ཐོག་ཕྱིར་འཐེན་དགོས་བའི་བཀའ་རྒྱུའི་འོག་ཚུད་ཡོད་པ་འདྲ། ཞིབ་འཇུག་གནང་རོགས།
    ང་ཚོས་ཧི་མ་ལ་ཡའི་གྲང་ངར་བརྒྱུད་བྲོས་བྱོལ་ཡོང་དོན་གཅིག་རང་ནི་བོད་མིའི་རང་དབང་སླར་གསོ་བྱས་ནས་རང་ཡུལ་རང་བདག་བྱེད་རྒྱུ་ཁོ་ན་ལས་ཅི་ཡང་བསམ་མེད། བལྟ་ཤེས་དང་ཉན་ཤེས་གཞན་དབང་སྟབས་བསྟུན་གྱི་ལས་འདི་རིམ་གྱིས་བསགས་ནས་མིའི་ལག་གཡོག་ལ་ཚུད་པ་རེད། ཐོག་མའི་དུས་ནས་རང་བཙན་ཡིན་ལུགས་མཁྲེགས་བཟུང་བྱས་ཡོད་ན་འཛམ་གླིང་མི་མང་གིས་ཀྱང་ཁ་གཅིག་ནས་གཏམ་གཉིས་བཤད་ཀྱིན་མེད་ཀྱང་སྲིད། སྤྱིར་བོད་རིགས་རང་སྟེང་ནས་མ་འཇོན་ན་སྐྱིད་གཞན་ལ་རེ་ན། ཁལ་བོང་བུ་ལ་སྐྱོན་པའི་ལོ་རྒྱུས་རེད། དེར་བརྟེན་ནམ་ཡང་བོད་མིའི་རང་དབང་རང་བཙན་རྩོད་པར་ང་ཚོའི་ལས་དོན་ཞིག་དང་ཐོབ་ཐང་རེད། ལྷག་ཏུ་ཁ་སང་དེ་རིང་གི་རྒྱལ་སྤྱིའི་གནས་བབ་ལ་བལྟས་ན་གཞན་གྱི་ཁ་ནང་ལ་ཅེར་བསྡད་ན། ཡོང་རྒྱུ་ཚིག་སྟོང་སྐམ་པོ་རེད།
    ༢༽གོ་མཚོན་གྱི་སྐད་ཆ་འདི་ཡོང་ཕྱོགས་བལྟས་ན། ད་རུང་དྲ་སྟེང་ལ་སླེབས་ནས་བགྲོ་྄གླེང་གི་དུས་ཚོད་ཅུང་སྔ་དྲགས་འདུག བདེ་མོ་བྱས། ཐུགས་རྗེ་ཆེ།

  34. བཙན་པོའི་བུ། says:
    2012-07-17 at 8:11 pm

    ནག་ཐར་སྐྱིད་ལགས། ༡ འབྲས་བུ་སྨིན་རེག་བར་དུ་དགག་བར་ཆད་སླེབས་ནས་ངར་ངར་རྫིག་རྫིག་ལ་ཡོད་ཐོག་ཕྱིར་འཐེན་དགོས་བའི་བཀའ་རྒྱུའི་འོག་ཚུད་ཡོད་པ་འདྲ། ཞེས་པར་གཞིགས་ཚེ་༧གོང་ས་མཆོག་གི་བཀའ་སློབ་དེ་གེག་བར་ཆད་བསླེབས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འདྲ། ཐུགས་རྗེ་གཟིགས། ད་ཁྱེད་རང་གིས་གནས་ལུགས་ཡོད་པའི་སྐད་ཆ་གསུངས་རོགས་གནང་། ལུག་རྫིའི་སྐད་ཆ་དེ་རིགས་བཤད་ནས་ཉི་མ་ཁྱོལ་གྱི་མ་རེད། ༧རྒྱལ་བ་རིན་པོ་ཆེས་བཀའ་དེ་རྒྱ་མཚན་གང་ལ་བརྟེན་ནས་ཕེབས་པ་རེད་དམ། དེ་བོད་རང་བཙན་ཐོབ་རྒྱུར་གེག་བར་རེད་དམ་ཡང་ན་སྐབས་དེའི་བལ་ཡུལ་གཞུང་གི་བྱེད་ཕྱོགས་དང་ཨ་རིའི་གསང་བའི་རོགས་སྐྱོར་སོགས་ཕྱོགས་ཡོངས་ལ་འགྱུར་བ་ཕྱིན་པའི་དབང་གི་མ་རེད་དམ། ༢ ཞི་དྲག་གི་སྐད་བཤད་དུས་དྲག་ཆས་དགོས་པ་རེད། གྲ་སྒྲིགས་མེད་པར་སྐད་ཆ་སྟོང་པ་བཤད་ན་ཕན་ཐོགས་གཅིག་ཀྱང་མེད། ད་ང་དཀའ་ལས་ཁག་སོང་། ཐུགས་རྗེ་གཟིགས་ལོ་རྒྱུས་ལ་གཟིགས་ནས་བཀའ་མོལ་གནང་རོགས་གནང་། དེ་མིན་གླིང་སྒྲུང་འདིར་མ་གསུངས་རོགས་གནང་།

  35. བཀྲིས་རྒྱམ says:
    2012-07-18 at 2:13 am

    བཙན་པོའི་བུ་སོགས། རང་ལ་གྲ་སྒྲིག་མེད་ན་གཞན་ལའང་དེ་བཞིན་ཡིན་པའི་ཨེ་ཁྱབ། མ་མཐར་བཤད་ན་ལམ་དབུ་མ་ཚོར་གྲ་སྒྲིག་གང་ཡོད་རང་བཙན་ཚང་ལའང་དེ་ཙམ་ཞིག་ད་ཡོད་ཤག་རེད།

  36. བཀྲིས་རྒྱམ says:
    2012-07-18 at 2:19 am

    བསམ་བློ་ཞིག་བཏང་ན། རང་བཙན་གྱི་གྲ་སྒྲིག་ཡིན་ཕྱིན་ཕྱི་ནང་གསང་གསུམ་དགོས་ཙང་། ཁ་བརྡ་དྲ་ཐོག་ནས་རླུང་ལ་སྐུར་རྒྱུ་དེ་འདྲ་ཡིན་མི་སྲིད། དེ་མ་ཡིན་པའི་མེས་རྒྱལ་གོང་བུ་གཅིག་གྱུར་བཤད་ན། དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཡིན་སྟབས། དེ་འདྲའི་རིགས་དེ་བརྒྱ་བསྒྲགས་སྦར་བསྒྲགས་ཀ་ཚོད་བྱས་ཀྱང་ཁྱད་པར་མི་འདུག

  37. རང་དབང་ཨ་རྡུ་མན་ says:
    2012-07-18 at 2:52 pm

    མི་ཚེ་གཞན་འོག་འཛུལ་པ། །རྩམ་གཟན་བོད་མིའི་ལས་དབང་། །རྒྱུན་དུ་ནང་ཁུལ་ཁྲུག་རྩོད། །བཙན་བྱོལ་བོད་མིའི་གོམས་གཤིས།།

  38. རྣ་བ་བརྒྱདཔ་ says:
    2012-07-19 at 1:59 am

    དགོས་སོགས་བཞི་དང་ལྡན་མི་ལྡན་བརྟགས་ནས་འདོད་བྱ་ཏེ་བསྒྲུབས་ནས་ཀྱི་ཐབས་ལམ་གདམས་པ་གལ་གནད་ཡིན་སྙམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme