Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ།།

Posted on 2012-07-142012-07-14 By ཁ་བརྡ་ 13 Comments on ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ།།

སྤྲུལ་སྐུ་དབང་ཆེན།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
སའི་གོ་ལའི་ཐོག་འདིར་མིའི་འགྲོ་བ་ཆགས་པ་ནས་བཟུང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་སོགས་ཉོན་མོངས་པའི་བསམ་པ་མང་པོ་ཞིག་ལྷན་སྐྱེས་སུ་བྱུང་། དེ་རྣམས་མཐུ་བརྟས་པ་ལས་རིགས་མཐུན་ནམ་རིགས་མི་མཐུན་པའི་ནང་ཕན་ཚུན་དུ་དྲག་ཞན་དང་མཐོ་དམན་དང་ཕྱོགས་རིས་སོགས་འདྲ་མཉམ་མ་ཡིན་པའི་བྱ་བ་སྣ་ཚོགས་པ་ཞིག་མགོ་འབུས་པ་ནས་སྨིན་པ་དང་དར་བར་གྱུར། དེ་དག་ཀྱང་ཡོངས་སུ་མཐུ་བརྟས་པ་ལས་རྩོད་པ་དང་འཐབ་པ་དང་གཡུལ་འགྱེད་པ་དང་ནོར་འཕྲོག་པ་དང་བྲན་དུ་བཀོལ་བ་དང་རྫུན་གྱིས་བསླུ་བ་སོགས་ཀྱི་བྱ་བ་རྒྱ་ཆེ་ཞིང་རྒྱུན་རིང་བ་གྲངས་མེད་པ་ཞིག་བྱུང་སྟེ། དེའི་ཆ་ནས་གླེང་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་ཡིན་ཞེས་བརྗོད་ན་མི་འཐད་པ་ཅི་ཡང་མེད་པ་ལྟ་བུ་ཞིག་ཡིན། དེ་དག་གི་མཇུག་འབྲས་སུ་ནད་ཡམས་འཇིགས་སུ་རུང་བ་མཆེད་ནས་མི་ཕལ་མོ་ཆེ་ཁ་དག་པ་དང་། མུ་གེ་ཆེན་པོ་བྱུང་ནས་མིའི་ཤ་ཡང་གཞན་གྱི་ལག་ནས་ཉོས་ཏེ་བཟའ་དགོས་པའི་དུས་ལ་ཐུག་པ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལངས་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། ནད་མུག་འཁྲུགས་རྩོད་འདི་རྣམས་ཀྱི་ཕྱོགས་ནས་བརྗོད་ན་མིའི་རིགས་ཀྱི་ལོ་རྒྱུས་དེ་སྡུག་བསྔལ་གྱི་ལོ་རྒྱུས་རིང་མོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ལྟ་བུར་ཡོད་དོ། །
དེའི་ཕྱིར་སྡུག་བསྔལ་དེ་དག་བསལ་བའི་ཆེད་དུ་མི་ཁྲི་འབུམ་དུ་མས་ལོ་ཁྲི་ཁྲག་མང་པོའི་བར་དུ་བསམ་བློ་བཏང་ཞིང་བཙལ་བས་ཐབས་ལམ་གཉིས་རྙེད་དེ། གཅིག་ནི་རེ་ཞིག་ལུས་དང་ངག་གི་ངན་སྤྱོད་ཅི་རིགས་པ་ཞིག་ལ་ཚོད་འཛིན་ཕྱོགས་རེ་བ་ཞིག་བྱས་ཏེ་གནས་སྐབས་བདེ་འཇགས་ཀྱི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ། འཇིག་རྟེན་མི་ཆོས་ཞེས་བྱ་བ་དེ་ཡིན།།གཅིག་ནི་ལུས་ངག་ཡིད་གསུམ་གྱི་ངན་སྤྱོད་ཐམས་ཅད་བསྡམས་ནས་མི་ཡུལ་ཞི་བདེའི་ངང་དུ་གནས་པར་བྱེད་པའི་ཐབས་ཏེ་ལྷ་ཆོས་ཞེས་བྱའོ། །
འདི་གཉིས་གཅིག་གི་གྲོགས་སུ་གཅིག་འགྲོ་བའི་འབྲེལ་བ་ཅན་ཡིན་པའམ་གཅིག་གི་གཤེད་དུ་གཅིག་ལངས་པའི་འགལ་བ་ཅན་གང་ཡིན་གྱི་ཐད་ལ་ཅ་ཅོ་སྣ་ཚོགས་འདོན་པར་སྣང་ཡང་མང་པོ་ཞིག་གིས་དབྱེ་འབྱེད་བྱེད་མ་ཤེས་པའི་དབང་གིས་བློ་རབ་ཏུ་འཁྲིགས་པར་འདུག་པས་འདི་ལ་རང་གི་བསམ་ཚུལ་ཞིག་བརྗོད་པར་འདོད་དོ། །
འདི་བཤད་པ་ལ་གསུམ་སྟེ། ཆོས་སྲིད་ཟུང་འཇུག་བཤད་པ་དང་། ཆོས་སྲིད་ཁ་བྲལ་བཤད་པ་དང་། དེ་གཉིས་ཀྱི་དོན་ལ་དཔྱད་པའོ།
།དང་པོ་ལ་འཛམ་གླིང་ནུབ་ཕྱོགས་སུ་གཙོ་བོར་ཆོས་སྲིད་ཟུང་འཇུག་དང་། བོད་བཙན་པོའི་དུས་ཀྱི་ཆོས་སྲིད་ཟུང་འཇུག་གི་ངོ་བོ་ངོས་གཟུང་བའོ། །
།དང་པོ་ནི། དེང་སང་འཛམ་གླིང་ཡོངས་ལ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆོས་སྲིད་ཀྱི་དབང་ཆ་དང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་ཚོགས་ལྟ་བུའི་ཆོས་ལུགས་སྒྲིགས་འཛུགས་ཀྱི་དབང་ཆ་གཉིས་པོ་མི་གཅིག་གིས་གཟུང་བ་སྟེ། ཆབ་སྲིད་ཀྱི་གཙོ་འཛིན་གྱིས་ཆོས་ལུགས་ཀྱི་གཙོ་འཛིན་ཡང་བྱེད་པའམ་ཆོས་ལུགས་ཀྱི་གཙོ་འཛིན་གྱིས་ཆབ་སྲིད་ཀྱི་གཙོ་འཛིན་ཡང་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་ལ་བྱ་སྟེ། ཐ་སྙད་འདི་དེང་སང་ཚད་ལྡན་དུ་བརྩི་བའི་ཚིག་མཛོད་སོགས་དཔེ་ཆ་མང་པོ་ལས་དེ་ལྟར་ངོས་འཛིན་བྱེད་པར་སྣང་སྟེ། དེ་ཡང་ཨོ་ཁུ་སུ་ཧྥོད་ཚིག་མཛོད་ལས། (Oxford Dictionary, སྲིད་གཞུང་འདིས་འཇིག་རྟེན་བྱེད་པ་པོའམ་ལྷ་དེ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་མི་དམངས་ཀྱི་དབང་སྒྱུར་པ་པོར་ཁས་ལེན་པར་བྱེད་དེ། རྒྱལ་ཁབ་དེ་ཐད་ཀར་ལྷའི་ནུས་པའམ་ལྷས་ཁྲིད་སྟོན་བྱ་བའི་དཔོན་པོས་སྣ་ཁྲིད་པར་བྱེད་པར་འདོད་དོ། (Theocracy) ཞེས་པའི་ཧེ་ལིན་གྱི་ཡི་གེའི་ནང་དོན་ཡང་། ལྷས་དབང་བསྒྱུར་བྱ་བ་ཞེས་པའི་དོན་ཡིན། དད་ལྡན་རྣམས་ལ་མཚོན་ན། བྱེད་པ་པོའི་ལྷའམ་ཆོས་ལུགས་ལས་ཁུངས་ཏེ། ཆོས་ཚོགས་ལྟ་བུ་ཞིག་གིས་སྤྱི་དམངས་སྲིད་གཞུང་གི་གོ་གནས་ཀྱི་ཚབ་བྱས་ནས་མིའི་འཇིག་རྗེན་ལ་དབང་སྒྱུར་བའི་སྲིད་གཞུང་སྟེ། ལྷ་དབང་སྲིད་གཞུང་གིས་ལག་ལེན་དུ་བསྟར་བ་ནི་འཇིག་རྟེན་བྱེད་པ་པོས་ལྷ་ཆེམས་ལས་བཤད་པའི་ཁྲིམས་ལུགས་དག་གོ །ཞེས་སྨྲས་ཏེ། འདི་ལ་ལྷ་དབང་ཆབ་སྲིད་ཅེས་ཀྱང་གྲགས་སོ། །
ཆ་ཚང་མི་རུང་བར་གློག་རྡུལ་དེབ་ཁང་ནང་ནས་མཇལ་ཐུབ། །

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: གྲགས་ཅན་གློག་བརྙན་ "ཁྱི་རྒན " སྟོན་གི་ཡིན།
Next Post: ཡེ་ཤུའི་”དམ་པའི་གསུང་རབ་”དང་དེའི་སྙིང་པོ་བྱམས་བརྩེ་དང་བཟོད་སྒོམ།

Comments (13) on “ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ།།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-14 at 1:50 am

    དུས་རབས་ཉེར་གཅིག་པ་འདི་ནི་བགྲོ་གླེང་གི་དུས་རབས་ཤིག་ཡིན་ན་སྤྲུལ་སྐུ་དབང་ཆེན་ལགས་ནས་ཆོས་སྲིད་ཟུང་འབྲེལ་ལམ་ཆོས་སྲིད་ཟུང་འཇུག་ཅེས་པ་བརྗོད་གཞིར་བཟུང་སྟེ་གླེང་སློང་བར་ནི་དགེ་མཚན་ཆེ་པོ་ཡོད་སྙམ། ཡིན་ན་ཡང་དྲྭ་གྲོགས་རྣམས་ཀྱིས་གཟུ་བོར་བློ་ཡིས་སྐྱོན་དང་ཡོན་ཏན་གཉིས་ཀྱིས་སྒོ་ནས་དཔྱད་གླེང་གནང་ན་ཕན་ཐོག་ངེས་ཅན་ཡོང་བ་ཐེ་ཚོམ་མེད་སྙམ། གཞི་རྩ་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཡང་དག་ཅིག་འཇོག་ཐུག་མིན་ལ་བརྟེན་ནས་སྐྱོན་བརྗོད་དང་ཟུར་ཟ། ཡང་ན་འགལ་བ་ཅན་དུ་སྨྲ་བ་མང་མོད། དྲང་བདེན་དང་དངོས་ཡོད་ལ་གཞི་བཅོལ་བའི་ཆོས་དང་ཆབས་སྲིད་གཅིག་ཡིན་ན་ཟུང་འབྲེལ་དང་ཟུང་འཇུག་གང་ཡིན་ཡང་ཀྱང་ཆོག་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པ་ལ་ངེས་པ་དགོས་པའི་ཐབས་ལམ་ཞིག་ཏུ་མཐོང་ངོ་སྙམ། རིམ་གྱིས་ཞུ་ཆོག

  2. སྣྲོན་ངག་ཁྲི། says:
    2012-07-14 at 2:59 am

    ཆོས་ཞེས་པ་ནི་ཚེ་ཕྱི་མའི་དོན་གཙོ་བོར་བཞག་ཏེ་རང་གི་བྱ་སྤྱོད་བཟང་སྤེལ་ངན་
    འགོག་བྱེད་པའི་ཐབས་ལམ་ཞིག་དང་། སྲིད་ནི་ཚེ་འདི་གང་གི་བདེ་སྐྱིད་གཙོ་བོར་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་བཟུང་ན་མི་ཆོག་པ་མེད་དེ།
    ས་སྐྱའི་ཞེན་པ་བཞི་བྲལ་ཞེས་བྱ་བར།
    ཚེ་འདི་ལ་ཞེན་ན་ཆོས་པ་མིན།།
    འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།།
    རང་དོན་ལ་ཞེན་ན་བྱང་སེམས་མིན།།
    འཛིན་པ་ལ་ཞེན་ན་ལྟ་བ་མིན་ཞེས་གསུངས་པའི་ཕྱིར་རོ།།

    སྤྲུལ་སྐུ་དབང་ཆེན་ལགས་ཀྱིས་ཐབས་ཤེས་སྤྱི་དང་། ལྷག་པར་དུ་སྙིང་རྗེའི་དབང་གིས་ཡག་པོ་བྲིས་འདུག་དཔྱད་པ་ཡག་པོ་བཏང་འདུག་མུ་མཐུད་དེ་ཡིན་ཏཱ།
    ངའི་རེ་བར་ཁ་སྔོན་གྱི་དྲི་བ།
    ༼རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན།།
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།༽
    ཞེས་པའི་འགྱུར་མེད་རྡོ་རྗེའི་སྨོན་ཚིག་རིན་པོ་ཆེ་འདིའི་གོ་དོན་རགས་ཞིབ་ཅིག་ཚིག་དོན་གཉིས་ཀའི་ཐད་ནས་ནང་ཆོས་ངོ་སྤྲོད་ལྟ་བུ་མ་ཡིན་པ་ཞིག་གསུངས་རོགས་གནང་།།

  3. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-14 at 6:05 am

    ༼ བདེན་ཚིག་སྨོན་ལམ་མམ་ཚད་མེད་ཡོན་ཏན་མའི་”རིང་ནས་སྙིང་དུ་”ཞེས་པའི་ཚིག་བཅད་གཅིག་གི་འབྲི་འགྲེལ་ཉུང་ངུ ༽ དུས་ཡུན་༼རིང༽པོ་༧ གོང་ས་མཆོག་གི་སྐུ་ཕྲེང་སྔ་མ་རྣམས་དང་ལྷག་པ་དུ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ན་ཆུང་ངུའི་དུས་༼ནས་སྙིང་དུ་བརྣག་༽པ་སྟེ་ཐུགས་ལ་བཅངས་༼པའི ༽དགོང་དོན་སྙིང་པོ་བཞེད་པ་འམ་༼འདོད་པའི་དོན ༽ནི།
    ཆོལ་གསུམ་ཡོངས་སུ་རྫོགས་པ་སྟེ་བོད་རིགས་༼ཡོངས ༽སུ་༼རྫོགས ༽པའི་འགྲོ་བ་རྣམས་༼བོད ༽གངས་ཅན་གྱི་༼ལྗོངས ༽སུ་༼རང་དབང་གཙང་མའི་དཔལ༽ཡོན་གཙོ་བོ་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཚན་ཉིད་ཚང་བ་ཞིག་འཚེ་མེད་ཞི་བའི་ཐབས་ལམ་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་འབད་མེད་༼ལྷུན་འགྲུབ ༽ཏུ་ཐོབ་ཅིང་། དེ་ཡང་འཚེ་བ་མེད་པ་དང་། དྲང་བདེན་ཡང་དག་པའི་མང་གཙོའི་དང་། ནང་ཆོས་ཀྱི་བསླབ་བྱ་བཟང་པོ་དྲང་བདེན་དང་ལྷག་བསམ། འཚེ་བ་མེད་པའི་ལམ་ལུགས་གཉིས་ཟུང་འབྲེལ་ཐོག་སྲིད་སྐྱོང་བའི་༼ཆོས་སྲིད་ཟུང་འབྲེལ ༽གྱི་ཡང་དག་པའི་མང་གཙོ་ལམ་སྲོལ་གྱི་རྫོགས་ལྡན་གསར་པའི་རང་དབང་༼དགའ་སྟོན་ལ ༽གཞིས་བྱེས་བོད་མའི་ཡོངས་ཀྱིས་ལོངས་སུ་༼སྤྱོད་པའི་སྐལ་བཟང༽ད་ལྟ་སྟེ་༼མྱུར་བ་ཉིད་དུ་སྩོལ ༽ཅིག་ཅེས་པའི་ཚིག་འགྲེལ་་མདོར་བསྡུས་སུ་དྲྭ་གྲོགས་རྣམས་ལ་དཔྱད་ཞིབ་ཀྱི་ཚུལ་དུ་ཕུལ་བ་དགེའོ།།

  4. སྣྲོན་ངག་ཁྲི། says:
    2012-07-14 at 7:07 am

    ༸གོང་ས་མཆོག་གི་བདེན་གསོལ་སྨོན་ལམ་མམ་བདེན་ཚིག་སྨོན་ལམ་ཚད་མེད་
    ཡོན་ཏན་མ་ཞེས་བྱ་བ་ནི་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་མང་གཉིས་
    དམིགས་ཡུལ་གནས་སྐབས་ཉེན་གཡོལ་དང་མཐར་ཐུག་རང་བཙན་སླར་གསོའི་ཆེད་དུ་༸རྒྱལ་མཆོག་གང་གིས་དཀའ་བ་བརྒྱ་ཕྲག་ཁུར་དུ་བཞེས་པའི་ཐུགས་བཞེད་གཉིས་པོ་མྱུར་དུ་འགྲུབ་སླད་མཆོག་གསུམ་ལ་ཐུགས་རྗེ་སྐུལ་བའི་དགོས་པ་ངེས་ཅན་དང་དམིགས་ཡུལ་
    ཚད་ལྡན་གྱི་རྡོ་རྗེའི་གསུང་ཞིག་ཡིན་པས་དེ་ལ་དུས་དང་བསྟུན་ནས་གཡས་འཐེན་
    གཡོན་བཞག་གི་དགོངས་པ་དྲང་ངེས་གཉིས་སུ་འབྱེད་དགོས་དོན་གང་ཡང་མེད་པར་ཚིག་ཟིན་གྱི་གོ་བ་ལྟར་བོད་ཀྱི་གནད་དོན་གྱི་ངོ་ཆོས་སྲིད་ཟུང་འབྲེལ་དང་། རྣམ་པ་རང་དབང་གཙང་མའི་དཔལ་ལ་མྱུར་དུ་སྤྱོད་སྐལ་བཟང་མྱུར་བ་ཉིད་དུ་གནང་སྐྱོང་ཡོང་བའི་མཆོག་གསུམ་སྤྱི་དང་ཁྱད་པར་དུ་ལྷག་པའི་ལྷ་དང་ཆོས་སྲུང་དམ་ཅན་རྣམས་པ་གདུང་འབོད་ངང་ཐུགས་རྗེ་བསྐུལ་བའི་མངོན་སུམ་གྱི་བདེན་ཚིག་ཅིག་ཡིན་པ་ལས་༸རྒྱལ་དབང་ལྔ་པ་མཆོག་དང་སྐུ་ཕྲེང་འདི་པ་སྐུ་ན་ཕྲ་བའི་གནས་སྐབས་ཀྱི་དགོངས་གཞི་སོགས་འདིར་དྲངས་དགོས་དོན་གང་ཡང་མེད་དེ། དེའི་སྐབས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོར་གནས་མུས་
    ཡིན་པའི་ཕྱིར། མ་གྲུབ་ན། འཁོར་གསུམ། མངོན་སུམ་ལ་བསྙོན་མ་འདིངས་ཤིག།

  5. ལོག་སྨྲ་ཚར་གཅོད། says:
    2012-07-14 at 8:09 am

    སྔོན་མེད་ཀྱི་ལེགས་བཤད་གསར་པ་ཞིག་ཐོན་གྲབས་འདུག མུ་འགོད་གནང་རོགས

  6. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-14 at 9:02 am

    གང་དུ་དྲྭ་གྲོགས་ལགས་ཀྱིས་བདེན་ཚིག་སྨོན་ལམ་འདི་༧ གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་དམངས་གཉིས་གནས་སྐབས་ཉེན་གཡོལ་དང་མཐར་ཐུག་བོད་རང་བཙན་སླར་གསོའི་ཆེད་དུ་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་ཆེད་དུ་༧གོང་ས་མཆོག་གིས་གསུངས་པ་ཞིག་ཡིན་ན། དེའི་སྐབས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུངགཉིས་གནས་སྐབས་དགྲ་བོ་རྒྱ་དམར་དམག་དཔུང་གི་ཉེན་ཁ་ལས་གཡོལ་ཟིན་ནས་བོད་ཀྱི་རྒྱ་ས་གཉིས་པ་ལྟ་བུར་རྡ་རམ་ས་ལ་བཞུགས་བཞིན་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་བདེན་ཚིག་སྨོན་ལམ་རྩོམ་པའི་དུས་ནི་ཕྱི་ལོ་ ༡༩༦༠ ། ༩ ། ༢༩ ཉིན་ལ་ཡིན་པ་དེ་ཉིད་ཀྱི་ཐུགས་ངེས་ཡོད་མེད་ཐེ་ཚོམ་བྱུང་། ཁྱད་པར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བདེན་ཚིག་སྨོན་ལམ་འདི་རྩོམ་པའི་སྐབས་སུ་ཆོས་སྲིད་ཟུང་འབྲེལ་གྱི་བོད་ཀྱི་གཞུང་དམངས་གཉིས་ནི་རྒྱ་གར་འཕགས་པའི་ཡུལ་དུ་བདེ་འབྱོར་ཐུབ་ཙམ་བྱུང་ཡང་རང་ཡུལ་གངས་ཅན་ལྗོངས་སུ་རྒྱ་ནག་དམར་པོ་གཞུང་གི་དྲག་དཔུང་གིས་ཁྲག་གི་འཁོར་ལོ་བསྐོར་ཟིན་པ་དེ་ཐུགས་ངེས་ཡོད་ཤག་ཡིན། རྒྱུ་མཚན་དེས་ན་མ་འོངས་པ་གངས་ལྗོངས་བོད་ཀྱི་ཡུལ་དུ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་འཛུགས་ཆེད་ཐུགས་སྨོན་མཚམས་སྦྱོར་གནང་བ་ཞིག་ཡིན་པ་བདེན་ཚིག་སྨོན་ལམ་འདིའི་ཚིག་དོན་ཡོངས་རྫོགས་མཇལ་བ་ལས་ཤེས་པས་སོ།། སྐྱབས་བཅོལ་དུ་ཕེབས་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་བདེན་ཚིག་སྨོན་གསུང་པ་དེས་ན༼རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན ༽ཞེས་པའི་རིང་བ་དེ་དུས་ཡུན་རིང་པོ་ཞིག་ལ་འཇོག་དགོས་པ་དེ་བླུན་པོ་ཡིན་ཡང་ཤེས་ནུས་པའི་སོ།། བདེན་ཚིག་སྨོན་ལམ་དྲང་དོན་དགོང་པ་ཅན་དུ་ཁྱེད་ཀྱིས་འགྲེལ་བཞིན་དུ་མི་གཞན་ལ་རང་སྐྱོན་མ་འགེབས་ཅིག ༼ ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་༽ཞེས་པའི་གསུང་ཚིག་མི་འགྱུར་རྡོ་རྗེ་བྲག་དེ་ཁྱེད་ཀྱིས་༼ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ་༽ཞེས་པ་འགྲེལ་རྒྱུ་ཡིན་ནམ། དེ་ལས་གཞན་བདེན་ཚིག་སྨོན་ལམ་གསུང་ཚིག་ཡོངས་རྫོགས་ནང་ལ་རང་བཙན་སླར་གསོ་ཡིན་པའི་བསྐོར་ལ་གསུང་ཚིག་གང་དུ་འདུག་སྟོན་ཞིག མངོན་སུམ་ལ་བསྙོན་མ་འདིངས་ཤིག དེས་ན་ཁྱེད་ཀྱི་རིགས་པ་ཐམས་ཅད་འབྲས་མཚུངས་ཀྱི་ལྟག་ཆད་འབའ་ཞིག་ཏུ་འགྱུར་བ་མ་རེད་དམ།

  7. སྤྲུལ་སྐུ་དབང་ཆེན says:
    2012-07-14 at 11:06 am

    གོང་གི་དཔྱད་བརྗོད་འདི་ངས་བྲིས་པ་མ་རེད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་མཛད་པ་རེད། མི་རིང་བར་གློག་རྡུལ་འཕྲུལ་དེབ་ནང་མཇལ་ཡོང་བའི་ཁྱབ་བསྒྲག་ཙམ་ཡིན་ལགས།

  8. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-14 at 1:05 pm

    ད་ནི་དྲྭ་གྲོགས་རྣམས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཡང་དག་རེ་འཇོག་པ་དང་།
    ཆོས་སྲིད་ཟུང་འབྲེལ་གྱི་བརྗོད་གཞི་ལས་མ་བརྒལ་བའི་བགྲོ་གླེང་ལྷུག་རེ་གནང་ཐུབ་སྤྱི་ཚོགས་ཕན་ཐོག་ངེས་ཅན་ཡོང་བ་སྨོོས་ཅི་དགོས། སེམས་ཚོར་ཙམ་གྱི་མི་ཆོག་པ་འགན་ཁུར་ཡོད་པའི་དཔྱད་གླེང་གནང་རོགས།

  9. མགོན་པོ་ཕྱག་གཉིས་པ། says:
    2012-07-14 at 5:18 pm

    རང་དབང་ལ་གོ་བ་ལོངས། དེ་ནས་རང་དབང་གཙང་མ་ལ་གོ་བ་ལོངས་།
    ཕྱི་སྲིད་གཞན་དབང་དུ་ཡོད་ན་རང་དབང་མ་རེད།།
    དམག་དོན་གཞན་ལག་ལ་བཞག་ན་རང་དབང་མ་རེད།།
    གཞན་གྱི་ཚོད་འཛིན་འོག་ལྷུང་ན་རང་དབང་མ་རེད།།
    གཞན་འོག་རང་སྐྱོང་ཞིག་རག་ཀྱང་རང་དབང་མ་རེད།།

    ཚད་མཐོའི་རང་སྐྱོང་ཟེར་ཡང་རང་དབང་མ་རེད།།
    རང་དབང་གཙང་མ་ཞིག་ཡིན་མདོག་དེ་བས་མི་འདུག།
    ཕྱི་སྲིད་དམག་དོན་གྱིས་མཚོན་འཛིན་སྐྱོང་ཀུན།།
    རང་ལ་དབང་ན་དེ་ནི་རང་དབང་རེད།།

    ཕྱི་རུ་རང་དབང་ཞིག་ཐོབ་པའི་དབང་དུ་བཏང་ཡང་།།
    དམངས་གཙོ་ངོ་མ་ཞིག་མིན་ན་གཙང་མ་མ་རེད།།
    ཀུན་ལ་འདྲ་མཉམ་ཞིག་མེད་ན་གཙང་མ་མ་རེད།།
    ཞི་བདེ་ངོ་མ་ཞིག་མེད་ན་གཙང་མ་མ་རེད།།

    བོད་ལ་རང་དབང་གི་ཉི་མ་འཆར་བར་ཤོག།
    དེ་ཉིད་གཙང་མ་ཞིག་ཡིན་པར་སྨོན་ལམ་འདེབས།།
    གཞན་པའི་བཙན་དབང་གི་ཚོད་འཛིན་མེད་པར་ཤོག།
    ཀུན་སྙོམས་བདེ་སྐྱིད་ཅིག་ཀུན་ལ་ཡོད་པར་ཤོག།

  10. སྣྲོན་ངག་ཁྲི། says:
    2012-07-15 at 5:29 am

    མཁྱེན་ཡངས་སེར་བྱེས་ངག་དབང་སྟོབས་ལྡན་མཚན་ཅན་ལགས།
    ཁྱེད་ཀྱིས་ཡག་པོ་ཞིག་ཀློག་ནས་ད་གཟོད་ལན་གསལ་པོ་གནད་ལ་འཁེལ་བ་ཞིག་གནང་རོགས། ངས་རིང་ནས་ཞེས་པ་༸རྒྱལ་དབང་ལྔ་པ་སྐབས་དང་། ༸གོང་ས་མཆོག་སྐུ་ན་ཕྲ་བའི་གནས་སྐབས་ཀྱི་ཆོས་སྲིད་ཟུང་འབྲེལ་བར་དུ་གསུངས་གི་མེད་པ་ར་སྤྲོད་བྱས་ཡོད་མ་གཏོགས་རིང་ནས་ཞེས་པ་དུས་ཚོད་ཐུང་ཐུང་ཞིག་ལ་ངོས་
    འཛིན་དགོས་ལུགས་གང་ཡང་བཤད་མེད། ཁྱེད་ཀྱིས་སྔོན་མའི་མཆན་དེའི་ནང་དུ་རིང་ནས་ཞེས་པའི་གོ་བ་དེ་ཏག་ཏག་མ་རེད་ལ་
    རང་དབང་གཙང་མའི་དཔལ་ཡོན་གཉིས་ལྡན་གྱི་ཆོས་སྲིད་ཟུང་འབྲེལ་ལ་སྤྱོད་པའི་སྐལ་
    བཟང་མྱུར་བ་ཉིད་དུ་སྩོལ་ཅེས་པའི་གོ་བ་རང་བཙན་སླར་གསོའི་དོན་རེད་ཟེར་བ་ཡིན་མ་གཏོགས་༼ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ་༽ཞེས་ཚིག་ཙམ་བརྗེས་པའི་ངལ་བ་ནམ་ཡང་བསྟེན་མི་སྲིད་གང་ཡིན་ཞེ་ན།
    གོང་གི་ཚིག་ཟིན་གྱི་གོ་བ་ལྟར་ནའང་བོད་རང་བཙན་སླར་གསོའི་དོན་གོ་ནུས་པ་གང་
    ཞིག དེའི་སྐབས་སུ་༸གོང་ས་མཆོག་གིས་ཆེད་མངགས་ཆིང་ཡིག་དོན་ཚན་བཅུ་བདུན་
    རྩིས་མེད་བཏང་གནང་ནས་བོད་རང་བཙན་གསལ་བསྒྲགས་མཛད་པའི་དྲོད་མ་ཡལ་བའི་
    ལོ་རབས་དྲུག་ཅུ་བདུན་བཅུའི་སྐབས་རང་བཙན་གྱི་ལྟ་བ་མཁྲེགས་པོར་གནས་པའི་ནུས་ལྡན་གྱི་དུས་བཟང་ཡིན་པའི་ཕྱིར།

  11. སྤྱང་ཤོག says:
    2012-07-15 at 3:54 pm

    ཆོས་ཀྱི་སྲིད་ལ་དབང་བརྒྱུར་དང་སྲིད་ཀྱི་ཆོས་ལ་དབང་བརྒྱུར་གཉིས་བར་ཁྱད་པར་ཆེ་པོ་ཡོད།

  12. གཉན་གཡག་ཕྲུག says:
    2012-07-15 at 6:08 pm

    ད་དང་མ་ཡིག་ཟུང་གི་རྣ་ཟིན་སྤུ་ཟིན་བཞུགས་སོ།།
    ༄༅།། ཆེ་དང་མ་ཆེ་༧རྒྱལ་བའི་ཐུགས་རྗེ་ཆེ། ཁྱབ་དང་མ་ཁྱབ་གང་གིས་མཛད་པས་ཁྱབ།
    འཐོབ་དང་མ་འཐོབ་བློ་བཟང་སེངྒེར་འཐོབ། ཕམ་དང་མ་ཕམ་བཀྲས་མཐོང་བསྟན་རྣམ་ཕམ།
    ལྷོད་དང་མ་ལྷོད་བཀའ་ཟུར་བཀྲས་དབང་ལྷོད། ངན་དང་མ་ངན་ཨ་ལགས་འཇིགས་མེད་ངན།
    གྲུང་དང་མ་གྲུང་རྒྱ་རི་བློ་གྲོས་གྲུང་། བཙན་དང་མ་བཙན་ཟམ་གདོང་བླ་མ་བཙན།
    བརྟན་དང་མ་བརྟན་ཚོགས་གཙོ་སྤེན་ཚེ་བརྟན། རྒོད་དང་མ་རྒོད་ཟླ་བ་ཚེ་རིང་རྒོད།
    འཕར་དང་མ་འཕར་བདེ་སྐྱིད་ཆོས་དབྱངས་འཕར། སྐྱིད་དང་མ་སྐྱིད་སྐལ་བཟང་ཨོ་གར་སྐྱིད།
    ངུས་དང་མ་ངུས་རྒྱ་རི་སྒྲོལ་མས་ངུས། བཏོན་དང་མ་བཏོན་བུད་མེད་ཚོགས་པས་བཏོན།
    གུད་དང་མ་གུད་སྒྲོལ་དཀར་ལྷ་མོ་གུད། ཐོར་དང་མ་ཐོར་ཆུ་བཞི་སྒང་དྲུག་ཐོར།
    འཐོམ་དང་མ་འཐོམ་ཁྲི་ཟུར་ལུང་རིག་འཐོམ། ཕྱུག་དང་མ་ཕྱུག་ཀརྨ་པ་རང་ཕྱུག །
    བྲིས་དང་མ་བྲིས་འཇམ་དབྱངས་ནོར་བུས་བྲིས། ངར་དང་མ་ངར་ལྷ་དར་ཚེ་རིང་ངར།
    བསྐོར་དང་མ་བསྐོར་བསྟན་འཛིན་བརྩོན་འགྲུས་བསྐོར། བཤད་དང་མ་བཤད་ལྷ་མོ་མཚོ་ཡིས་བཤད།
    ཕྱིན་དང་མ་ཕྱིན་གླིང་ཚང་ནང་མིས་ཕྱིན། ཕན་དང་མ་ཕན་ཟས་བཅད་གསུམ་པོས་ཕན།
    སྡུག་དང་མ་སྡུག་ལོ་གསར་མེད་པས་སྡུག །མྱང་དང་མ་མྱང་བོད་ནང་བོད་མིས་མྱང་།
    ཉལ་དང་མ་ཉལ་འཛམ་གླིང་རྒྱལ་སྤྱི་ཉལ། །

  13. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-09-10 at 10:47 am

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པ་རེད་ཚང་མའི་ནོར་འདུག་ག་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme