Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུ་འཛིན་ཡོལ་བས་སྒྲིབ་པའི་མཛེས་ལྗོངས།

Posted on 2012-07-122012-07-12 By ཆུ་སྐྱེས་སྒྲོལ་མ། 36 Comments on ཆུ་འཛིན་ཡོལ་བས་སྒྲིབ་པའི་མཛེས་ལྗོངས།

བསམ་གླིང་ཚེ་རིང་ལྷ་མོ།

རྒྱང་རིང་རི་གྲོང་སྨུག་སྤྲིན་སྟུག་པོས་སྒྲིབ།།
ཤང་ཤང་ཟེར་བའི་ཆུ་མོའི་སྐད་སྒྲ་ཙམ།།
དར་ལྗང་སྣུམ་པར་ཀླུབ་པའི་ནགས་ལྗོངས་དག།
འདྲེན་བྱེད་ཡུལ་དུ་སྣང་བའི་སྐབས་མ་ཤར།།

སྤང་རིའི་མཛེས་ལྗོངས་ཡིད་དུ་མཚར་ནའང་།།
ཆུ་ཡི་གཞོན་པས་ཡོངས་སུ་བཀབ་པར་བྱས།།
རི་སྐྱེས་མེ་ཏོག་མཛེས་ཉམས་ལྡན་ནའང་།།
རྒྱ་མཚོའི་རླངས་པས་མཇལ་བའི་སྐབས་མ་སྟེར།།

རི་རྒྱལ་ལྷུན་པོའི་རྩེ་མོ་མཐོ་ནའང་།།
རླུང་གི་ཤིང་རྟས་ཡོངས་སུ་འཁྱུད་པར་བྱས།།
ལྗང་མདོག་ཚེ་སྲོག་ཡིད་ལ་མཛའ་ནའང་།།
སྨུག་སྤྲིན་ལྷེབ་མོའི་སེང་རས་འོག་ཏུ་ཚུད།།

སྔོ་བསངས་ནམ་མཁའི་དཀྱིལ་འཁོར་མཛེས་ནའང་།།
ཆུ་འཛིན་ཕོན་པོས་ཡོངས་སུ་ཀླུབ་པར་བྱས།།
ཉི་ཟླའི་འཁྱུག་གྲོས་ཝ་ལེར་འཆར་ནའང་།།
ལྟ་བའི་འདྲེན་བྱེད་རླུང་གི་ཤིང་རྟས་འགེབས།།

སྤུ་སྡུག་བཀྲ་བའི་བྱིའུ་ཆུང་གསུང་སྙན་ཡང་།།
ནགས་ལྗོངས་སྟུག་པོ་སྨུག་སྤྲིན་ཡོལ་བས་སྒྲིབ།།
སྐྱུར་སྐྱུར་མགྲིན་སྒྲ་རྣ་བར་སྙན་ནའང་།།
མཇལ་འཕྲད་མིག་གི་དགའ་སྟོན་དེ་བས་དཀའ།།

སྙན་ངག

Post navigation

Previous Post: བཀའ་ཟུར་ང་ཕོད་ལགས་ཀྱི་གཏམ་བཤད།
Next Post: ངེད་རང་འདི་ལྟར་འབྲལ་དགོས་བྱུང་།

Comments (36) on “ཆུ་འཛིན་ཡོལ་བས་སྒྲིབ་པའི་མཛེས་ལྗོངས།”

  1. ཇོ་ཇོ། says:
    2012-07-12 at 2:50 am

    བསམ་གླིང་ཚེ་རིང་ལྷ་མོ་ལགས། ག་རེ་གཟིགས་མ་སོང་ངམ།

  2. ཟླ་བཀྲས་ཕུན་ཁང། says:
    2012-07-12 at 2:55 am

    ན་ག་ནོག་གེ་འདི་འདྲ་བྲིས་ནས་ཁ་བརྡ་དྲ་བའི་ས་མིག་འཕྲོ་བརླག་ཏུ་མ་གཏོང་རོགས། བཙན་བྱོལ་བུད་མེད་ཚོའི་ནང་ཡི་གེ་རང་འགོ་ཐོན་མཁན་ཞིག་མེད་པ་འདི། ཐབས་སྐྱོ་བོ་མ་རེད་དམ།

  3. འདྲེ་རྐང་ཐོ། says:
    2012-07-12 at 3:09 am

    བསམ་གླིང་བུ་མོ་ལྷ་ལས་མཛེས་ན་ཡང་། །
    ནམ་ཞིག་མི་སྡུག་རྒན་མོར་གྱུར་ནས་འགྲོ། །
    བརྗོད་བྱེད་ཚིག་གི་ཁུ་བྱུག་སྙན་ན་ཡང་། །
    བརྗོད་བྱ་སེམས་མེད་ནགས་ཀླུང་སྤྲིན་གྱིས་གཡོག །

  4. ཁེར་བཞུད། says:
    2012-07-12 at 5:09 am

    སྨུག་སྤྲིན་སྟུག་པོས་མིག་ལམ་ཡོངས་སུ་བཀག།
    མཛེས་པའི་གངས་ལྗོངས་ཡིད་ལ་ཝ་ལེར་འཆར།།
    གཟུགས་མེད་སེམས་ལ་སྡུག་གི་ཁུར་བོ་ལྕི།།
    ཀྱེ་ཧུད་ས་མཐའི་མི་ཡི་ལས་དབང་འདི།།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-12 at 7:49 am

    གོང་གསལ་ཚིགས་བཅད་རྣམས་མངོན་བརྗོད་སྣ་ཚོགས་བཀོད་ནས་བྲིས་པས། མངོན་བརྗོད་མ་སྦྱངས་པ་ལ་གོ་དཀའ། བོད་ཀྱི་བུད་མེད་ཁྲོད་ན་འདི་ཙམ་འབྲི་མཁན་ཡོད་པ་ལ་བློ་གྲོས་ཀྱི་མིག་ཡོད་ན། ལེགས་པར་བཀླགས་ཏེ་དགའ་བ་སྐྱེད་དགོས་པར་མཐོང་།
    དེ་མིན་ས་པཎ་གྱིས། ལེགས་བཤད་དུ།
    ངན་པ་ཕལ་ཆེར་རང་གི་སྐྱོན།
    གང་ཡིན་གཞན་ལ་འགོད་པར་བྱེད།
    ཁྭ་ཏས་མི་གཙང་ཟོས་པའི་མཆུ།
    ས་གཙང་གཞན་ལ་རྦད་ནས་འཕྱིད།། ལེ་ ༣ ཙིགས་ ༥

    ཆུ་ཡི་གཞོན་པས། ཞེས་པར་ཆུ་ཡི་བཞོན་པས། ཞེས་དགོས་སྙམ། དེ་བཞིན་དུ། འཁྱུག་གྲོས། འཁྱུག་འགྲོས། ཞེས་པ་མ་ཡིན་ནམ། འདི་དག་ལ་གསལ་བཤད་རེ་དགོས་སོ།།

  6. ལུང་རྟོགས། says:
    2012-07-12 at 7:56 am

    རྒན་ལ་དྭག་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུང་པ་དེ་བདེན་པ་རེད། ཚེ་རིང་ལྷ་མོ་ལགས་ནི་ནམ་ཡིན་ཡང་བོད་ཡིག་གི་ཐོག་ནས་རྩོམ་འབྲི་གནང་མཁན་གྱི་བུད་མེད་ཞིག་ཡིན་པས་རྗེས་སུ་ཡི་རང་ཡོད། དེ་མིན་བཙན་བྱོལ་ཁྲོད་ཀྱི་བུད་མེད་དེ་ཚོ་ལ་བལྟོས་དང་། ཡིད་སྐྱོ་བ་ཞིག་རེད།

  7. མེ་ཏོག་དཀར་པོ། says:
    2012-07-12 at 8:02 am

    ཡང་ལུང་རྟོགས་ཀྱིས་བཙན་བྱོལ་ཅིག་ཅིག་མག་མག་ཟེར་འདུག
    ལྟོས་དང་། ངས་ད་ལྟ་རང་མཆན་བུ་ཞིག་བཏགས་ནས་གླིང་དཀར་ལྷ་རྗེ་དང་བགྲོ་གླེང་བྱེད་བཞིན་པ་ཡིན། ཁྱོད་ཚོས་ ༥༩ དང་ ༠༡ བསྡུར་ཡོང་གིས། དེ་དངོས་གནས་ཚད་ལྡན་རེད་དམ།

  8. གནམ says:
    2012-07-12 at 8:03 am

    ཤེས་ཡོན་པ་ཁ་ཤས་ཤིག་གིས་ཆང་ཧུབ་གང་གི་ཚབ་དུ་བསྟོད་ན་ཐང་རེད། ང་ལ་མཚོན་ན་ནི་སེམས་ཤུགས་གཅོག་སྤྱད་དང་ཆུ་ཚོད་འཕྲོ་རླག་གཏོང་སྤྱད་རང་རེད་འདུག ཨ་ཆེ་ཁྱོད་མཁས་བའི་གྲལ་དུ་ཚུད་པ་ལ་བཀྲ་ཤིས་བདེ་ལེགས་ཡོད།

  9. གཞོན་ནུ་ཟླ་མེད། says:
    2012-07-12 at 8:33 am

    བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་མ་ལ་ཕྱག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  10. གངས་འདབས། says:
    2012-07-12 at 8:33 am

    བསམ་བསམ་བློ་ཡི་དྭངས་གཙང་ཡོལ་བའི་སྟེང་།
    གླིང་གླིང་ཕྱོགས་ཀྱི་རྒྱབ་རི་མཐོང་བར་འདོད།
    ཚེ་ཚེ་སྐད་ཅིག་མི་སྒུག་ཐུགས་བྲེལ་གྱིས།
    རིང་རིང་རྒྱབ་རིའི་ནང་ལྗོངས་མཇལ་བར་འབད།
    ལྷ་ལྷའི་ཞབས་ཀྱི་འགེགས་ཉམས་ཕྲ་མོ་དེ།
    མོ་མོས་གསུངས་འཕྲིན་ཉན་ཡང་མ་མཇལ་ཐལ།

  11. མེ་ཏོག་དཀར་པོ། says:
    2012-07-12 at 8:35 am

    དང་པོ་དང་བཞི་པ་ལས་གཞན་སྒྲ་རྒྱན་འདི་བཙན་དབང་རང་རེད་འདུག

  12. མིག་བརྒྱད་པ། says:
    2012-07-12 at 9:40 am

    རྒན་ལ་དྭགས་པས་གསུངས་པ་ལྟར། རིག་གནས་ཆུང་བ་ལྔའི་ནང་ཚན་མངོན་བརྗོད་མཁས་པའི་བསྟན་བཅོས་ནང་གི་མིང་ཚིག་གི་བྱུང་འཕེལ་དེ་དག་དེང་དུས་ཀྱི་ཚན་རིག་དང་མཐུན་པ་དཔེར་ན། ནམ་མཁའི་སྤྲིན་པ་ལ “ཆུ་འཛིན” དང་། རྒྱ་མཚོ་ལ་“སྤྲིན་གྱི་མ”ཞེས་པ་ལྟ་བུ་རྒྱ་མཚོ་ལས་སྤྲིན་པ་བྱུང་བ་ལྟ་བུ། སྐྱེས་དངོས་དང་ཁྱད་ཆོས་བཟོ་དབྱིབས་སོགས་དོན་གཅིག་ལ་མིང་གི་རྣམ་གྲངས་མི་འདྲ་བ་དང་། ཚན་རིག་གི་རྩིས་དང་མཐུན་པ་མང་དུ་བྱུང་འདུག
    དང་པོའི་སངས་རྒྱས་ལས།
    སྟོང་བ་སྟོང་བ་མཁའ་ཀླུ་ལག་པ་ཐུབ་པ་རི་བོང་ཅན་ནི་རྫོགས་ལྡན་དུས་ཀྱི་ཚད་ཡིན་ནོ།།
    མཁའ་མཁའ་སྟོང་བ་རོ་དང་དགུ་དང་ཉིན་མོར་བྱེད་པ་གསུམ་ལྡན་ལོ་ཡི་གྲངས་སུ་རབ་ཏུ་གྲགས།།
    སྟོང་བ་སྟོང་བ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་བྱ་གཉིས་ལྡན་ལོ་ནི་ཡང་དག་གོ།
    སྟོང་བ་ནམ་མཁའ་མཁའ་དང་མིག་དང་ཡོན་ཏན་ཆུ་གཏེར་རྩོད་ལྡན་ལོ་ཡི་གྲངས་སུ་འགྱུར།།
    ཞེས་པའི་དོན་ཇི་ལྟར་འགྲེལ། རྫོགས་ལྡན་ལ་མི་ལོ་(1728000)། གསུམ་ལྡན་ལ་ (1296000)། གཉིས་ལྡན་ལ་ (864000། རྩོད་ལྡན་ལ་(432000)ཏེ་དུས་བཞི་ལ་མི་ལོ་གྲངས་(43200000)་འབྱུང་བ་གོང་གི་རྩ་ཚིག་དང་སྦྲགས་ནས་གྲངས་རིག་གསུང་ཐུབ་མཁན་ཨེ་ཡོད།

  13. མེ་ཏོག་དཀར་པོ། says:
    2012-07-12 at 9:46 am

    སྟོང་བ་སྟོང་པ་ཡིན་དྲོ།

  14. འདོད་ལྷ་ཁམས་པ། says:
    2012-07-12 at 10:02 am

    རབ་བརྗིད་མ་སུ་རི་ཡི་རྩེད་མོ་ན། །
    ལྷུན་ཆགས་གངས་ཕྲུག་གཞོན་ནུའི་རྩེད་རྭ་རུ། །
    ཞལ་རས་ཟླ་བ་ནུ་འབུར་རབ་རྒྱས་པའི། །
    བཞིན་བཟང་ཉམས་ལྡན་མཛེས་མ་ཁྱོད་ལ་བསྟོད། །

  15. མིག་བརྒྱད་པ། says:
    2012-07-12 at 10:10 am

    རྒྱལ་པོའི་བཀའ་ཐང་ལས།
    མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས།།
    འབྱུང་བ་ཚ་གྲང་འཐབ་པས་གློག་ཏུ་འཁྱུག།
    དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོག།
    དྲག་ཅིང་བཙིར་ན་བར་ནས་ཐོག་ཏུ་འབབ།།
    དཔེར་ན་མེ་ལྕགས་རྡོ་ལ་བརྡབ་པ་བཞིན།།
    ཞེས་པས་མཚོ་ཡི་རླངས་པ་བར་སྣང་དུ་སོང་ནས་སྤྲིན་ཆགས་ཚུལ་དང་། འབྱུང་བ་ཚ་གྲང་གི་ཕོ་གློག་དང་མོ་གློག་གཉིས་འཐབ་པ་ལས་གློག་འཁྱུག་ཚུལ། གློག་དང་གློག་འཐབ་པས་འབྲུག་སྒྲ་སྒྲོག་ཚུལ། གློག་གི་ཤུགགས་ཚད་མཐོ་བ་གཉིས་ཕན་ཚུན་བཙིར་བརྡར་ལས་ཐོག་འབབ་ཚུལ་སོགས་ཚན་རིག་དང་མཐུན་པ་འདི་འདྲ་ང་ཚོའི་གནའ་བོའི་གསུང་རབ་དག་ན་གང་མང་མང་རེད།

  16. ཇ་མ་ says:
    2012-07-12 at 10:27 am

    མོའི་སྙན་ངག་འདི་ལ་རྒྱ་ནག་གི་སྙན་ངག་པའི་ཤན་ཤུགས་འདུག

    ༡༥༽ མིག་བརྒྱད་པའི་ལུང་དྲངས་པའི་སྙན་ངག་འདི་ཚན་རིག་དང་མཐུན། ཐུགས་རྗེ་ཆེ།

  17. རྡོ་རྗེ་རིན་ཆེན། says:
    2012-07-12 at 10:42 am

    ཀྱེ་ཀྱེ་བློ་གསལ་མཁྱེན་ལྡན་ཁྱེད་ཉིད་ལ།།
    ཅི་ཁེག་སྔོན་དུས་ཤེལ་དཀར་གླིང་བས་ཀྱང་།།
    ལྷ་ས་དྲན་གླུ་ཞེས་པའི་སྙན་ངག་དེ།།
    སྣང་ཚུལ་འདི་འདྲས་ཐོལ་གྱིས་ལྷུང་མིན་ནམ།།
    ནགས་མོས་སྐ་རགས་བཅིངས་འདྲའི་ཡུལ་ལྗོངས་དེ།།
    བརྒྱ་ལ་བཤད་ཀྱང་སླད་སྐྱོན་དེ་དག་གིས།།
    སཱ་ལའི་སྨན་དང་ཁ་བའི་རྡུལ་བརྩེགས་ཀྱིས།།
    རབ་མཛེས་གངས་ཅན་ཡུལ་ལ་འགྲན་ནུས་ཅི།།

  18. མིག་བརྒྱད་པ། says:
    2012-07-12 at 10:54 am

    རྩེ་དགའི་རི་བོར་སྨིག་སྤྲིན་ཁ་བས་གཡོགས།།
    སྤང་གི་རི་བོར་འདབ་ལྡན་ཚོགས་ཀྱིས་སྒྲིབ།།
    འདྲེན་བྱེད་དབང་པོར་སྣང་བ་བན་བུན་དུ།།
    འདོད་ལྡན་མ་ཡི་སྙིང་ལ་ཟུག་ངུ་བསླངས།།

  19. མིག་བརྒྱད་པ། says:
    2012-07-12 at 11:09 am

    ཨ་ཅེ་ཚེ་རིང་ལྷ་མོའི་སྙན་ངག་འདི།།
    རང་བྱུང་ཁམས་དང་ནང་གི་སེམས་པ་གཉིས།།
    མི་མཐུན་འགལ་བའི་རྒྱན་གྱིས་ཡོངས་སྤུད་པའི།།
    སྙན་ཚིག་ཕུལ་དུ་བྱུང་བར་བདག་གིས་འདོད།།

  20. ཁ་བ་འཚོ says:
    2012-07-12 at 11:14 am

    ལྕགས་མོ་འཚོའི་སྙན་ངག་ལས་ཁྱེད་ཀྱིས་མངོན་བརྗོད་མང་པོར་སྒྲིགས་ཡོད་ན་ཡང་ཁྱེད་ཀྱིས་ཡག་པོ་བྲིས་འདུག
    མུ་མཐུད་ནས་བྲིས་དང་ཡག་པོ་ཡོང་བཟོད་འདུག

  21. རུ་ཤུལ་བུ་ says:
    2012-07-12 at 11:16 am

    དབུ་རྩེ་ཁ་བ་དཀར་པོས་ལ་ཐོད་བཅིང་།།
    ཚང་ཚིང་གཡུ་ལོ་འཁྲིགས་པའི་གོས་བཟང་ལ།།
    སྣ་བརྒྱའི་འདབ་ལྡན་སྟོང་གིས་ཤམ་བུ་ཅན།།
    ངོ་མཚར་དཔལ་གྱིས་ཕྱུག་པའི་ཡུལ་འདི་བརྗིད།།

  22. བསམ་གླིང་ཚེ་རིང་ལྷ་མོ། says:
    2012-07-12 at 11:37 am

    དྲ་གྲོགས་ལྷན་རྒྱས་ནས་ཡག་ཡག་ཉེས་ཉེས་གང་མོས་གླེང་གནང་བར་ཧ་ཅང་དགའ་པོ་བྱུང་།
    སློབ་དཔོན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་དག་བཅོས་གནང་བར་བཀའ་དྲིན་ཆེ།

  23. མགོན་པོ་བཀྲ་ཤིས says:
    2012-07-12 at 12:18 pm

    གང་ལྟར་རང་དབང་ལུང་པའི་ནང་ཡོད་པའི་བོད་མའི་རྣམས་པས་རང་དབང་གི་རྩོམ་ཡིག་མང་པོ་འབྲི་བར་ཧ་ཅང་དགའ་བོ་བྱུང་་་

  24. ཀརྡོ་གཉེར་ཕྱག་པ་ says:
    2012-07-12 at 12:33 pm

    སྟོང་བ་༼ཀླད་ཀོར༽སྟོང་བ་༼ཀླད་ཀོར༽མཁའ་༼ཀླད་ཀོར༽ཀླུ་༼བདུན་༽ལག་པ་༼ལག་པ་གཉིས་༽ཐུབ་པ་༼བདུན་༽རི་བོང་ཅན་ནི་༼གཅིག་༽རྫོགས་ལྡན་དུས་ཀྱི་ཚད་ཡིན་ནོ།།
    མཁའ་༼ཀླད་ཀོར་༽མཁའ་༼ཀླད་ཀོར་༽སྟོང་བ་༼ཀླད་ཀོར༽རོ་༼དྲུག་༽དང་དགུ་༼གྲངས་དགུ་༽དང་ཉིན་མོར་བྱེད་པ་༼གཅིག༽གསུམ་ལྡན་ལོ་ཡི་གྲངས་སུ་རབ་ཏུ་གྲགས།།
    སྟོང་བ་༼ཀླད་ཀོར༽སྟོང་བ་༼ཀླད་ཀོར༽མཁའ་༼ཀླད་ཀོར་༽དང་རིག་བྱེད་༼བཞི་༽རོ་༼རོ་དྲུག༽དང་ལག་འགྲོ་༼བརྒྱད་༽ཞེས་བྱ་གཉིས་ལྡན་ལོ་ནི་ཡང་དག་གོ།
    སྟོང་བ་༼ཀླད་ཀོར༽ནམ་མཁའ་༼ཀླད་ཀོར༽མཁའ་༼ཀླད་ཀོར༽དང་མིག་༼གཉིས་༽དང་ཡོན་ཏན་༼གསུམ་༽ཆུ་གཏེར་༼བཞི་༽རྩོད་ལྡན་ལོ་ཡི་གྲངས་སུ་འགྱུར།།
    མཅུན་༡༢པའི་ཆེད་དུ་དང་། རྒྱས་པ་རྗེས་སུ་འགོད་རྒྱུ།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-07-12 at 2:36 pm

    རང་བཞིན་གཟུགས་དང་བསེ་རུ་དང་། །ཟླ་བ་འོད་དཀར་རི་བོང་ཅན། །འདི་རྣམས་༡གཅིག་གི་མིང་དུ་གྲགས། །མིག་ཟུང་བགྲོད་པ་ཐབས་ཤེས་དང་། །འཁྲིག་སྦྱོར་གཤིན་རྗེ་མཚེ་མ་༢གཉིས། །འཇིག་རྟེན་ཚ་བ་ཡོན་ཏན་མེ། །སྲིད་པ་རྩེ་མོ་ཅན་རྣམས་༣གསུམ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་བདུད། །རིག་བྱེད་སྡེ་པ་ཟུང་ལྡན་༤བཞི། །འདོད་ཡོན་ཉེར་སྤྱོད་ཕུང་པོ་མདའ། །འབྱུང་བ་དབང་པོ་༥ལྔ་ཡི་མིང་། །རོ་དུས་བྲོ་བ་མཚམས་རྣམས་༦དྲུག །རིན་ཆེན་ས་འཛིན་ཐུབ་པ་གླིང་། །དྲང་སྲོང་རེས་གཟའ་རྟ་རྣམས་༧བདུན། །ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ། །ལྟོ་འགྲོ་ནོར་ལྷ་ནོར་དབྱིག་༨བརྒྱད། །སྲིན་པོ་བུ་ག་གཏེར་རྩ་༩དགུ །འཇུག་པ་ཁྲོ་བོ་སྒྲ་སྒྲོགས་ཕྱོགས། །འབྱོར་པ་སྟོབས་དང་སོར་མོ་༡༠བཅུ། །དྲག་པོ་དབང་ཕྱུག་བདེ་བྱེད་དང་། །བདེ་འབྱུང་འཕྲོག་འབྱེད་༡༡བཅུ་གཅིག་གོ །ཉི་མ་རྟེན་འབྲེལ་ཁྱིམ་༡༢བཅུ་གཉིས། །གདུགས་རིམ་སྣ་ཚོགས་ལུས་མེད་དང་། །འདོད་པ་མྱོས་བྱེད་༡༣བཅུ་གསུམ་མིང་། །མ་ནུ་ཤད་བུ་ཡིད་སྲིད་པ། །སྲིད་པའི་གནས་རྣམས་༡༤བཅུ་བཞིའོ། །ཚེས་ཞེས་བྱ་བ༡༥བཅོ་ལྔའི་མིང་། །ཆ་ཤས་དང་ནི་རྒྱལ་པོ་དང་། །མི་བདག་ཅེས་པ་༡༦བཅུ་དྲུག་གོ །
    ཉེས་སྐྱོན་ཁམས་རྣམས་༡༨བཅོ་བརྒྱད་དོ། །རྒྱལ་བ་ཡུལ་ནི་༢༤ཉེར་བཞིའོ། །དེ་ཉིད་༢༥ཉི་ཤུ་རྩ་ལྔ་སྟེ། །སྐར་མ་འཁོར་ལོ་༢༧ཉེར་བདུན་མིང་། །སོ་གཉིས་ཀྱེས་༣༢སུམ་ཅུ་གཉིས། །སྟོང་པ་ནམ་མཁའ་ཐིག་ལེ་སྟེ། །༼ཀླད་ཀོར་ལ་གོ་དགོས་༽གྲངས་ཀྱི་མིང་གི་རྣམ་གྲངས་སོ།
    ངའི་བཤུ་སའི་ཁུངས་འདིར།༡༧དང་༡༩་༢༠་༢༡་༢༢་༢༣་གསལ་མི་འདུག་གོ །

  26. མིག་བརྒྱད་པ། says:
    2012-07-12 at 3:51 pm

    ཀརྡོ་གཉེར་ཕྱག་པས་དྲིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ།
    དུས་འཁོར་ནས་བཤད་པའི་མི་རིགས་བཅུ་བཞི་ནི།
    རྒྱལ་རིགས་ལ། རྐང་ཐང་། རྟ་པ། གླང་ཆེན། ཤིང་རྟ་པ་བཞི།
    བྲམ་ཟེ་ལ། ནགས་གནས། ཁྱིམ་གནས། དཀའ་ཐུབ་པ་གསུམ།
    རྗེ་རིགས་ལ། ཚོང་བ་དང་། ཡིག་མཁན། སྨན་པ་གསུམ།
    དམངས་རིགས་ལ། ས་གཞི་རྨོ་བ། བ་ལང་སྐྱོང་བ། འཇམ་ལས་པ། ཁྱིམ་ལས་པ་བཞིའོ།།

  27. མིག་བརྒྱད་པ། says:
    2012-07-12 at 4:00 pm

    ལུས་ལ་མི་སྡུག་པའི་ཉེས་པའམ་སྐྱོན་བཅོ་བརྒྱད་ནི།
    གཟུགས་མི་སྡུག་པ། སྐྲ་བྱི་བ། དཔྲལ་བ་ཆུང་བ། མདོག་སེར་སྐྱ། སྨིན་མཚམས་མ་འབྱར་བ། སྣ་ལེབ་པ། སོ་སྟོ་བ། དིག་པ། མིག་ཟླུམ་པ། མིག་ཆུང་བ། ཕྱི་ནང་དུ་སྒུར་བ། ལྟོ་བ་ཆེ་བ། དཔུང་བ་དང་རྗེ་ངར་ཐུང་བ། སྤུ་ཅན། ལག་པ་དང་རྐང་པ་མི་མཉམ་པ། ཚིགས་སྦོམ་པ། ཁ་དང་ལུས་ལས་དྲི་ངན་འབྱུང་བ་སྟེ་བཅོ་བརྒྱད་དོ།།

  28. མིག་བརྒྱད་པ། says:
    2012-07-12 at 4:11 pm

    འཛམ་གླིང་ཐོག་བོད་ཡིག་གི་གསར་ཤོག་ཐོག་མ་གང་ཡིན་ནམ། གསར་ཤོག་དེའི་རྩོམ་སྒྲིག་པ་སུ་ཡིན་ནམ།
    འཛམ་གླིང་ཐོག་བོད་ཡིག་གི་གསར་ཤོག་མ་༼གསར་འགྱུར་མེ་ལོང་༽ཟེར། ཀ་ལིན་སྦུག་ཏུ་འདོན་སྤེལ་བྱེད་མཁན་ཁུ་ནུ་པ་སྦ་བུ་མཐར་ཕྱིན་ཟེར།

  29. མིག་བརྒྱད་པ། says:
    2012-07-12 at 4:57 pm

    མངོན་བརྗོད་དུ་འབྲུག་སྒྲ་ལ། སྤྲིན་གྱི་སྒྲ་དང་དབྱར་སྐྱེས་རྔ་།།ཞེས་པ་ལྟར་ན་འབྲུག་ཞེས་པའི་སྲོག་ཆགས་ཤིག་འཛམ་གླིང་སྟེང་ཡོད་དམ་མེད། ནང་པའི་གཞུང་དང་ཚན་རིག་པ་གཉིས་ཀས་སྲོག་ཆགས་ཤིག་ཡིན་པར་མི་འདོད། ཡིན་ཡང་ལྷ་སྒྲུང་གི་རྣམ་པར་ཡོད་པའི་སྲོག་ཆགས་དེ་རྒྱ་ནག་དང་ཕྱི་གླིང་བར་དར་སྲོལ་ཆེན་པོ་བྱུང་འདུག །བོད་དང་རྒྱ་ནག་ལ་འབྲུག་རིས་འབྲི་སྲོལ་དར་ཡང་འབྲུག་དེ་སྤྲིན་པའི་ནང་ལ་མེད་པས། སྤྲིན་གྱི་སྒྲ་ལ་འབྲུག་སྒྲ་ཟེར་དོན་ཅི། ཉི་མ་ནི་ཁྱིམ་བཅུ་གཉིས་བདག་པོ་ཡིན་པས་བཅུ་གཉིས་བདག་པོ་ཟེར། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པས་ཟླ་བ་རེ་རེ་ལ་ཁྱིམ་རེ་རེས་རྩིས་པའི་ལོའི་འཁོར་སྐྱོད་དེ་ལྟར་ཟེར། འདི་ཡང་ཚན་རིག་དང་མཐུན་ཏེ་ལོའི་འཁོར་སྐྱོད་ཉི་མས་དབང་སྒྱུར་བྱེད་པའི་ཕྱིར། ཡིན་ཡང་རྟ་བདུན་བདག་པོ་ཟེར་དུས་ཉི་མ་འདྲེན་བྱེད་ཀྱི་རླུང་གི་རྟ་བདུན་ནི། རླུང་དང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་ཏེ་ལྔའོ།།རླུང་གིས་འཕུལ་བའི་སྟོབས་ཀྱིས་ཉི་མ་འཁོར་བར་བཤད་པ་ཡིན་ན་ཚན་རིག་དང་མི་མཐུན་ཏེ་ཚན་རིག་གིས་གཟའ་རྣམས་ཉི་མ་ལ་འཁོར་བར་བཤད་པས་སོ།།ཉི་མ་དང་ཟླ་བ་སྐར་མ་སོགས་ལྷ་ཡི་རྣམ་པར་འདོད་པ་རིག་བྱེད་ཀྱི་ཤན་ཞུགས་པ་མིན་ནམ་སྙམ། ཆོས་མངོན་པ་མཛོད་དུ་ཉི་མ་མེ་དང་ཟླ་བ་ཆུ་ཤེལ། ཉི་ཟླ་སྐར་གསུམ་གྱི་ཆེ་ཆུང་བཤད་པ་ཚན་རིག་དང་ཐག་ཉེ་བར་བསླེབས་འདུག །

  30. སྣྲོན་ངག་ཁྲི། says:
    2012-07-12 at 11:29 pm

    ཀ་ལིའི་འདོད་གཏམ།
    སྣྲོན་ངག་ཁྲི།
    ༡ཀ་ཅིའི་མདངས་ལྡན་༢ཁ་བའི་མཛེས་མ་ལ།།
    ༣ག་ལེར་འདོད་ལྡན་༤ང་ཡིས་ཆགས་སེམས་ཀྱིས།།
    ༥ཅ་ཅོས་བསྔགས་ཏེ་༦ཆ་ལུགས་དམར་རྗེན་ངང་།།
    ༧ཇ་ཡུན་ཙམ་ཞིག་༨ཉ་མོས་ཆུ་ལ་བཞིན།།

  31. ཆབ་མདོ་ངག་ཕུན། says:
    2012-07-13 at 12:36 am

    མ་སུ་རི་ཡི་རི་མགོ་ལ།། དབྱར་གྱི་ཆར་བ་བསིལ་བསིལ་འབབ།། བུད་མེད་སྨྱུག་ཐོག་ཚེ་ལྷ་ཡིས།།
    སྙན་ངག་ཚིགས་སུ་བཅད་པ་སྤེལ།། ཕ་སྐད་ཐོག་ལ་འབད་པ་སྤུངས།། སྙིང་ནས་ཡི་རངས་ཞུ་བཞིན་ཡོད།།

  32. ཀརྡོ་གཉེར་ཕྱག་པ་ says:
    2012-07-13 at 3:51 am

    འབྲུག་གི་སྒྲུང་ནང་ལ། འབྲུག་ཅེས་པའི་སྲོག་ཆགས་ཤིག་ཆར་དུས་སུ་མཚོ་ཁ་ནས་བར་སྣང་ལ་འཕུར་འགྲོ་བ་དང་བསྟུན་ནས་སྤྲིན་སྒྲ་ལ་འབྲུག་སྒྲ་ཞེས་བཏགས་པ་རེད་སྙམ།
    ཡང་ཉི་མ་ལ་རྟ་བདུན་དབང་པོ་དང་རྟ་བདུན་བདག་པོ་གཙོ་བོ་ཕྱི་རོལ་པའི་གཏམ་བརྒྱུད་ནང་ལ་ཉི་མ་འཐེན་མཁན་རྟ་བདུན་ཡོད་པར་བཤད་པས་ཡིན་་ཡང་དོན་དངོས་ལ་ནི། ཉི་མ་ལ་འོ་ཟེར་གྱི་ཁ་དོག་རྣམ་གྲངས་བདུན་ཡོད་པ་འདི་ལ་ཐུག་པ་འདྲ། འདི་ནི་ཚན་རིག་དང་ཡང་མཚུངས་སོ། །

  33. དོལ་སྨྱོན། says:
    2012-07-13 at 11:02 am

    མཛེས་པའི་ཡུལ་ལྗོངས་ཆུ་འཛིན་ཕུང་པོས་བསྒྲིབས།།
    རྒྱང་རིང་དགའ་མའི་བཞིན་རས་སེམས་ལ་ཐོག།
    ཚེ་དབང་ལྷ་མོའི་སྙན་ངག་སྙན་ཞིང་འཇེབས།།
    ཁ་བརྡ་དྲྭ་བར་སྣ་མང་ཤེས་བྱས་ཕྱུག།

  34. བཙན་ནག་པ་ says:
    2012-07-13 at 1:00 pm

    ཚངས་ཚིང་ལྗོན་པ་སྨུག་པ་ཡིས་བསྟུམ་པས།
    ལྗོན་གསེབ་ཕ་ཁྱིམ་འདྲེན་བྱེད་དུ་མ་ཤར།
    དྭངས་གཙང་ཆུ་མོས་སྟེང་མ་ནས་རྙོགས་པས།
    གསེར་མིག་ཅན་དེ་ཡིད་ཡུལ་ནས་ཡལ་སོང་།

  35. སྣྲོན་ངག་ཁྲི། says:
    2012-07-13 at 3:29 pm

    ༩ཏཱ་རེའི་མཛེས་སྡུག་འཕྲོག་མཛད་༡༠ཐ་མལ་ཚུལ།།
    ༡༡ད་ལམ་ང་ཡི་སྙིང་འཚིལ་༡༢ན་ཆུང་ཁྱེད།།
    ༡༣པ་སངས་མདངས་ལ་འགྲན་པའི་༡༤ཕ་མེས་སྤྱན།།
    ༡༥བ་མཆོག་མིག་ཟུང་གང་དེ་༡༦མ་རྐུས་སམ།།

  36. སྣྲོན་ངག་ཁྲི། says:
    2012-07-13 at 3:48 pm

    སྤྲིན་དཀར་བང་རིམ་ལང་ལོང་དབུས་ཀྱི་མཛེས་སྡུག་བ་གམ་ཁང་བཟང་དེ།།
    རེ་ཞིག་རྫས་རྡུལ་ཐལ་བས་གཡོགས་ཤིང་ནང་གི་ཕ་ནོར་ཕྱོགས་བཞིར་བརྡལ།།
    བལྟ་བས་མི་བཟོད་ཡིད་ཀྱི་གདུང་བས་སྨྲེ་ངག་འབྲུག་སྒྲའི་དཔལ་ལ་འགྲན།།
    དེ་ལྟ་མོད་ཀྱང་ཁྱེད་ཀྱི་བྱུང་རབས་འཛམ་གླིང་གོ་ལའི་ཁྱོན་ན་གསལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme